རྫོང་སར་རྩོམ་རིག རང་མོས་སྙན་ངག ༦

    རྫོང་སར་རྩོམ་པ་པོ་མཐུན་ཚོགས།


རྫོང་སར་རྩོམ་རིག 
 རང་མོས་སྙན་ངག ༦


གྲོལ།  ཆར་ཞོད།  གཟི་ནག་པོ།  བརྩོན་འགྲུས།  དཔལ་འབར།  རི་སྤྱང་། 
            ཁམས་འོད་གསལ།  རྣལ།  གངས་འོད།  རབ་རྡོར།  གྱམ་སྙིང་ལྕགས། 
                    རྐྱང་ཉུལ་གདོང་ནག  ཕུང་གསུམ་པ།  ཞོགས་སད།  མྱི་གསར་བ།


མུན་པས་གཙེས་པའི་རང་ཉིད་ཀྱི་སེམས
             དཔལ་འབར། འདུལ་བ་འོག་མ།
 
གནད་དོན་ཕྲན་བུ་ཞིག་ལ་ཐུག་དུས
ཤིན་ཏུ་སྙི་མོ་རུ་གྱུར་ཟིན་པ་དེ
རང་ཉིད་ཀྱི་སེམས་རེད
 
འཁོར་བར་མ་གཞི་ནས་བདེ་སྐྱིད་ཡོད་མེད་མི་སེམས
གཏན་དུ་རྙོག་དྲྭ་རུ་ཚུད་པ་དེ
རང་ཉིད་ཀྱི་སེམས་རེད
 
གཞན་རྗེས་འབྲང་འབྲང་གི་མཐར
སྡུག་གི་འདམ་དུ་བྱིང་བ་དེ
རང་ཉིད་ཀྱི་སེམས་རེད
 
ནམ་རྒྱུན་སྟེ་ནམ་རྒྱུན
གཡུལ་མ་བཀྱེ་བར་ཕམ་ཁ་བླངས་མཁན་དེ་ཡང
རང་ཉིད་ཀྱི་སེམས་རེད
 
ད་ནི་བདག་གི་སེམས་པ་འདི
ཁྲན་པའི་ནང་དུ་ལྷུང་ཟིན་པར་འདྲ་སྟེ
ནམ་མཁའ་ཟེར་བ་ཡང་ལག་མཐིལ་ཙམ་རེད


ཞོགས་པའི་སྤྲིན་པ་ལ་བསྐུར་བའི་འཕྲིན།
            ཁམས་འོད་གསལ། ཤེར་ཕྱིན་གོང་མ།

 
ན་ཚོད་ཀྱི་ཐོད་པ་བརྒལ་བའི་ཁྱེད་རང་བདེའམ
བས་མཐའ་ནས་ཁྱེད་ལ་སླར་ཡང་ཁམས་འདྲི་ཞུ
 
ཉིན་ཞག་གི་དུས་ཚོད་སྦྲེལ་བའི་ལོ་ཟླ་ནང
འཚོ་བ་ལྷིང་འཇགས་ཀྱིས་ཁེངས་བཞིན་ཡོད་དམ
མཐའ་མེད་པའི་འཇིག་རྟེན་འདི་ནས་བདེ་ལེགས་སམ
 
དྲན་སྣང་གིས་བར་ཐག་མཚོན་རུང
ཡིད་འོང་གི་འཛུམ་པ་སེམས་ནས་བརྗེད་ཐབས་བྲལ
བརྟན་བརླིང་གི་བརྩེ་བ་སྙིང་ནས་འབོར་དུས་མེད
ཁོ་བོ་ནི་སྔར་བཞིན་ཁྱེད་ཀྱི་སྙིང་ཉེ་བ་ཡིན་ལགས
 
རྒྱང་རིང་ནས་རྒྱང་རིང་གི་སྤྲིན་པ་ཡང
ཁྱེད་རང་གི་དཔེ་རུ་བླངས་ནས་སྙན་ཚིག་ཕུལ
བར་ཐག་ནང་གི་ནང་སེམས་མཚོན་པའི་འཕྲིན་ཡིག
འཚམ་འདྲི་དང་ལྷན་དུ་ཁྱེད་ཀྱི་འཁྲིས་སུ་བསྐུར
 
སེམས་ཀྱི་མི་ལགས
ང་ཚོའི་རེ་འདུན་ལ་བསམ་ནས་རྟག་བརྟན་དུ་བཞུགས་རོགས།

          
2023 9 26མཚན་མོར།

མི་ལོ་བཅུ་གསུམ།
  
          རི་སྤྱང་།  ཕར་ཕྱིན་གོང་མ།
 

ངས་མེ་ཏོག་ཅིག་ལ་རེ་སྒུག་བྱས་ནས
མི་ལོ་བཅུ་གསུམ་འདས
འཛུམ་མདངས་ཤིག་གེར་གཞི་ནས་སྨིན་བྱུང་
མི་ལོ་བཅུ་གསུམ་ཕར་རྒྱབ་ཀྱི་སྐྱོ་གདུང་དང་མིག་ཆུ
ཁྱོད་ཀྱིས་རྟོགས་ཐབས་བྲལ ངས་ཀྱང་མི་ཤེས
ངེད་གཉིས་ཀྱི་བར་དུ་ཡོལ་བ་ཞིག་གིས་ཆོད
ཉིན་མོ་ཁྱོད་ཀྱིས་མཐོང་ཐུབ
མཚན་མོ་ང་ཡིས་མཐོང་ཐུབ
ཉིན་མཚན་གཉིས་ཀྱི་བར་ཐག་ཕྱེ་འདུག


མི་ལོ་བཅུ་གསུམ་འཇའ་ལྟར་ཡལ་རྗེས
ང་རང་འཆི་བའི་དག་ཞིང་ལ་འགྲོ་ངེས
ཚེ་མཇུག་གི་ཕ་མཐའ་བརྒལ་རན
མི་ལོ་བཅུ་གསུམ་གསལ་བོར་
ངའི་དུར་བྱང་ངོས་སུ་ཁོད་ཅིག
དེ་ནི་ངའི་ཁ་དོག་ཡིན
དེ་ནི་ངའི་གཟུགས་སྒྲ་དྲི་རོ་རེག་བྱའོ། །
དེ་ནི་ཁྱོད་ལ་བཞག་པའི་དམ་ཚིག་དང་ཁྲེལ་གཞུང་གི་ལེགས་སྐྱེས་སོ། །


ཨ་མ་ནི་ལྷ་ཞིག་ཡིན་ནམ།  
         མངོན་པ་འོག་མ། རབ་བརྟན་རྡོ་རྗེ་ཚེ་འཕེལ།  
 
ངས་སྟོང་བསམ་རེ་བརྒྱབས་ཚེ། 
ཡང་ན། དོན་སྙིང་ལྡན་པའི་འདང་རེ་བརྒྱབས་ཚེ། 
ཨ་མ་ནི་ལྷ་ཞིག་ཡིན་ནམ་སྙམ། 
 
པྲ་ཚགས་ཅན་གྱི་ཕྲུ་གུ་དགུ། 
གཅིག་རྗེས་གཉིས་མཐུད་ཀྱི་ཚུལ་དུ་སྐྱེས། 
ཅི་ཡང་མི་ཤེས་པའི་བྱིས་པ་དགུ། 
ཤེས་ཡོན་དང་བྱམས་བརྩེ་ཅན་དུ་བསྒྱུར། 
 
ཡང་ན།  ཅི་ཞིག་བཟའ་དགོས་མིན། 
གང་དུ་འགྲོ་དགོས་མིན། ག་རེ་བྱ་དགོས་མིན། 
ཐ་ན་གཅིན་སྐྱག་དང་མར་རྩམ། 
ཤན་མི་འབྱེད་པའི་བླུན་པོ་དགུ།
སྤང་བླང་གི་གདམས་པ་བསྩལ། 
 
ཡང་ན། ཅི་ཞིག་འཆད་དགོས་མིན།
གང་ཞིག་སློབ་དགོས་མིན། ག་རེ་ཉན་དགོས་མིན། 
ཐ་ན་ལེགས་བཤད་དང་ཉེས་བཤད། 
ཁྱད་མི་འབྱེད་པའི་ལྐུགས་པ་དགུ།  
བླང་དོར་གྱི་མན་ངག་གནང་།  
 
སྣབས་ལུད་མི་གཙང་བ་ཤེས་ཀྱང་། 
གཅིན་སྐྱག་སུངས་དྲི་ཅན་མཁྱེན་རུང་། 
བྱམས་པའམ་བརྩེ་བ་ལས། 
ཕྲུ་གུ་དགུ་པོ་དེའི་སྣབས་ལུད་དམ། 
གཅིན་སྐྱག་ལ་བདུད་རྩི་རུ་བསྒོམས་ནས། 
ཁ་ཡིས་འཇིབ་ཅིང་། ལག་པས་ཕྱི་བདར་གནང་། 
 
དོན་ངོ་མར་ཨ་མ་ནི་སུ་ཞིག་རེད། 
ཨ་མ་ནི་ལྷ་ལས་ལྷག་པའི་ལྷ་ཞིག་རེད། 
 
ལྷ་དེ་ལ་རྫུ་འཕྲུལ་མེད།
ལྷ་དེ་ལ་མངོན་ཤེས་མེད། 
ལྷ་དེ་ལ་ཕྱག་སྟོང་སྤྱན་སྟོང་ཡོད།
ལྷ་དེ་ལ་བྱམས་དང་སྙིང་རྗེ་ཡོད། 
 
དོན་ངོ་མར་ལྷ་ནི་ལྷ་མིན་ལ།
 དོན་ངོ་མའི་ལྷ་ཞེས་པ་ཞིག་ཡོད་ཚེ།  
ཨ་མ་ནི་ལྷ་དེ་ཡིན་ངེས། 
     བོད་རྒྱལ་ལོ༢༡༤༩ལོའི་༤;༢༥ལ།  


མྱ་ངན།
        
 རྣལ།
 ཕར་ཕྱིན་བར་མ།  


བས་མཐའི་ཡུལ་ནས་བསམ་གཞིགས་བྱེད་དྲག་པས།
གདོང་པར་མེ་ཏོག་གི་དྲི་ཞིམ་བརླན་གྱིན་ཡོད་ནའང་།
སྐྱིད་སྡུག་གི་ལོ་ཟླའང་ཚེས་གཅིག་གི་ཟླ་བ་བཞིན་དུ་མངོན།

ཧ་ཅང་གཉོམ་ཆུང་བའི་མིག་ཟུང་གིས།
སྐྱོ་སྐྱོའི་མིང་ལས་རྙེད་པའི་རེ་བ་ཆུང་ངུ་དེ་རུམ་ནའང་།
ག་ལེར་ག་ལེར་གཟིམས་བྱུང་།

རྨི་ལམ་ལ་བཅོལ་བའི་རྟོག་སྒྲུང་མཐུག་པོ་དེ།
རེ་ཞིག་སྒལ་གཞུང་ནས་དལ་གྱིས་ཕབ་དགོས་བྱུང་བས།
མཆོད་མེ་ལ་སྒྲོན་པའི་སྨོན་ལམ་སྒུག་དགོས་བྱུང་།
༢༠༢༣  རྫོང་སར།



པོ་ཏ་ལ།
      ཞོགས་སད། ཤེར་ཕྱིནའོག་མ།
 
འོད་སྟོང་ལྡན་པའི་རླབས་ཀྱི་རི་བོ
བརྗིད་ཉམས་ཀྱིས་གང་བའི་ས་གཞི་གཙང་མ
གཡོ་བ་མེད་པའི་ཁྱེད་ཀྱི་གཟུགས་བརྙན་ལ་གཟི་འོད་འཕྲོལ་ཞིང
མཁའ་དབྱིངས་སུ་སྙིང་རྗེ་ཆེན་པོའི་རང་གཞི་ལས་མེ་ཏོག་གི་ཆར་འབབ

མཚེ་བ་མེད་པའི་ཞི་བདེའི་ཕོ་ཉ་བཞིན
ཁྱེད་ཀྱི་སྐུ་གཟུགས་ལ་གཅེས་སྤྱོང་བྱ་ཞིང
ཅི་གསུང་གི་བཀའ་སྒྲུབ་པའི་སྟོབས་ལྡན་གྱི་སྒོ་བ་དྲུག
བསམ་པའི་འདོད་དོན་འགྲུབ་པའི་སྤི་ཏྲ་སྦ་ཏྲ་གཉིས
ཁྱོད་ལ་མངའ་ཁོང་དང་དབང་འབྱོར་ཆེ་ཞིང
ཕུགས་བསམ་དང་དམིགས་ཡུལ་རིང་བའི་རླབས་ཆེན་གྱི་པོ་ཏ་ལ

མེས་པོའི་ཤ་ཁྲག་གིས་བཟོས་པའི་གངས་ཅན་པའི་ཁྱིམ་མི་བསྡོད་གནས་ཤིག



འཐབ་རྩོད་ཀྱི་ལྐོག་གྱུར།
        གངས་འོད། ཤེར་ཕྱིན་བར་མ།
 
ཁོ་ཚོས།
མདའ་མཚོན་གྱི་ཆར་བའི་ཕ་རོལ་ཞི་བའི་མ་ཏོག་འཁྲུང་ཡོད་ཟེར།
ཁོ་ཚོས།
མནར་གཅོད་ཀྱི་འཆི་བའི་ཕ་རོལ་མཚར་སྡུག་གི་རྒྱལ་དར་བསྒྲེང་ཡོད་ཟེར།
ཁོ་ཚོས།
གདུག་རྩུབ་ཀྱི་རྨ་ཁའི་ཕ་རོལ་སེམས་འགུལ་གྱི་རྣམ་ཐར་འཆད་ཐུབ་ཟེར།
ཁོ་ཚོས།
སྐྱོ་ཡུས་ཀྱི་ངུ་འབོད་ཕ་རོལ་མཚན་སྙན་གྱི་ངར་སྒྲ་གྲག་ཡོང་ཟེར།
ཁོ་ཚོས།
འཐབ་རྩོད་ཀྱི་གསར་བརྗེའི་ཕ་རོལ་རང་དབང་གི་ཞིང་བཀོད་བསྐྲུན་ཡོད་ཟེར།
ཁོ་ཚོས།
འབར་རྫས་ཀྱི་དུ་སྨུག་ཕ་རོལ་བདེན་དོན་གྱི་འོད་སྣང་ཤར་ཡོད་ཟེར།
ཁོ་ཚོས།
དངངས་སྐྲག་གི་བོའུ་མཆུའི་ཕ་རོལ་ཕ་གཞིས་ཀྱི་རིན་ཐང་བཞུགས་ཡོད་ཟེར།
ཁོ་ཚོས།
དྭ་ཕྲུག་གི་མིག་ཆུའི་ཕ་རོལ་དྲིན་མཇལ་གྱི་བསམ་ཤེས་སྐྱེ་ཡོང་ཟེར།
           ༢༠༢༣:༩:༡༣

 
གྲོགས་པོ་དྲན་པ།

          ཆར་ཞོད། ཤེར་ཕྱིན་བར་མ།
 
ཁྱེད་རང་གམ་ན་མེད་དུས
ངས་རང་ཉིད་ཀྱི་ཁེར་རྐྱང་མཐོང་བྱུང
 
སྨྲ་བ་མེད་པར་གཅིག་པུར་སྡོད་སྐབས
ངས་ཁྱེད་རང་དྲན་བྱུང
 
གལ་ཏེ་གློ་བུར་དུ་ང་རང་འདི་ལྟར་ཁེར་རྐྱང་དུ་གྱུར་སོང་ན
ངས  རང་མིང་ནས་འབོད་པའི་ཁྱེད་ཀྱི་སྐད་གདངས་དེ་རྟག་པར་ཐོས་འོང་ངམ
 
གལ་ཏེ་གློ་བུར་དུ་ང་རང་འདི་ལྟར་གཅིག་པུར་ལུས་སོང་ན
ངས   ཆ་ཡོད་རྒྱུས་ཡོད་ཀྱི་ངོ་གདོང་དེ་གཏན་དུ་བརྗེད་སྲིད་དམ
 
གལ་ཏེ་ཁྱེད་ཀྱིས     དེ་རིང་ང་མེད་ཅེས་བརྡ་ཙམ་ཡང་བཏང་མེད་ན
ངས་ཁྱེད་རང་འདི་ལས་ལྷག་པར་དྲན་ངེས


རི་དྭགས་རྨས་མ།
      རྐྱང་ཉུལ་གདོང་ནག  ཤེར་ཕྱིན་བར་མ།
 
སེམས་གཞུང་དུ་དབྱར་ཚེས་པ་ན
དབྱར་ཁ་མཛེས་སྡུག་དང་ངོ་མཚར་གྱིས་ཕྱུག
བཞིན་ལྡུད་པའི་གོད་ཁའི་རྒྱབ་ལྗོངས་ནས
ནང་སེམས་སུ་ཁྲ་ཁྲ་རིག་རིག་གི་མེ་ཏོག་བཞད
ཁྲ་ཁྲ་རིག་རིག་གི་མེ་ཏོག་ནི
སྐྱེས་རེས་གྲངས་མེད་པའི་ཞེན་ཆགས་ཡིན
ཞེན་ཆགས་ཀྱི་རྦ་རླབས་གསེབ་ནས
མི་གཙང་བའི་བཞིན་རས་གཞན་གྱིས་གསལ
ལོ་བརྒྱ་མཐུད་པའི་ཚུལ་འཆོས་དག་ཀྱང
 
ནགས་ཀླུང་གི་ལྷིང་འཇགས་སུ་རྩེན་གིན་པའི
རྫ་སུར་མཚམས་ཀྱི་ཤྭ་བ་ཁེར་རྒྱུགས
གཤིན་པོའི་མཆེ་བར་ནས་བྲོས་ནས་ཀྱང
མངོན་པའི་བོའུ་འོག་ནས་འཆི་བར་འཇིགས
ལྷིང་འཇགས་དང་གུ་ཡངས་གྱིས་འཚེར་བའི་ནགས་ཀླུང་ནི
བདག་ཏུ་ཟིན་པའི་མཇུག་འབྲས་ཀྱི་རྣལ་མ་མིན་པས
སྐད་ཅིག་གི་བློ་བདེ་འབའ་ཞིག་གི་ཕྱིར་དུ
གོམས་པ་འཁྱོར་དཀའ་བའི་རྒྱ་རྫོང་དེར
ཤུགས་རིང་ལན་མ་གསུམ་ལྷོད་ཀྱིས་གློད
 
དྲན་པའི་རྒྱལ་ཁམས་གཞིག་པའི་ནགས་ཀླུང་དེས
བག་ཡངས་པའི་ཁོར་ཡུག་ཆུང་ཆུང་ཞིག་བྱིན
རྫ་སུར་གསེབ་ཀྱི་གུ་ཡངས་གཏན་དུ་མི་ཤོང
ཆགས་འཇིག་གི་འཁོར་ལོ་ལན་གསུམ་བསྐོར་ན
སླར་ཡང་མི་འབྲལ་ཐུ་མེད་པའི་ཤྭ་བ་ཁེར་རྒྱུགས
ནགས་ཚལ་གྱི་མཛེས་སྡུག་དང་ལྷིང་འཇགས་ཀློང་ནས
རིང་ནས་རིང་ནས་མི་འབྲོ་མཐུ་མེད་ཀྱི་ཉེན་བརྡ་བཏང
ཚེ་སྲོག་དང་མཛའ་བརྩེ་ཡི་སླད་དུ
སང་ཉིན་ཞེས་པ་མངོན་འགྱུར་ཡོང་ཕྱིར་དུ
སླར་ཡང་རི་དྭགས་རྨས་མས
སྐྱོ་གླུ་ལེན་བཞིན་གྱེས་ཕྱག་ཕུལ


རང་གཟུགས། 
        གྲོལ། ཤེར་ཕྱིན་གོང་མ། 
 
ང་ཡི་སྙན་ཚིག་བླ་སྲོག་མེད་ཀྱང
བར་ཐག་ཅིག་གིས་རྨི་ལམ་རབ་ཏུ་འཁྲུག
 
ཁྲག་ཤེད་ནང་དུ་མུན་པའི་རྡུལ་ཚོན་བླུགས
ཡིག་རྡོག་རེ་འགའ་བཙན་གྱིས་གྲུབ་པར་བྱས
 
གཡར་བའི་ལུས་ལ་ལྕགས་ཀྱི་གཤོག་པ་ཐོགས
གཤོག་པ་རྨས་ཏེ་སྲོག་ཀྱང་འགག་པར་གྱུར
 
མུན་པའི་ནང་གི་ནོར་དེར་ཆག་ཀྲུམ་ཤོར
ཉོན་མོངས་རྣམས་ཀྱིས་མིག་ཆུ་སྐམ་པོ་འཐུང
 
དྲོད་སྣང་ཅུང་ཙམ་མེད་པའི་ཡལ་ག་དག
བར་ཐག་ཅིག་གིས་རང་གཟུགས་བོར་བར་གྱུར
 
ཚིག་ལ་འཁྲིལ་བའི་བརྡ་དང་ཐ་སྙད་ཀྱིས
གཏམ་རྒྱུད་ཡོད་ཚད་སྐྱོ་བས་མིན་འཆད་ཅིང
 
གངས་ཀྱི་རྡོ་ཤེལ་མིག་ལ་བཀོལ་ཙམ་གྱིས
རང་གཟུགས་མེ་ལོང་ནང་དུ་འཆར་གྱུར་ཅིག
     ༨/༡༥/༢༠༢༣   



གྲོགས་པོ
    གྱམ་སྙིང་ལྕགས། ཚད་མ་གོང་མ།
 
ཁ་ཉིན་དགོང་མོ
གྲོང་པ་འདིའི་སྟོད་སྨད་བར་གསུམ་གྱི་གློག་ཆད་སོང
དགོང་མོ་དེར
ངའི་ཁ་པར་གྱི་གློག་དང་གློག་སྒམ་གྱི་གློག་གཉིས་ཀ་མེད་པར་གྱུར་འདུག
རྒྱུ་མཚན་དེའི་རྐྱེན་གྱིས         ངས་ཁྱོད་ལ
ཟླ་ངོ་འདི་དག་ངས་ཉིན་མཚན་དབྱེ་མེད་དུ་བྲིས་པའི་རྫ་ཆུ་ཁའི་ས་སྲོད་ཅེས་པའི་སྒྲུང་རྩོམ་འདི
ངས་ཁྱོད་ཀྱི་སྐད་འཕྲིན་གྱི་ནང་དུ་ལན་གཅིག་སྒྲོག་འདོན་བྱེད་མ་ཐུབ་པ་གྱུར
ད་དུང           ཁྱོད་ཀྱི་ཀུ་རེ་དང་དགོད་སྒྲ་ཡི་ཁྲོད་དུ་མཚན་མོ་ཞིག་ཕར་ལའང་བསྐྱལ་མ་ཐུབ་པར་གྱུར
 
གྲོགས་པོ      དགོང་མོ་དེར             
ངས་ཁྱོད་ལ་འཕྲིན་ལན་མེད་པའམ་ཁ་བརྡ་མེད་པ་དེས
ངས་ཁྱེད་རང་བརྗེད་ཟིན་པ་མཚོན་མི་ཐུབ་ལ
ངས་ཁྱོད་རང་དྲན་གྱི་མེད་པ་དེ་བས་ཀྱང་མཚོན་མི་ཐུབ   གྲོགས་པོ་
དགོང་མོ་དེར་ཏག་ཏག         ཟླ་འོད་མེད་ལ་སྐར་ཚོགས་ཀྱང་མི་འདུག
དགོང་མོ་དེར
སྟོན་རླུང་གི་ཤུར་སྒྲ་དང   བ་ལང་གི་འབོད་སྒྲ་ལས་གཞན་མ་མཆིས
ཐ་ན་པྲ་སྒྲོན་གྱི་ཕྱོགས་སུ་ལྡིང་བསྐོར་རྒྱབ་པའི་སྲིན་འབུ་ཞིག་ཀྱང་མཐོང་རྒྱུ་མི་འདུག
ཁེར་རྐྱང་གིས་མནར་བའི་དགོང་མོ་དེར
ངའི་སེམས་སུ་དྲན་སླ་བ་ནི            
ང་ཆུང་དུས་ཀྱི་འཐབ་ཡ་ཁྱོད་རེད་ལ        རབ་ཏུ་དྲན་པ་ནི་ཁྱོད་རེད
 
དོ་ནུབ་བོད་ཟླ་བཅུ་བའི་ཚེས་གཅིག་རེད
དོ་ནུབ་ཡང་གློག་གཟིམས་སོང      ངས་སྒེའུ་ཁུང་གི་གྲལ་ཡོལ་ཕྱེ་ནས་རྒྱང་རིང་གི་རི་ཚོགས་ལ་མིག་ཉུལ་བྱེད་ཀྱིན
ཁྱོད་རང་ཤིན་ཏུ་དགའ་བའི་སྲིན་འབུ་མེ་ཁྱེར་དག
ངའི་མཐོང་ལམ་དུ་ག་ལེ་ཚུར་འཕུར་ཡོང་བའི་རེ་བ་བྱས་མོད
འོན་ཀྱང     རེ་བ་དེ་དག་ནི་འགྲུབ་རྒྱུ་མེད་པ་ཞིག་ཡིན་ནོ་ངས་སྔ་མོ་ནས་ཤེས་ཟིན
རེད་དེ               ཁྱོད་རང་དྲན་པའི་སེམས་པ་དེས
ང་ལ་སྲིན་འབུ་མེ་ཁྱེར་མ་ཡིན་པའི་འོད་སྣང་ཞིག་མཐོང་དུ་བཅུག
འོད་སྣང་དེའི་ཟོལ་མེད་ཀྱི་དྲོད་ཁོལ་གྱིས་
ང་ཡི་མཐོང་ལམ་ན་ཁྱོད་རང་ལས་གང་ཡང་མི་འཆར་བར་བགྱིས
 
སྙིང་ཉེ་བའི་གྲོགས་པོ    
དོ་ནུབ་ངས་ཅིའི་ཕྱིར་ཁྱེད་རང་འདི་ལྟར་དྲན་དགོས་པ་མི་ཤེས
ཁྱོད་དྲན་དྲག་པས         ངས་ཁྱོད་ཀྱི་འདྲ་པར་ལ་ཡང་ཡང་བལྟས་ཤིང
ཁྱོད་ཀྱི་བྲིས་པའི་རྒྱང་རིང་སེམས་པ་ཟེར་བའི་ལྷུག་རྩོམ་དེ་ཡང་ཡང་བཀླགས
ཁྱོད་དྲན་དྲག་པས      ཁྱོད་དང་ལྷན་དུ་ཡར་མར་བསྐུར་བའི་འཕྲིན་ཡིག་དག
ནན་ཏན་གྱིས་བསམ་གཞིག་ཐེངས་གཅིག་བྱས་ཤིང
ཁྱོད་ཀྱི་འཛུམ་མདངས་དང་རྩེད་མཚར་དག་ཡང་ཡང་བདག་གི་སེམས་སུ་གཤམ་སྟོན་བྱས

* གྲོགས་པོ།
ས་ཡིས་མི་ཐེག་གནམ་དུ་མི་ཤོང་། །
གྲོགས་ཀྱི་འདང་བརྩེ་སེམས་ཀྱི་དྲོད་ཡིན། །
 
སྨྲ་བས་མི་མཚོན་ཚོར་བས་མི་རྟོགས། །
གྲོགས་ཀྱི་འཛུམ་རིས་མིག་གི་རྒྱན་ཡིན། །
 
གཡོ་སྒྱུ་མེད་ལ་ངང་ཚུལ་འཇམ་པའི། །
གྲོགས་ཀྱི་ཁ་ཚིག་རྣ་བའི་དཔྱིད་ཡིན། །
 
—    དོ་ནུབ་ངས་ཁྱོད་རང་དྲན་དྲག་པས
ངས་ཡང་དང་བསྐྱར་དུ་རྩོམ་འདི་བཀླགས་པ་ཡིན
        ༢༠༢༣-༡༠-༡


ངས་ལང་ཚོ་འཚོལ་འདོད།
           ཕུང་གསུམ་པ། ཤེར་ཕྱིན་གོང་མ།

ནམ་ཞིག་ང་ནི”
ཁྱོད་ཀྱི་བཅོས་མིན་གྱི་འཛུམ་བག་དང་རྨི་ལམ་གྱི་བསླུ་བྲིད་དུ་ཚུད་པ་ན།
ང་ལ་བརྗེད་དཀའ་བའི་སེམས་ཀྱི་དུང་ཞེན་ཟབ་མོ་ཅི་ཡང་ལྷག་མེད་དེ།
ངའི་གཏམ་བརྒྱུད་གཅིག་གི་མཇུག་ཡོངས་སུ་བྲིལ་ནས
ཕྱིར་དྲན་ཡོད་ཚད་བསེར་བུ་རྒྱུ་བའི་རླུང་བུ་ཞིག་གིས་དབང་མེད་དུ་ཁྱེར་འགྲོ་བས་སོ།།
 
ནམ་ཞིག་ང་ནི”
ཁྱོད་དང་ལྷན་དུ་རང་བྱུང་ཁམས་དང་ཉེར་བ་བཅར་ཏེ།
རྫོགས་མཐའ་མེད་པའི་རོལ་དབྱངས་ཀྱིས་བདག་གིས་དབུགས་རྒྱུན་ལ་སྐྱོར་མ་བྱས་ཤིང
འཇིག་རྟེན་འདི་ཅི་འདྲ་ཞིག་ཆུང་ཡང་།
ང་ལ་ཁྱེད་ཀྱིས་ཕྱི་གསལ་ནང་གསལ་གྱི་མཛེས་སྡུག་དེ་མཁོ།
ཁོང་ཅག་ཡོད་ཚད་རྒས་རུང་། ངས་ད་དུང་ལང་ཚོ་འཚོལ་འདོད།
 
ནམ་ཞིག་ང་ནི”
མཚོ་སྟེང་གི་ཤོག་གྲུ་བཞིན་གཙང་པོའི་རླབས་རྒྱུན་ལས་ཡོངས་སུ་བརྒལ།
ཐག་རིང་གི་ཉི་ནུབ་ལ་ཞེ་མདངས་བསྟིམས་པའི་འགྲུལ་བ་དག་གིས
གྲུ་བ་དང་གཙང་པོ་ལ་ཞལ་གྱེས་ཀྱི་སྨོན་ཚིག་བསྒྲགས།
འདས་དོན་ལ་ཕྱིར་མིག་ཐོག་པའི་གཞོན་ནུ་ལགས།
གཏན་དུ་གྱེས་རུང་གཏན་དུ་གྱེས་བྲལ་གྱི་གདུང་བ་ཞིག་ཀྱང
གང་ནས་མགོ་བརྩམས་ཏེ་གང་ནས་མཇུག་བྲིལ།
 
ནམ་ཞིག་ང་ནི”
གླེན་པ་ཞིག་དང་འདྲ་བར་སྐྱ་རེངས་ཀྱི་འཛུམ་ཀོང་དུ་ཤེད་ཀྱིས་ངུས།
ཞོགས་པ་ཞིག་ལ་ཁྱེད་ཀྱིས་མིག་ཟུང་ལྟ་བུའི་ནམ་མཁའ་དེ་མཐོང་།
འོན་ཀྱང་ཁྱེད་ཀྱིས་ཞོགས་པའི་སྐྱ་རེངས་ལྟ་བུའི་མཛེས་པ་ཡོད་ཚད
ས་སྲོད་ཀྱི་མུན་པ་ཁོ་ན་ལ་དབང་བ་ངེས་པས།
བསིལ་འཇམ་གྱི་ཟླ་བ་ཁེར་འགྲོ་ལགས།
སྨྲེང་ངག་གི་མཚན་གཞས་གྱེར་དུས་མིག་ཆུ་མི་འདོན་པར་ཞུ།
མཆིལ་རིས་དོད་པའི་མིག་ཟུང་དེས་ཁྱེད་ཀྱིས་མཛེས་པ་ལས་ཉམས་པར་བྱེད།


ཆར་བ།
     བཙན་མྱི་སད། ཚད་མ་གོང་མ།
 
ཆར་བ་ཟིམ་ཟིམ་འབབ་པའི་མཚན་མོ་དེར།
གཡའ་དག་པའི་མཁའ་དབྱིངས་སུ།
ཁྲོས་ཉམས་དོད་པའི་སྤྲིན་པས་ཡོངས་སུ་ཁེབས།
ཞི་འཛུམ་གྱིས་ཁེངས་པའི་ཟླ་བ་མ་མཐོང་།
ང་རང་ཆར་བ་རྡོག་པོ་ཞིག་སྟེ།
དངན་པ་སྟོང་གི་དབུག་རིང་འཐེན་བཞིན་ཐང་དུ་ལྷུང་།
 
སྨག་ནག་གི་མཚན་ལྗོངས་འདིར།
ཆར་བའི་རྒྱུན་གཏན་ནས་ཆད་མ་སོང་།
ངས་བསམ་གཞིགས་གང་མང་བྱས་ཀྱང་།
སྐྱོ་ཤས་དང་འཁང་ར་ལསཅི་ཡང་མ་རྟོགས་ཤིང་།
རྟོག་བཏགས་མ་བྱས་པའི་མཚན་མོ་འདི།
སུ་ཞིག་གི་སླད་དུ་ཚེས་པ་ཡིན་ནམ།
 
ཆར་ཟིམ་ཟིམ་དང་། སྐྱོ་ལྷང་ལྷང་།
དུས་ཚོད་ཀྱི་ཐག་སྒྲ་ཇེ་རྒོད།
ང་རང་ཁང་རལ་ཞིག་གི་ནང་དུ་བསྡད་ཡོད་པ་འདྲ།
ཐིག་ཆུ་གྲངས་མེད་ཅིག་ཤད་དྲགས་པས།
ངའི་སྐྱོ་སྣང་ལུས་པོ་ཧ་ཅང་བརླན་རུང་།
འོན་ཏང་ང་ལ་འཁྱགས་སྣང་ཏིལ་ཙམ་མེད།
 
སེམས་པས་གཏམ་རྒྱུད་ལ་དཀའ་སྣང་མེད་པར་གཡེང་ཕྱིར།
ཚོར་བ་ཡོད་དོ་ནང་དུ་བསྡུས་ཡོད།
ཕྱི་ཡི་འབྱུང་འགྱུར་གྱི་འཚོ་བར་དོ་སྣང་ཆེར་མ་བྱས།
འོན་ཏང་ཆར་བའི་རྒྱུན་རིང་། ཟླ་བ་སྤྲིན་པས་བསྟིམས།
ངས་ནམ་མཁའ་རུ་ཐེངས་མང་མི་བལྟ་ཁག་མེད་ཡིན།
སྨེང་བ་ལྗིད་ཏིག་འདིས་ཡོད་ཚད་སྡུག་ཏུ་སྦྱར།
 
མཚན་མོ་འདིར་ངས་རྨ་ཁས་སྐྱོམ་པའི་གཞས་ཤིག་ཉན་པས།
གདུང་བ་ཟབ་མོའི་ཚིག་གི་སྟངས་སྟབས་རེ།
ངའི་རྣ་བ་དང་སེམས་སུ་མི་དྲངས་དཀའ་མེད་ལགས།
སྐྱོ་བས་རླན་པའི་དྲན་པར་ཆར་ཟིམ་ཟིམ་མོད་ལ།
ཐང་ཆད་པའི་སྐད་ངག་ཀྱང་དེ་བས་མང་ཞིང་།
ཚང་མགུར་ཞིག་ཡང་ཡང་ངག་ནས་གྱེར།
ཚང་མགུར་ནི་ཅི་འདྲའི་སྙན་པ་ལ་ཨང་།
 
ང་རང་འཇིག་རྟེན་འདིར་འགྲུལ་བཞུད་ཐེངས་དང་པོ་ཡིན་འདྲ།
སྐྱེ་བ་སྔོན་མའི་ལན་ཆཊ་ཁུར་ཏེ་གླིང་འདིར་ཡོང་ནས་བཟུང་།
ང་ལ་འདི་ལྟ་བུའི་མཚན་མོ་ཞིག་དེ་སྔོན་འཕྲད་མྱོང་མེད།
ཁེར་རྐྱང་གི་མཚན་མོར་ལྡིབ་ལྡིབ་ཀྱི་ངག་ནས།
ཚོར་བས་བསྐྲུན་པའི་སེམས་ཀྱི་གར་སྟེགས་སུ།
རང་ཉིད་གཅེས་གླུ་དབྱངས་གང་མང་བླངས།
 
ཐང་དུ་ལྷུང་ཏེ་ཡར་ཡལ་ཡོང་བའི་ཆར་འབྲུ་ཁྱུ་ཅིག་གིས།
ང་ལ་དགའ་བསུ་དང་དབྱངས་ཀྱི་རོམ་འདེགས་བྱེད་བཞིན་ཡོད་པ་འདྲ།
གང་ལྟར་ཀྱང་མཚན་མོ་འདི།
ངའི་སེམས་བརྗེད་དུ་མེད་པ་ཡང་ཡང་འཐས་ཡོད།
རྣམ་རྟོག་གི་འཆར་ཡན་ཧྲིལ་པོར།
ལྷུ་མ་འགྲིག་པའི་འཕྲུལ་ཆས་བཞིན།
མཁོ་སྤྱོད་མེད་པ་ཞིག་ཏུ་ཆགས་སོང་ཨང་།
 
སྐྱ་རེངས་ཀྱི་གནམ་མཐའ་བཀྱགས་སོང་།
ད་དུང་ཆར་བ་འབབ་བཞིན་འདུག
བར་མཚམས་མེད་པར་འབབ་བཞིན་འདུག
ངས་སྒེའུ་ཁུང་གི་ཡོལ་བ་ཕྱེས་ཏེ།
ཕྱི་ཡི་ཁོར་ཡུག་ལ་ཞིབ་ལྟ་བྱས་མཐར།
མཐོང་བ་རྣམས་དེ་ཙམ་བསལ་བོ་ཞིག་མ་རེད།
 
བྱ་བྱེའུ་དྲུག་འགྱུར་གྱི་ངག་ལ་བཀྱོན་པའི་སྐད་གསང་།
ངའི་རྣ་བའི་བུ་ག་རུ་འབད་མེད་དུ་དྲངས་སོང་།
སྐབས་དེར་ངའི་ཉེ་འཁོར་གྱི་མི་དག་ཀྱང་།
སོ་སོའི་ལས་དོན་ལ་འབད་པའི་སྟ་གོན་བཞིན་མཆིས།
ངས་བསམ་བསམ་གྱི་མཐར།
གནམ་ས་གཉིས་ལ་སྐྱོ་གདུང་གི་ཧ་ཅང་འདྲེས་ཡོད་པ་མཐོང་།
       
2023.7.3 ཉིན་རྫོང་སར་ནས།

མིང་མེད།
       གཟི་ནག་པོ། ཤེར་ཕྱིན་གོང་མ།
 

ཐོག་དང་པོར
སྐད་ངག་གི་འཁྱུག་འགྲོས་ལས
མཐའ་མེད་ཀྱི་ཞེ་འཇམ་དང་གུ་ཡངས་མཐོང
 

ངོ་གདོང་ལ་དབྱར་ཀ་ཚེས་ཡོད
ཚེམ་ཕྲེང་ལ་སྐར་མ་གསལ་ཡོད
 

ཐེངས་དུ་མའི་རེ་བརྗོད་དག་གི
བདག་སེམས་ཀྱི་རི་བོ་ལྟར་ལྕི་བའི་ཨུ་ཁུང་དུ
ཉིན་རེ་ནས་ཉིན་རེར
“ཉིན་མོ་ཉི་མ་གསལ
མཚན་མོ་ཟླ་བ་བསུལ”
 

སྐད་ངག་ནི་ལྕགས་ཀྱུ་ཞིག་སྟེ
བདག་གི་ཡིན་མདོག་གི་ཟོལ་དེ
ཡོངས་སུ་བཀུག་པར་བྱས
 

དུས་དེ་ནས
རེ་བ་དབྱར་ཆུ་ལྟར་རྒྱས
རེ་བཞག་སྐར་མ་ལས་མནོག
 

ཁྱེད་ལ་རྗེས་དེད་ཀྱི་གཏམ་རྒྱུད་དག་གིས
མཚམས་རེར་དགའ་བ་འཕེལ
མཚམས་རེར་སྐྲག་སྣང་སྐྱེས
 

མདོར་ན་གདག་གི་མིང་མེད་ལགས
ཁྱོད་ཡོད་པས
བདག་སེམས་ཀྱི་འཁོན་སེམས་མཐའ་དག་དཔྱིག་སོང


ཡི་གེའི་སྙིང་སྟོབས།
         མྱི་གསར་བ། མངོན་པ་གོང་མ།
 
སྔོན་ཆད་གཏམ་རྒྱུད་ལ་དགའ་བའི་ཁྱོད་རང
ད་ལྟ་གློག་འོད་སྣ་ཚོགས་ཀྱི་འཁྲུལ་སྣང་ལ་དགའ་ཞིང
སྨིག་རྒྱུའི་ཀློང་གི་གད་མོ་དང་མཚོན་ཐབས་མེད་པའི་བརྩེ་དུང་ལ་དགའ
དེ་ལྟར་དུས་ཚོད་ཀྱི་རྗེས་མི་ཟིན་པའི་ང་ཚོ
འབྲི་དེབ་སྟོང་བའི་ངོས་སུ་ལུས་པའི་མཐའ་མཇུག་གི
ཡིག་གཟུགས་དང་བརྡ་སྤྲོད་ཡིན་ཨང
 
སྙིང་པོ་མི་ཤེས་པའི་ཅོལ་ཆུང་དག
འཚོ་བའི་སྤྲུལ་བསྒྱུར་གྱི་གར་ལ་གཡེང་སྟེ
མཚོན་པར་དཀའ་བའི་སྤྱི་ཚོགས་ཀྱི་འགྲན་རྩོད་ལ་མོས
དོན་དུ་དེ་ནི་ནར་མ་སོན་པའི་བྱིས་པ་དག་གི་འཁྲུལ་སྣང་དང་ཤིན་ཏུ་མཚུངས་ཤིང
ནམ་མ་ལངས་པའི་སྔ་རོལ་གྱི་དམིགས་ཡུལ་མེད་པའི་ཁྱི་སྐད་དང་ཤིན་ཏུ་མཚུངས
 
སྤྱི་ཚོགས་ཀྱི་གཡང་གཟར་ཁྲོད་དུ
ཁྱོད་ནི་སྨྲ་བ་མེད་པའི་རོ་གཟུགས་བཞིན་ཁུ་སིམ་མེར་གནས་ཀྱང
རྣམ་རིག་རྒོད་པའི་བདག་གི་རང་དབང་གི་ཡི་གེས
དུས་མཐའི་དཀའ་ངལ་དང་རྒུད་པ་མཐའ་དག་མི་འཇིགས་པའི་གཏེར་ལ་སྦ་ཆོག
 
འདི་ན་ཉི་འོད་ལས་གཞན་གཏམ་རྒྱུད་ཡོད་ལ
རང་དབང་ལས་གཞན་བདེན་པ་སྨྲ་བའི་སྐད་རིགས་མི་འདྲ་བ་སུམ་བརྒྱ་ཡང་ཡོད
དེ་བས་ཁྱེད་ཀྱིས་སྐད་ཅིག་གཅིག་ལ་བག་ཡོད་ངང
འཇིག་རྟེན་ལ་སྨན་པའི་ས་བོན་ཞིག་འདེམས་རོགས་ཞུ

                                        རྩོམ་སྒྲིག་པ། མྱི་གསར་བ།

           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

 

Signature is customized by Netease