རྫོང་སར་རྩོམ་རིག སྒྲུང་ཐུང་། ༡
འཇམ་དབྱངས་སྦྱིན་པ། མཆོད་མེ། བེའུ་བསོད་ཆེན།
ཆང་། ཆོས་དབྱིངས་རྒྱ་མཚོ། སྲོད། མྱི་གསར་བ།
གཅིན་གྱི་རི་མོ།
བེའུ་བསོད་ཆེན།
ཧེམ་བག འཁྱགས་ཞོ། ཁོལ་ཁོལ་ཁུ་ནག ཐུར་སྦྲང་། སིལ་ཁན། གྲྭ་ཕྲུག་འདིས་དེ་རིང་ཡང་ཞོར་ཟས་མང་པོ་གཟན་འོག་ཏུ་བསྐུངས་ནས་ཁུར་འདུག
ང་ལ་འཁྱགས་ཞོ་དེ་སྲིང་སྟེ་ “ཨིན”ཟེར།
“ང་ལ་མི་དགོས། ཁྱོད་ཀྱིས་མང་པོ་མ་བཟའ། ཕྱི་དྲོར་གཅིན་འཆོར་ཡོང་ན་་་་་་།”ཞེས་དྲན་བསྐུལ་བྱེད་དུས། ངའི་སྐད་ཆ་མཇུག་མ་རྫོགས་གོང་དུ། ཁོས་ཁ་ཕར་སྐོར་ཏེ་ཁོའི་འཁྲིས་ཀྱི་གྲྭ་སར་དེ་ལ་འཁྱགས་ཞོ་དེ་སྲིང་ནས། “ཨིན”ཞེས་སྨྲས་པས། གྲྭ་སར་དེས་སྣང་དོགས་མེད་པར་ཐད་ཀར་བླངས་སོང་།
དབྱར་ཆོས་<རྒྱུད་བརྟག་གཉིས་ཟབ་ཁྲིད་>མགོ་བཙུགས་ནས་ད་བར་དུ། ཟླ་ངོ་གཅིག་ལ་ཉེ་བ་ཞིག་གི་རིང་ལ་གྲྭ་ཕྲུག་འདི་ངའི་འཁྲིས་སུ་བསྡད། ཁོས་ཉིན་རྟག་པར་ཞོར་ཟས་མང་པོ་བསྣམས་ནས་སླེབས་ཡོང་། རིན་པོ་ཆེས་ཆོས་ཁྲིད་དབུ་བཙུགས་རྗེས། ཁོས་གཡས་ཕྱོགས་གཡོན་ཕྱོགས་ལ་བྲིམས་ཏེ། “ཨིན་”དང་ “ཨིན”ཞེས་སྨྲ་སྲིད། བལྟས་ཚོད་ལ་ཨིན་སྒྲ་ནི་ཁོ་ཚོའི་ཕ་ཡུལ་གྱི་ཕར་སྟེར་པའི་ཡུལ་སྐད་ཡིན་པ་འདྲ། གང་ལྟར་གྲྭ་ཕྲུག་ཆུང་ཆུང་ཞིག་གཞན་དང་མཉམ་སྤྱོད་བྱེད་པའི་ཀུན་སྤྱོད་ཡག་པོ་འདུག་ཨང་།
ངས་དེ་ལྟར་དྲན་བཞིན་ཁོ་ལ་ལྟ་དུས། ཁོས་ཧེམ་བག་ཁམ་གང་འགྲད་རྗེས་ཁུ་ནག་ཁམ་གང་བཏུང་སྟེ། པང་ཐོག་གི་ཁ་པར་འཕྲེད་དུ་ལག་པ་གཉིས་ཀྱིས་འཇུས་ནས། ལག་པ་གཡས་གཡོན་གྱི་མཐེ་བོང་གཉིས་ཀས་ཁ་པར་གྱི་འཆར་ངོས་སུ། འགྲོས་ཡག་པའི་རྟ་ཕོ་ཞིག་གི་གོམ་ཁ་བཞིན། ཐགས་ཐགས་ཞེས་འདེབས་འཇོག་མྱུར་མོར་རྡེབ་ཀྱིན་འདུག ཅུང་ཙམ་འགོར་རྗེས་ཁ་པར་པང་དུ་བཞག་སྟེ། སླར་ཡང་ཧེམ་བག་ཁམ་གང་དང་ཁུ་ནག་ཁམ་གང་སྦགས་ཏེ། བཅའ་ལྡད་བྱེད་ཀྱིན་ཁ་པར་པང་ནས་བླངས་བྱུང་། ངས་ཁོ་ལ། “ཉིན་གུང་ཟ་མ་མ་ཟོས་སམ།”ཞེས་དྲིས་པས། ཁོས་ཁ་པར་ལ་ཕུར་ཚུགས་སུ་ཅེར་ཏེ། “རྩེད་ཆས་རྩེས་ནས་ཟ་མ་རག་མ་སོང་།”ཞེས་ཤོད་ཀྱིན་མུ་མཐུད་དུ་རྩེད་ཆས་ལ་བྲེལ།
ང་ཆོས་ཁྲིད་ལ་རྣ་བ་གཏད་དེ་དུས་ཚོད་ཅིག་ཙམ་ཕྱིན་ཡོད་ཚོད། གློ་བུར་མིག་ཞགས་དཔེ་ཆའི་ངོས་ནས་གྲྭ་ཕྲུག་གི་ཕྱོགས་སུ་སྤོ་དུས། ཁོས་ཁ་ལ་ཐུར་སྦྲང་ཞིག་ནུ་བཞིན་ད་དུང་ཁ་པར་ལ་གཡེང་འདུག་ལ། དུས་མཚུངས་སུ་ཁོའི་སྣ་ཁུང་ནས་ངར་སྣབས་ཤིག་ནར་ནར་དུ་འཛར་འདུག ངས་ཁ་པར་འཆར་ངོས་ལ་ལྟུང་སྲིད་སྙམ་མོད། ཁོ་ལ་ཡང་གདེང་ཚོད་ཡོད་པ་འདྲ་སྟེ། ངར་སྣབས་དེ་ཁ་པར་འཆར་ངོས་ལ་ཐུག་ལ་ཉེ་དུས། ལམ་སང་“ཤུབ་”སྒྲ་ཞིག་གིས་འཇིབ་པས། མིད་པའི་ནང་དུ་ “གུག”ཅེས་པའི་སྒྲ་ཞིག་བཏོན་བྱུང་། དེས་ངའི་མིད་པ་ནས་ཀྱང་ཞེ་མེར་བ་ཞིག་བྱུང་ཞིང་ཁོ་ལ་ལྟ་བའི་ཡི་ག་འགག་སྟེ། སླར་ཡང་མིག་ཞགས་དཔེ་ཆའི་ངོས་སུ་ཕྱིར་ལྡོག་པ་ཡིན།
དུས་ཚོད་གང་མཚམས་ཤིག་ཕྱིན་རྗེས་ཁོ་གྲག་འགུལ་ཅི་ཡང་མེད་པར་གྱུར། ངས་སླར་ཡང་ཁོ་ལ་ལྟ་དུས། ཁོ་རང་མ་ནེ་བྲང་ལ་གཏུག་ནས་གཉིད་འདུག ངར་སྣབས་དེ་ཡང་འཕྱི་བ་ཞིག་གིས་འཕྱི་ཁུང་ནས་སོ་ལྟ་བྱེད་པ་བཞིན། སྣ་སྒོ་ནས་མངོན་ཙམ་ཡུབ་ཙམ་བྱེད་པར་མཐོང་།
ང་ཡང་ཐང་ཆད་པའི་སྣང་བ་ཞིག་དང་ལུས་སེམས་གཉིས་ཀ་ལ་བྱིང་དམུས་ཀྱི་ཚོར་བ་ཞིག་བྱུང་སྟེ། མཁྲིས་མའི་ཆུ་ཚོད་ལ་བལྟས་པས། ཆོས་ཁྲིད་གནང་ནས་ཆུ་ཚོད་གཉིས་ཕྱིན་འདུག་ལ། ད་དུང་ཡང་ཆུ་ཚོད་གཉིས་ཡོད་པས། ངས་སྔར་ནས་ཧབ་ཐོབ་བརྒྱབ་པའི་ཀ་བ་ལ་བསྙེས་ཏེ། གཉིད་ལ་རོལ་བར་བརྩམས།
རྣ་ལམ་དུ་རིན་པོ་ཆེའི་གསུང་སྐད་གསལ་ལ་མི་གསལ་བ་ཞིག་གྲག་གིན་འདུག
ངའི་གདོང་ལ་གཟན་གྱི་སྣེ་མོ་ཞིག་གིས་བཞུས་བྱུང་བས། ང་གཉིད་ལས་ཧབ་ཀྱིས་སད་དེ། གྱ་ཚོམ་གྱི་ངང་དུ་གཡས་གཡོན་དུ་ལྟ་དུས། གྲྭ་ཕྲུག་གདན་ལས་ལངས་ཏེ། གོམ་པའི་འདེགས་འཇོག་ཇེ་མགྱོགས་སུ་གཏོང་ནས་དགེ་བསྐོས་དྲུང་དུ་བཅར་སོང་། དགེ་བསྐོས་ཀྱི་རྣ་རྩར་ཤབ་ཤུབ་ཏུ་ཅི་ཞིག་བཤད་ཀྱང་། དགེ་བསྐོས་ཀླད་བྱི་དེས་མགོ་བོ་འཕྲེད་དུ་གཡུག གྲྭ་ཕྲུག་འ་ཆད་འུ་ཐུག་པའི་ཚུལ་གྱིས་མགོ་བོ་དུད་ནས་ཡར་ལོག་བྱུང་བས། ཉེ་འཁོར་གྱི་གྲྭ་བ་ཚང་མ་ཁྲེལ་དགོད་རེ་འཆོར། དེ་ནི་ཉིན་འདི་དག་རྒྱུན་ལྡན་ཡིན་ཏེ། རྒྱུད་བརྟག་གཉིས་ཀྱི་ལུང་རྒྱུན་ཆད་མི་རུང་བས། ཆོས་ཁྲིད་ཀྱི་སྐབས་སུ་ཆོས་ར་དང་འབྲལ་མི་ཆོག འོན་ཀྱང་གྲྭ་ཕྲུག་རྣམས་ཆོས་ཁྲིད་མ་གྲོལ་གོང་དུ་གཅིན་འཆོར་ཏེ། དགེ་བསྐོས་ལ་གནང་བ་རེ་ཞུས་ཀྱང་། དགེ་བསྐོས་ཀྱིས་མགོ་འཕྲེད་དུ་གཡུག་སྟེ་ཡར་གཏོང་ཡོང་།
གྲྭ་ཕྲུག་ངའི་འཁྲིས་སུ་སྐྱིལ་ཀྲུང་བཅས་ཏེ་བསྡད་ཀྱང་། མགོ་བོ་པང་དུ་ལྷུང་ནས་གཅིན་པ་བསྲན། ངས་ངང་ཚུལ་དེ་མཐོང་དུས་ཆུ་ཚོད་ལ་བལྟས། ད་དུང་ཆོས་ཁྲིད་གྲོལ་ལ་ཆུ་ཚོད་གཅིག་ཏག་ཏག་མཆིས་ཀྱང་། “ཨམ་གཙིགས་ཅུང་ཟད་སྡོམ་དང་གྲོལ་རན་འདུག”ཅེས་སེམས་གསོ་བྱས་མོད། ཁོས་ངའི་ཕྱོགས་སུ་ལྟ་ཙམ་བྱས་ཏེ། སྐད་ཆ་ཡང་བཤད་འདོད་མེད་པར་སླར་ཡང་མགོ་བོ་པང་དུ་གཏུག་ནས་བསྡད།
སྐབས་དང་སྐབས་སུ་དར་མ་ང་ཡང་གཅིན་ལྒང་གཅིན་པས་བྱུར་བུར་གཏམས་ཏེ། ཆོས་ཁྲིད་ལ་རྣ་བ་བླགས་མི་ཐུབ་པར་ཨམ་གཙིགས་བསྡམ་དགོས་བྱུང་བས། གྲྭ་ཕྲུག་འདི་ལ་ཁག་ཁྱོན་ནས་མི་འདུག་ཨང་།
དུས་ཚོད་གང་འཚམ་ཞིག་འགོར་རྗེས། ངས་སླར་ཡང་གྲྭ་ཕྲུག་གི་ཕྱོགས་སུ་ཟུར་ལྟ་བྱེད་དུས། ཁོས་ཨམ་གཙིགས་སྡོམ་གྱིན་མི་འདུག མགོ་བོ་དགྱེ་སྟེ་ཀྲོང་ངེར་མདུན་ཕྱོགས་སུ་ཅེར་འདུག ཕལ་ཆེར་གཅིན་འཆོར་བའི་ན་ཟུག་ལྡང་གིན་མེད་པའམ་བརྗེད་སོང་བ་འདྲ། མ་ཟད། ཁ་པར་རྩེད་རྒྱུ་དང་ཞོར་ཟས་བཟའ་རྒྱུ་ཡང་བརྗེད་སོང་བ་འདྲ་སྟེ། རྒྱུན་དུ་ཞོར་ཟས་གཅིག་མ་ལྷག་གཉིས་མ་ལུས་པ་ཟོས་ཏེ། ཉོབ་ལུད་རྣམས་བྱ་སྤུ་གཏོར་འདྲ་བྱེད་མོད། འོན་ཀྱང་དེ་རིང་ད་དུང་ཁོའི་མདུན་དུ་སིལ་ཁན་སོགས་ཞོར་ཟས་འགའ་ཞིག་སོ་མར་ལྷག་འདུག
“དེ་རིང་འདི་གར་བཞག བསོད་ནམས་འདི་ཡིས་་་་་”རིན་པོ་ཆེས་མཚམས་འཇོག་བྱུང་།
གྲྭ་བ་རྣམས་གཅིག་ལངས་གཉིས་ལངས་ཀྱིས་གཤར་སོང་།
གྲྭ་ཕྲུག་ཀྱང་ཧོབ་ཀྱིས་ལངས་ཏེ་རྒྱུགས་སོང་། ངས་དཔེ་ཆ་བསྡུ་གསོག་རྒྱག་ཞོར་ཁོའི་རྒྱབ་གཟུགས་ལ་ལྟ་ཙམ་བྱས་པས། ཁོའི་ཨོང་མདོའི་ཐད་ཀའི་ཤམ་ཐབ་ནག་ཡོག་ཡོག་ཏུ་གྱུར་འདུག ལམ་སང་ཁོའི་བཞུགས་གདན་ལ་བལྟས་པས། གདིང་བའི་དཀྱིལ་དུ་ཆུ་འཁྱིལ་ཞིག་ཐིམ་པ་ལྟར་རློན་ཤིག་ཤིག་ཏུ་སྣང་། སྐབས་དེར་ཁོས་འཁྱག་ཞོར་སྟེར་སའི་གྲྭ་སར་དེས། “ཧེ་ཧེ་་་་། གཅིན་ཤོར་འདུག”ཅེས་ཁྲེལ་དགོད་བྱས། ཁྲེལ་དགོད་དེ་ཐོས་མ་ཐག་ཏུ་གྲྭ་ཕྲུག་གི་གཡས་གཡོན་མདུན་རྒྱབ་ཏུ་བཞུགས་པའི་གྲྭ་སར་རྣམས་རུབ་སྟེ། གྲྭ་ཕྲུག་གི་གཅིན་རྗེས་ལྟད་མོར་བལྟས།
དེ་རིང་གྲྭ་ཕྲུག་གིས་ཞོར་ཟས་གཅིག་ཀྱང་བསྣམས་མི་འདུག ཁོའི་གདོང་ལ་སུན་སྣང་སྟུག་པོ་ཞིག་མངོན་ཏེ། ཁ་སང་གཅིན་ཤོར་བའི་གདན་ལ་འུ་ཐུག་པའི་ཚུལ་གྱིས་སྡོད་བྱུང་། ཁོས་ཨོང་མདོ་གདན་ལ་བཞག་སྟེ་སྐྱིལ་ཀྲུང་ཐྲིགས་ཐྲིགས་ཤིག་བཅའ་མ་ཐུབ་གོང་། འཁྱག་ཞོར་སྟེར་སའི་གྲྭ་སར་དེས། “གཅིན་ཤོར།”ཞེས་འབོད་དེ། ཁ་རྩེ་བའི་ཉམས་ཤིག་བསྟན་ཀྱང་། གྲྭ་ཕྲུག་ངོ་སྐྱེངས་ནས་ལན་ཞིག་ལྡོན་རྒྱུ་ལྟ་ཅི། ཕར་ངོ་ལ་ལྟ་བའི་སྤོབས་པ་མེད་པ། མགོ་བོ་བྲང་དུ་སྨད་ནས་ཁུ་སིམ་མེར་དུ་བསྡད།
“གཅིན་ཤོར།”
“ གཅིན་ཤོར་་་་་་་་་།”
“་་་་་་་་་གཅིན་ཤོར་་་་་་་”
ཉིན་འདི་དག འཁྱག་ཞོར་སྟེར་སའི་གྲྭ་སར་དེ་གཙོས་པའི་གཡས་གཡོན་གྱི་གྲྭ་སར་ཚོས། གྲྭ་ཕྲུག་ལ་གཅིན་ཤོར་ཅིག་ཅིག་ཉིས་ཉིས་ཞེས་ཁ་རྩེད་ཀྱང་། གྲྭ་ཕྲུག་སྔར་བཞིན་ངོ་སྐྱེངས་ཤིང་མགོ་བོ་སྨད་དེར་བསྡད་པ་མ་ཟད། ཞོར་ཟས་དང་ཁ་པར་རྩེ་བའི་ཡི་ག་གཏན་ནས་འགགས་པ་འདྲ་སྟེ། ཁོས་ཞོར་ཟས་མི་ཉོ་ལ་ཁ་པར་ཡང་དེ་ཙམ་མི་གཡེངས་པ་མ་ཟད། གཡས་གཡོན་གྱི་གྲྭ་སར་ཚོས་ཁོ་ལ། “གཅིན་ཤོར”ཞེས་འབོད་དེ་ཞོར་ཟས་རེ་སྟེར་ཀྱང་ཁོས་མི་ལེན་པར། སུན་སྣང་སྟུག་པོ་ཞིག་གདོང་ལ་ཕྱུང་ནས་ཁུ་སིམ་མེར་སྡོད།
དེ་རིང་གྲྭ་ཕྲུག་ཆོས་རར་རྩེབས་མ་བྱུང་། ཁོའི་སྡོད་ས་སྟོངས་པར་གྱུར་འདུག ངས་ཟུར་ལྟ་རེ་བྱེད་དུས། གདིང་བའི་སྟེང་གི་ཤོར་ནས་ཉིན་ལྔ་ཙམ་འགོར་བའི་གཅིན་གྱི་རི་མོ། གནའ་རབས་ཀྱི་ས་ཁྲ་ཞིག་དང་འདྲ་བར་མིག་ལམ་དུ་མངོན་ཡོང་།
དེ་རིང་ཡང་རྩེབས་མི་འདུག གཅིན་གྱི་རི་མོ་སྔར་བཞིན་ངའི་མིག་ལམ་དུ་མངོན། ངས་གདིང་བ་སྟོངས་པ་དང་གཅིན་གྱི་རི་མོ་མཐོང་ཐེངས་རེར། ཁོས་གཅིན་པ་བསྲན་པའི་རྣམ་པ་ལྷང་ངེར་ཡིད་ལ་འཆར་ཡོང་།
དགེ་བསྐོས་ཀླད་བྱིས་གྲྭ་ཕྲུག་ཆོས་རར་རྩེབས་མེད་པ་གཞི་ནས་ཚོར་བ་འདྲ། ཁོས་གྲལ་འདབས་ནས་ངའི་ཕྱོགས་སུ་རྒྱང་ལྟ་བྱེད་ཀྱིན་ཕེབས་ཡོང་གིན་འདུག
“གྲྭ་ཕྲུག་གང་དུ་བུད་སོང་བ་རེད།”
“ཤེས་མ་སོང་། ཁ་རྩང་ཡང་རྩེབས་མི་འདུག”
“ཁྱོད་ལ་ཁོའི་འབྲེལ་གནས་ཨེ་ཡོད།”ཟེར། ངས་གློ་བུར་དུ་ཟླ་ཕྱེད་ཅིག་གི་སྔོན་ལ་ངེད་གཉིས་སྐད་འཕྲིན་འབྲེལ་ཡོད་པ་གཞི་ནས་དྲན་སྟེ། “ང་ལ་ཁོའི་སྐད་འཕྲིན་ཡོད་ས་ཡོད།”
“ཁོ་གང་དུ་ཡོད་ཅེས་དྲིས་ཤོག”ཅེས་བསྒོ་སྟེ། སྤུ་མེད་པའི་ཀླད་པ་འོད་ལིང་ལིང་དུ་བུད་སོང་།
ཆོས་ར་ནས་ཤག་ཏུ་ལོག་རྗེས། ངས་གྲྭ་ཕྲུག་གི་སྐད་འཕྲིན་ཡུན་རིང་མྱུལ་བའི་མཐར། མིང་ལ་SDDJདབྱིན་ཡིག་གསལ་བྱེད་བཞི་བྲིས་ཤིང་། མགོ་པར་མི་ནག་ལུས་རྩལ་པ་གྲགས་ཅན་ཞིག་གི་པར་བཞག་པ་ཞིག་རྙེད། ཕལ་ཆེར་འདི་ཡིན་སྙམ་སྟེ། “དགོང་མོ་བདེ་ལེགས། གྲྭ་ཕྲུག་གང་དུ་ཡོད།”ཅེས་དྲིས་པས།
ཕ་རོལ་ནས་“དགོང་མོ་བདེ་ལེགས། ང་བསམ་གཏན་རྡོ་རྗེའི་ཕ་རྒན་ཡིན།”ཟེར། ངས་ད་གཟོད་གྲྭ་ཕྲུག་གི་མིང་ལ་བསམ་གཏན་རྡོ་རྗེ་ཞེས་འབོད་པར་ཤེས།
“འོ་ཡ་ཡ། ཁོ་རང་ད་ལྟར་ཆོས་རར་མི་འདུག་པས། དགེ་བསྐོས་ཀྱིས་གང་དུ་ཡོད་ཅེས་དྲིས་ཤོག་གསུངས་དྲག”
“འོ་ལགསོ། ད་ལྟ་ཁྲིན་ཏུའུ་སྨན་ཁང་དུ་ཡོད་ལགས། དེ་ཉིན་མཚན་མོར་གློ་བུར་དུ་ན་ཟུག་དྲག་པོ་ལྡང་སྟེ། དགོངས་པ་ཞུ་ལོང་ཡང་བྱུང་མ་སོང་། ”ཞེས་ཐོས་འཕྲལ། ང་ཅུང་ཟད་ཧད་སོང་།
“ག་རེ་བྱུང་སོང་། གྲྭ་ཕྲུག་ན་གིན་འདུག་གམ།”ཞེས་ཤེས་བཞིན་དུ་དྲིས།
“ན་གིན་འདུག་ལགས། གཅིན་ལྒང་ལ་སྐྲན་ནད་ཕོག་འདུག་ཟེར། ད་དུང་ཡེན་ཡུས་སྐྲན་(阴郁症)ཡིན་ན། སྙིང་ནད་ཅིག་ཀྱང་ན་འདུག་ཟེར། ཁོ་རང་མི་སུ་དང་ཡང་སྐད་ཆ་བཤད་མི་འདོད་པ་མ་ཟད། ཁ་པར་ཡང་རྩེ་འདོད་མེད་པར་གྱུར་འདུག ”ཟེར། ངས་ལན་ཅི་ཞིག་འདེབས་དགོས་པར་མ་ཤེས་པར། དྲན་པའི་ཡོར་གོར་དུ། གྲྭ་སར་པྲ་ཆལ་དེས་“གཅིན་ཤོར”་ཞེས་འབོད་དུས། གྲྭ་ཕྲུག་མགོ་བོ་བྲང་དུ་སྨད་དེ་ཁུ་སིམ་མེར་སྡོད་པའི་རྣམ་པ་དྲན་ཏེ། ཧོན་འཐོར་བཞིན་པའི་སྒང་ལ། ཕ་རོལ་པོས། “ཁྱོད་ཀྱིས་དགེ་བསྐོས་ལ་དེ་ལྟར་ཞུ་རོགས། སྐུ་ཚེ་རིང་རྒྱུ།”ཞེས་སྐད་ཐུང་ཞིག་བསྐུར་བྱུང་།
“འོ་ཡ་འོ་ཡ། མ་ཉེས་ཟིག”ཅེས་ལན་བཏབ་ཀྱང་ངའི་སྐད་ཤུགས་ཤིན་ཏུ་གཉོམ་པའི་ཚོར་སྣང་བྱུང་།
མདང་དགོང་གྲྭ་ཕྲུག་གི་ཕ་རྒན་ངེད་གཉིས་གླེང་མོལ་མཚམས་ཆད་རྗེས། ངའི་ཡིད་དུ་གྲྭ་ཕྲུག་གི་རྣམ་པ་མང་པོ་འཆར།
ད་ལྟ། ཁོའི་གདིང་བའི་སྟེང་གི་ས་ཁྲ་ལྟ་བུའི་ཀྱག་ཀྱོག་གི་གཅིན་གྱི་རི་མོ་མཐོང་དུས། ལྷག་ཏུ་ཁོ་རང་མགོ་བོ་བྲང་དུ་སྨད་དེ་ཁུ་སིམ་མེར་སྡོད་པའི་སྣང་བརྙན་གསོན་པོ་ཞིག་འཆར་བྱུང་།
“གྲྭ་ཕྲུག་དེ་གང་དུ་ཡོད་དྲག”ཅེས་ངའི་རྣ་རྩར་དུ་གྲག་བྱུང་བས། དགེ་བསྐོས་ཀླད་བྱི་ཀླད་པ་འོད་ལིང་ལིང་ངའི་མདུན་དུ་ཙོག་འདུག
“ཁོའི་ཕ་རྒན་གྱིས་ཁྲིན་ཏུའུ་སྨན་ཁང་དུ་ཡོད་ཟེར། གཅིན་ལྒང་སྐྲན་ནད་ན་ཞིང་ད་དུང་་་་”ངས་སྙིང་ནད་དེའི་རྒྱ་སྐད་མ་དྲན་པས་ཅུང་ཟད་མཚམས་ཆད། “ད་དུང་སྙིང་ནད་ཅིག་ཀྱང་ན་འདུག་ཟེར།”ཞེས་འོད་ལིང་ལིང་འཕྲོ་བའི་ཀླད་པའི་འོག་གི་རྣ་བར་གཟས་དེ་བཤད།
དགེ་བསྐོས་ཇི་མི་སྙམ་པའི་ཚུལ་གྱིས་“ཡ་ཡ། ལོ་ཆུང་ཆུང་ཞིག་ལ་དེ་འདྲ་ནད་སྐྲག་མོ་ཞིག་ན་ཡོང་ཟིག ལས་ངན།”ཞེས་སྨྲས་ཏེ། རྒྱང་དུ་བཀྱེད་སོང་།
༢༠༢༣/༦/༡༠ཉིན་གྲུབ།
ཁྱི་བཀྲ་ཤིས།
ཆང་།
“ཨ་ནེ་དཔལ་མོ། རྭ་ཅོ་དགོན་པའི་ལྡོམ་བུ་བ་ཐོན་འདུག མགྱོགས་པ་ཁུར་རོགས་ཟེར་ཀྱི་འདུག “བཀྲ་ཤིས་རྒྱུག་མ་འདུར་གྱིས་ཨ་ནེ་དཔལ་མོ་ཚང་་གི་སྦྲ་ནག་ཕྱོགས་སུ་རྒྱུག་ཀྱིན་འདུག ཨ་ནེ་དཔལ་མོས་བྲེལ་འཚུབ་བཅས་བ་མའི་ཁ་ལེབ་ཐོག་ཏུ་ཆུར་བ་བླུག་པ་དང་དེའི་ཐོག་མར་སྒམ་ནང་ནས་མར་དཀར་རིལ་ཆུང་ཆུང་ཞིག་བཞག་རྗེས། ཨ་ནུ་ལ། གཅེས་ཕྲུག་ངེད་གཉིས་བླ་མ་ཡོད་སར་ལྡོམ་བུ་འབུལ་དུ་འགྲོ། ཞོར་དུ་ཁྱོད་ལ་མིང་ཞིག་གནང་རོགས་ཞུ་ཅེས་བཤད་པས། སྦྲ་འདབས་སུ་རྩེད་མོར་གཡེང་བའི་ཨ་ནུ་དགའ་ནས་མཆོང་ལྡིང་བྱེད་ཞོར་ཨ་མའི་ཆབ་མ་ལ་འཇུས་ནས་ལྡོམ་བུ་འབུལ་སའི་ཕྱོགས་སུ་ཕྱིན། ཁྱིམ་ཚང་གཞན་རྣམས་ཀྱིས་ལྡོམ་བུ་ཕུལ་ཟིན་འདུག་པས། ཨ་ནེ་དཔལ་མོས་མགྱོགས་པོར་མར་དང་ཆུར་བ་དག་སྒྲོ་བ་ཆེ་ཆུང་གཉིས་ཀྱི་ནང་དུ་ཁ་ཁར་བླུག ཕྱག་གཡོག་གྲྭ་རྒན་དེའི་རྒྱབ་ཁུག་ནས་ཕྱག་མདུད་དམར་པོ་ཞིག་དང་བདུག་པ་ཉུང་ཙམ་ཞིག་བླང་ནས། དཔལ་མོ་ལ་སྤྲད་ཞོར་འདི་ནི་ངེད་རྭ་ཅོ་དགོན་པའི་ཉིན་བདུན་ཆེད་སྒྲུབ་བྱས་པའི་བདུག་པ་དང་འདི་ནི་སྤྲུལ་སྐུ་མཆོག་གི་ཕྱག་མདུད་རེད་ཅེས་ཆེ་ཉམས་དང་བཅས་བྱིན། སྐབས་དེར་ཨ་ནེ་དཔལ་མོས་རང་གི་བུ་ཨ་ནུ་ཡར་པང་ནས་ཆིབ་རྟ་ལས་མ་བབས་པའི་རྭ་ཅོ་སྤྲུལ་སྐུའི་ཞབས་ལ་གཏུག་ཞོར། བྱིས་པ་འདི་ནམ་རྒྱུན་ན་འདུག་པས་ཁྱེད་ཀྱིས་བཀའ་བསྒོ་ཞིག་དང་མིང་ཞིག་གནང་གནང་རོགས་ཅེས་གུས་ཞབས་དང་བཅས་ཞུས་པས། སྐབས་དེར་སྤྲུལ་སྐུའི་རྟ་ལྕག་གི་ཡུ་བ་ཨ་ནུའི་མགོ་བོར་གཏུག་ཙམ་གཏུག་ཙམ་བྱས་ནས། གསལ་མི་གསལ་གྱི་གཟུངས་སྔགས་རེ་འདོན་ཞོར་མིག་ཟུང་བཙུམ་ནས་ཅུང་ཙམ་བསྡད་རྗེས། “ཡ་བྱིས་པ་འདིའི་ཆུ་མགོ་འདྲ་བརྩེས་བསྡད་ཡོད་པ་འདྲ་བས་ལྷ་ཀླུ་ཡི་གནོད་པ་ཐེབས་འདུག བཅའ་བ་རིམ་གྲོ་རེ་དགོས་རྒྱུ་རེད་བྱིས་པའི་མིང་ལ་ཁྱི་བཀྲ་ཤིས་འདོགས་རྒྱུ་གྱིས། འདི་ལྟར་བཏགས་ན་རྗེས་ཕྱོགས་ཀླུ་དེ་ཚོའི་གནོད་པ་བསྐྱལ་མི་ནུས་ན་ཐང་། མིང་སྔོན་མ་དེ་གཏན་ནས་འབོད་མི་ཉན” ཅེས་བླ་མས་ཐ་ཚིག་ཆོད་པོས་གསུངས་པ་དང་། སྐབས་དེར་བྱིས་པ་ཞིག་གིས་པྲ་ཆལ་གྱི་སྒོ་ནས་ངའི་མིང་ལ་ཡང་བཀྲ་ཤིས་ཟེར་ཅེས་ཤོར་བས་དེར་ཡོད་ཀྱི་མི་རྣམས་སྐྲག་མ་དངང་ཀྱིས་བྱིས་པ་དེར་སྡང་མིག་བགྲད་རྗེས་ཡང་སྤྲུལ་སྐུའི་ཕྱོགས་སུ་འཁོར་ནས་ལྕེ་སྣར་ཙམ་བྱེད་ཀྱིན་སྤྲུལ་སྐུའི་ཞལ་ལྟ་ཙམ་བྱེད། ཕྱག་གཡོག་གྲྭ་རྒན་དེ་འཛུམ་དམུལ་དམུལ་བྱེད་ཀྱིན། དེས་ན་གཅིག་ཁྱི་བཀྲ་ཤིས་དང་གཅིག་མྱི་བཀྲ་ཤིས་གྱིས་ཞེས་ཨ་མཚར་གི་ཚུར་དུ་བཤད་པས་མི་རྣམས་བགད་ཉིལ་ལེ་བཏང་། སྐབས་དེར་ཨ་ནུ་ནི་ངོ་ཚ་བའི་ཉམས་བཅས་ཨ་མའི་རྒྱབ་ཏུ་གབ་འོང་། སྤྲུལ་སྐུ་རྗེས་འབྲང་དང་བཅས་པ་ཕྱིན་ཚར་རྗེས། བཀྲ་ཤིས་ཀྱིས་ཨ་ནུ་ལ་མི་མང་བར་ནས་ཁྱི་བཀྲ་ཤིས་ཞེས་སྐད་མཐོན་པོས་བོས་པས་དེར་ཡོད་རྣམས་བགད་ཉིལ་ལེ་བཏང་བས། ཨ་ནུ་གར་ཡོང་མི་ཤེས་པའི་འགྱོད་སེམས་དང་ངོ་ཚ་བཅས་ཨ་མ་སྐྱུར་ནས་སྔུན་ལ་རང་ཁྱིམ་གྱི་ཕྱོགས་སུ་ཕྱིན། ཨ་ནུས་བསམ་པར། བླ་མས་ང་ལ་མིང་ཡག་པ་ཞིག་མི་འདོགས་པར་འདི་འདྲའི་མིང་བཙོག་པ་ཞིག་ཅིའི་ཕྱིར་འདོགས་པ་ཡིན་ནམ། གལ་ཏེ་ངོ་མ་མིང་དེ་འདྲ་ཞིག་འདོགས་དགོས་ན་བྱ་བཀྲ་ཤིས་ཟེར་ན་ཡང་ཆོག་འདུག་མོད། ཁྱི་བཀྲ་ཤིས་ཟེར་ནས་བཏགས་་དོན་ག་རེ་ཡིན་ནམ། ལྡོམ་བུ་མར་དཀར་དེ་ཆུང་སོང་བས་ཡིན་ནམ། དེ་འདྲ་ཞིག་ཡིན་ན་ཨ་མ་ལ་མར་དཀར་རིལ་ཆེ་ཙམ་ཞིག་འབུལ་རོགས་ཟེར་དགོས་ཟིག དེ་འདྲ་བྱས་ཡོད་ན་བླ་མས་ང་ལ་མིང་ཡག་པ་ཞིག་བཏགས་ཡོད་རྒྱུ་རེད་སྙམ་ཀྱིན་སླར་ཡང་རྩེད་མོར་གཡེང་། 2023.6.21
ཁོ་ཧྥེ།
མཆོད་མེ།
སྲས་མོ་ཆུང་ཆུང་ཞིག་སྐས་ཐེམ་དེར་ཡར་འཛེགས་སོང་། མོས་དར་གོས་སྲབ་མོའི་སྣེ་ཡར་བཀྱག་ཅིང་དཀར་ཞིང་འཇམ་པའི་རྐང་པའི་ཉ་ཚིགས་དང་བཅས་པ་ཅུང་ཟད་མངོན་པར་གྱུར། ཕྱི་གཏིང་མཐོ་པོར་བཟོས་ཤིང་འོད་ཙེམ་ཙེམ་གྱི་མུ་ཏིག་གི་གྲུབ་པ་དང་འདྲ་བའི་ལྷམ་གྱི་འོད་ནི་བསམ་གྱི་མི་ཁྱབ་པར་འཕྲོས། སྐས་ཐེམ་དེར་ཡར་འཛེག་བཞིན་པའི་སྐབས་སུ་དཔྱི་རྒྱས་པ་དེ་ཕྱོགས་གཡས་པར་ཡོ་ཞིང་རིམ་གྱིས་ཕྱོགས་གཡོན་པར་ཡོ། རྒྱ་སེའི་དྲི་བསུང་ཞིག་འཐོལ་ཡོང་སྙམ་པའི་ཚོར་སྣང་ཞིག་གི་མགོ་བོ་རླུང་གཡུག་སར་སྐོར་ཀྱང་ཅིག་བྲོ་འདྲ་རེད། འཁྲུལ་བ་མིན་ན། ད་ནི་མོ་རང་གི་སྐྲ་ལོ་རྒྱབ་གཞུང་དུ་གཡུག་ཞིང་ཕྱིར་མིག་ལན་གཅིག་གནང་། འདོད་ལྡན་གྱི་བ་སྤུ་ཡོངས་རྫོགས་བསྲེག་ནས་བཞོབ་དྲི་མཆེད་པར་གྱུར། ཨོ་ད་ལྟ་ང་རང་ཁོ་ཧྥེ་ཁང་ཞིག་ཏུ་ནང་དུ་ཁོ་ཧྥེ་འཐུང་བཞིན་འདུག ཅུང་མིན་ན་ཨག་སྐད་ཞིག་ཤོར་བྱུང་།
ནགས་ཀླུང་སྟུག་པོ་དེར་མུན་པ་མཆེད་པ་དང་འདྲ་བར་མགོ་འཁོར་བར་གྱུར། གཅན་གཟན་གང་ཞིག་རྒྱུགས་པའི་སྒྲ་དང་ཨག་སྐད་ཀྱང་རྣ་བའི་བུགས་སུ་གྲགས། འཇིག་ཡེར་བའི་ཤུ་སྒྲ་དང་ཙིར་སྒྲ་ཡང་ཐོལ་བྱུང་གི་ཐོས། མིག་བལྟ་ས་མི་འགྲོ་བར་ཡོད་ཚད་རྩྭ་ལྡུམ་དང་ཤུག་ཚེར་གྱིས་གང་། ཤིང་ལ་བ་མོ་གསར་པ་དང་འབུ་སྡོམ་གྱི་རྒྱ་ཡང་སྐྱ་ཐེར་ཐེར་དུ་ཕྱོགས་གང་སར་བཀྲིགས། གློ་རྡེག་ལ་བྱ་བྱེའུ་གང་རུང་གི་སྐད་ཡ་ང་བ་དེ་ཡང་གྲགས། རྒྱབ་ཕྱོགས་སུ་འཐེན་པ་དང་འདྲ་བའི་རི་དྭགས་ཀྱི་འདྲོག་པའི་སྒྲས་སྔངས་སྐྲག་འདོན། འུག་པ་དང་ཁྭ་ཏས་གཙེས་པའི་ར་རོ་བའི་སྐད་ཅོར་བར་མེད་གྲགས། གཅོང་རོང་ཆེན་པོའི་ནང་དུ་རྦབ་ཆུ་འབབ་པའི་སྐད་རྒྱུན་མི་འཆད། སྟག་ཞིག་ཡོང་བ་དང་འདྲ་བར་ལོ་མ་སྐམ་པོ་ཆག་པའི་སག་སྒྲ་ནི་སྐད་ཅིག་སྐད་ཅིག་ཡོང་། དུས་དེ་ཙ་ན། ངའི་རྐང་པ་ནས་བཟུང་ནས་མགོ་ས་རུ་བརྡབས་སོང་། ཨག་སྐད་ཆེན་པོ་ཞིག་བརྒྱབས་པས་ཁྱི་གུ་ཆུང་ཆུང་ཞིག་བྲོས་སོང་། ང་ནི་ད་ལྟ་ཁོ་ཧྥེ་ཁང་དུ་ཡོད། སྦྱིན་བདག་མས་དགོངས་དག་ཞུ་ཟེར།
ཁྱོད་ཚོས་ཤེས་སམ། རྐང་གྲུག་ཧ་ཅང་དེད་མཁས་པ“ནེ་མ་འར”ཁོ་རང་ད་ལྟ་མི་ཚོགས་ཧ་ཅང་མཐུག་ཞིང་བུ་དང་བུ་མོ་དག་གི་ཨག་ཅོར་འདོན་བཞིན་པའི་རྐང་གྲུག་རྩེ་སར་ཐོན། སྔོན་འགྲོ་ལུས་སྦྱོང་བྱེད་ས་མི་ཡོང་བར་བུད་མེད་དག་གི་གསང་དོར་དམར་པོ་འཕེན་ཞིང་ནུ་ཁེབས་ཀྱི་སྟེང་དུ་ཆགས་སྲེག་གི་ཡི་གེ་བྲིས་ནས་ཁོ་སྟེང་དུ་གཡུག ཁོས་བརྩི་བཀུར་གྱི་ཚུལ་དུ་མི་བྲོས་ཤིང་འཛུབ་རྩེ་གཉིས་གནམ་ལ་བསྒྲེང་ནས་ཤ་ཚ་པོར་བྱེད། ལྕེ་བསྣར་ཞིང་མགོ་བོ་ཡོ་ཙམ་བྱེད། དེས་ལྷག་ཏུ་བུད་མེད་དག་ཞི་ནས་འཆོང་བའམ་ལྡིང་སྐོར་བྱེད་བཞིན་རང་གི་ངོ་མི་ཤེས་པའི་སྐྱེས་པ་དག་དང་འཁྱུད། འོ་བྱེད་པར་གྱུར། དེ་བྱེད་ས་ནས་མགྲན་བསྡུར་དགག་ནས་མ་རྩེས་པས་ང་རང་གིས“ཧ་རོ”ཞེས་སྐད་འདེབས་དུས། གྲོགས་པོས་ང་སྒུལ་བྱུང་། འགྲོ་ལ་རན། ཁོ་ཧྥེ་ཚང་ལ་འདུག་ཡུན་རིང་ན་མི་དྲག་ཟེར།
རེད། གནམ་གཤིས་སྤྱིར་བཏང་གི་བཤད་ན་ཧ་ཅང་བཟང་། ངའི་ལུས་པོ་དག་ཚ་དབལ་དབལ་དུ་བཏང་ཞིང་གདོང་ནས་འཚིག་ཀོག་ཞིག་མི་ཡོང་བའི་ངེས་པ་མི་འདུག ད་ལྟ་ང་རང་འབྲོག་ས་ཞིག་ལ་ཡོད། འདི་ན་དབྱར་ཀ་ཚེས་ཤིང་ང་རང་སྦྲ་ནག་དང་གྱེས་ནས་རི་མཐོ་སར་སོང་། རྔུལ་ཆུ་ཡང་རྒྱབ་གཞུང་དུ་འབབ་ཞིང་དྲི་མ་ཁ་བོ་ཞིག་ཀྱང་བྲོ་བར་བྱེད། རླུང་བུ་ལྡིང་སྐབས་ངས་སྟོད་ལྭ་སྡེབས་ཙམ་བྱས་པ་ཡིན། དེས་བདེ་བ་དཔག་ཏུ་མེད་པ་སྦྱིན་ཞིང་ངལ་ཞིག་སོས་སོང་བའི་སྣང་བ་སྟེར། ད་ཡིན་ན་ང་རང་རི་སྒང་དུ་ཐོན་ཟིན་པས་ངས་ཕར་ཕྱོགས་ཀྱི་འབྲོག་སྡེར་བལྟས་པ་ཡིན། ཧ་ཅང་ཁུ་སིམ་ཞིང་ཡིད་དུ་འོང་བའི་ཆ་མང་པོ་བཙལ་བ་ཡིན། པར་མིག་ཡུལ་ལྗོངས་སུ་དྲངས་ཀྱང་ཡག་པོ་ཞིག་མ་རེད་འདོད། ཡིན་ཡང་། ངས་ད་ལྟ་ཁ་པར་གློང་དུས་པར་དེ་མཐོང་སོང་། ངས་དབྱར་ཀ་མཐོང་སོང་། ཧ་ཅང་མཛེས་ཤིང་ཡིད་དུ་འོང་བ་རེད། ད་ལྟ་ཁོ་ཧྥེ་ཁང་གི་ཕྱི་རོལ་དུ་ཁ་བ་འབབ་བཞིན་འདུག་པས་ངས་སླར་ཡང་ཁོ་ཧྥེ་བོས་ནས་སྡད་པ་ཡིན། ཁ་བ་ནི་སྒེའུ་ཁུང་གི་ངོས་སུ་དལ་མོར་བརྒྱབས་སོང་།
ལྟོས་དང་། ད་ལྟའི་བུད་མེད་ཀྱི་ནུ་མའི་བར་གྱི་གཤོང་ཆེན་པོ་བསྟན་ནས་མི་སར་འགྲོ། དཀར་འཇམ་གྱི་བརླ་དང་ཉྭ་གཡུག་ཞིང་མི་སར་འགྲོ། མཚལ་ལྟར་མངར་བའི་མཆུ་ཏོ་དག་མི་མང་སར་སྐྱེས་པ་དག་གི་མཆུ་འགྲམ་དུ་སྦྱོར། སྦྱོར་ཡང་མི་སྐྱོན་ཏེ། དྲག་ཏུ་སྦྱོར་ནས་སོ་སོར་མི་བྲལ་བར་ཚུལ་དུ་ཡུན་རིང་སྦྱོར། སྐྲ་ལོ་དག་ཏུ་མེ་ཏོག་ཨུད་པལ་གྱི་དྲི་བྱུག་ནས་ཡོང་། མི་དག་ལ་རྫི་མ་གཡོ་ཞིང་འཛུམ་མདངས་དལ་མོ་བྱེད། དུས་དེ་ཙ་ན། འབྲུག་སྒྲ་གྲགས་བྱུང་། མ་རེད། དགུན་ཁར་འབྲུག་ཡོད་མི་སྲིད། ཁོ་ཧྥེ་ཁང་གི་གློག་སྐུད་ཐོད་ཐུག་ནས་འབར་བྱུང་། ཅུང་ཟད་འབར་རྗེས་དུད་དྲི་ཧ་ཅང་ཆེན་པོ་ཞིག་ཁྱབ་པར་གྱུར། ང་རང་ཁོ་ཧྥེ་ཁང་གི་མི་དག་དང་འགྲོག་ནས་འུར་ཟིང་གི་སྒོ་ཁར་སོང་བ་ཡིན། གནམ་གཤིས་ཧ་ཅང་གྲང་། ང་རང་འདར་སིག་བརྒྱབས་སོང་།
༢༠༢༣/༦/༤མཆོད་མེས།
ལུ་གུ་དང་ལུག་རྫི་ཆུང་ཆུང་གི་ལས་དབང་།
འཇམ་དབྱངས་སྦྱིན་པ།
ལུ་གུ་ཞིག་གི་སྐྱེ་བར་བླངས་པའི་ང་ལ་མཚོན་ན། ཆེས་རིན་ཐང་ཆེ་ཞིང་། བརྗོད་པར་དཀའ་བ་ནི་རླབས་ཆེན་གྱི་ཨ་མའི་དྭངས་གཙང་གི་ལྷད་མེད་པའི་བརྩེ་བ་ཡིན། ཨ་མ་དང་ང་ནི་བླུན་ཞིང་རྨོངས་པའི་དུད་འགྲོ་ལུག་གི་སྐྱེ་བར་བླངས་ནའང་། ཕན་ཚུན་ལྷད་མེད་པའི་བརྩེ་འདང་དང་། ལན་ལ་རེ་བ་ཡལ་བའི་ཨ་མའི་བྱམས་སྐྱོང་ནི་ཁ་རྩང་དང་དེ་རིང་། དེ་རིང་དང་སང་ཉིན། སང་ཉིན་དང་གནངས་ཉིན། གནངས་ཉིན་དང་གཞེས་ཉིན། ཉིན་མོ་དང་མཚན་མོ། སྔ་དྲོ་དང་ཕྱི་དྲོ་སོགས་ཕྱི་དུས་ཀྱི་འགྱུར་ལྡོག་ཇི་ལྟར་སོང་རུང་། ཕ་མཐའ་བྲལ་བའི་བརྩེ་བས་ང་རང་ཁུག་ཀྱོག་གི་རི་ལུང་ཞིག་ཏུ་བསྐྱུར་ནས་འདོད་རྔམ་གྱིས་འཚེ་བའི་གཅན་གཟན་གྱི་ལག་ཏུ་མི་འཇོག་པའི་ཡིད་ཆེས་དང་གདེང་ཚོད་རང་ཉིད་ལོ་ཕྱེད་ལ་མ་སོན་པའི་ལུ་གུ་ཆུང་ཆུང་ཞིག་ཡིན་ནའང་སྤོབས་པ་མངའ་འོ།།
འོན་ཀྱང་། ཉིན་འདི་གར་ཨ་མས་ང་ལ་དྲན་གསོ་འགར་གཏོང་སོང་སྟེ། བདག་པོ་ལུག་རྫིས་ཞོགས་པར་ཕྱི་རོལ་དུ་ངེད་ཅག་ལུག་ཁྱུ་དེད་སྐབས་སྔ་རོལ་དུ་འགྲོ་མི་རུང་། བདག་པོས་རྡོ་གཞུ་ཡོང་ཟེར་ལ། རྗེས་མར་འགྲོ་མི་རུང་། དབྱུག་ལྕག་གཞུ་ཡོང་། དེ་བས་དབུས་སུ་འགྲོ་དགོས་ཞེས་བཤད་ཅིང་། ལྷག་ཏུ་རི་ཁར་ནས་ང་དང་ཁ་མ་བྲལ་བར་བྱོས། གལ་སྲིད་འབྲལ་དགོས་བྱུང་ཚེ། སྤྱང་ཀི་གཅན་གཟན། གླག་སོགས་བྱ་ཁྱུ། ཁྱི་སོགས་མཐོང་ཚེ་ངེས་པར་དུ་ངའི་འགྲམ་དུ་བཅར་བའམ། འབོད་བརྡ་བསྐྱོན་དགོས་པའི་དྲན་སྐུལ་དང་ཤེས་བྱ་གསར་པ་མང་པོ་བསླབས་ཤིང་གཅེས་སོ།།
ང་རང་ཨ་མས་དཔྱིད་སྟོད་ལ་སྐྱེས་པས་དཔྱིད་ཀྱི་རྩྭ་དང་རྩི་ཤིང་། མེ་ཏོག་ལྗང་ལོ་སོགས་གསར་སྐྱེས་ཀྱི་ཡུལ་ལྗོངས་ཀྱི་འཚོ་བཅུད་ལ་རོལ་མྱོང་ཐུབ་པའི་ནར་སོན་པ་དང་འགྲོགས་ནས་དབྱར་ཀའི་མཛེས་སྡུག་དང་སྤང་ལྗོངས་ལ་བདེ་བདེ་ཁོད་ཁོད་ཀྱིས་གསོན་ཐུབ་པར་བྱུང་། སྟོན་གྱི་ལོ་ཏོག་གི་འབྲས་བུ་བསྡུ་བའི་དུས་ཚིགས་དང་བསྟུན་ནས་ཧ་ཅང་མོད་པའི་རྩྭ་རྩི་སོགས་ལུས་སྟོབས་རྒྱས་པའི་འཚོ་ཟས་དག་ལ་ཅི་དགར་ལོངས་སྤྱོད་པའི་སྐལ་བ་ལྡན་པས་དགའ་ཞིང་སྤྲོ་བའི་དུས་ཚིགས་འདི་དག་ཏུ་རང་ཉིད་བླུན་ཞིང་རྨོངས་པའི་དུད་འགྲོ་ཞིག་གི་སྐྱེ་བར་བླངས་ནའང་། ཆེས་བདེ་སྐྱིད་ཅིག་ཏུ་རློམ་ཞིང་རིན་ཐང་ལྡན་པར་ཞིག་ཏུ་སེམས་ནས་ཡོད་དོ།།
དགུན་ཟླ་མགོ་མའི་དཀྱིལ་ལ་སླེབ་པའི་ཉིན་ཞིག་གི་ཞོགས་པ་དེར། རྫི་བོ་ཆུང་ཆུང་ངུ་ཞོར་དུ་སྔོན་ནས་སྒོ་གཏན་བྱུང་། ཡར་ལྟ་མར་ལྟ་འགར་བྱས་མཐར་གང་ཞིག་འཐོབ་དགོས་པ་དེ་ཐོབ་སོང་བ་ལྟར་ངའི་འགྲམ་དུ་ངུ་ཞོར་འབྱོར་བྱུང་། ང་ལ་ལག་པས་བྱུག་བྱུག་གཏོང་བཞིན། “ངེད་གཉིས་ཀྱི་ལས་དབང་ནི་ཅི་འདྲའི་མཚུངས་པ་ལ། བརྩེ་བའི་ཨ་མ་ཞིག་ཡོད་ནའང་དབང་བར་མི་འདུག” ཅེས་ངུ་སྐད་ཇེ་ཆེར་གྱུར། གང་ལྟར་ངས་ནི་གནད་དོན་ཅིའང་མི་ཤེས་ཀྱང་འཇིགས་ངེར་བའི་སེམས་ཚོར་ཞིག་འགོག་མེད་དུ་སྐྱེས་པས་ཨ་མ་འཚོལ་ནས་འགྲམ་དུ་ཕྱིན། དེ་ནི་རང་ཉིད་ལ་འཇིག་རྟེན་ན་ཆེས་ཡིད་རྟོན་ཆོག་ས་ཞིག་ཡོད་པ་ནི་ཨ་མ་ཁོ་ན་ཡོད་པ་ར་འཕྲོད་ཡོད་པས་ཡིན། དེ་བས་ཨ་མའི་འགྲམ་ལ་བཅར་ནས་ཨ་མའི་གདོང་ལ་ཅེར་གྱིན་ཡོད་པའི་བདག་གི་ནང་སེམས་ལ་བདེ་འཇགས་ཀྱི་དྲོད་ཁོལ་ཞིག་གསར་དུ་རྙེད་དོ།།
དུས་ཡུན་ཆེར་མ་འགོར་ཡང་སླར་སྒོ་གཏན་བྱུང་བ་ན། ལུག་རྫི་ཆུང་ཆུང་གིས་ངུ་ཞོར་དུ་“ཨ་ཕ་ཕ་་་་་ད་ལོར་མ་མོ་དཀར་ལུ་མ་མ་བཤའ་རོགས། ངས་ཅི་དགོས་ན་བྱེད་ཆོག ངས་ཁྱེད་ཀྱི་ཁ་ལ་ཉོནད་ཤག་ཤག་ཡིན། ལུ་གུ་དཀར་ཡག་ད་དུང་ཆུང་ཆུང་རེད། ང་དང་འདྲ་བར་དྭ་ཕྲུག་མ་བྱེད་རོགས་” ཞེས་ངུ་བཞིན་ངག་ནས་འཐོར་བྱུང་། གདོང་ནག་ལ་འཇིགས་ངེར་བའི་ཨ་ཕ་དེས། “ ཕར་སོང་། སྤྲང་ཕྲུག ཁྱོད་རང་གིས་མ་མོ་དཀར་ལུ་མའི་ཤ་མ་བཟའ་དང་ཆོག་རེད། ངེད་ཚོས་བཟའ་དགོས། ད་ལོ་མ་མོ་དཀར་ལུ་མ་ལས་ཤ་རྒྱག་པའི་ལུག་གཅིག་ཀྱང་མི་འདུག ཕོ་ལུག་ཚོ་ལས་མ་མོ་འདི་རྒྱག་པར་འདུག ༀ་མ་ཎི་པདྨེ་ཧཱུྃ། ” ཞེས་སྐད་གསང་མཐོན་པོས་བསྒྲགས་བྱུང་། ཨ་མའི་གདོང་ལ་སྐྱོ་ཉམས་དོད་པོའི་ཐོག་ནས་མིག་ཟུང་ང་ཁོ་ན་ལ་ཅེར་གྱིན་མིག་རྩར་ནས་མཆི་མ་གདོང་བཤུར་ནས་ག་ལེར་འཐོར་བྱུང་། ངའི་ཡ་ཆུང་གི་སེམས་པ་ཨ་མའི་ཕྱོགས་སུ་སོང་ཞིང་། མིག་ཞགས་ཨ་མའི་གདོང་ལ་འཕེན་གྱིན་སྙིང་རྗེ་མེད་པའི་གཤིན་རྗེའི་ཨ་ཕ་དེའི་གོམ་པ་ཨ་མ་ངེད་གཉིས་ཀྱི་ཕྱོགས་སུ་ཇེ་མགྱོགས་དང་། རྡོག་སྒྲ་ཇེ་ཆེར་གྱུར། རྫི་བོ་ཆུང་ཆུང་གིས། ཅི་ཞིག་ཐག་ཆོད་སོང་བ་ལྟར་བྲེལ་མྱུར་གྱིས་ཕ་མའི་ཕུ་དུང་ནས་ཤུགས་ཀྱིས་ཕར་འཐེན་གྱིན་ངག་ནས། “ ཨ་ཕ་ཕ་ལོ། ངས་མི་ཚེ་འདི་ལ་ཤ་མ་བཟའ། ངས་ཁྱོད་ལ་ཁས་ལེན་ཆོག ཁྱོས་ལུ་གུ་དཀའ་ཡག་ངེད་གཉིས་ལ་མནོ་བསམ་གཞེས་རོགས། ལུ་གུ་དཀར་ཡག་ད་དུང་ཆུང་ཆུང་རེད། ང་དང་འདྲ་བར་མ་བྱེད་རོགས། འིན་་་་་འིན་་་་་ཁ་དྲོ་”ཞེས་སྐད་གསང་དམའ་མོའི་ལམ་ནས་བརྗོད་ནའང་ངུ་སྐད་ཇེ་ཆེ་ནས་ཇེ་ཆེར་ཕྱིན། ཨ་ཕའི་ངོ་གདོང་སླར་ཡང་ཇེ་ནག་ཏུ་ཕྱིན་སོང་། གོམ་པའི་འདེག་འཇོག་ཇེ་མྱུར་གྱིས་ལག་པ་རིང་པོ་དེ་ཧོབ་ཀྱིས་བརྐྱངས་བྱུང་། ཨ་མའི་རྭ་ཅོ་ལག་གཡས་པས་འཛིན་བཟུང་ཤེད་ཀྱིས་བྱས་སོང་ལ། ངག་ནས“ འཕགས་པ་སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོངས། བདེ་བ་ཅན་དུ་སྐྱེ་བར་ཤོག ངེད་ཁྱིམ་ཚང་གི་ལྟོ་ཕོ་བ་ཁྱོད་ལ་མི་བརྟེན་སུ་ལ་བརྟེན། ད་ཁྱོད་ཀྱིས་ངེད་ཚང་ལ་གོ་ཆོད་སོང་བར་རེད། དྲིན་ཆེན་ཁྱོད་་་ཨོ་་་ༀ་མ་ཎི་པདྨེ་ཧཱུྃ་” ཞེས་ཟེར་ཞོར་དུ་གཤིན་རྗེའི་ལག་པ་ནག་ནག་དེས་བཙན་གྱིས་ཕྱི་རོལ་དུ་ཉེས་པ་མེད་པའི་ཨ་མ་ཉམ་ཆུང་འཛིན་བཟུང་བྱས་ཏེ་ཤེད་ཀྱིས་དྲུད་ནས་སོང་ངོ་།།
ནུས་པ་ཞན་པའི་རྫི་བོ་ཆུང་ཆུང་དང་ངེད་གཉིས་ཀྱི་ནང་སེམས་སུ་སྡུག་བསྔལ་འཕར་མ་ཞིག་གིས་མྱ་ངན་ཞུ་བ་ལས་ཐབས་གཞན་ཅིའང་བཙལ་མ་ཐུབ་ལ། ཉེས་མེད་བཙན་གྱིས་གསོད་པའི་སྦྱོར་བ་ནི་འགྲོ་བ་མིའི་གོམས་གཤིས་སུ་ཆགས་པའམ། མིའི་ཚེ་སྲོག་གམ། རང་རང་སོ་སོའི་ཚེ་སྲོག་ལ་རིན་ཐང་གསེར་ལས་ལྷག་པ་ཡོད་ནའང་ངའི་ཨ་མ་ནི་ཁ་གྲག་མི་ཤེས་པའི་དུད་འགྲོ་ཞིག་ཡིན་པ་རྒྱུ་མཚན་དུ་བྱས་ནས་ཨ་མ་ཚེ་སྲོག་གིས་གྲུབ་པ་མིན་པར་ཅ་དངོས་ཤིག་ལྟར་ཁ་ཟས་སུ་ལོངས་སྤྱོད་པ་ནི་འགྲོ་བ་མིའི་རིགས་ཀྱིས་ཚེ་སྲོག་ལ་འདྲ་མཉམ་གྱི་འདུ་ཤེས་འཛིན་སྟངས་ཤིག་ཡིན་ནམ་ཅི་ཆ་ཞེས་ངས་བདག་པོ་ཚང་གི་མྱི་རྒན་གདོང་ནག་ལ་འདྲི་བར་འདོད་དོ།།
དུས་དེ་ནས་བཟུང་། ངའི་འཇིག་རྟེན་ནི་ལུག་རྫི་ཆུང་ཆུང་གི་འཇིག་རྟེན་དང་འདྲ་བར་ལྷོབ་ལྷོབ་ཏུ་འབར་བཞིན་པའི་ཨ་མའི་བྱམས་བརྩེའི་དྲོད་ཁོལ་མྱོང་རྒྱུ་མེད། དུས་དེ་ནས་བཟུང་། ང་ནི་ལུག་རྫི་ཆུང་ཆུང་དང་འདྲ་བར་སྐྱོ་སྣང་གིས་ཁེངས་པའི་ལུ་གུ་ཆུང་ཆུང་ཞིག་ཏུ་གྱུར། དུས་དེ་ནས་བཟུང་། ལུག་རྫི་ཆུང་ཆུང་ངེད་གཉིས་ལ་ “ཨ་མ་” ཞེས་སྙན་པའི་དབྱངས་སུ་གྲུབ་པའི་ཚིག་འབྲུ་གཉིས་ཀྱི་འཇུག་ཡུལ་ག་སོང་ཆ་མེད་དུ་གྱུར། དུས་དེ་ནས་བཟུང་། ལུག་རྫི་ཆུང་ཆུང་ངེད་གཉིས་ལ་ “དྭ་ཕྲུག་” ཅེས་པའི་མིང་སྟེ་ཐོས་ན་མི་འདོད་པའི་མིང་ཞིག་བཙན་གྱིས་རྣ་བར་སྒྲོག་མཁན་ཇེ་མང་ནས་ཇེ་མང་དུ་ཕྱིན་ཅིང་། འཇིག་རྟེན་འདིའི་བདེ་སྐྱིད་ཡོད་ཚད་གཏོར་བརླག་ཏུ་སོང་། དེ་བས་མྱུར་དུ་འཆི་རུང་མི་འགྱོད་པའི་བློ་སྟོབས་ཤུགས་ཀྱིས་སླེབས་སོ།།
བོད་རྒྱལ་ལོ༢༠༥༠དང་རབ་བྱུང་བཅུ་བདུན་པའི་མཛེས་བྱེད་ཆུ་ཡོས་ལོའི་སྟོན་ཟླ་མགོ་མའི་མཇུག་དེར་ཁམས་བྱེ་སློབ་གླིང་ནས་བྲིས།
ཤེལ་དཀར་ཕྲེང་བ།
ཆོས་དབྱིངས་རྒྱ་མཚོ།
མོས་ད་དུང་བཅུ་ཁ་གོང་མ་ཐལ་ཟེར། ཨ་ཁ་ཁ། བླ་མ་དཀོན་མཆོག་མཁྱེན། འཇིག་རྟེན་འདིའི་ཆག་སྒོ་ཚང་མ་མོའི་མགོ་ཐོག་ལ་ལྷུང་དགོས་དོན་ག་རེ། ཁྱོད་ཚོས་བསམ་མནོ་ཐོངས་དང་། མོ་འདི་ལྟར་བུད་སོང་ན་བུ་ཤ་ཚ་མོ་འདིས་ཅི་ཞིག་བྱའམ། འིང་འིང་། འིང་འིང་། ཞེས་སྐུ་ལྷ་དྲག་ཏུ་ངུ་བཞིན་འདུག སྐུ་ལྷས་བཤད་པ་ལྟར་འབུམ་སྐྱིད་ཟེར་བའི་བུད་མེད་དེ་ནི་དངོས་གནས་ལས་ངན་ཞིག་སྟེ། ལོ་གཉིས་ཙམ་སྔོན་ལ་མོའི་འདུག་རོགས་མངལ་ལམ་དུ་སོང་ཞིང་། ཁོས་ཤུལ་དུ་བཞག་པའི་བུ་གཅིག་པུ་ལྷ་ལྡན་ནི་་་ཨི་ཨི་་་་ཨུ་ཨུ་་་ཟེར་ཤེས་ཙམ་གྱི་ལྐུགས་པ་ལྐུགས་ནག་ཅིག་རེད། ཡིན་ཡང་འབུམ་སྐྱིད་ཟེར་བའི་བུད་མེད་དེས་གཅེས་ཕྲུག་འདིའི་ཆེད་དུ་སྔར་ལྟར་འཚོ་བའི་རྒྱུན་ཐག་མི་བསྲིངས་ཀ་མེད་གྱུར། ད་ལོ། ད་ལོ་དབྱར་མགོ་འདིར་རང་གི་བུ་ལོ་དྲུག་ལ་སོན་ཙམ་རེད་ཨང་། ལྷ་ལྡན་གྱིས་དྲག་ཏུ་ངུ་བཞིན་པའི་སྐུ་ལྷའི་གདོང་ལ་ཅེར་ནས། ཨི་ཨི་་་་ཨུ་ཨུ་ཟེར་ནས་མིག་ཆུའི་ཕྲེང་ཐག་ཐོར་བྱུང་བ་དང་། དེ་མཚུངས་སུ་སྒར་དེར་ཡོད་ཀྱི་སྐྱེས་ཕོ་མོ་ཡོད་ཚད་བཟོད་བཀླག་མེད་པར་ངུས་ཏེ། མཐོ་སྒང་གི་ཉི་ཟེར་ཕྲ་མོས་ཆེས་མཐའ་མཇུག་གི་ཕྱིར་མིག་འཕེན་བཞིན་པའི་ས་སྲོད་དེར། རྫ་སྤང་གངས་གསུམ་གྱི་རིས་ར་བས་ཡངས་སུ་བསྐོར་བའི་ལུང་ཆུང་དེ་ནི། ངུ་སྐད་ཀྱི་རོལ་དབྱངས་དང་མིག་ཆུའི་ཆང་དཀར་བསྡེབས་པའི་གར་ཁང་ཞིག་ཏུ་གྱུར་སོང་། དེ་ཡང་ཡིན་ཏེ། ཉིན་དེར་སྡེ་འདིས་བུད་མེད་སྐོར་ཞིག་དབྱར་རྩྭ་རྐོ་སར་སོང་ཞིང་། དེ་རུ་འབུམ་སྐྱིད་དང་སྐུ་ལྷ་སྤུན་གཉིས་ཡོད། ཁོ་ཚོས་སྔ་དྲོ་ཉི་མའི་རིང་ལ་མིག་ཟུང་ས་རུ་དྲུད་དེ་ཧུར་རྩོན་ཆེན་པོས་རྫ་རི་གནམ་འབིག་ཞིག་གི་རྨང་ནས་རྩེ་ལ་འགོས་ཤིང་། སླར་ཡང་མར་མར་འབབ་བཞིན་ཡོད། བུད་མེད་སྔུན་མ་ཁ་གཅིག་སྤང་ཁུད་ཞིག་ཏུ་བསྡད་དེ། ཨ་རོགས་ཚོ། ད་ཤོག་དང་སྐྱ་གྲོ་བྱེད་ཞེས་འབོད་ཀྱི་འདུག སྤང་ཁུད་དུ་མར་བབས་པའི་རྗེས་མ་ཡིན་པའི་སྐུ་ལྷས་ཕྱིར་བལྟས་ཞིག་བྱས་པས། འབུམ་སྐྱིད་ནི་ད་དུང་བྲག་ཐེམ་ཞིག་ནས་ཡར་འཛེག་ཀྱིན་འདུག འབུམ་སྐྱིད། ཨ་རོ་འབུམ་སྐྱིད། ཨོ། ད་ཤོག་སྐྱ་གྲོ་བྱེད། འོ། ཁྱོད་ཚོ་སྔུན་ལ་གྱིས་ཨ། ངས་ད་དུང་བཅུ་ཁ་གང་མ་ཐལ། ཅུང་ཙམ་ནས་སླེབས་ཡོང་། སྐབས་དེར་འབུམ་སྐྱིད་ཀྱིས་འབུ་རྐང་བརྒྱད་ཙམ་ལོན་ཡོད་ཅིང་། མོས་སྐྱ་གྲོ་མ་བྱས་གོང་ལ་འབུ་རྐང་བཅུ་རྙེད་ན་ཅི་མ་རུང་སྙམ་ནས་ཡར་འཛེགས་ཀྱི་ཡོད་པ་རེད། སྐུ་ལྷ་ཅུང་མ་རངས་བའི་ཚུལ་གྱིས་”འུན་”ཞེས་ལེན་བཏབས་ནས་སྤང་ཁུད་དུ་ལོགས། བུད་མེད་འདི་རྣམས་ཀྱིས་མ་གཞི་ནས་མོ་ཕྱིར་ཡོང་རྒྱུ་མེད་པར་ཤེས་སམ། སྐུ་ལྷ་དང་བཅས་པས་ཧ་དགོད་ཚག་ཚག་དང་བསྲེས་ཏེ་ཞོ་གྲོ་རྩམ་གསུམ་ལ་རོལ་གྱི་འདུག མཚམས་དེར། གློ་བུར་དུ་སྙིང་ལ་གཟེར་ཤད་ཐེན་པའི་སྐད་ངན་གཅིག་སྒྲོག་བྱུང་བ་དང་། འབུམ་སྐྱིད་”ཕ་བང་ངམ་སེམས་ཅན་ཅི་ཞིག་དང་མཉམ་དུ་བྲག་ཐེམ་ནས་མར་ལྷུང་བྱུང་ཨང་། ཀི་་་་ཀི་ཨ་རོག་ཚོ་ང་སྲོག་སྐྱོབས་རོགས་ཞེས་ནོར་འཁྱུགས་མེད་པའི་འབུམ་སྐྱིད་ནི་འགྱེལ་མ་ལོངས་ཀྱིས་བྲོས་བྱུང་བ་དང་། དེའི་རྗེས་ནས་རྣ་ཅོག་ཆེ་ཞིང་སྤུ་སྣ་ཤིན་ཏུ་རིང་བའི་ཅན་ཟན་ཞིག་ངར་སྒྲ་དང་བཅས་མངོན་བྱུང་བ་ན། བུད་མེད་རྣམས་ནི་དྲེད་མོང་། དྲེད་མོང་རེད་འདུག་ཟེར་བཞིན་ཕྱིར་བལྟས་མེད་པར་བྲོས་སོང་། ཁོ་ཚོ་རི་འདབ་ལ་མ་སླེབས་པའི་མཚམས་དེར། ཨ་རོག་ཚོ་ང་སྲོག་སྐྱོབས་རོགས་ཞེས་པའི་སྐད་དེ་འགྱུར་ནས། ཨ་རོག་སྐུ་ལྷ་ང་སྲོག་སྐྱོབས་རོགས། ཁྱོས་ང་སྲོག་སྐྱོབས་ཡ་ཞེས་འབོད་ཀྱིན་ཡོད་པར་ཐོས། སྐུ་ལྷས་དེ་ཐོས་བྱུང་བ་ན་བཟོད་བགླགས་མེད་པར་གོམ་མཚམས་བཞག་དེ་ཕྱིར་རྒྱུག་པས། འབུམ་སྐྱིད་དང་དྲེད་མོང་གཉིས་དུས་མཉམ་དུ་རིའི་གཤང་ལ་ཡིབ་སོང་། བུད་མེད་མང་མ་ཚོས་ད་ནི་རེ་བ་མེད་པར་ཤེས་ཏེ་སྐུ་ལྷའི་རྗེས་དེད་ནས་མོ་མ་མངགས། སྐུ་ལྷ་ནི་སྤྱིར་ན་བུད་མེད་ཡིན་པའི་ཁར་ལག་ན་ཏོག་ཙེ་ཙམ་ཡང་མི་འདུག་མོད། བལྟས་བལྟས་རིག་རིག་ལ་རང་གི་སྤུན་སྡུག་རྩུབ་ཆེ་བའི་ཅན་ཟན་གྱི་ཁ་ཟས་བྱེད་པ་མཐོང་དུས། མཉམ་གསོན་གྱི་དགོད་སྒྲ་ལ་རོལ་ཐབས་མེད་ཀྱང་མཉམ་ཤི་ཡི་ངུ་སྐད་ལ་རོལ་བར་མཆོད་སེམས་བརྟན་པོ་འདུག ཡིན་ཡང་ཅི་ཞིག་བྱ་ཨང་། ཡུལ་མཐོ་སྒང་གི་སྲོག་ཆགས་ནི་མ་གཞི་ནས་རང་དབང་གིས་འཚོ་ཡུན་རིང་དྲགས་པའི་ཁར་གཏུམས་དྲགས་ཅན་གྱི་ཅན་གཟན་དག་ནི་ཅིས་ཀྱང་ངལ་རྒྱལ་དང་སྟོབས་ཤུགས་འགྲན་ཟླ་བྲལ་བ་ཡིན་པས། གལ་སྲིད་སྐུ་ལྷ་འབུམ་སྐྱིད་སྲོག་སྐྱོབས་སར་སོང་བའི་དབང་དུ་གཏོང་ཡང་རོ་ཐོག་རོ་བཞག་པ་རང་རེད།
བུད་མེད་རྣམས་ཀྱིས་རི་འདབ་ནས་རྒྱོབ་རྒྱོབ་སོད་སོད་ཀྱི་འུར་སྒྲ་ཇི་ལྟར་རྒྱབ་ཀྱང་། འབུམ་སྐྱིད་དང་དྲེད་མོང་སུ་ཡང་རི་གཤང་ནས་གདོང་ལ་ཐོན་མ་བྱུང་། ད་ནི་བུད་མེད་ཁ་གཅིག་སྔུན་ལ་སྐྱེས་པ་ཚོར་ཆ་རྒྱག་སར་སོང་ཞིང་། ཚོ་གཅིག་གིས་སྐུ་ལྷ་རྗེས་ནས་སྐྱོར་ཏེ་ངུ་སྐད་ཤ་རེ་སྒར་ནང་སོང་། བུད་མེད་རྣམས་ཀྱིས་སྐུ་ལྷ་དྲུད་མ་ཁུར་གྱིས་སྒར་ནང་ཐོན་བྱུང་བ་ལྷ་ལྡད་གྱིས་མཐོང་སྟེ། ཁོ་མགྱོགས་པོར་རྒྱུག་ཡོང་ནས་བུད་མེད་དེ་ཚོར་ཁུ་ཚུར་ཆུང་ཆུང་རེ་གཞུས་ཏེ་ཕར་འཕུད་ཀྱི་འདུག ལྷ་ལྡན་གྱི་སེམས་ལ་བུད་མེད་འདི་ཚོས་རང་གི་ཨ་སྲུར་བརྙས་བཅོས་བྱས་སོང་བསམ་པ་མ་ཡིན་གྲང་། སྐུ་ལྷས་ཚུལ་དེ་མཐོང་མ་ཐག་ངའི་བུ་ཟེར་བཞིན་བྲང་ཁར་སྦྱར་ནས་ངུ་སྐད་ཇེ་ཆུང་དུ་སོང་སྟེ་བརྒྱལ་སོང་། དགོང་མོ་དེར། སྡེ་དེའི་སྐྱེས་པ་ཚོ་རྫ་རི་གནམ་འབིག་དེའི་འདབ་ལ་སླེབས་དུས་ས་ཡོངས་སུ་རུབ་སོང་བས། བལྟས་ཚོད་ལ་འབུམ་སྐྱིད་ཀྱི་བེམ་པོ་ལོན་རྒྱུ་ཕར་བཞག་དུས་ས་ཆ་ཙམ་ཡང་རྙེད་དཀའ་བ་འདུག མ་ཟད། རྡོག་སྣ་མི་གསལ་བའི་མཚན་མོ་འདིར་གཏུམས་དྲགས་ཆེ་བའི་ཅན་གཟན་དེར་ཕྲད་ཚེ་སླར་ཡང་ཁ་ཤས་ཁྱུར་མིད་གཏོང་བར་སུས་སྨྱོན། ཡང་གཅིག་བཤད་ན། ཁོ་ཚོའི་ནང་འབུམ་སྐྱིད་དང་ཤ་ཁྲག་གི་འབྲེལ་བ་ཡོད་མཁན་གཅིག་ཀྱང་མེད་པས། འདི་འདྲའི་རང་སྲོག་ཕོངས་མེད་བྱེད་དགོས་དོན་གང་ཡང་མེད། དེ་ནི་ཁྱོད་ཀྱི་བསམ་ཚུལ་ལས་མ་འདས་ཏེ། ཁོ་ཚོས་བསམ་ན་མཐོ་སྒང་གི་ས་ཆ་འདིར་གྲོང་ཚོ་གཅིག་པ་ཞེས་པའི་ལས་དབང་གིས་སྦྲེལ་ཕྱིན། ཕྱི་ལ་མདུང་སོ་མཉམ་གཤིབས་དང་ནང་ལ་ཆང་དཀར་མཉམ་གཏུགས་བྱེད་རྒྱུ་ནི་མ་མཐའི་ཆ་རྐྱེན་དུ་འཛིན་ཡོད་པ་རེད་ལ། ཁོ་ཚོོས་རང་ལ་ཕོ་རྟགས་ཤིག་ཡོད་པ་དེའང་རྒྱུ་མཚན་མེད་པ་མིན་སྙམ་སྟེ་ཀི་ཀི་ཧོ་ཧོ་ཟེར་བཞིན། རི་དེའི་སྟོད་སྨད་བར་གསུམ་ལ་འབུམ་སྐྱིད་ཀྱི་བེམ་རོ་བཙལ་གྱི་འདུག ཁོ་ཚོས་རང་སྲོག་ཆུང་སར་བཞག་སྟེ་ཇི་ལྟར་བཙལ་ཀྱང་དེ་རིང་གི་དོན་རྐྱེན་དེ་རི་དེར་མ་བྱུང་བ་དང་འདྲ་བར་ཅིའང་མ་རྙེད། དེ་ནས་སོ་སོར་སོང་བའི་མི་རྣམས་ཚུར་འདུས་ཏེ་མེ་ཕུང་ཆེན་པོ་ཞིག་དགོང་ནས་བེམ་རོ་ཡོད་སའི་ས་དེ་བསྲུངས་རྒྱུ་ལས་བྱ་ཐབས་ཅི། ཕྱི་ཉིན་སྐྱ་རེངས་ཤར་དུས་རྡོ་རྗེས་ལྷ་ལྡན་ཁྲིད་ནས་ཐོན་བྱུང་ཞིང་། ཐོན་མ་ཐག་མི་ཚོར་ཁྱོད་ཚོ་ཕྱིར་འབུ་རྐོ་སར་སོང་ཞིག བེམ་རོ་ཉུག་སར་ང་རང་འགྲོ་ཆོག་ཅེས་བཤད་བྱུང་། དེར་ཡོད་ཀྱི་མི་ཚང་མས་མིན་ང་ཚོ་ཡང་མཉམ་དུ་འགྲོ་ཞེས་བཤད་ཀྱང་། རྡོ་རྗེས་གཏམ་ལེན་གང་ཡང་མེད་པར་མི་ཞིག་གི་ལག་ནས་མེ་མདའ་བླངས་ཏེ་”ལྷ་ལྡན་”འགྲོ་ཟེར་ནས་བུད་སོང་། ཁོས་ལོ་དྲུག་ལ་སོན་པའི་ལྷ་ལྡན་འདི་ལྟར་ཁྲིད་ཡོང་དོན་ནི་དཔའ་རོགས་ཤིག་གི་དོན་མ་ཡིན་པར། མདང་སོང་སྐུ་ལྷའི་མདུན་ནས་ཁོས་བུ་ལྷ་ལྡན་གྱི་མིག་སྔར་དྲེད་མོང་གི་གསོན་ལྤགས་བཤུ་རྒྱུ་ཡིན་ཞེས་མནའ་ཚིག་བརྒྱ་ཁྲག་ཁ་ཤས་བཟླས་ཡོད་པས་རེད། དེའང་ཡིན་ཏེ་རྡོ་རྗེ་ལ་འཇིག་རྟེན་འདིར་ཚ་བོ་ཞིག་ཡོད་པ་ནི་ལྷ་ལྡན་གཅིག་པུ་ཡིན་པ་དང་། ལྷ་ལྡན་ལའང་ཨ་ཞང་ཞིག་ཡོད་པ་ནི་རྡོ་རྗེ་རེད་ཨང་། གང་ལྟར་ཚ་ཞང་གཉིས་ཕྱིར་བལྟས་མེད་པར་རི་ལ་འགོས་སོང་། ཁོང་གཉིས་བུད་མེད་ཚོས་དེ་ནས་བཟུང་འབུམ་སྐྱིད་རིག་རྒྱུ་མ་བྱུང་ཟེར་སའི་གཤང་དེ་ཐོན་ལ་ཉེ་དུས། སྐྱ་ཀ་ཞིག་ཀ་ཀ་ཟེར་བཞིན་མགོ་ཐོག་ནས་ཕར་འཕུར་སོང་ལ། སྐྱ་ཀ་གཞན་ཞིག་གིས་མཆུ་རྩེར་དངོས་པོ་ཅི་ཞིག་འཁུར་ནས་ཕྱིར་འཕུར་ཡོང་། རྡོ་རྗེས་རང་གི་སྲིང་མོ་གསོན་ཟས་བྱེད་ས་ནི་ཕར་གིའོ་སྙམ་དུས་སྙིང་ཡང་གད་གྲབ་བྱས། འཁྲུལ་སྣང་ཞིག་ལ་དྲེད་མོང་དེས་འབུམ་སྐྱིད་ད་དུང་ཤི་མ་གསོན་དུ་ཟ་བཞིན་ཡོད་དམ་སྙམ་སྟེ། ཁོས་མེ་མདར་མདེའུ་སགས་ཏེ་མགྱོགས་པོར་དེར་རྒྱུག་པ་ན། ས་དེར་ནི་ཁོས་བསམ་པའི་ཤི་མ་གསོན་གྱི་འབུམ་སྐྱིད་ཀྱི་ཤུལ་ཙམ་ཡང་མེད་པ་འདྲ། འོན་ཀྱང་ཉེ་འཁོར་དུ་འབབ་འཕུར་བྱེད་པའི་སྐྱ་ཀ་དེ་ཚོར་རྒྱུ་མཚན་མེད་པ་མ་ཡིན་ཏེ། གཤང་དེའི་མར་ཙམ་ན་གད་རལ་ཞིག་ཡོད་པ་མཐོང་ཞིང་། དེའི་འགྲམ་ན་རྡོ་ཕ་བང་ཉིས་གཤིབས་ཤིག་ཡོད་པའི་བར་ན་འབུམ་སྐྱིད་ཀྱི་བསྟོད་གོས་སྔོ་ནག་དེ་མངོན་བྱུང་། རྡོ་རྗེས་ལྷ་ལྡན་དེར་བཞག་ནས་ས་དེར་སོང་བས། གླ་ཟུང་ལྟ་བུའི་རྩུབ་རྡོ་གཉིས་ཀྱི་བར་དེར་་་ཀྱི་ཧུད་་་་བླ་མ་དཀོན་མཆོག ལས་འདི་འདྲ་མི་མིན་འདྲེ་ཡི་མཐོང་རུང་མིག་ཆུ་མི་ཤོར་བ་རང་དབང་མི་འདུག་ཨང་། རྡོ་རྗེས་རྩུབ་རྡོ་གཉིས་ཀྱི་བར་ན་རང་གི་སྲིང་མོ་ཁྲག་གི་གོང་བུ་ཞིག་གི་ཚུལ་དུ་བརྫོངས་ཡོད་པར་བལྟ་བས་མ་བཟོད་ནས། རང་གི་སྟོད་གོས་དེའི་སྟེང་ལ་བཀབ་རྗེས་སྐྱོ་གདུང་འདྲེས་མའི་ཞེ་སྡང་ཞིག་གིས་ས་ལ་འགྱེལ་སོང་། མཚམས་དེར། སྡེ་མི་ཚོས་ཀྱང་རྗེས་ཟིན་བྱུང་བར་ཚང་མ་ཇ་ཡུན་ཙམ་ལ་ཕན་ཚུན་ཧད་དེར་ལུས། རྡོ་རྗེས་ཨམ་གཙིགས་དྲག་ཏུ་བསྡམས་ཏེ་ཁྱོད་ཚོས་བེམ་པོ་ཕྱིར་ཁྱེར་རོགས་ཞེས་བཤད་ནས། ལྷ་ལྡན་དང་བོག་ཡོད་སར་ཡར་འགོས་སོང་། ཁོས་ལྷ་ལྡན་ཁྲིད་ནས་རི་གཤང་དེའི་གྱེན་དུ་རྒྱངས་གྲགས་ཙམ་སོང་མཚམས་ན། ལྕིམ་ལོ་ཕན་ཕུང་སྐྱེས་པའི་ལྟག་ན་བྲག་ཕུག་གཅིག་ཡོད་པ་མཐོང་བྱུང་། རྡོ་རྗེས་འདི་ནི་དྲེད་མོང་སྡུག་རྩུབ་ཅན་དེའི་ཚང་ལོས་ཡིན་སྙམ་སྟེ་མཆོངས་ཐེངས་གཅིག་གིས་སྒོ་ཁར་སོང་མོད། དེ་ནི་སྟོང་སེང་སེང་གི་བྲག་ཕུགས་གཅིག་རང་རེད་འདུག ཁོས་ཞེ་སྡང་གི་དབུགས་རྒྱུན་ལྷོད་ཙམ་བྱས་ཏེ་ཕྱིར་ལྷ་ལྡན་སར་ཡོང་དུས། ལམ་ཟུར་ན་སྡུག་རྩུབ་ཆེ་བའི་ཅན་ཟན་དེའི་སྟུག་པ་རླངས་ཚན་ཐུལ་ལེ་བ་ཞིག་བཞག་འདུག་པས་ཐན་རྒན་དེ་ཉེ་སར་ཡོད་པ་ཚོར། འོན་ཀྱང་ཁོས་ལྷ་ལྡན་གྱི་མིག་གི་རིགས་ས་ན་ཁོའི་གསོན་ལྤགས་བཤུ་རྒྱུ་ཁས་བླངས་ཡོད་པས་ཕྱིར་ལྷ་ལྡན་ཁྲིད་དུ་སོང་། རྡོ་རྗེ་ལྷ་ལྡན་སར་སོང་ནས་མེ་མདར་ལྡེའུ་ལྔ་བརྫོངས་ཏེ་ཐན་རྒན་དེ་ཕྱིར་ཚང་ནང་ལོགས་པར་སྒུག དེ་ལྟར་ཚ་ཞང་གཉིས་ཀྱིས་སྒུག་སྒུག་མཐར་ཕར་ངོགས་དེ་ནས་སྣ་ཤུ་ཞིག་བྱས་ཏེ་ཐན་རྒན་དེ་མངོན་བྱུང་། རྡོ་རྗེས་གཟབ་ནན་གྱིས་ཐན་རྒན་དེ་སོ་ཁར་བླངས་ཏེ་འཛུབ་མོས་མ་ཤུ་མནན་གྲབ་བྱེད་དུས། ལྷ་ལྡན་གྱིས་ཁོའི་ལག་པར་དམ་པོར་བཟུང་སྟེ་་ཨི་ཨི་་་་ཨུ་ཨུ་ཟེར་བཞིན་འཛུབ་མོ་གསུམ་གནམ་ལ་སློང་ནས་འདུག རྡོ་རྗེས་ཁོ་ལ་ཁ་ཡ་མ་བྱས་ནས་ཕྱིར་དམིགས་དབེན་ལ་བལྟ་དུས་སྡུག་རྩུབ་ཆེ་བའི་ཅན་ཟན་དེའི་རྗེས་ནས་ཕྲུ་གུ་གསུམ་གོག་མ་འགྲོས་ཀྱིས་སླེབས་བྱུང་བ་མཐོང་། ཁོས་ཐེ་ཚོམ་དང་བཅས་ལྷ་ལྡན་ལ་ཕྱིར་བལྟས་པས་ལྷ་ལྡན་གྱིས་ཀྱང་སྔར་བཞིན་འཛུམ་མོ་གསུམ་ཀེར་བ་མ་ཟད་མགོ་བོ་ཕྲེད་ལ་གཡུག་གིན་འདུག ཁོས་སྐྱར་དུ་སྡུག་རྩུབ་ཅན་དེ་བོག་ཁར་བླངས་པ་ན་མིག་ཟུར་ནས་ཅི་ཞིག་གི་འོད་འཁྱིལ་ལེ་བྱུང་སྟེ། བོག་ཁའི་འགྲམ་གྱི་རྩྭ་གསེང་དེ་ན་འབུམ་སྐྱིད་ཀྱི་ཤེལ་དཀར་ཕྲེང་བ་དེ་སུམ་འཁྱིལ་དུ་མངོན་བྱུང་་་་་་་་།
༢༠༢༣/༦/༢༡/དགོང་མོ་༡:༡༤:ལ་རྫོགས་པར་བྲིས།
ཁེར་རྐྱང་སྲུང་བའི་མིང་མེད།
སྲོད།
མ་རྒན་ཆུང་ཆུང་གིས་བཤད་ན་མིང་མེད་ནི་སྐྱེ་ཙམ་ཉིད་ནས་ཁེར་འདུག་ལ་དགའ་མཁན་ཞིག་ཡིན་ཟེར། ཁྱིམ་མཚེས་ཀྱི་བྱིས་པ་དེ་དག་དང་ནམ་ཡང་མཐུན་ཐབས་མི་འདུག་ཟེར། ཁྱིམ་མི་དག་ལའང་དེ་ཙམ་མི་འགྲོག་ཟེར། དེ་ནི་བདེན་པར་སྣང་སྟེ། སྡེ་བའི་མི་དག་གིས་ཁོ་མཐོང་ཐེངས་རེར་མཚར་སྣང་སྐྱེ་ཞིང་འདི་སྐྱེ་བ་སྔོན་མ་ཅི་ཞིག་གི་ལུས་ཡིན་སྲིད་ཨང་ཟེར་ནས་སྐབས་སྐབས་སུ་འདང་རྒྱག་ནང་ལྷུང་འགྲོ། མ་གཞི་མིང་མེད་ཅེས་པའི་མིང་འདི་ཁོར་ཐོག་དོན་ནི་ཁོ་ལའང་དངོས་མིང་མེད་པ་མིན་མོད། ཁོའི་དངོས་མིང་ནས་འབོད་ཐེངས་རེར་ཁོ་ཞེ་གཏིང་ནས་མི་དགའ་བའི་རྣམ་འགྱུར་དང་ཨ་ལན་དྲང་ཐད་དུ་མི་བྱེད་པས། མ་རྒན་ཆུང་ཆུང་གིས་ཅུང་མ་རངས་པའི་ཉམས་ཀྱིས།“ཡ་འོ་ན་ཁྱོད་ལ་མིང་མེད་འབོད་ཅེས་དེ་ལྟར་ཐོགས་པར་གྲགས། དེ་ནས་བཟུང་ཁོའི་མིང་འགྱུར་སོང་བ་འདྲ་ལ་ཁོས་ཀྱང་དེ་དང་ལེན་བྱས་པ་འདྲ།
མིང་མེད་ཕ་ཡུལ་གྱི་བཅའ་སྡོད་སློབ་གྲྭ་བསྐྱལ་བའི་ལོ་རྟག་པར་སླར་ཡང་རང་ཁྱིམ་དུ་ལོག་ཡོང་། ཁོས་བཤད་ན། “ང་ཕ་ཡུལ་གྱི་སློབ་གྲྭར་འགྲོ་མ་དགོས་ན་རི་ཁར་ཕྱུག་རྫིར་འགྲོ་རྒྱུར་དཀའ་སྣང་ཅི་ཡང་མེད་ཟེར།” དེ་ནི་ཁོས་སློབ་གྲྭའི་སྒྲིག་ཁྲིམས་ལ་བརྩི་སྲུང་མ་ཐུབ་པ་ནི་མ་ཡིན། ཁོས་རིག་གནས་སྦྱོང་འདོད་ཀྱི་འདུན་པ་བོར་བས་ཀྱང་མ་ཡིན་ཏེ། སྔར་བཞིན་ས་མཐར་སློབ་སྦྱོང་དུ་འགྲོ་བར་ཞེད་སྔངས་ཅི་ཡང་མི་འདུག ད་ནི་དགེ་རྒན་ཐམས་ཅད་ལའང་ཐབས་ཤེས་མེད་པར་ཆགས་སོང་བ་འདྲ། ཁྱིམ་མི་དང་ཡུལ་མི་དག་གིས་ཁོ་ལ་སྔར་བཞིན་མཚར་སྣང་སྐྱེ་བཞིན་འདུག ཁོའི་ཕ་ལགས་ནི་མི་རིགས་ཀྱི་འདུ་ཤེས་དང་རིག་གནས་ཀྱི་འདུ་ཤེས་ཅུང་ཟད་ལྡན་མཁན་ཡིན་སྟབས། མིང་མེད་ཕ་ཡུལ་དུ་ཕྱུག་རྫིར་མངགས་མི་སྲིད། མ་རྒན་ཆུང་ཆུང་གིས་དེ་ལྟར་ནའང་ཁོ་ད་ལྟ་ལོ་ཆུང་བས་ས་མཐར་མ་སོང་ན་དགའ་དྲན། ཡིན་ཡང་མོས་ཅི་ཡང་བཤད་མ་ཕོད། རྨོ་མོ་ཆོས་སྒྲོན་ནི་ཁོ་ཆུང་དུས་སུ་ཁོ་ལ་མ་ལྟར་གཅེས་ལངས་གཏོང་མཁན་དེ་ཡིན་ལ་ཁོས་ཀྱང་རང་གི་ཨ་མའི་ཚད་དུ་བཞག་ཡོད་པས། དེ་མ་ཐག“ངོ་མ་གནད་ཨ་ཉོག་ད་ལྟ་ས་མཐར་མངགས་མི་དགོས། ངོ་མ་མི་དགོས་”ཞེས་ཤིན་ཏུ་མ་འདོད་པའི་ཉམས་ཀྱིས་སྔར་བཞིན་ཕྲེང་མ་བགྲང་མགོ་བརྩམས་སོང་། ཡིན་ཡང་ཕ་ལགས་ཀྱིས་ཁོ་རང་གི་འདོད་པ་ལྟར་སྐྱེལ་མངགས་གནངས།
མིང་མེད་ས་མཐར་སོང་བ་ནས་བཟུང་ཁོ་རང་གི་འདོད་པ་འགྲུབ་སོང་བ་འདྲ།
ཁོའི་སློབ་སྦྱོང་གི་ཞོར་དུ་རང་གི་དགའ་ཕྱོགས་ལྟར་སྙན་ངག་གཙོའི་རྩོམ་རིག་གི་ཕྱོགས་ལ་སློབ་སྦྱོང་བྱེད་མགོ་བརྩམས། མ་གཞི་ཁོ་དེ་འདྲའི་ཤེས་རབ་ཡོད་མཁན་མིན་ལ་བརྩོན་འགྲུས་ལྡན་མཁན་ཞིག་མིན་མོད། ཁོ་རང་གི་འདོད་པ་ལྟར་སྦྱོང་བ་དག་ནམ་ཡང་འདོར་མི་སྲིད། ད་ལྟ་སྔར་ལྟར་ཁོ་རང་ཁེར་རྐྱང་ལ་དགའ་ཞིང་རྩོམ་རིག་ལ་བློ་དཀར་གྱིན་འདུག །ཐ་ན་དགོངས་གནང་སྐབས་སུ་ཡང་ཕ་ཡུལ་དུ་སྡོད་པའི་དུས་ཚོད་ཅུང་རིང་པོ་ལྡན་སྟབས།
ཁོས་སྐད་ཆའི་ནང་ཅི་ཡང་མི་ཤོད་ཀྱང་སྙན་ངག་གི་ཟུར་རེ་རེ་ནས་སླར་ཡང་ས་མཐར་ལྡོག་པར་བྲེལ་གྱིན་པ་ཚོར། མིང་མེད་ཀྱིས་བཤད་ན་ས་མཐའ་ནི་ཕ་ཡུལ་དྲན་ཆོག་སའི་གཞིས་ཀ་དང་སྙན་ངག་གྲུབ་བྱེད་ཀྱི་ལྷིང་འཇགས་ཀྱི་ལོག་མལ་ཡིན་པར་འདོད་ཡོད།
ཡིན་ཡང་ཁོར་ཉིན་རྒྱུན་གྲོགས་པོ་འགའ་དང་མཉམ་དུ་ལན་རེར་རྩོམ་རིག་གིས་སྡུག་ལ་སྦྱར་ཚུལ་དང་། མཚམས་རེར་རྩོམ་རིག་དང་མ་ཤི་གསོན་བྲལ་མི་བྱེད་ཚུལ་ལབ་ནས་ཁོམ་ལོང་གི་དུས་ཚོད་དག་སྤྱོད་ཀྱིན་འདུག །དེ་ནི་ཅིག་བྱས་ན་ཁོ་རང་ནང་བཞིན་དགའ་ཕྱོགས་གཅིག་པ་ཡིན་པས་ལན་ཡོད་པ་འདྲ།
མིང་མེད་ཀྱིས་ཁོ་བོར་མཚོན་ན་རྩོམ་རིག་ནི་“དོན་དམ་ང་དང་རྩོམ་རིག་གི་ལས་སྐོས་འདི་བློས་ཐུབ་ཀྱི་གྲོགས་པོའི་ཡང་སྙིང་སྲུང་ན། སྔར་བཞིན་ཆེས་ཡིད་འོང་གི་བརྡ་འམ་རྟགས་སུ་མཐོང་ཆོག་པར་ཞུས་ཡོད།” ཅེས་ཁོས་གནས་ལུགས་མང་པོ་འཆད་ཡོང་།
མིང་མེད་ས་མཐར་སོང་ནས་ལོ་བདུན་འགོར་བར་ཁོའི་ཕ་ལགས་གྲོངས་སོང་བས།
ཁོ་རང་སྔར་བཞིན་ཁེར་རྐྱང་ནང་ལྷུང་ཞིང་རྩོམ་རིག་དང་ལྷན་དུ་འགྲོགས།
༢༠༢༣/༦/༤/
ཙི་གུ་དང་འོད་ལྡན།
མྱི་གསར་བ།
ལོ་ཟླའི་ཙག་རླུང་དང་ཁངས་ཆར་གྱིས་གཙེས་པའི་རྙིང་ཞད་ཆེ་བའི་ལྷ་ཁང་གི་གྲུ་ཟུར་བཞི་རུ་དཔྱངས་པའི་གཡེར་དྲིལ་གྱི་ཏིང་སྒྲ་འཚམ་འཇོག་མེད་པར་སིང་སིང་དུ་གྲགས་ཀྱིན་འདུག་ལ། ལྷ་ཁང་གི་མདའ་ཡབ་འོག་ཏུ་ཕུག་རོན་ཁྱུ་ཚོགས་ཤིག་བག་ཕེབས་ངང་གནས་ཚང་བཅས་ཡོད། དུས་ཚོད་རིམ་གྱིས་འགྱུར་རྗེས་ད་ནི་ལྗང་མདོག་གི་ལོ་འདབ་དག་ཀྱང་སེར་པོར་གྱུར་ཏེ་སྟོན་རླུང་གིས་གང་སར་སྤུར་བཞིན་ཡོད་ཅིང་། གནས་དེའི་གྲྭ་ཤག་དག་ནི་གསར་རྒྱུ་དེ་ཙམ་མེད་ཀྱང་སྒོ་དང་སྒེའུ་ཁུང་གི་ཚོན་མདངས་ལ་བལྟས་ན་བག་ཕེབས་ཤིང་ཡིད་དུ་འོང་བ་ཞིག་རེད། འོན་ཀྱང་བང་ཤིང་གིས་གྲུབ་པའི་གྲྭ་ཤག་དག་གི་ཧྲག་བར་ན་ཙི་གུ་ཆེ་ཆུང་དུ་མ་ཉིན་མཚན་མེད་པར་རང་དབང་གིས་རྒྱུ་བཞིན་འདུག
འོད་ལྡན་ལོ་བཅོ་ལྔ་ནས་ཕ་ཡུལ་དང་རྒྱང་རིང་བའི་ནང་བསྟན་སློབ་གླིང་འདིར་ཞུགས་པ་རེད་འདུག་ལ། ལོ་ངོ་ཞེ་གསུམ་ཟིན་པའི་དགེན་བྱང་སེམས་ཀྱི་བདག་སྐྱོང་འོག་ནས་འབྲི་ཀློག་ནས་རིམ་བཞིན་མདོ་སྔགས་རིག་གཞུང་ལ་ཐོས་བསམ་བྱེད་པའི་སྐལ་བ་ལེགས་པོ་ཤར་ཡོད། འོད་ལྡན་ནི་མིག་ཟུང་སྒོར་ཞིང་ཤ་མདོག་དཀར་བའི་གྲྭ་ཕྲུག་སྙིང་རྗེ་ཞིག་རེད་ལ། ཁོའི་ངོ་གདོང་ན་དམིགས་བསལ་གྱི་ཆ་ཞིག་འཚོལ་དགོས་ན། ཤིན་ཏུ་སྟུག་པའི་རྫི་མ་ཞིག་སྣུམ་ཞག་འཁྱིལ་ལེར་མིག་ལྕིབས་ཀྱི་སྟེང་དུ་གཡུ་འབྲུག་ཆུང་ཆུང་ཞིག་ལྟར་འགྱིང་ཡོད་པ་དེ་རེད། ཁོ་སེམས་རྒྱུད་དྲང་མོ་ཞིག་ཡིན་ནའང་པྲ་ཆལ་ཚ་ཞིང་ཀུན་སྤྱོད་རྒོད་པའི་བྱིས་པ་སྤོབས་པ་ཅན་ཞིག་ཀྱང་ཡིན། ཆོས་གྲོགས་རྒན་གཞོན་ཚང་མས་ཁོ་ལ། “གྲྭ་ཕྲུག་འོད་ཕྲུག”ཅེེས་འབོད་ཀྱིན་འདུག
ཁོས་མཚན་མོ་དག་ལ“དཀོན་མཆོག་རྗེས་དྲན”བློར་འཛིན་དགོས་ཀྱིན་ཡོད་ལ། བློར་ཟིན་རྗེས། དགེན་བྱང་སེམས་ལ་རྒྱུག་སྤྲོད་བྱེད་དགོས། མཚན་མོ་དེའི་དུས་ཚོད་དགུ་ཕྱེད་ཙམ་ཟིན་རྗེས།
འོད་ཕྲུག་གིས“དགེན། བློར་བླངས་ཟིན།”བྱང་སེམས་ཀྱིས “ཡ་་་ སྒྲ་དག་སྒྲོས་གཙང་གིས་སྒོ་ནས་ཐོན་ཨ།”འོད་ཕྲུག དགེན་གྱི་སྔོན་ནས་ཡར་ལངས་དེ་ཀུ་ཤུ་ཞིག་ལག་ཏུ་སྒྲིལ་ཞོར“ཐེག་པ་ཆེན་པོའི་དགེ་འདུན་ནི། ལེགས་པར་ཞུགས་པ། འུན་་་་་ རིག་པར་ཞུགས་པ། འུན་་་་་་ དྲང་པོར་ཞུགས་པ། མཐུན་པར་ཞུགས་པ། འུན་་་་ ཐལ་མོ་སྦྱར་བའི་འོས་སུ་་་་་་” ཞེས་ཚིག་རྔ་བཅད་དེ། ལག་གི་ཀུ་ཤུ་དེ་དཔེ་ཁྲིའི་ཟུར་འགྲམ་ཞིག་ཏུ་ཤུགས་ཀྱིས་འཕངས་སོང་། ཁྲོག་་་ཅེས་གྲགས་པ་དང་ལྷན་དུ། དེའི་འདོམ་གང་ཙམ་གྱི་སྔོན་དུ་སྣུམ་ཤིག་ཤིག་གི་ཙི་གུ་ཞིག་དཔེ་ཆ་དག་གི་ཧྲག་བར་ནས་ལྡེམ་མྱུར་ངང་བང་ཁང་གི་བར་གསེང་ཞིག་ཏུ་འཛུལ་སོང་། དེ་ནི་རྫ་བར་དུ་རང་དབང་གིས་རྒྱུ་བའི་རི་དྭགས་ཤིག་གིས་གློ་བུར་བའི་མེ་མདས་སྒྲ་ཐོས་པ་དང་གཉིས་སུ་མེད།
སྐབས་དེར། དགེན་བྱང་སེམས་ཐུག་ཁྲོ་བའི་ཉམས་དང་བཅས། འོད་ཕྲུག་ལ་ཅེར་ནས། “ཅི་རེད། སྨྱོ་ལེ་རེད་དམ། ཙི་གུ་གསོད་པའི་གྲྭ་བ་ཞིག་ཡོད་དམ། གྲྭ་བས་སྲོག་གཅོད་དང་གཞན་ལ་འཚེ་བ་སྤངས་དགོས་པ་མིན་ནམ། བློར་འདོན་བཞིན་དུ་སེམས་པ་རྣལ་དུ་མི་གནས་ནས་་་་་”ཞེས་སོགས་སྐར་མ་བཅོ་ལྔ་ཙམ་ལ་བཀའ་བཀྱོན་གནང་སོང་། འོད་ཕྲུག་གི་སེམས་སུ། ཟླ་གཅིག་གི་སྔོན་ལ་ཕ་ལགས་ཀྱིས་ཉོས་དེ་བསྐུར་བའི་གཟན་ཤམ་གསར་བ་དེར་ཁུང་བུ་མང་པོ་ཕུད་མཁན་དང་། སྔོན་མའི་དབྱར་འཚམས་སྐབས་ཀྱི་རང་གི་ཆེས་འདང་ཆེ་བའི་རྩེ་སྤྱད་དག་ལ་སོ་རྨུག་མང་པོ་བྱེད་མཁན་དེ་དོ་ནུབ་མཐོང་བའི་ཙི་གུ་དེ་ཡིན་ངེས་བསམ་ཡང་། མགོ་བོ་སྨད་ནས་འདུག་པ་ལས་ཅི་ཡང་ལབ་མ་ཕོད། ཅུང་ཙམ་ནས་་་“ཐལ་མོ་སྦྱར་བའི་འོས་སུ་གྱུར་པ། ཕྱག་བྱ་བའི་འོས་སུ་གྱུར་པ། བསོད་ནམས་ཀྱི་དཔལ་གྱི་ཞིང་།”ཞེས་མུ་ནས་བློར་བཏོན།
དགེན་གྱིས་བཀའ་བཀྱོན་ནམ་བཀའ་སློབ་ལ་གནས་ལུགས་མེད་པ་མིན་ཡང་འོད་ལྡན་གྱིས་ཀླད་པས"གནས་ལུགས་ཨང་དང་པོར་མི་བརྩི་བར་ཚོར་བ་ཨང་པོར་བརྩི་བཞིན་ཡོད་པས"ཉིན་འགའི་རྗེས་ནས་དགེན་གྱིས་གསུང་བའི་སྐད་ཆ་དག་ཡེ་ནས་བརྗེད་ཟིན།
ད་ནི་ཙི་གུས་དཔུང་ཚོགས་ཁྲིད་ནས་དགྲ་ཤ་ལེན་པ་འདྲ་སྟེ། མཚན་མོ་དག་ལ་ཆུང་ཞིང་གུ་དོག་པའི་གྲྭ་ཤག་གི་གནམ་གཅལ་སྟེང་ནས་ཙི་གུ་འགའ་སྡུར་སྒྲ་དང་བཅས་ཡར་རྒྱུག་མར་རྒྱུག་བྱས་ཏེ་དགེ་སློབ་གཉིས་གཉིད་ལས་ཐེངས་མང་དཀྲོག་བཞིན་ཡོད། སྔ་དྲོ་དག་ལ། ཧ་ཅང་ཀྱང་ཆུང་བའི་ཇ་ཁང་ནང་གི་སྡེར་མ་དང་རྩམ་སྒམ་སོགས་ཀྱི་སྟེང་དུ་ཙིག་སྐྱག་ནག་ཐར་རེ་བཏང་འདུག་ཅིང་། ཤིན་ཏུ་ཁ་བའི་དྲི་ཞིག་ཀྱང་ཚོར་ཐུབ་པས་ཁོ་ཚོས་གཅིན་རྩེད་བྱས་ཡོད་པ་ཐག་ཆོད་རེད། འོད་ཕྲུག་ཞེ་གཏིང་ནས་ཙི་གུས་སྟེང་ལ་སྤོ་ལང་བ་སྨྲ་མི་དགོས་མོད། ཅུང་ཙམ་ལྷོད་ལ་ཕབས་ནས“དགེན་་་འུ་གཉིས་ཀྱིས་ཙིག་སྒམ་ཞིག་ཉོས་དེ་བཞག་ན་དགའ་འམ་་་”ཞེས་དྲིས་མོད། དགེན་བྱང་སེམས་ཤིན་ཏུ་བག་ལྷོད་ངང་ཅི་ཡང་མི་སྨྲ་བར་ཁ་ཏོན་གསུང་བཞིན་བཞུགས་འདུག འོན་ལྡན་གྱིས་སླར་ཡང་། “ཡང་ན་ཙིག་ཁུང་གི་སྒོ་གཏན་ཨེ་ཐུབ་བལྟས་ན་་་་”ཞེས་དྲིས། དགེན་བྱང་སེམས་ཀྱིས་འོད་ལྡན་ལ་ཕུར་ཚུགས་སུ་བལྟས་ཏེ། “ཙིག་ཁུང་གི་སྒོ་གཏན་ཨེ་ཐུབ་བལྟས་པ་ལས་ཁོང་ཁྲོའི་སྒོ་གཏན་ཨེ་ཐུབ་བལྟས་ན་བཟང་རེད”ཞེས་ལན་བཏབས། ད་ནི་འོན་ལྡན་ཅི་བྱ་གཏོལ་བྲལ་གྱུར་ཏེ་ཙི་གུ་དང་ལྷན་དུ་འཚོ་བ་མི་རོལ་ཀ་མེད་བྱུང་བ་འདྲ།
ལོ་ཟླ་ཡུན་རིང་འགོར་སོང་། ཙི་གུས་སྔར་བཞིན་ཐུབ་ཚོད་ཀྱིས་ཚུར་ལ་གནོད་འཚེ་གཏོང་བཞིན་འདུག་ལ། འོད་ཕྲུག་གིས་ཀྱང་སྔར་བཞིན་འཁོན་སེམས་དང་བཅས་དགེན་བྱང་སེམས་ཀྱིས་མི་མཐོང་ས་ནས་ཙི་གུ་དག་ལ་སྒོལ་ལན་སྤྲད་བཞིན་ཡོད། འདི་ནི་འཛམ་གླིང་དམག་འཁྲུག་ཅིག་ལ་དཔེ་འཇོག་མི་འོས་ཀྱང་། མཐུན་པ་མེད་པའི་གཟའ་ཟླ་གཉིས་ཀྱི་ལོ་ཟླའི་ཁ་འཛིང་དང་ཁུར་འཛིང་ལ་དཔེ་འཇོག་བྱས་ཀྱང་ཆོག་ངེས་ཡིན། ཡ་མཚན་པ་ཞིག་ལ་ཙིག་གུས་བསམ་གཟས་དེ་འོད་ལྡན་གྱི་གོས་སོགས་ཅ་ལག་དག་ལ་གནོད་འཚེ་གཏོང་བ་ལས། དགེན་བྱང་སེམས་ཀྱི་གོས་སོགས་ལ་དེ་ཙམ་གནོད་འཚེ་གཏོང་བཞིན་མེད་པ་འདྲ།
དགོང་མོ་ཞིག་ལ། འོད་ལྡན་གྱིས“དགེན་་་ཙིག་གུས་ངའི་དཔེ་ཆ་དག་གཏོར་ཞིང་གཏེད་ཀྱིན་འདུག ད་དུང་། རྔུལ་གཟན་གྱི་སྣེ་མོ་ལ་སོ་རྨུགས་མང་པོ་བྱས་འདུག”ཅེས་ལབ། དགེན་བྱང་སེམས་ཀྱིས“ཁྱོས་ངའི་མི་མཐོང་ས་ནས་ཙིག་གུ་དག་གི་སྲོག་ལ་ཡང་གནོད་འཚེ་གཏོང་བཞིན་ཡོད་ན། ཁོ་ཚོས་ཁྱོའི་དཔེ་འགའ་གཏེད་ན་ཅི་རེད་་་་”ཅེས་ཅུང་ཙམ་ཁྲོ་ཉམས་དང་བཅས་གསུང་། འོད་ལྡན་གྱིས“ངས་ཙིག་གུ་བསད་མེད”ཅེས་ལབ་མོད། སྐད་གདང་ལ་འདར་སྐད་ཅིག་ངང་གིས་འདྲེས་འདུག དགེན་བྱང་སེམས་ཀྱིས“ངས་ཤེས་་་ ཁར་ཉིན་དཔལ་འབྱོར་ཁྱེད་གཉིས་ཀྱིས་ཅི་སྒྲུབ་ཚང་མ་ངས་གསལ་པོ་ཤེས་ཡོད། མ་ཟད། དེའི་སྔོན་ལའང་ངས་ཅོག་ཙེའི་ཞབ་ནས་ཙིག་གུ་ཞིག་གི་རྔ་ཤུན་ཁྲག་དང་བཅས་པ་ཞིག་དངོས་སུ་མཐོང་སོང་། ངས་ཁྱོད་དཔེ་ཆ་བ་ཆོས་པ་ཞིག་གིས་རང་ཤུགས་ངང་དེ་འདྲའི་གནས་ཚུལ་སྡུག་པོ་དག་འགྱུར་བ་གཏོང་ཨེ་མི་འོང་སྙམ་ནས་མ་གོ་ཁུལ་བྱས་པ་ཡིན་་་་་་་”ཞེས་ཞལ་ཕར་ལ་འཁོར་སོང་། འོད་ལྡན་གྱིས་སེམས་ལ། ཨ་ཡ་་་་་་་དཔེ་ཆ་གཏེད་པའི་གནས་ཚུལ་ཆུང་ཆུང་འདི་ངས་ཅིས་ཕྱིར་དགེན་ལ་ཞུ་རྒྱུ་དྲན་སོང་སྙམ་ནས་འགྱོད་པ་དྲག་ཏུ་སྐྱེས།
དེ་ནས་བཟུང་འོད་ལྡན་གྱིས་ཙི་གུས་གནོད་འཚེ་ལ་བཟོད་སྒོམ་བྱ་ཅི་ཐུབ་བྱེད་ཀྱིན་འདུག་ལ། ཙི་གུ་དག་གིས་འོད་ལྡན་གྱིས་མཐོང་ས་ནས་ཤོག་ཧྲིལ་དག་ཕར་ཁུར་ཚུར་སྐྱེལ་བྱས་ཀྱང་མ་གོ་ཁུལ་གྱིས་གུ་ཡངས་ངང་བཏང་སྙོམ་དུ་འཇོག་བཞིན་འདུག མ་ཟད། སྐབས་རེར་འོད་ལྡན་གྱིས་ཆེད་དུ་ཙིག་ཁུང་དག་གི་སྒོ་འགྲམ་དུ་ཟས་རིགས་སོགས་ཀྱང་གཏོར་བཞིན་འདུག དེས་རྐྱེན་གྱིས་ཡིན་ནམ་ཅི་ཆ་སྟེ། རིམ་གྱིས་ཙིག་གུས་ཀྱང་འོད་ལྡན་གྱི་ཟས་གོས་དག་ལ་གནོད་འཚེ་གཏོང་བཞིན་མི་འདུག་ལ། ཤིན་ཏུ་ཆུང་བའི་གྲྭ་ཤག་གི་ནང་དུ་ཡང་ནག་ཐར་རེ་གཏོར་བའི་ཙིག་སྐྱག་དང་ཤིན་ཏུ་ཁ་བའི་དྲི་ངད་དེ་དག་ཀྱང་ཇེ་ཉུང་རེད་་་་་་་་ ༢༠༢༣ ༦ ༡༨ཉིན་གྲུབ།
རྩོམ་སྒྲིག་པ། མྱི་གསར་བ།
མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།
Signature is customized by Netease