སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་སྐྱབས་སུ་མཆི། རྫོང་སར་རྩོམ་རིག
རྫོང་སར་རྩོམ་པ་པོ་མཐུན་ཚོགས་ནས་སྤེལ།
རྫོང་སར་རྩོམ་པ་པོ་མཐུན་ཚོགས་ནས་སྤེལ།
རྫོང་སར་རྩོམ་རིག རྩོམ་ལུས་སྣ་ཚོགས།
སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་སྐྱབས་སུ་མཆིའོ།།
རྫོང་སར་མཉམ་ཞུག་རྩོམ་པ་པོ། གྲོལ། རྣལ། ཁམས་འོད་གསལ། བཞག་ཚ། བདེན་སྨྲ་བ། བཙན་མྱི་སད། ཆར་ཞོད། གྲི མྱུ་གུ་ཕྲ་མོ། ཞོགས་སད། ཕུང་གསུམ་པ། མྱི་གསར་བ།
འོད་ཀྱི་རླབས།
གྲོལ། ཕར་ཕྱིན་གོང་མ།
མུན་པ་འཁྱགས་པའི་ཕྱོགས་སུ
ཉི་མའི་དྲོད་རླབས་འཕྱུར་དུས
སྲིད་པ་ཧྲིལ་པོ་ཇེ་གསལ་ནས་གསལ་གྱུར
དོན་དུ རེ་དོགས་ཀྱི་སྐྲ་ལོ་ཡོངས་སུ་བྲེགས
སངས་པའི་སྒྲའམ་སྟོང་པའི་སྒྲ་གྲགས
ཉི་མས་ཤིན་ཏུ་བསྲེག་པ་ཡང་མིན་ཏེ
མཆུ་སྒྲོས་ཀྱི་ཟིལ་བ་དེ་དག
རྡུལ་ཚོགས་ཇི་བཞིན་བསིལ་བར་འཐོར་འདུག
སྐབས་སྐབས་སུ དུས་ཡུན་སྐད་ཅིག་མའི་ནང
བྱམས་པའི་སྤྱན་རས་ཀུན་ལ་འཁྱུད
ད་དུང གཞན་ངལ་བ་བྲེལ་ལོ། །
༥ ༤/༢༠༢༤ རྫོང་སར།
ཐུབ་དབང་ལ་བསྟོད་པ་ཟག་མེད་རོལ་དབྱངས་སྙན་མོའི་འགྱུར་ཁུག
ཁམས་འོད་གསལ། མངོན་པ་འོག་མ།
ཡུམ་གྱི་ལྷུམས་སུ་ཞུགས་དུས་རྟགས་དང་མཚན་མ་མཐའ་ཡས་གྱུར། །
ཡུམ་གྱི་མནལ་ལམ་ཁྲོད་ནས་གླང་ཆེན་ཐལ་དཀར་གཟུགས་སུ་སྤྲུལ། །
ཡུམ་ཆེན་སྒྱུ་འཕྲུལ་མ་དེས་བཀྲ་ཤིས་དགེ་མཚན་གྲངས་མེད་མཐོང་། །
ཡུམ་ལ་འཚེར་མེད་ངང་ནས་འཁྲུངས་མ་ཐག་ཏུ་ང་མཆོག་གསུངས། །
ཐོག་མ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཡངས་པོས་ཀུན་ནས་སློང་། །
བར་དུ་གྲངས་མེད་གསུམ་གྱིས་ཚོགས་གཉིས་ཟུང་གི་དོན་ལ་འབད། །
མཐའ་མར་མངོན་པ་རྫོགས་པར་སངས་རྒྱས་ཉིད་ཀྱི་ཚུལ་བསྟན་པ། །
ཁམས་གསུམ་འགྲོ་བའི་མགོན་པོ་ཤཱཀྱའི་ཏོག་ལ་དད་པས་བསྔགས། །
མུ་སྟེགས་དཔོན་སློབ་ཡོངས་དང་འགྲན་ཟླ་ཕོད་པའི་དོན་ཀུན་འགྲུབ། །
ལོག་པའི་ལྟ་སྤྱོད་ཚོགས་ནི་བདེ་ལེགས་འབྲས་བུར་ཕན་ཐོགས་བྲལ། །
སྙིང་པོ་སྟོང་དང་རྟེན་འབྱུང་ལོངས་སུ་སྤྱོད་པའི་བསམ་གཏན་པ། །
ནགས་ཀྱི་ཡོལ་བའི་གནས་སུ་བརྩོན་པ་ཆེན་པོས་ཡུན་རིང་བསྒོམས། །
མཐའ་ཡས་སྒྱུ་མའི་གར་ལ་རྣམ་དག་སེམས་ཀྱིས་སྤྲོས་པ་བཅད། །
ཡང་དག་དབྱིངས་རིག་ཟུང་ལ་འབྲལ་མེད་ཚུལ་དུ་རྩེ་གཅིག་གནས། །
བྱམས་བརྩེའི་ཐུགས་རྒྱུད་ཕྱུག་པའི་འགྲོ་བ་ཡོངས་ཀྱི་མ་འདྲིས་པའི། །
སྟོན་མཆོག་ཐུབ་པའི་དབང་པོ་གཙུག་ཏུ་བཀུར་ཞིང་སྤྱི་བོར་མཆོད། །
གཟུགས་སྐུ་གཟི་མདངས་རྒྱས་ཤིང་སྣ་ཚོགས་སྤྲུལ་པས་འགྲོ་བ་སྐྱོང་། །
གསུང་དབྱངས་འགག་པ་མེད་ཅིང་ལེགས་བཤད་ཆུ་བོའི་རྒྱུན་ལྟར་འབབ། །
ཟབ་མོའི་ཐུགས་རྒྱུད་ཡངས་པོར་གཡོ་བ་མེད་ཅིང་རབ་ཏུ་བརྟན། །
རྒྱལ་བའི་སྐུ་གསུང་ཐུགས་གསུམ་དགེ་ལེགས་གཉིས་ཀྱི་གཏེར་ཁ་ཡིན། །
འགྲོ་བའི་མགོན་དུ་བཞུགས་ཤིང་གདུལ་བྱ་ཀུན་ལ་ཆོས་འཁོར་སྐོར། །
ཞི་བའི་སེམས་ཀྱིས་སྐྱོང་ནས་ཤེས་བྱའི་ཚོགས་ལ་རིགས་པས་དཔྱད། །
དཔྱད་ནས་གྲུབ་དོན་ནོམ་པོ་སྟོང་དང་རྟེན་འབྱུང་གཉིས་སུ་གཟིགས། །
སྐྱབས་གནས་བསླུ་བ་མེད་པའི་སྟོན་མཆོག་དམ་པར་སྙིང་ནས་དད། །
ཚངས་པའི་ངག་གི་ཕྲེང་བས་བདེ་ལེགས་ཟབ་མོའི་ལམ་བསྟན་བྱ། །
འཚེ་མེད་ཞི་བའི་ལམ་མཆོག་བསྟན་འདིའི་ཡང་སྙིང་ཚུལ་དུ་བརྩི། །
རྟེན་འབྱུང་རིགས་པ་སྨྲ་བའི་རྒྱལ་བ་རྣམས་ལས་ཡབ་གཅིག་གྱུར། །
འདྲེན་མཆོག་འཁོར་ལོའི་མགོན་པོར་མི་ཕྱེད་སྙིང་གི་དད་པ་ཞུགས། །
སྣང་སྟོང་དབྱིངས་ཀྱི་དོན་ལ་རྩོལ་མེད་ངང་དུ་མཉམ་པར་བཞག །
མཚན་དང་དཔེ་བྱད་བརྒྱད་ཅུ་ཆས་སུ་སྤྲས་ནས་སྐལ་དམན་འདུལ། །
ཐུགས་རྗེ་མཐའ་བྲལ་མངའ་བས་ཐེག་པ་དམན་ལས་རིང་དུ་འཕགས། །
མི་ཤེས་རྨོངས་པའི་གཡུལ་ལས་རྒྱལ་མཛད་མགོན་པོ་གང་དེ་མཆོད། །
ཞི་བའི་སེམས་པའི་དཔའ་བོ་རྨད་བྱུང་འདབ་མའི་ཡན་ལག་རྒྱས། །
མཆོག་ཏུ་དགའ་བའི་སྤྱོད་ལམ་དྲི་མེད་ཚོགས་ལས་རིང་དུ་འཕགས། །
ལེགས་གསུང་ངག་གི་དཔལ་གྱིས་ཐར་བའི་ལམ་གྱི་རྨོངས་མུན་སེལ། །
བརྟུལ་ཞུགས་མཆོག་མཛད་གང་ལ་སྒོ་གསུམ་གུས་པས་ནམ་ཡང་འདུད། །
སྟོན་པའི་དུས་ཆེན།
རྣལ། ཕར་ཕྱིན་གོང་མ།
རྣམ་རྟོག་ནམ་མཁར་བསྒྱུར་བའི་ཤཱཀྱའི་སྲས།
བསོད་ནམས་ཀྱི་མཆོད་སྡོང་སྦར་བའི་མགོན་པོ།
མཛད་མཐའ་མེད་པའི་འོད་ཟེར་ཁོ་ནས།
ཅི་ཞིག་གི་ཡོད་ཚད་ལ་དྲོད་ཁོལ་དང་འོད་སྣང་སྦྱིན།
སྣུམ་ཤིག་ཤིག་གི་གཟན་སྣེ་རླུང་གིས་བསྐྱོད་དུས།
དཀོན་མཆོག་གིས་ཐུགས་རྗེས་གཟིགས་པ་དང་མཚུངས།
དམར་པོ་དམར་རྐྱང་གི་རས་ལེབ་ཁྲོད་དུ།
སྐུ་ཡི་ཚེ་མཇུག་བསྐྱལ་རུང་།
བསོད་ནམས་ཀྱི་མཆོད་སྡོང་ཆེན་མོ་སླར་ཡང་འབར་གྱིན་ཡོད།
ཐོག་མཐའ་མི་མངོན་པའི་སྐུ་ཡི་ཡོན་ཏན་རེ་རེ།
ངས་ཀྱང་བརྗོད་པར་ག་ལ་ནུས།
འོན་ཀྱང་།
སྨོན་ལམ་གྱི་ནས་འབྲུ་རེ་རེ།
མཛད་མེད་ནམ་མཁའི་ཀློང་ནས་བཏབ་ན་ཆོག་ཨང་།
ལྷ་ལས་ཕུལ་བྱུང་།
བཞག་ཚ། ཕར་ཕྱིན་འོག་མ།
ཡིད་འོང་སྐུ་ལ་མཚན་མཆོག་གསུམ་ལྡན་ཅན།།
སྙན་འགྱུར་གསུང་ལ་སྒྲ་ཉན་འགྱུར་ཁུག་ཅན།།
ཟབ་གསལ་ཐུགས་ལ་བྱམས་དང་སྙིང་རྗེ་ཅན།།
ལྷ་ལས་ཕུལ་བྱུང་སྟོན་མཆོག་བཀའ་དྲིན་ཅན།།
མཁྱེན་བརྩེ་ཟླ་ཟེར་འཛུམ་པའི་འོད་དཀར་གྱིས།།
སྒྲིབ་གཉིས་མུན་ཚོགས་དཔུང་སྡེ་ཕ་མཐར་སྤྲད།།
སྤང་རྟོགས་རྩེར་སོན་འགྲོ་དྲུག་སྐྱོང་བར་མཛད།།
དཔལ་ལྡན་འདྲེན་མཆོག་ཤཱཀྱའི་མཚན་ལ་གུས།།
སྒྲིབ་གཉིས་ཀུན་བྲལ་ཤེས་བྱ་ཐམས་ཅད་མཁྱེན།།
སྲིད་པའི་ངལ་དུབ་ཡོངས་སུ་སངས་བར་མཛད།།
སངས་རྒྱས་སྟོང་གི་ཐུགས་བསྐྱེད་གཅིག་པུ་ཡིན།།
བདག་གིས་གུས་པས་སྐྱབས་སུ་འཛིན་དུ་གསོལ།།
མཚན་བཟང་དཔེ་བྱད་དཔལ་ཀྱིས་བསྐྲུན་པའི་མཛེས་སྡུག་སྐུ།།
དབྱངས་སྙན་ཡན་ལག་དྲུག་ཅུ་ལེགས་པར་རྫོཊ་་པའི་གསུང་།།
ཀུན་གསལ་འོད་སྟོང་འབར་བའི་ཀློང་ནས་འགྲན་མེད་ཐུགས།།
ཐུབ་མཆོག་སྟོབས་བཅུ་མངའ་བདག་དེ་ལ་ཡང་ཡང་བསྔཊ།།
རྒྱལ་བུ་དོན་འགྲུབ།
ཆར་ཞོད། ཕར་ཕྱིན་གོང་མ།
རིག་བྱེད་མཁས་པས་དཀར་ནག་ཞིབ་རྩིས་གཟིགས། །
བྲམ་ཟེ་ཆེན་རྣམས་ཕྱོགས་བཞིའི་འཛིན་མ་ལ། །
སྦྱིན་སྲེག་ཆོ་ག་མཛད་པས་བུམ་ནང་གི །
མེ་ཏོག་ཐུགས་རྗེའི་ཉི་ཟེར་མདངས་ཀྱིས་གྲོལ། །
གླང་ཆེན་ཐལ་དཀར་རྨི་ལམ་ཡུལ་དུ་འཁོར། །
སྣ་ཞགས་པདྨོ་ཕོ་བྲང་གཟིམ་ཤག་གི །
སྒེའུ་ཁུང་རྒྱུད་ནས་སྒྱུ་འཕྲུལ་པདྨོའི་མངལ། །
འཕོས་ཚེ་ཁྱེད་ཉིད་འབྱོན་པའི་ཉེར་བསྡོགས་རྩོམ། །
བདུད་དང་གདོན་གྱིས་འདེད་པའི་སེམས་བྱུང་གིས། །
ངན་པའི་སྦྱོར་མང་མངོན་ལྐོག་རིས་བྱས་མོད། །
སྐྱེ་རྒུའི་བསོད་ནམས་ཀྱིས་ཐོབ་བགོ་སྐལ་འདིར། །
བྱེ་བ་ལྷས་སྲུང་མཛད་པས་འཇོམས་མ་ནུས། །
གསེར་གྱི་པདྨོའི་མངལ་དུ་སྦྲུམ་པ་ཡི། །
རྒྱལ་བའི་མྱུ་གུ་ཕོ་བྲང་མཁར་བཙས་ན། །
ཡབ་ཆེན་རྒྱལ་པོའི་སྐུ་ཚེར་བར་ཆད་པའི། །
གཡོ་བའི་གཏམ་དེས་ཡབ་ཡུམ་གྱེས་བྲལ་སྟེར། །
བྱ་བྱིའུ་སྐད་སྙན་འབྱིན་པ་རྣ་བར་འཇེབས། །
གསར་མའི་མེ་ཏོག་བཀྲམ་པ་ལྟ་ན་སྡུག །
ལྗོན་ཤིང་ལོ་མ་དུད་པ་ཡིད་དུ་འོང་། །
མཚོ་དང་རྫིང་བུར་ངང་ཁྱུ་བརྩེ་དགའ་རོལ། །
ཡུལ་གྱི་མཛེས་ལྗོངས་རྒྱལ་མོའི་ཡིད་ཁོག་ལྷུང་།
ཕེབས་ལམ་རིང་བས་སྐུ་ཡང་ངལ་ཞིང་དུབ། །
དེ་ཕྱིར་ལྷ་ུཡལ་ལྟ་བུའི་སྐྱེད་ཚལ་འདིར། །
ཞག་གཅིག་ངལ་གསོའི་བསྐལ་བ་རྫོགས་པར་མཛད། །
ལྗོན་ཤིང་འོག་ཏུ་གཅེན་གཅུང་སྙིང་གཏམ་གླེང་། །
གློ་བུར་བལྟམས་པ་རྩོམ་ཚེ་གཅེན་མོ་ཡི། །
སྙིམ་པའི་སོར་བཅུས་ཡལ་གར་དམ་འཆང་སྟེ། །
འགྲོ་བའི་གཉེན་གྱུར་རྒྱལ་སྲས་དཔའ་བོ་འཁྲུངས། །
འཛུམ་ཞལ་གཙང་མས་འགྲོ་བའི་ཡིད་སེམས་འདྲེན། །
བཞད་སྒྲ་སྙན་མོས་སྲིད་ཞིའི་འཇིགས་པ་འཕྲོག །
མིག་སྟོང་ལྡན་སོགས་ལྷ་ཡུལ་དགའ་ཚལ་ནས། །
བདུད་རྩིའི་ཆར་ཟིམ་ཕབ་ཅིང་མེ་ཏོག་གཏོར། །
ཡུམ་ཆེན་བྲང་གི་ནུ་འོ་མ་གསོལ་གོང་། །
མ་མའི་ཕྱག་གིས་བྱིལ་བྱིལ་མ་གནང་གོང་། །
ཁྱེད་ཀྱི་གོམ་རྗེས་བདུན་གྱི་པདྨོ་ཡིས། །
འཇིག་རྟེན་བདུན་ལས་གྲོལ་བའི་འབྲས་རྟགས་མངོན། །
སྒྱུ་འཕྲུལ་ཞལ་གྱིས་རྒྱལ་བུ་དོན་འགྲུབ་གསོལ། །
དྲང་སྲོང་སྤྱན་གྱིས་སྐྱེས་མཆོག་སངས་རྒྱས་གསོལ། །
དེ་ལྟར་ལྷ་དང་ལྷ་མིན་འགྲོ་བ་ཀུན། །
མཚན་གྱི་མེ་ཏོག་བྱེ་བས་ཅིག་ཆར་བསྔགས། །
རྒྱལ་བུ་བཙས་པའི་གཏམ་གྱི་ཕོ་ཉ་དེ། །
ཟས་གཙང་སྒྲ་འཛིན་བུ་གར་འཛུལ་མ་ཐག །
བོར་བའི་ཕྲུ་གུ་མ་ཡིས་རྙེད་པ་བཞིན། །
ཤིན་ཏུ་དགའ་བས་སྐད་འདར་མཆི་མ་ལྷུང་། །
མུ་དགོད།
མཉམ་མེད་སྟོན་པ་མཆོག་གི་འཁྲུངས་སྐར་བསུ་སྟངས་གླེང་བ།
བདེན་སྨྲ་བ། རྒྱུད་སྡེ་འོག་མ།
དེ་རིང་ནི་སྟོན་མཆོག་ཐུབ་པའི་དབང་པོའི་སྐུ་ཡི་འཁྲུངས་སྐར་ལྷན་ཅིག་ཏུ་བསུ་མཁན་ཡོངས་ལ་འཚམ་འདྲི་བཀྲིས་བདེ་ལེགས་ཞུས་པ་ཡིན། ང་ཤཱཀྱའི་དགེ་སློང་ཞིག་ཡིན་པའི་ངོས་ནས་སངས་རྒྱས་ཀྱི་འཁྲུངས་སྐར་སྐོར་ཅུང་ཙམ་ཞིག་ཞུ་ན་དྲན་བྱུང་། སྟོན་པ་མཆོག་སྐུ་འཁྲུངས་པའི་ཐད་ནས། འདོད་ཚུལ་མི་མཐུན་པ་ཧ་ཅང་མང་པོ་རེད། ཤེས་བྱ་ཀུན་ཁྱབ་ལས། བོད་ཟླ་གཉིས་པའི་ཚེས་བརྒྱད་ཉིན་སྐུ་བལྟམས་པར་འདོད། ལུང་རིགས་གཏེར་མཛོད་ལས། བོད་ཟླ་གཉིས་པའི་ཚེས་བཅུ་སྐར་མ་རྒྱལ་ཕུར་ཉིན་ལ་འཁྲུངས་པར་བཞེད། འཇམ་དབྱངས་ས་པན་གྱིས། བོད་ཟླ་གཉིས་པའི་ཚེས་བཅོ་ལྔ་ལ་འཁྲུངས་པར་བཞེད་པ་དང་། དུས་འཁོར་པའི་ལུགས་ལ་ས་གའི་ཉ་ལ་ལྷུམས་སུ་བཞུགས། ཆུ་སྟོད་ཀྱི་ཟླ་ལྷག་དང་བཅས་པའི་མཆུའི་ཉ་ལ་སྐུ་བལྟམས་པར་འདོད་པ་དང་། གནས་བརྟན་སཱི་རི་དྷ་མས། ས་ག་ཟླ་བའི་ཡར་ཚེས་བཅོ་ལྔ་ལ་སྐུ་བལྟམས་པར་བཞེད་སོགས་ལ། མཁས་པའི་དབང་པོ་དག་གིས་ལུང་རིགས་ཀྱི་སྤྲོས་པ་བསྐྱུར་ནས། གཅིག་གྱུར་གྱི་ཐོག་ཏུ་འཁྲུངས་སྐར་དུས་ཆེན་བསུ་རྒྱུའི་རེ་བ་བཅང་པ་ཡིན། དེའི་ཕྱིར་ན། འུ་ཅག་སྟོན་པའི་རྗེས་འབྲངས་ཚད་དང་ལྡན་པ་ཞིག་ཡིན་ན། སོ་སོའི་ཡིད་ལ་དུས་ཀུན་ཏུ་མཆོག་གསུམ་གྱི་ཡོན་ཏན་དྲན་པའི་འདུ་ཤེས་གཙང་མ་གཙང་རྐྱང་རེ་ཡོད་དགོས། དེ་མེད་ཚེ་ཆོས་པའི་ཟློས་གར་ཇི་ལྟར་འཁྲབ་ཀྱང་རང་རང་གིས་དཀའ་ཚེགས་མྱོང་རྒྱུ་ལས་དོན་གྱི་སྙིང་པོ་ཁྱོན་ནས་མེད། དེ་བས་བོད་ཁུལ་དུ་རྫོགས་པའི་སངས་རྒྱས་ཀྱི་འཁྲུངས་སྐར་ལས། མི་སྒེར་གྱི་བླ་མ་དང་སྒེར་གྱི་སྐྱེས་སྐར་རྩ་ཆེ་བརྩི་བ་དག་གི་སྙིང་ལ། ཐེག་པ་མཐོ་སྙེགས་ཀྱི་འདུ་ཤེས་ཙམ་མ་གཏོགས་ཆོས་ཀྱི་གནད་གསང་མི་ཤེས་པར་འདུག་ཅེས་བཤད་པ་ཡིན། དེས་ན་སྟོན་པའི་འཁྲུངས་སྐར་བསུ་བ་ནི་བྱམས་བརྩེའི་གཞན་དབང་དུ་གྱུར་པའི་ཤེས་རབ་ཅན་གྱི་སྐྱེས་ཆེན་ཞིག་ལ་བསུ་མ་བྱས་པ་ཡིན། གལ་ཏེ་དེ་མི་བྱེད་པའི་ཁོར་ཡུག་དང་མི་སྒེར་གང་ཞིག་མཆིས་ན་ཀླ་ཀློའི་ཡུལ་གྱི་མིའི་བྱེད་སྟངས་སུ་གྱུར་ཚར་བ་རེད། འཁྲུངས་སྐར་འདི་ལ་རྩི་སྲུང་བྱེད་པ་ནི་ཟླ་མེད་པའི་སྨྲ་བའི་དབང་ཕྱུག་ལ་གུས་བཀུར་བྱེད་པའི་མཚོན་རྟགས་དང་། རང་ཉིད་ཀྱང་དམ་པའི་བཞུད་ལམ་དུ་འགྲོ་འགོ་བརྩམ་པ་རེད། སྐྱེ་འགྲོ་ཡོངས་ཀྱི་བསོད་ནམས་ཀྱི་ཞིང་མཆོག་ལ་མགོ་བོ་སྒུར་བའི་རྣམ་འགྱུར་ཡིན། རྫོགས་པའི་སངས་རྒྱས་ལ་དགའ་བ། དམ་པའི་ཆོས་ལ་ཡིད་ཆེས། འཕགས་པའི་དགེ་འདུན་ལ་གུས་པར་མཚོན་པའི་དུས་ཆེན་འདི་རྒྱ་བསྐྱེད་དགོས། ང་ཚོ་ཐུབ་པའི་གཞོན་རབས་པ་རྣམས་ཀྱིས། སྟོན་པའི་སྐུ་འཁྲུངས་པའི་དུས་ཆེན་འདི་ཙམ་བསུ་རྒྱུ་གཅིག་གྱུར་རང་བཞིན་གྱི་རྒྱ་བསྐྱེད་མ་ཐུབ་ན། སྟོན་པས་སྐྱེ་འགྲོ་ཡོངས་ལ་བཞག་པའི་ཟབ་རྒྱས་ཆོས་ཀྱི་བདུད་རྩི་དེ། ང་ཚོས་འཕེལ་རྒྱས་སུ་གཏོང་བ་ལ་དཀའ་ངལ་ཤིན་ཏུ་ཆེ་བར་སེམས། ད་ལྟ་བོད་ཀྱི་ཆོས་རྒྱུད་ཁག་གི་མཁས་པས། རང་རང་གི་ཆོས་རྒྱུད་ཀྱི་ཡིག་ཆ་ཙམ་ལ་དབུ་འཁོར་ནས་བཞུགས་པ་ལས། སྔོན་གྱི་མཁས་པ་ལྟར་མདོ་རྒྱུད་ཀྱི་དོན་ལ་བློ་ཡི་སྣང་བ་ཐོབ་མཁན་ཤིན་ཏུ་དཀོན་པས། འཛམ་གླིང་གི་ས་ཕྱོགས་ཚང་མ་ན་སེམས་ཀྱི་བདུད་རྩི་ལྟ་བུའི་ནང་ཆོས་དར་སྤེལ་གཏོང་བའི་ཕུགས་ཀྱི་འདུན་མ་ཞེ་ལ་བཅངས་ནས། ཐོག་མར་མི་སྒེར་རང་ངོས་ཀྱིས་སྟོན་པའི་འཁྲུངས་སྐར་བསུ་རྒྱུ་འགོ་འཛིན་གནང་དགོས་ཀྱི་རེད། དེ་ཡང་༡༩༩༩ལོ་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ས་ག་ཟླ་བའི་དུས་ཆེན་གཏན་ཁེལ་གནང་བ་ལྟར། རྒྱལ་ཁབ་ཁག་དང་མཉམ་འབྲེལ་གྱི་ཐོག་ཏུ་དུས་ཆེན་བརྩི་སྲུང་དགོས་ནའང་། བོད་བརྒྱུད་ནང་པ་བ་དག་གིས་དུས་ཆེན་ཉེ་ཚེ་བ་མ་གཏོགས་བསུ་མི་ཤེས། དཔེ་ཆ་ཕྱོགས་རེ་བ་ལས་ཀློག་པར་མི་བྱེད། ནང་ཆོས་ཀྱི་སྙིང་པོ་རྒྱུད་འཛིན་དར་སྤེལ་མི་གནང་བའི་གནས་བབ་མཐོང་ཚེ། བཟོད་མི་ཐུབ་པའི་ཡིད་ཆད་ངང་གིས་སྐྱེས་བྱུང་དེ་ནི་བོད་ཀྱི་སྔོན་བྱོན་མཁས་གྲུབ་བོད་ཡུལ་དུ་ནང་ཆོས་ཀྱི་རྩ་བ་ཚུགས་པར་མཛད་ཀྱང་། དུས་རབས་ཉེར་གཅིག་པའི་བོད་ཀྱི་ནང་པ་བ་རྣམས་ཀྱིས་བོད་བརྒྱུད་ནང་ཆོས་ཀྱི་རྩེ་མོ་རྒྱས་ཐབས་མི་བྱེད་པ་འདི་རེད། དེས་ན་བོད་བརྒྱུད་ནང་པའི་ལུགས་འདི་མ་འོང་པར་བོད་ཀྱི་བླ་མའི་ཆོས་ལུགས་ཤིག་གི་ངོ་བོར་མི་འགྱུར་བའི་ངེས་པ་ལར་ནས་མེད་དེ། རྒྱུ་མཚན་གཅིག་ནི་སངས་རྒྱས་ཀྱི་ཆོས་གཞུང་ལ་ཁུངས་མི་བཅོལ་བར་བླ་མའི་གསུང་སྒྲོས་དགོན་པའི་ལུགས་སྲོལ་ཡང་དག་པར་རློམ་པ་དང་། གཉིས་བོད་ལ་བསྡུས་གྲྭའི་རིགས་ལོག་དར་བ་ནས་བཟུང་གྲྭ་ས་ཕལ་མོ་ཆེ་ན་ཚིག་གི་བཤད་ཡམས་སྦྱངས་པ་ལས་བཀའ་འགྱུར་གྱི་དོན་སྙིང་འཚོལ་བའི་བློ་མིག་ལྡོང་པ་དང་། གསུམ་བོད་ཀྱི་དགོན་སྡེ་ཕལ་ཆེ་ཞིག་གིས་འདུལ་ཁྲིམས་ལག་ཏུ་མི་བསྟར་བར་དགོན་དཔོན་གྱི་ཁྲིམས་ལག་ལེན་འདེབས་བཞིན་ཡོད་པ་མ་ཡིན་ནམ། འདི་ལྟར་བཤད་པ་ནི་ནང་ཆོས་རང་ངོས་ནས་སྐྱོན་འཚོལ་བ་མིན་པར་ཆོས་ལུགས་པའི་ལན་པ་ཡིན་པར་གོ་དགོས་སོ།།
ཅུང་ཙམ་དགའ་འོས་པ་ཞིག་ནི་ཉེ་ལམ་རྒྱལ་བ་ཀརྨ་པ་ཕྲིན་ལས་རྡོ་རྗེས་ཨ་ཏི་ཤ་ཞེས་པའི་མ་ལག་གསར་བསྐྲུན་མཛད་པ་ལ། དངོས་གནས་ནམ་ཡང་མཐོང་ཆེན་དང་གཟེངས་བསྟོད་བྱེད་བཞིན་ཡོད། དེ་ནི་ནང་ཆོས་སློབ་གཉེར་བ་ཡོངས་ལ་སྟོང་ཆ་ཞིག་ཁ་སྐོང་དགོས་པའི་སྔོན་བརྡ་བཏང་བ་རེད། དེ་བཞིན་དུ། རྫོང་སར་བཤད་གྲྭའི་གཞུང་གིས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་བོད་ལྡེབ་དང་མགོ་ཚེམ་འགྲེམས་སྤེལ་གང་ལེགས་གནང་ཡོད་པ་དང་། སྟོན་པའི་རྣམ་ཐར་གློག་བརྙན་ཁམས་སྐད་དུ་བསྒྱུར་ནས་སྤྱི་ཚོགས་སུ་ཁྱབ་བརྡལ་བཏང་བ་དང་། ༢༠༡༦ལོ་ནས་བཟུང་རྟག་པར་རྒྱལ་སྤྱིའི་སྟོན་པའི་འཁྲུངས་སྐར་ལ་རྩི་སྲུང་གནང་བཞིན་པ་སོགས་ནི། བསྟན་པ་སྤྱི་ལ་ལྷག་བསམ་ཅན། ལུང་རྟོགས་ཀྱི་བསྟན་པ་དར་སྤེལ་གནང་བའི་འདུ་ཤེས་གཙང་མ་མཚོན་པ། རྒྱལ་བསྟན་མྱུར་སྐྱོབ་བྱེད་པའི་ཐབས་ལམ་ཡག་ཤོས་སུ་གྱུར་ཡོད་པས། དངོས་གནས་དུས་བབ་ཀྱི་མཛད་པ་དེ་ལྟར་གནང་བ་ཧ་ལས་པའི་ཡག་པོ་རེད། ང་ཚོ་ལ་དེ་འདྲའི་མཛད་པ་སྐྱོང་མཁན་་ཤིན་ཏུ་ཉུང་བས། རླབས་ཆེན་གྱི་མཛད་པ་དེ་དག་ང་ཚོས་མ་མཐོང་བ་དང་མ་གོ་ཁུལ་ནམ་ཡང་བྱེད་མི་རུང་ངོ་།། མདོར་ན་ད་ལན་གྱི་འཁྲུངས་སྐར་སྐོར་ལ་དཔྱོད་ལྡན་ཀུན་གྱིས་བསམ་གཞིག་གནང་ནས། སྟོན་པ་སངས་རྒྱས་ཀྱི་དགོངས་བཞེད་དང་མི་འགལ་ཞིང་སྐྱེ་འགྲོ་ཡོངས་ཀྱི་སེམས་ཁམས་སུ་བརྩེ་བ་དང་ཤེས་རབ་རེ་བསྐྱེད་ཐབས་སུ་འགྱུར་དགོས་ཀྱི་རེད། དེ་མ་གཏོགས་གཞན་དམིགས་ཡུལ་གང་ཡང་མེད། ནང་པ་བ་ཡིན་མིན་ལ་མི་ལྟོས་པར། བརྩེ་བ་དང་ཤེས་རབ་སོགས་ཡོན་ཏན་གྱིས་ཕྱུག་པའི་སྐྱེས་ཆེན་སུ་ཞིག་ཡོད་ན། དེ་ལ་མགོ་བོའི་གཙུག་ཏུ་བཀུར་བའི་སྙིང་སྟོབས་ཡོད་དགོས། དེ་དག་གི་དུས་ཆེན་གང་ཞིག་ཚེས་ན་སྲུང་བརྩི་གནང་དགོས། ང་ཚོ་གཞོན་རབས་པ་རྣམས་ཀྱིས་སྐྱེ་བ་ཚེ་རབས་ཀུན་ཏུ་སྟོན་པ་སངས་རྒྱས་ལྟ་བུ་སྐྱེས་བུ་དམ་པ་དག་རྗེས་སུ་དྲན་པར་བྱ་དགོས་ཏེ། བདག་ནི་སྟོན་པ་གཞན་སྤངས་ནས། བཅོམ་ལྡན་ཁྱེད་ལ་སྐྱབས་སུ་མཆི།། དེ་ཅིའི་སླད་དུ་ཞེ་ན།། སྐྱོན་མི་མངའ་ལ་ཡོན་ཏན་ལྡན།། ཞེས་སྔོན་རྒྱ་གར་ལ་མུ་སྟེགས་རིགས་བྱེད་ཀྱི་ཆོས་ལ་དད་པ་ཅན་མཐོ་བཙུན་གྲུབ་རྗེས། སྟོན་པ་གཞན་དག་ལས་སྟོན་པ་སངས་རྒྱས་ལ་ཁྱད་འཕགས་ཀྱི་ཡོན་ཏན་དོན་ཉིས་ཀྱི་སྒོ་ནས་བསྟོད་པ་མཛད་ཅིང་ཉིད་ཀྱང་སྟོན་པའི་རྗེས་སུ་འབྲངས་བ་རེད། ང་ཚོ་ལའང་དེ་ལྟ་བུའི་སྙིང་སྟོབས་དང་སྐྱོན་ཡོན་འབྱེད་པའི་ཤེས་རབ་དགོས། ང་ཚོ་ལའང་ནང་ཆོས་ཀྱི་གཞི་རྩའི་ལྟ་གྲུབ་ཀྱི་གནད་མ་ཤོར་བར་འཚེ་མེད་ཞི་བའི་སྤྱོད་པ་དག་མི་འགལ་བ་ཞིག་བྱ་དགོས། ཁྲ་ཁྲ་ཟིང་ཟིང་གི་སྐབས་འདིར་ཐུབ་པའི་གཞོན་རབས་པ་དག་ལ། བསམ་གཏན་ཀློག་པའི་ལས་དག་གིས། །ལུས་ལ་སྙིང་པོ་བླང་བར་བྱ། །ངུར་སྨྲིག་གྱོན་ཙམ་གྱིས་ཆོག་པའི། །བསམ་པ་ནམ་ཡང་མི་བྱའོ། ། ཞེས་གསུངས་པ་ཡང་ནན་གྱིས་ཞུས་པ་ཡིན་ལགས་སོ།། །།
དད་རླབས་ཀྱིས་འཕྱོ་བའི་ཚིག་གི་ཟེགས་མ།
རྒྱལ་སྤྱི་སྟོན་པའི་འཁྲུངས་སྐར་ལ་ཕུལ།
མངོན་པ་འོག་མ། ཕུང་གསུམ་པ།
༡
དོན་སྐུ་གཉིས་ཀྱི་ཟུང་འཇུག་འབྲས་བཟང་ཐོབ་ཅིང་།།
ལམ་ཚོགས་གཉིས་ཀྱི་ཡོན་ཏན་མཐའ་དག་རྫོགས་ཏེ།།
གཞི་བདེན་གཉིས་ཀྱི་ཟབ་དོན་དབྱེར་མེད་མཐོང་མཁན།།
ཡུལ་འཁོར་འདས་ཀྱི་འཁྲུལ་སྣང་བརྩད་ནས་བཅོམ་སྟེ།།
ཞིང་འོག་མིན་དུ་ངེས་སྐུ་རིང་ནས་བརྙེས་པའི།།
ཐུགས་མཚུངས་མེད་ཀྱི་སྟོན་མཆོག་སླར་ཡང་དྲན་ནོ།།
༢
རིགས་ཁྱད་འཕགས་ལ་གཟུགས་ཀྱི་འཁྲི་ཤིང་བལྟམས་ཏེ།།
འཁོར་བདེན་ཞེན་ཀྱི་བསླུ་བྲིད་ལྕགས་ཀྱུས་མ་ཐེབས།།
སེམས་འདོད་ཡོན་གྱི་བདེ་བའི་རོ་ལ་མི་རྔམས།།
འདི་བཅོས་མིན་གྱི་རིག་པ་རང་རིག་ཐོག་དུ།།
ཡིད་ཏིང་འཛིན་གྱི་འདུན་པ་དྲག་དུ་འཁྲུངས་པའི།།
གནས་འཕགས་མཆོག་གི་རྒྱལ་སྲས་གཞོན་ནུ་དྲན་ནོ།།
༣
ལས་ཉོན་མོངས་ཀྱི་རླུང་བུས་ཡང་ཡང་འདེད་པའི།།
ཕྱི་འཇིག་རྟེན་གྱི་གནས་ཚང་རིང་དུ་དོར་ནས།།
ས་ངེས་མེད་ཀྱི་རི་ལུང་འཁྲེད་ཀྱི་བཅད་དེ།།
ནང་ཞི་ལྷག་གི་གཉུག་སེམས་ལྷན་སྐྱེས་འཚོལ་ཆེད།།
སྡེ་སོ་སོ་ཡི་གྲུ་མཐའ་གཙུག་ཏུ་བསྐུར་ཏེ།།
བློ་གཡེང་མེད་ཀྱི་བསམ་གཏན་བསྒྲུབ་ལ་གཞོལ་མཁན།།
སྙིང་རུས་ཅན་གྱི་དྲང་སྲོང་སྒོམ་ཆེན་དྲན་ནོ།།
༤
ཤིང་བྱང་ཆུབ་ཀྱི་ལྗོན་པའི་བསིལ་གྲིབ་འོག་དུ།།
རྩ་ཀུ་ཤ་ཡི་ཕོན་ཅོག་བདེ་བའི་སྟན་ལ།།
གྲོགས་རི་སྐྱེས་ཀྱི་ཚོགས་དང་ལྷན་ཅིག་འཚོ་ཞིང་།།
ཁ་ནང་རོལ་དུ་རིག་པ་རྣལ་དུ་ཕབ་སྟེ།།
ཟས་ཆོག་ཤེས་ཀྱི་བརྟུལ་ཞུགས་ཉེར་བ་སྤྱོད་མཁན།།
རྒྱུད་སྙིང་རྗེ་ཡི་ཕྱུག་པའི་བྱམས་སེམས་དྲན་ནོ།།
༥
ཆོས་ཆོས་ཅན་གྱི་སྣང་བ་དབྱིངས་སུ་ནུབ་ཅིང་།།
ལམ་འཁྲུལ་སྣང་གི་བག་ཆགས་ཡོངས་སུ་དག་སྟེ།།
ཐུགས་ཡེ་ཤེས་ཀྱི་ཁོ་ལག་ནང་ནས་རྒྱས་པས།།
གཞན་འབད་མེད་དུ་གྲོལ་བ་ཅི་ཡང་མཛད་པའི།།
ཚེ་ལུས་གཅིག་གི་གྲུབ་པ་མཆོག་སྐུ་མངོན་བྱེད།།
བློ་སྒྲིབ་བྲལ་གྱི་སྤང་རྟོགས་མཐར་རུ་ཕྱིན་པའི།།
ཐབས་མཉམ་མེད་ཀྱི་སྟོན་པ་སྙིང་ནས་དྲན་ནོ།།
འཁོར་བའི་ཀློང་ནས་སྟོན་པ་སླར་ཡང་དྲན།
གྲི ཕར་ཕྱིན་འོག་མ།
བདག་གི་མིག་ཟུང་རྒྱང་དུ་བཀྱེད་དེ་རི་བོ་མང་པོའི་ཕ་རོལ་བརྒལ།།
སྐྲ་ཡི་ལན་བུ་རླུང་གི་བདས་ཤིང་བྱམ་བརྩེའི་མྱོས་བུམ་བྲང་ལ་དོད།།
རེ་བའི་མཛངས་མ་སྒྱུ་འཕྲུལ་ལྷུམས་སུ་ངོ་མཚར་ཁྱེའུ་ཟློས་གར་འཁྲབ།།
ལྷ་རྣམས་དགའ་བའི་རོལ་མོ་དེ་ཡང་འཇའ་དང་སྤྲིན་པའི་ཀློང་ནས་གཏོར།།
ཉིད་ཀྱིས་དབུ་སྐྲ་ཉིད་ཀྱིས་བསིལ་ཏེ་འཁོར་བའི་ཞེན་ཆགས་བཙན་གྱིས་ལྡོག།
མཆོད་རྟེན་དྲུང་དུ་ཤཱཀྱའི་དགེ་སློང་འགྲོ་རྣམ་དགྱེས་པའི་དཔའ་དུ་ཤར།།
ཁྱེད་ཀྱིས་ཞབས་རྗེས་སུ་ཡིས་མ་སྣོག་འཛམ་གླིང་ཤར་ནུབ་ཐོལ་གྱིས་བརྒལ།།
ཞི་བའི་སྟོན་པའི་རྣམ་ཐར་བསམ་ན་དད་པའི་མིག་ཆུ་སེམས་ལ་འཁོར།།
གཤིས་ཀྱི་གནས་ལུགས་སེམས་ཀྱིས་མ་རྟོགས་ཕྱི་རོལ་ཡུལ་དུ་སུ་ཡིས་བཙལ།།
སེམས་ཀྱི་རང་གཤིས་སྤྲོས་བྲལ་ཀློང་ལས་རྫུན་མས་རྫུན་མ་ཇི་ལྟར་སྒྲུབ།།
སྟོང་ཉིད་སྒྲ་ཆེན་ས་གསུམ་སྒུལ་ཏེ་ལྟ་ངན་དྲྭ་བ་རྩ་ནས་བཅད།།
བདག་གི་སྟོན་པའི་མཛད་རྗེས་རེ་རེ་འཁོར་བའི་ཀློང་ནས་སླར་ཡང་དྲན།།
འདོད་ལ་ཆགས་པས་ནང་སེམས་མ་འཆིང་བུ་དང་ཆུང་མ་ཡུལ་ནས་བཞག།།
ཞེ་སྡང་དུག་གིས་རང་ཉིད་མ་བརླག་ཐགས་རིང་དགྲ་བོ་གྲོགས་སུ་བཀུག།
གཏི་མུག་བློ་ཡིས་རྣམ་དཔྱོད་མ་སྒྲིབ་ཤེས་རབ་འོད་ཀྱིས་རང་ཉིད་གསལ།།
འཁོར་བའི་གྲོང་ནས་འཁོར་བ་སྤང་ཏེ་ཐར་བའི་ལམ་ཁ་ཁྱེད་ཀྱིས་བརྙེད།།
སྔོན་བྱོན་རྣམ་ཐར་སེམས་ལ་དྲན་ཚེ་དད་དང་སྤྲོ་བའི་དགའ་བ་ཡོད།།
ཕྱི་རབས་རྗེས་འཇུག་མིག་གིས་ལྟས་ཚེ་སྐྱོ་བའི་རྨ་ཁ་སུ་ལ་སྟོན།།
ཀྱེ་མ་ཁྱེད་ཀྱི་ཞབས་གདམས་རེ་ནི་ཟེར་སྒྲོས་ཙམ་གྱིས་རླུང་ལ་སྐུར།།
ད་ནི་ཁྱེད་ཀྱང་གདུལ་བྱའི་དོན་དུ་གནས་འདིར་ལན་གཅིག་བྱོན་ལགས་སམ།
བདག་གི་དད་གསུམ་མེ་ཏོག་ཀློང་ན་ཁྱེད་ཀྱི་བྱམས་བརྩེའི་ཟེའུ་འབྲུ་དང་།།
མདོ་དང་སྔགས་ཀྱི་གཟི་བྱིན་དེ་ལ་ཚུལ་གསུམ་རིགས་པས་གྲུབ་དོན་ཏེ།།
འཁོར་བའི་ཕུན་ཚོགས་རྨོང་ནས་དོར་བའི་སྙིང་སྟོགས་སྲོག་གི་ཀ་བ་སོགས།།
གཟུར་བོ་བློ་ཡིས་ཆ་ཙམ་དྲན་པས་བདེན་པའི་མགོ་བོ་ལན་གསུམ་བྱས།།
ཁྱེད་ནི་ནམ་མཁའི་སྤྲིན་པ་ཇི་བཞིན་ནག་ནོག་དྲི་མས་སྒྲིབ་པ་མེད།།
ཁྱེད་ནི་དབྱར་སྐྱེས་མེ་ཏོག་ཇི་བཞིན་སུ་ཡི་མིག་ལ་མི་མཛེས་མེད།།
ཁྱེད་ནི་ཞི་བསིལ་ཆུ་བོ་ཇི་བཞིན་རང་བཞིན་གཏན་ནས་རྙོག་པ་མེད།།
ཁྱེད་ནི་འགྲོ་བའི་མགོན་པོ་ཡིན་ལ་ལོ་རྒྱུས་ཁྲོད་ཀྱི་དཔའ་བོ་ཡིན།།
འཇིག་རྟེན་འདི་ནས་སྤྲིན་དང་མེ་ཏོག་ངོ་མཚར་གཏམ་གྱིས་སྦྱོར་བ་སོགས།།
ཡུལ་གྱིས་མཛེས་པ་ལྷ་ཡི་རེ་སྨོན་དཔག་བསམ་ཤིང་དང་སྙན་པའི་དབྱངས།།
གཅིག་དུ་སྤུངས་ཏེ་ཚིག་གིས་སྤྲུལ་ཏེ་བདག་གི་ཁྱེད་ལ་ཕུལ་ལགས་ཀྱེ།།
བྱིན་རླབས་དངོས་གྲུབ་ཡུན་ནས་མ་ཆུང་འགྲོ་ཀུན་དགའ་བའི་བདེ་ལེཊ་སྩོལ།།
༢༠༢༤”༥༢༡ཉིན་ས་ག་ཟླ་བའི་དུས་ཆེན་ལ་དམིགས་ཏེ་སྦྱར་རོ།
ས་ཆེན་པོའི་དྲང་སྲོང་།
བཙན་མྱི་སད། ཕར་ཕྱིན་འོག་མ།
མུན་ནག་གི་འཇིག་རྟེན་བརྒལ་ཏེ
ས་ཆེན་པོའི་སྤང་ཁུག་ནས
བདུད་སྡེ་ལྦ་ཚོགས་ཟིལ་གྱིས་གནོན་པའི་དཔའ་བོ
མི་འཇིགས་བཞི་ཡི་གོ་ཆ་གྱོན་ཅིང
ཤར་ནུབ་ཀུན་ལ་འོད་ལྟར་འཚེར་བའི་དེད་དཔོན
ཁྱོད་ནི་སྐྱེ་འགྲོའི་དུ་མའི་གཉེན་ཉེ་ཞིག
ལྟ་བ་མཁའ་ལས་ཡངས་ཀྱང
སྤྱོད་པ་ཀུན་དང་མཐུན་པ
སེམས་ཀྱི་ལྷ་ཆེན་པོ
ཚིག་ཚོགས་ཁོ་ནས་ཁྱོད་རང་ག་ལ་གླེང་འོས
སྙིགས་མའི་རྒུད་པ་ལ
ཞུམ་མེད་ཀྱི་སྙིང་སྟོབས་བསྩལ་ཏེ
མདོ་སྔགས་ཆོས་ཀྱི་སྒྲ་དབྱངས་ཕྱོགས་ཀུན་ཁྱབ
དུས་ཁྱད་པར་ཅན་ས་ག་ཟླ་བ
མྱི་ཁྱད་པར་ཅན་དོན་ཀུན་གྲུབ་པ
རིགས་ཀྱི་སྲས་པོ
འགྲོ་བའི་མགོན་པོ
ཁྱེད་རང་བྱོན་པར་ལེགས།
སྨྱུ་གུ་ཕྲ་མོ། ཕར་ཕྱིན་འོག་མ།
ལོ་ངོ་སྟོང་ཕྲག་གི་ཡར་སྔོན་དུ
ཉི་ཟླ་མེད་པའི་ནམ་མཁར་འོད་ཀྱི་ཕུང་པོ་གྲུབ
བློ་ཡིད་རྨོངས་པའི་བྱེ་མའི་ཐང་དུ
ལས་འབྲས་དང་དགེ་སྡིག་གི་ཕོ་བྲང་བཞེངས
ནག་ཏིང་ངེར་གྱུར་པའི་ཤོག་ངོས་ཤིག་ལས
ཁྱེད་ཀྱིས་འོད་ཀྱི་གསེར་ཐིགས་རིགས་གསུམ་བཞག་ཡོད
རིགས་རེ་རེ་ལས་ཞི་བདེ་དང་རང་དབང་གི་འཇའ་ཚོན་བྲིས་ཏེ
རང་ངོ་མཐོང་བའི་དཀར་དངུལ་གྱི་མེ་ལོང་ཞིག་ཀྱང་ཐོགས་ཡོད
དེའི་རྐྱེན དུས་ཚོད་ཀྱི་གཙང་བོ་ཁ་རུ
ངས་སེམས་ཀྱི་དར་ལྕོག་རླུང་ལ་འཆོལ་ཏེ
འཕག་ལྡིང་བྱེད་ཀྱིན་པའི་སྙིང་དམར་ཕྱི་གསལ་ནང་གསལ་དུ་བྱེད་ཆོག
དེའི་རྐྱེན ཁྱེད་རང་རྫོགས་པར་གྱུར་ཡང་འཇིག་རྟེན་སླར་ཡང་མུན་ནག་ཏུ་ལྟུང་མེད
ད་ནས་ཁྱེད་རང་བྱོན་ནས་ལོ་ངོ་སྟོང་ཕྲག་བུད་སོང
འཇིག་རྟེན་གྱི་རྒྱ་མཚོ་འདི་བརྒལ་ནས་སོང་ན
སླར་ཡང་ཁྱེད་རང་གཞལ་ཐུབ་པར་སྨྲ
ཡང་ན མཐོང་བཞིན་པའི་བྱ་དངོས་ཡོད་ཚད་ཁྱེད་རང་ཡིན་པར་སྨྲ
སྟོན་པ་རིན་པོ་ཆེ།
ཞོགས་སད། ཕར་ཕྱིན་འོག་མ།
སེམས་ཀྱི་བདེན་པ་སྨྲ་བའི་གཤིས་བཟང་ཞིག །
གཞན་ཕན་སྙིང་ལ་ཟུག་པའི་གཞོན་ནུ་ཞིག །
ལུས་སེམས་བརྩེ་བའི་ཁེངས་པའི་མི་བུ་ཞིག །
སྟོང་གསུམ་འཇིག་རྟེན་ཀུན་གྱི་བདག་པོ་ཞིག །
བལྟས་ན་བྱས་པ་ཞིག །
དེ་ཡང་སྤྲུལ་བ་ཞིག །
དོན་ལ་སངས་རྒྱས་ཤིག །
དེ་ཡང་སྟོན་པ་ཞིག །
རིགས་དྲུག་སྙིང་ལ་སྒོམ་པའི་ཕ་མ་ཞིག །
འགྲོ་དྲུག་ལམ་སྣ་སྟོན་པའི་སྣེ་ཁྲིད་ཅིག །
མིན་པའི་མཚན་ལྗོགས་གསལ་བའི་སྒྲོན་མེ་ཞིག །
ལུས་སེམས་བཀའ་བའི་མི་མངའ་སྟོན་པ་ཞིག །
བལྟས་ན་མི་རྐྱང་ཞིག །
དེ་ཡང་དབུར་པོ་ཞིག །
དོན་ལ་འགྲོ་མགོན་ཞིག །
དེ་ཡང་སངས་རྒྱས་སོ། །
འཁོར་འདས་དབྱེར་མེད་རྟོགས་པའི་སྟོན་པ་ཞིག །
ཉོན་མོང་རྩ་བ་འགྱིང་པའི་སངས་རྒྱས་ཤིག །
རང་སེམས་གནས་ལུགས་བརྙེད་པའི་དཔལ་བོ་ཞིག །
མི་སེམས་གཡོར་འགུལ་བྱེད་པའི་དུས་སྟོན་ཞིག །
བལྟས་ན་ཁྱོད་འདྲ་ཞིག །
དེ་ཡང་ཕལ་བ་ཞིག །
དོན་ལ་དཔལ་བོ་ཞིག །
དེ་ཡང་ཤཱག་ཐུབ་བོ། །
རང་རྒྱུད་བསླ་གསུམ་ངུར་མིག་གསེར་ལྷང་ལྷང་། །
ཐུགས་རྒྱུད་ལྟ་བ་སྟོང་འབྱུང་ཆུ་རྒྱུག་རྒྱུག །
མི་འཇིག་སེངྒེའི་ང་རོལ་འབྲུག་གྲགས་གྲགས། །
མི་ཡུལ་ཉི་མ་བཞིན་དུ་འོད་འཆེད་འཆེད། །
བལྟས་ན་ཁེ་རྐྱང་ཞིག །
དེ་ཡང་བསམ་མེད་ཅིག །
དོན་ལ་སྲུང་མ་ཞིག །
རང་སེམས་རང་ངོ་ཞིག །
ས་ཆེན་པོ་དཔང་ལ་བཞག་ནས་བཏབས་པའི་སྨོན་ལམ།
བསྟན་འཛིན་འཕྲིན་ལས་རྣམ་རྒྱལ་ལམ་མྱི་གསར་བ།
སྐྱེ་འགྲོ་རྣམས་ཆོས་དང་ཆོས་སྟོན་པའི་གང་ཟག་ཡང་དག་པ་ལ་འཕྲད་ནས་ཆོས་ཀྱི་དོན་ལ་སྙིང་ནས་མོས་པར་ཤོག
སྐྱེ་འགྲོ་ཉོན་མོངས་དང་རྨོངས་པའི་བློ་མཐུག་པ་རྣམས་ཆུང་ངུར་འགྲོ་ཞིང་ཆུང་ངུ་ཅན་རྣམས་གཏན་མེད་དུ་འགྱུར་བར་ཤོག
སྐྱེ་འགྲོ་རྣམས་འཕྲལ་གྱི་བདེ་དགའ་ཙམ་ལ་ཞེན་ཅིང་མི་ཆག་པར་མཐར་ཐུག་གི་བདེ་སྟོང་ཆེན་པོའི་ས་ལ་སླེབ་ཐུབ་པར་ཤོག
སྐྱེ་འགྲོ་ཞེ་སྡང་ཆེ་བ་རྣམས་བྱམས་པའི་རྒྱུད་ཁེངས་ཤིང་རྣམ་རྟོགས་ཆེ་བ་རྣམས་བློ་ཞི་བར་གནས ཕྲག་དོག་ཆེ་བ་རྣམས་རྗེས་སུ་ཡུ་རིང་གི་བློ་དང་ལྡན་པར་ཤོག
སྐྱེ་འགྲོ་རྣམས་ཕན་ཚུན་གཅིག་གིས་གཅིག་ཟ་ཞིང་གཅིག་གིས་གཅིག་ལ་གནོད་པའི་ལས་རྣམས་དོར་ཏེ་ཕན་ཚུན་སྙིང་གྲོགས་དང་མཛའ་བཤེས་ལྟར་གྱི་འདུ་ཤེས་ཅན་དུ་འགྱུར་བར་ཤོག
སྐྱེ་འགྲོ་གོས་མེད་པ་དག་གོས་དང་ལྡན་ཞིང་ཟས་མེད་པ་རྣམས་ཀྱི་ཟས་རྙེད་ནས་འདོད་པ་ཆུང་ཞིང་ཆོག་ཤེས་པར་ཤོག
སྐྱེ་འགྲོ་ཆང་འདོད་པ་རྣམས་ཀྱིས་ཆང་རྙེད་ཅིང་དངུལ་འདོད་པ་རྣམས་ཀྱིས་དངུལ་རྙེད་ནས་མཐར་དེ་དག་མི་རྟག་པ་དང་སྙིང་པོ་ཅི་ཡང་མེད་པ་ཤེས་ཏེ་མཆིལ་མའི་ཐལ་བ་བཞིན་དུ་དོར་ཐུབ་པར་ཤོག
སྐྱེ་འགྲོ་རྣམས་ཀྱིས་ཁབ་མིག་ཙམ་གྱི་བློ་རྒྱ་དོར་ནས་ཤེས་བྱའི་གནས་ཀུན་ལ་ཁྱབ་པའི་བློ་གྲོས་རྒྱས་ཤིང་བླང་དོར་གྱི་མིག་ལྡོང་བ་རྣམས་ལ་ཤེས་རབ་ཀྱི་མིག་སྦྱིན་ཐུབ་པར་ཤོག
སྐྱེ་འགྲོ་རྣམས་ལ་དུས་གསུམ་སངས་རྒྱས་ཀྱིས་སྨོན་ལམ་ཅི་ལྟར་བཏབས་ཤིང་འདེབ་པའི་དོན་རྣམས་ལེགས་པར་སྒྲུབ་པའི་ནུས་པ་དང་ལྡན་པར་ཤོག
མདོར་ན། སྐྱེ་འགྲོ་རྣམས་ཀྱིས་སེམས་ཀྱི་གནས་ལུགས་རྟོགས་ཤིང་སྡུག་བསྔལ་ལས་གཏན་དུ་བྲལ་ནས་གཞན་དོན་རྒྱ་ཆེན་པོ་བྱེད་ཐུབ་པར་ཤོག