རྫོང་སར་རྩོམ་རིག ལྷུག་རྩོམ། ༣

    རྫོང་སར་རྩོམ་པ་པོ་མཐུན་ཚོགས།


རྫོང་སར་རྩོམ་རིག 
ལྷུག་རྩོམ། ༣


ཁམས་འོད་གསལ།  འབར་བློ་དཀར།  རབ་རྡོར།  བཞག་ཚ།
                          གཟི་ནག་པོ།  ཁམས་པ་རག་སྨྱོན།  ཕུང་གསུམ་པ།  མྱི་གསར་བ།

མི་སྒེར་གྱི་ཆོས་ལུགས།

               
ཁམས་པ་རག་སྨྱོན། ཚད་མ་གོང་མ།  
      ཞི་ཞིང་ལྷོད་ལ་དབེན་ཞིང་འཇགས་པའི་བས་མཐའི་དགའ་ཚལ་གྱི་བར་སྣང་དུ།  ཁུ་སིམ་གྱི་འཚོ་བའི་ཚོན་མདངས་འབྲི་བཞིན། རང་བྱུང་གི་ཁམས་ཆེན་མོའི་མཛེས་པ་ཡོད་རྒུ་འཚོལ་བཞིན་ཡོད་ཙང་། འདི་ནས་འཆི་བའི་ས་ཚིགས་སུ་ཐོན་རག་གི་བར་དུ། འདང་དང་བརྩེ་བའི་བྱིན་རླབས་ཀྱིས་དམ་དུ་འཁྱུད་པའི་སྨྱུ་གུ་ཡི་ཆུང་མ་འདི།  བདག་དང་བར་ཐག་རིང་བར་འགྱུར་བའི།  ལས་སྐལ་གྱི་ཞྭ་མོ་ནག་པོ་ཉིད།  ལས་གང་ལ་ཐུག་ཀྱང་གཏན་ནས་གྱོན་པར་མི་བྱའོ། ། མཐར་གཏུགས་ཏེ་བཤད་ན། འཇིག་རྟེན་གྱི་སྐྱེ་འགྲོ་ཡོད་དོ་ཅོག   རང་ཉིད་ཀྱི་འདོད་པ་ལྟ་བུའི་མི་ཞིག་བསྐྲུན་ཐུབ་པ་དེ་ནི།  ཤིན་ཏུ་ཤིན་ཏུ་ཤིན་ཏུ་གཅེས་སོ་ཞེས་པ་དེའོ།།
 
      རྡུལ་མཚོན་གྱི་བུ་ཡུག་འཚུབ་པའི། བར་སྣང་གི་གཡུལ་ས་དེ་ནས། རྨས་ཕོག་ཀྱང་ཁྲག་དམར་འཛར་མི་སྲིད་པའི་དྲི་བཞོན་གྱི་དམག་དཔུང་གིས། རང་དབང་གི་ཚེ་སྲོག་བཅད་པའི་ཆུ་འཛིན་ཆུན་པོ། རིངས་ཤིང་རིངས་པའི་ཟོལ་གྱིས་ཞེད་པོའི་ཁུར་ཁུར་ནས།  ཡར་ལ་འདུར་ཞིང་མར་ལ་རྒྱུག་ཏུ་བཅུག   ངང་ཚུལ་འདི་ཁོ་ནས།  གཞན་དབང་ཞེས་པའི་ཁ་ནག་མ་དེར། གཏན་ནས་མི་མོས་ཤིང་མི་དགའ་བར་བསྒྱུར་ཙང་།  ཚེ་སྲོག་གི་ཟེར་སྐུད་ཕྲ་མོ་ཇི་སྲིད་མ་ཆད་པར་གནས་རག་གི་བར་དུ། དབྱིག་འཛིན་མའི་པང་ཁུག་འདི་ནས།  རང་དབང་གི་ནམ་མཁའ་དང་། གུ་ཡངས་ཀྱི་སྐར་འོད་གཉིས། ཁོ་བོས་ལོངས་སུ་སྤྱད་ཆོག་པར་ཞུ། 
 
      འགྱེལ་ཡང་ཆོག་ལ་འགྲེང་ཡང་བླ་སྟེ། རང་དང་འཚམ་པའི་ཀྱག་ཀྱོག་གི་རྐང་ལམ་ཕྲ་མོ་འདི། རྡོག་པས་རིམ་གྱིས་བརྒྱུད་པར་འདོད་པའི། ཚོར་ཤེས་རྣོན་མོ་ཉིད། སུས་ཀྱང་མ་བསྐྱེད་ལ། གང་གིས་ཀྱང་མ་བསྐྲུན་པས། འདི་ནི་ཤིང་རྟ་མིན་ལ་ཉི་མའང་མིན། དེ་བཞིན་དུ་སྤྲིན་པ་ཡང་མིན་འགྲོ།   འདི་ནི། བྱང་ཐང་དུ་རྐང་རྗེས་སྤར་བའི་འབྲོང་གྲེ་སེ་ཡི་སྙིང་སྟོབས་ཤིག  འདི་ནི།   གངས་ཀྱི་འདབས་ནས་གངས་རིའི་རྒྱུད་མངས་དཀྲོལ་བའི་གངས་ཀྱི་གླུ་པའི་རྨི་ལམ་ཞིག །  དེ་བས། སྙིང་སྟོབས་ཀྱང་ཡིན་ལ་རྨི་ལམ་ཡང་ཡིན་པའི་དངོས་པོ་འདི།  སྐྱིད་སྡུག་གི་ལམ་སྣེ་གང་ལ་འཁོར་ཡང་། གཟི་མདངས་ཉམས་མི་སྲིད། དར་རྒུད་ཀྱི་ཉིན་མཚན་གང་དང་ཕྲད་ཀྱང་།  དྲོད་ཁོལ་ཡལ་མི་སྲིད།   ཀྱེ་ཀྱེ་ང་ཡི་བདེན་པ་ལགས། བདེན་པའི་དཔང་པོ་ལགས། ཅིས་ཀྱང་བདག་གི་མགོན་དང་དཔུང་དུ་འཚོ་ཆོག་པར་ཞུ།  
 
      རི་སུལ་དུ་སྨུག་པའི་མཚོ་མོ་འཁྱིལ་དུས། ང་ཡི་འཇིག་རྟེན་ནི་སྐྱ་ཐིང་ཐིང་ཞིག   དེར་བརྟེན།  སྨུག་པའི་མཚོ་མོ་དང་བདག་གི་དྲན་གདུང་གཞི་གཅིག་ཏུ་འདྲེས།  འོན་ཀྱང་རིམ་གྱིས་རིམ་གྱིས་སྨུག་པ་ནི། རི་སུལ་གྱི་ཕ་རོལ་ཏུ་ཞོགས།  རེད་དེ།  དྲན་གདུང་འདི་ལ། དེངས་མཐའ་ཞིག་གཏན་ནས་མི་འདུག   ཀྱེ་ཀྱེ།   སེམས་ཀྱི་ལྷ་མོ།   ཡིད་ཀྱི་མེ་ཏོག  ། ངའི་དྲན་པའི་ལས་སྐལ་གྱི་སྐུད་སྣེ་ཐོགས་ས། ངའི་དད་འདུན་གྱི་འོད་སྣང་འབར་བའི་གསེར་གྱི་མཆོད་ཀོང་།  འདི་ནས་འཆི་རག་གི་བར་དུ། ཡང་ན་སྐྱེ་བ་གཞན་དུ། ཡང་ན་ཚེ་རབས་ཐམས་ཅད་དུ།  ཁྱེད་དང་ཁྱེད་ཀྱི་ཁྱད་པར་ནི།  བདག་ཡིད་ཀྱི་མཁའ་མཐར་རུ། མཛེས་པར་བཀྲ་བའི། རྟག་བརྟན་གྱི་འཇའ་ཚོན་ཞིག་ཏུ་ཐེ་རུང་བས།  ཁྱོད་ཀྱི་ཡོད་ཚད་ལ་ཁོ་བོས།  འགྱུར་མེད་ཀྱི་འདང་བརྩེ་རྣལ་མ་ཞིག་ཅིས་ཀྱང་གླན་ཆོག་པར་ཞུ།
 
      སྙན་ངག་མིན་ཡང་སྙན་ངག་ཅེས་གླེང་གིན།  སྙན་ངག་གི་ཁམས་སུ་སྙེག་པའི་ཨ་ཕོ་ལགས།  བདེན་པ་ནི་གསེར་ཡིན་པས་བཙོ་སྦྱངས་བྱས་པས། རང་མདངས་ཇེ་ཡག་ཡིན་པ་ནང་བཞིན། ཐ་སྙད་ཀྱང་གསེར་ཡིན་པས། དེ་བཞིན་དུ་དགོས་པའི་ཆོས་ཉིད་འདི་ངོ་ཤེས་པར་བྱ་དགོས།   དེས་ན་འབྲི་ཡ་འབྲི་ཡ་ཟུངས་ཁྲག་སྤྱད་དེ་འབྲི་དགོས་པ་ཐམས་ཅད་འབྲི་ཡ།  འབྲི་ཡ་འབྲི་ཡ་ཐ་སྙད་དང་ཐ་སྙད་བསྒྲིགས་ཏེ་འབྲི་དགོས་པ་ཐམས་ཅད་འབྲི་ཡ།  འབྲི་ཡ་འབྲི་ཡ། རིགས་ཀྱི་སྲོག་དང་རུས་པའི་རྐང་ལ་བརྒྱན་པའི་མཛེས་ཆོས་ཡོད་དོ་ཅོག  མཚན་མོའི་གནམ་ཐང་གི་རྒྱུ་སྐར་ཟོལ་གྱིས་འཛམ་གླིང་ས་ཁྲའི་སྟེང་དུ་མ་འདྲེས་པར་གསལ་ཞིང་གསལ་བར་འབྲི་ཡ། མདོར་ན་ཟུངས་ཁྲག་ཟད་རག་གི་བར་དུ་འབྲི་ཡ།   འབྲི་དགོས་པ་ཐམས་ཅད་འབྲི་ཡ།    ལས་སྐལ་འདི་ཅིས་ཀྱང་བདག་དང་དབྱེར་མེད་དུ་འཚོ་ཆོག་པར་ཞུ། 
 
      ཕ་སྐད་མ་ཡིག་འདི་མེད་ན། མི་རིགས་དེ་ནི་རི་སུལ་གྱི་ན་བུན་བཞིན་ཚུགས་ཐུབ་པ་ཞིག་མེད་ལ།   མི་རིགས་དེ་གཙང་འགྲམ་གྱི་ལྦུ་བ་ལྟར་ཡང་སྙིང་ཅི་ཡང་མེད།  དེ་བས། ས་མཐོ་རི་གཙང་གི་ཡུལ་གྲུ་ཞིག་ཏུ་གཞིས་ཆགས་པའི། བོད་མི་རིགས་ཀྱི་སྲོག་དང་རུས་རྐང་དུ་གྱུར་པའི་ཕ་སྐད་མ་ཡིག་འདི།  ཅིས་ཀྱང་གཅེས་པར་སྐྱོངས་མཛོད་གངས་འདབས་ཀྱི་ལོ་ཆུང་ཚོ།   གསན་པ་བྱུང་ངམ། ངའི་མི་རིགས་ཀྱི་རུས་རྐང་འཛིན་ཞིང་ངའི་འབྱུང་འགྱུར་ལ་དྲོད་ཁོལ་སྟེར་བའི་གངས་ཀྱི་ན་གཞོན་རྣམས། ཁྱེད་ཅག་སྐྱེ་བ་འདི་ནས་སྐྱེ་བར་བརྒྱུད་པའི། སྐྱེ་བ་ཐམས་ཅད་དུ་གངས་རིའི་ཞིང་ཁམས་སུ་སྐྱེས་ཤིང་། གངས་རིའི་ལྗོངས་ཀྱི་ཆོས་དཔལ་རིག་གསུམ་གྱི་རྒྱལ་མཚན་དགུང་དུ་སྒྲེང་སྟེ།  གངས་རིའི་བླ་དང་སྲོག་ལ་དྲོད་ཁོལ་སྩོལ་གྱིན།  གངས་ཁྲོད་འདི་དང་གཏན་ནས་མི་གྱེས་པའི།  སྨོན་འདུན་གཙང་མ་ཞིག་ཅིས་ཀྱང་འབུལ་ཆོག་པར་ཞུ།   ཅིས་ཀྱང་འབུལ་ཆོག་པར་ཞུ།    
 
      འུ་ཅག་ཡོད་དོ་ཅོག་འཆི་བ་ཞེས་པའི་ལམ་བུ་དོག་མོ་དེ་ནས་བཞུད་དགོས་ངེས་ཀྱི"ལམ་འགྲོ་བ"ཁེར་རྐྱང་ཞིག་ཡིན། དེས་ན་གཙང་བོ་ལྟ་བུའི་དུས་ཚོད་འདིས་ལོ་དང་ཟླ་བའི་ཤོག་སྣེ་རེ་རེ་ནས་བཀླགས་ཏེ།  འུ་ཚོའི་མིག་སྔུན་དུ་མཇུག་མཐར"འཆི་བ"ཞེས་པའི་དུག་གི་མེ་ཏོག་འདི་ཁོ་ན་བསྐྱེད་པར་བྱ་ངེས། འོན་ཀྱང་ངང་ཚུལ་འདི་ལ་འཁང་ར་དང་ལེ་འདའ་མེད་ལ། སྡུག་ཡུས་དང་སྨྲེ་ངག་གཏན་ནས་མེད།  འདི་ནི་བརྒྱུད་རིམ་ཞིག་སྟེ། བྱིས་པ་བྱིས་པ་གླེང་གིན་ན་གཞོན་གྱི་གྲལ་ལ་ཐོན་ཞིང་། ན་གཞོན་ན་གཞོན་གླེང་གིན་དར་མའི་གྲལ་ལ་ཐོན་པ་དང་། དར་མ་དར་མ་གླེང་གིན་རྒས་པའི་གྲལ་ལ་ཐོན་ཞིང་།  རྒས་པ་རྒས་པ་གླེང་གིན་འཆི་བའི་མུན་དོང་དུ་ལྷུངས་པའི་མི་ཚེའི་བརྒྱུད་རིམ་ཞིག་གོ ། 

གློ་བུར་དུ་ཆུང་གྲོགས་ཞིག་དྲན་པ།

                       
འབར་བློ་དཀར། མངོན་པ་གོང་མ། 
གློ་བུར་དུ་སྤྱི་ཚོགས་ཞེས་པའི་དོང་ཞབས་མེད་དེའི་ནང་དུ་ལྷུང་ཞིང་།  འཚོ་བའི་མནར་གཅོད་ཀྱིས་ཡང་ཡང་གཙེས་བཞིན་པའི་གྲོགས་པོ་ཞིག་ཡིད་ལ་འཁོར།  ཆུང་ནས་འདྲིས་ཤིང་འགྲོགས་པའི་རྣམ་པ་དག་གཅིག་རྗེས་གཉིས་མཐུད་ཀྱིས་ཕྱི་དྲན་གྱི་ཡོལ་བའི་ངོས་ནས་འཆར་ཙམ་བྱས་པས།  དྲན་གདུང་གི་ཚོར་བ་སྐྱུར་མོ་ཞིག་གིས་ལུས་ཀྱི་བ་སྤུ་རེ་རེ་ནས་ཟིན་ཙམ་བྱུང་།  ལོ་ཟླ་ཟེར་བ་ནི་གོས་རྙིང་བརྗེས་པ་བཞིན་བྱས་ཏེ་དུས་ཚོད་ཀྱི་མཐའ་འདི་ལ་བསླེབས་ཀྱང་།  བརྩེ་འདང་མེ་ཏོག་གི་འདབ་མ་རྙིང་དུ་མེད་པ་འདི་ཉིད་ཡིད་གར་འོང་བ་ལ་ཨང་།   མི་རྣམས་གཏིང་རིང་བའི་ཡིད་ཆེས་ལ་སུན་པ་སྐྱེས་ཏེ་ཨ་གསར་ཚ་བོ་བྱེད་པར་གོམས་པ་དང་།  འགྱུར་མེད་སྲ་བརྟན་གྱི་བརྩེ་བ་ཞེས་པ་ནི་ཆུ་ནང་གི་རི་མོ་བཞིན་མེད་པར་སྙམ་པའི་ངན་གཤིས་སྡུག་པོ་ཞིག་ཁོག་ལ་འཛུལ་བཞིན་པའི་དུས་རབས་འདིར།  གྲོགས་ཀྱིས་ངང་རྒྱུན་རིང་པོའི་སྒོ་ནས་དུས་དང་དུས་སུ་བཅོས་མིན་གྱི་བསམ་པའི་ཀུན་སློང་གིས།  འཚམས་འདྲི་དང་སེམས་གཏམ་ལྷུག་པོར་གནང་བའི་དྲིན་གྱི་བུ་ལོན་ཁུར་དུ་ལྕི་བ་ཞིག་བྱུང་།
 
ངོས་ནི་གྲོགས་པོ་ཞེས་པ་དེར་དམིགས་གསལ་གྱིས་མཐོང་ཆེན་བྱེད་མཁན་གྱི་གྲས་ཤིག་ཡིན།  རང་གི་མི་ཚེ་ནང་འཕྲད་པའི་གྲོགས་པོ་རེ་རེར་ལྷག་བསམ་རྣམ་དག་གིས་བརྩེ་བ་བཅོས་མ་མ་ཡིན་པ་ཞིག་འཇོག་ཅི་ཐུབ་བྱས་པ་ཡིན་ལ།  ངས་གྲོགས་པོ་ཞེས་པ་ནི་རང་གི་འཚོ་བའི་སྡོང་གྲོགས་ཁོ་ནར་ངོས་འཛིན་པའམ།  ཡང་ན་དགོས་དུས་རྡོ་རྗེ་དང་མི་དགོས་དུས་གདོན་རྫས་ཞིག་ཏུ་ངོས་འཛིན་བྱེད་མཁན་གྱི་དག་ནི་མི་མ་རེད་ཨང་བསམ་གྱིན་ཡོད།  དེ་དག་ནི་རྣོ་ལྕགས་དང་ཨར་འདམ་ལས་བཟོས་པའམ།  ཡང་ན་འཕྲུལ་མི་ཞེས་པ་དེ་དང་འདྲ་བར་ཁོ་ཚོ་ལ་མི་སེམས་ཞེས་པ་ཞིག་ཡོད་པ་མ་རེད་བསམ་པ་ཡིན།  དེ་བས་ངོས་ཀྱིས་གྲོགས་པོ་ཞེས་པ་ནི་འཁོར་བའི་མྱ་ངམ་ཐང་ཆེན་པོ་འདི་ནས་ཡིད་ཆད་དང་སྐྱོ་གདུང་གིས་གཟིར་བའི་སེམས་པར་ཚེ་སྲོག་གི་གསོན་ཤུགས་ལྷག་མ་རེ་བསྩལ་མཁན་ལ་ངོས་བཟུང་ཡོད་ཅིང་།  རེ་ཐག་ཆད་པའི་སེམས་པ་སྙི་མོ་དེ་བྲང་ཁ་ནས་མར་ལྷུང་དུས།  ཡང་ཡང་ལག་པས་སྐྱོར་མཁན་དེ་ཡང་གྲོགས་པོ་ཞེས་པ་དེ་ཉིད་ཡིན་པ་ལས་གཞན་ནི་སུ་ཡང་མིན་ནོ་སྙམ།  མ་གཞི་ང་ཚོའི་མཐའ་འཁོར་གྱི་མི་དག་ནི་ང་ཚོའི་འཇིག་རྟེན་དུ་ལྗོངས་རྒྱུ་ཐེངས་གཅིག་ཕེབ་པ་དང་འདྲ་བར།  དུས་ཚོད་ཀྱི་མདའ་ཁ་ཡང་ཡང་དཀྱུས་མཐར་ཁོ་ཚོ་ཕྱིར་རང་རང་གི་གནས་སུ་ལོག་ངེས་ན་ཡང་།  དུས་གཏན་དུ་ཁྱེད་རང་སྐྱུར་ནས་མི་འགྲོ་བ་ནི་གྲོགས་པོ་ཞེས་པ་དེ་ཉིད་ཡིན་པར་འདོད་ཡོད། 
 
ཁྱེད་དང་ང་གཉིས་ནི་ཐོག་མར་རྩེད་རྭ་གཅིག་གི་ནང་ནས་མཉམ་དུ་འཚར་ལོངས་བྱུང་ཤིང་།  བྱིས་དུས་རྨི་ལམ་གྱི་སྐར་ཚོམས་ཁྲ་མོ་དྭངས་གཙང་ཡིད་ཀྱི་ནམ་མཁའ་རུ་མཉམ་དུ་བཏབ་པ་རེད།  འུ་གཉིས་དེ་དུས་ནས་བགྲོད་ལམ་མི་གཅིག་པ་རེ་རེ་གདམས་ཡོད་པར་ངེས་ཏེ།  སོ་སོའི་ནང་སེམས་ཀྱི་གཤིན་ས་ཡངས་པོ་དེར་མཛེས་སྡུག་གི་སྐྱེད་ཚལ་མི་འདྲ་མི་འདྲ་བ་རེ་རེ་བཞེངས་བསྐྲུན་བྱས་ནས་ཡོང་བ་རེད།  ཆུང་དུས་སུ་ལོ་ཟེར་བ་ནི་བསམ་གཟས་ནས་ག་ཤེད་ཅིག་ན་གཅིག་གིས་བཟུང་བཟུང་ལ་བསྡད་ཡོད་པ་དང་འདྲ་བར་ཆེ་རུ་འགྲོ་རྒྱུ་མེད་པའི་དུས་ཚོད་ཀྱི་ནང་དུ།  འུ་གཉིས་ཀྱིས་མཉམ་དུ་རང་ཉིད་ཆེ་རུ་འགྲོ་བར་རེ་སྒུག་བྱས་ཤིང་།  ཆེན་པོར་ཆགས་རྗེས་འདི་དང་དེ་བྱེད་རབ་སོགས་བཤད་ནས་སྟོང་བསམ་གྱིས་དུས་འདའ་ཐབས་བྱས་པ་ཡིན།
 
ད་ལྟ་འུ་གཉིས་ནར་སོན་ཞིང་འགན་འཁྲི་དང་སེམས་ཤུགས་ཡོད་ཚད་ཀྱི་ཁུར་གྱིས་མནན་ནས་བཀྲག་མདངས་འཚེར་བའི་ལང་ཚོ་དང་།  དཔའ་ངར་མཆེད་པའི་གཞོན་པའི་སྣང་བར་ཉམས་ཉེས་ཕོག་པའི་དུས་ཚོད་ཀྱི་བར་མཚམས་འདི་ལ་ཐུག་དུས།  “ལོ་ཟླ་ནི་ཅི་འདྲའི་མགྱོགས་པ་ལ་ཨང་།” “མི་ཚེ་ཟེར་བ་ནི་སྐད་ཅིག་ཙམ་ལས་མི་འདུག་”ཅེས་གཅིག་གིས་གཅིག་ལ་སེམས་གསོ་ལྟ་བུ་རེ་བྱེད་དགོས་བྱུང་ཞིང་།  “ང་རང་ལོ་ན་ཆེར་སོང་བ་དང་ལྷན་དུ་འགན་འཁྲི་དང་གནོན་ཤུགས་འདྲ་མིན་གྱིས་དྭངས་གཙང་གི་སེམས་པ་སྙི་མོ་ཆག་ཀྲུམ་དུ་བཏང་ཡོང་བ་སྔོན་ནས་ཤེས་ན།  ང་རང་ནར་མ་སོན་ན་ཡང་ཞེ་བསམ་པའི་གཏིང་ནས་འཐད་པ་ཡིན་ཟེར་དུས།"  “ང་ཡང་དེ་བཞིན་ཡིན་”ཞེས་མཉམ་དུ་འཁང་ར་རེ་ཡང་མི་བྱེད་ཀ་མེད་བྱུང་།  ད་ལྟ་ནི་ལོ་ཟེར་བ་དེ་ཉིད་ག་ཤེད་ཅིག་ན་གཅིག་གིས་བསམ་གཟས་ནས་ཡར་འཐེན་གྱིན་ཡོད་པ་དང་འདྲ་བར་མྱུར་སྟབས་ཀྱིས་ཟད་ཅིང་སྐད་ཅིག་གིས་རྫོགས་པར་ཕངས་སེམས་ཤིག་ཀྱང་སྐྱེ་འོང་མོད།  ཆོས་ཉིད་གཤིས་ལུགས་ཀྱིས་གྲུབ་པའི་བརྟན་རླིང་གི་ངང་ཚུལ་འདི་ཉིད།  སུས་ཀྱང་ཟློག་པར་མི་ནུས་པའི་མི་ཡུལ་གྱི་བདེན་པ་ཁོ་ན་དེ་ཡང་ཡིན་ངེས་ཨང་། 
 
མ་འོངས་པ་ནི་རབ་རིབ་མག་མོག་ཏུ་གྱུར་བའི་དངོས་ཡོད་ལས་རྒལ་བའི་སྒྲུང་རིང་ཞིག་དང་འདྲ་བར།  སུས་ཀྱང་ཚོད་བགམ་གྱིས་ཐག་ཆོད་བྱེད་ཐུབ་པ་ཞིག་མ་ཡིན་མོད།  གུས་པའི་མི་ཚེའི་འདས་མ་ད་གསུམ་ལ་ཁྱེད་ཀྱི་ཟིལ་མངར་གྱི་ཕྱུགས་པའི་སྙིང་གཏམ་དང་སླད་མེད་ཀྱིས་བརྩེ་བས་ཁྱབ་ཐུབ་པར་རེ་བ་བྱེད་བཞིན་ཡོད།  ཉོབ་ཅིང་རྫོབ་པའི་སྤྱི་ཚོགས་ཀྱི་འདམ་རྫབ་དཀྱིལ་ནས་ངས་དྲི་བསུང་ཁྱེར་བའི་མེ་ཏོག་གི་བསུང་ངད་ཅིག་སྣོམ་ཐུབ་པར་རེ་བ་བྱེད་བཞིན་ཡོད།  བརྩེ་སེམས་ཀྱི་ཆུ་མོ་གཏན་དུ་ལྡོག་པ་མེད་པར་རྒྱང་ནས་རྒྱང་དུ་བཞུར་ཏེ།  འཇིག་རྟེན་གྱི་མུ་མཐའ་མེད་པའི་གྲུ་ཁ་རུ་བསྐྱོད་ཐུབ་པར་རེ་བ་བྱེད་བཞིན་ཡོད།  བརྩེ་ལྡན་གྱི་གྲོགས་པོ་ལགས།  ངས་ཁྱེད་རང་གཏན་དུ་རང་གི་འགྱུར་མེད་ཀྱི་གྲོགས་པོ་ཞེས་པ་དེ་ཉིད་ཡིན་པའི་ཡིད་ཆེས་ཀྱང་སེམས་ལ་དམ་པོར་བཟུང་ཡོད་དོ། །
                    2022  4  24
རིན་མ་འཕྲོད་པའི་རྣ་ཉན་ཆ་གཅིག་བོར་སོང་། 
 
                རབ་རྡོར། མངོན་པ་འོག་མ།
      ༡  ༽ ངས་རྩོམ་ཡིག་འདི་མ་བྲིས་གོང་དུ་རྣ་ཉན་ཆ་གཅིག་གི་འབྱུང་ཁུངས་མདོར་ཙམ་རྗོད་པར་བྱེད། འདི་ནས་ཡར་བརྩིས་པའི་ཞག་མ་བཅུ་ཕྲག་གཉིས་ཀྱི་སྔོན་ན། རང་སེམས་སུ་གློ་བུར་གྱི་འདོད་རྔམ་ཞིག་གིས་རྐྱེན་པས་རྣ་ཉན་ཆ་གཅིག་ཉོ་འདོད་སྐྱེས་ཤིང་། དྲྭ་ལམ་གྱི་ཅ་དངོས་ཉོ་སའི་མ་ལག་ཅིག་ཏུ་མྱུལ་བས་རྒྱུ་སྤུས་བཟང་ལ། གློག་ཡང་འདང་ཡུན་རིང་བའི་ངོ་སྤྲོད་ཡི་གེ་ཤིག་ལ་བློ་འཁེལ་ནས་རང་གི་སྒོར་ཁུག་ནང་ནས་གོར་མོ་༡༡༩.༦༧རྗེས་སུ་སྤྲད་རྒྱུ་བྱས་ནས་ཉོས་པ་ཡིན། ཉིན་བཅུ་མ་འགོར་ཙམ་ནས་ལག་ཏུ་སོན་ཐུབ་པར་བྱུང་ངོ་།། 
 
      ༢ ༽ བསམ་ཚོད་མ་ཐེག་པའི་སྐབས་དེར་ངའི་སྒོར་ཁུག་ཏུ་གོར་མོ་བརྒྱ་ཕྲག་གཉིས་ལྷག་ཡོད་ནའང་། ཅ་དངོས་གཞན་ཞིག་གི་ཆེད་དུ་གོར་མོ་བརྒྱ་ལྷག་སྔུན་དུ་སྟོར་བ་ཡིན། འདང་ངེས་པའི་ཕོ་ཚོད་ཀྱིས་འབྱོར་ལན་སྤྲིངས་ཤིང་། རྒྱུས་མེད་རྒྱུས་ཡོད་ཀྱི་ཚུགས་ཀྱིས་བཟང་ངན་མཚོན་བྱེད་དུ་སྐར་མ་བཞི་མནན་པ་ཡིན་མོད། གོར་མོ་སྤྲད་རན་པའི་བརྡ་ཞིག་གློའུ་ངོས་འཆར་རྗེས། ཤེད་ཀྱིས་གསང་གྲངས་རེ་རེ་བཞིན་གསལ་བོར་མནན་ནའང་། ངའི་སེམས་སུ་འཆར་དཀའ་བའི་( འདང་མི་འདུག) ཅེས་པའི་ཚིག་འབྲུ་གསུམ་གསལ་ལམ་མེར་དོད། ང་ནི་དོགས་པའི་ཀློང་དུ་ཚུད་དེ་སྒོར་ཁུག་ལ་ནན་གྱིས་བལྟས་པས་གོར་མོ་༡༠༤.༩༤ལས་ལུས་མེད་པར་མཐོང་། ང་ནི་ཅི་བྱ་གཏོལ་མེད་དུ་ལུས་པར་གྱུར་ཏོ།།
 
      ༣ ༽ ད་དུང་ངས་གནད་དོན་གལ་ཆེན་ཞིག་གསལ་བཤད་ཐུབ་མི་འདུག དེའི་ཚེ་དེའི་དུས་ན་ངའི་འཕྲིན་ཕྲན་དུ་ཁུག་དམར་ལེན་ཐབས་མེད་པའི་གནས་ཚུལ་ཞིག་བྱུང་ཡོད། དེ་ནི་ངའི་ཐོབ་དཔང་དང་འབྲེལ་བ་དམ་པོར་ཡོད། ང་ལ་ཐོབ་དཔང་རང་ལོ་བཅུ་གཅིག་ཐོག་ཏུ་བརྒྱབས་པ་ཞིག་ལས་མེད། སྐབས་དེར་ཐོབ་དཔང་ཆོག་ཆན་སྤྲད་མཁན་གྱི་ལས་བྱེད་པ་ག་གེ་མོས་བཤད་པ་ལྟར་ན། ངའི་ཐོབ་དཔང་གིས་མི་ལོ་ལྔ་ལས་གོ་ཆོད་མི་སྲིད། དེ་ནས་གསར་དུ་བརྒྱག་དགོས་ཞེས་ཐག་ཆོད་པོས་བཤད། འོན་ཀྱང་ཐོབ་དཔང་དེ་མི་ལོ་བཅུ་གསུམ་ལ་བེད་སྤྱོད་བྱས་འདུག་ལ། གསར་དུ་མ་བརྒྱབས་ཀྱང་ཆོག་པར་འདུག་གོ།།
 
      ༤ ༽ འོན་ཀྱང་། ད་ལོར་རང་དོན་ག་གེ་མོ་ཞིག་གིས་རྐྱེན་པས་གསར་དུ་དཔར་པ་ཡིན། ཐོབ་དཔང་ཞིག་གསར་དུ་དཔར་བ་ལ་དཀའ་ངལ་ནི་ཚོད་མི་འདུག སྔ་ཕྱིར་ཆེད་དུ་རྫོང་ཐོག་ལ་ཐོབ་དཔང་དཔར་ཆེད་ཐེངས་གསུམ་བསྐྱོད་ཅིང་། ཐེངས་དང་པོར་ཉི་མ་བདུན་དང་། ཁྱིམ་ཐོ་དང་ཐོབ་དཔང་དཔར་ཁག་ཏུ་འགྲོ་ཐེངས་ལྔ་ལྷག་བྱས་ཤིང་། ཞུ་བ་ཅི་ཞིག་བྱས་རུང་ལས་བྱེད་པ་དག་གི་ངོ་གདོང་ལ་འཛུམ་ཞིག་དོད་པའི་གོ་སྐབས་མ་རྙེད། ཐེངས་གཉིས་པའི་འགྲོ་ཐེངས་གཅིག་ལ་རེ་བ་མེད་པའི་སྐད་ཆ་ཞིག་གིས་སྣང་མེད་མི་བྱེད་ཁ་མེད་དུ་གྱུར། ད་ཐེངས་ནི་ཐེངས་གསུམ་པ་ཡིན། ཐེངས་འདི་ལ་ཁྱིམ་ཐོ་དང་ཐོབ་དཔང་དཔར་ཁག་ཏུ་ཐེངས་བཞི་སོང་བ་ཡིན་ལ། ཐེངས་རྗེས་མར་གདུབ་རྩུབ་ཅན་གྱི་དྲི་བ་ཁག་གི་ལན་བཏབ་རྗེས་དཔར་ཆོག་པའི་ཆོག་ཆན་ཐོབ་ཅིང་། པར་དང་ཐོ་འགོད་སོགས་བྱེད་གྲུབ་སྟེ་རྗེས་སུ་ཡང་བསྐྱར་མི་དངོས་པོ་ཐོན་ནས་མཛུབ་གུའི་ཐོག་ཏུ་ཁྲག་ལེན་ཏེ། ཐེལ་ཚེ་བརྒྱབས་རྗེས་ལེན་ཆོག་ཅེས་པའི་བརྡ་ཐོབ་བོ།། 
 
      ༥ ༽ ང་ནི་སློབ་གླིང་དུ་ཡོད་པས་རྫོང་ཐོག་ཏུ་འགྲོ་བར་དཀའ་ངལ་མང་པོར་བརྒྱུད་དགོས་པས་ཐོབ་དཔང་ལོན་ཐབས་མ་བྱུང་། ཐོབ་དཔང་གསར་དུ་སླེབས་པའི་རྟགས་སུ་སྔོན་གྱི་ཐོབ་དཔང་གིས་ཐོ་འགོད་བྱས་པ་དག་ཐོབ་དཔང་གསར་པས་གསར་དུ་ཐོ་འགོད་མ་ཐུབ་ཚེ་བེད་སྤྱོད་མི་ཐུབ་པར་བྱས་འདུག དེ་བས་ངའི་འཕྲིན་ཕྲན་དང་སྒོར་ཁུག་ལ་དཀའ་ངལ་འདི་འཕྲད་ནས་ཡོད་ཅིང་། དཀའ་ངལ་འདི་སེལ་མ་ཐུབ་པའི་ལན་པས་རྣ་ཉན་ཆ་གཅིག་གི་རིན་པ་སྤྲད་ཐབས་གཏན་ནས་མ་རྙེད་དོ།། 
 
      ༦ ༽ རིན་མ་འཕྲོད་པའི་རྣ་ཉན་ཡ་གཅིག་བོར་སོང་། ངལ་གསོའི་ཉིན་དེར་ཕ་ཡུལ་གྱི་གྲྭ་གཞོན་ཁྱུ་གཅིག་དང་མཉམ་དུ་སྤྲོ་སྐྱིད་ཀྱི་ཆེད་དུ་གླིང་ཁར་སོང་། བྲོ་རྡུང་། གཞས་གཏོང་། དཔར་བརྒྱབས། རྒྱུགས་རྩལ་འགྲན། ཐིག་འཕགས་བྱས། གནམ་ལ་འཕར། ས་ལ་འཛུལ། སྐད་ཆ་བཤད། འོན་ཀྱང་རྣ་ཉན་ལ་ཇུས་ཏོག་མ་ཐུབ། ཕྱིར་རང་ཤག་ཏུ་འབྱོར་རྗེས་རིན་མ་འཕྲོད་པའི་རྣ་ཉན་ཡ་གཅིག་ཡོད་པ་ནས་མེད་པ་དང་། མེད་པ་ནས་གཏན་མེད་དུ་གྱུར་འདུག རང་སེམས་སུ་རིན་མ་འཕྲོད་པའི་ཆ་དངོས་ཀྱི་ལན་ཆགས་སེམས་སུ་ཤར། བུ་ལོན་གྱི་སྣང་བ་གདོང་ལ་དོད་ནས་དཔོག་དཀའ་བའི་ལས་འབྲས་ཀྱིས་སྐྱེན་པ་སྟེར་རོ་སྙམ་མོ།། 
 
      ༧ ༽ དེ་རིང་ཁ་བ་འབབ་ཀྱིན་པའི་ཕྱི་རོལ་དུ་རོལ་དབྱངས་ལ་ཉོན་ཞོར་ཆས། ཡང་བསྐྱར་རིན་མ་འཕྲོད་པའི་རྣ་ཉན་ཡ་གཅིག་བོར་སོང་། རང་སེམས་སུ་སྐྱེངས་དགོས་པ་ཞིག་ལ་ཡང་བསྐྱར་ལན་ཆགས་དང་བུ་ལོན། ཚོད་མི་ཐིག་པའི་ལས་འབྲས་རེད། རྗེས་སུ་རིན་མ་འཕྲོད་པའི་ཆ་དངོས་དག་བདག་ལ་བེད་སྤྱོད་ཡོད་མི་སྲིད་སྙམ། དེ་ནི་གནམ་རྒན་མའི་བཀའ་བཀོད་མིན་པར་ལས་དབང་གི་དྲང་བདེན་ཞིག་ཏུ་རློམ། མཐོ་དམན། བཟང་ངན། ཆེ་ཆུང་། མཁས་བླུན། ཡོད་མེད་ཐམས་ཅད་ལས་དབང་གི་དྲང་བདེན་ཞིག་ཏུ་སེམས། དེ་བས་རྗེས་མའི་འབྲས་བུ་ལེགས་ཉེས་ནི་སྔོན་གྱི་ལས་ལ་རག་ལས་པའང་རྟོགས། འདི་ནི་རིན་མ་འཕྲོད་པའི་རྣ་ཉན་ཆ་གཅིག་གིས་བདག་ལ་གསང་བའི་གནས་ལུགས་ཤིག་གི་གོ་བརྡ་སྤྲོད་ཚུལ་ལོ།། 
 
      ༨ ༽ ངོ་ཚར་མི་འཇིགས་པའི་མི་ཞིག་གི་སྤྱོད་པ་ལས་ལུགས་དང་མཐུན་པའི་དོན་ཞིག་འབྱུང་བ་དཀོན་ལ། ཁྲེལ་འཛེམ་མེད་པའི་མི་ཞིག་གི་ངོ་གདོང་ལ་ངན་སྨད་ཀྱི་རྣམ་པ་སྟོང་ཐོན་རུང་བརྗིད་ངེར་འགྱིང་ཚུལ་ལ་བལྟས་ན། རང་ཉིད་ལ་ལས་འབྲས་ལ་ཡིད་ཆེས་པའི་སེམས་བྱུང་ཞིག་ཡོད་པས། མི་ཞིག་ཏུ་བརྩི་ཆོག་གམ་སྙམ་པའི་སྤོབས་པ་བྱུང་ལ། དེ་ནི་རིན་གྱིས་མི་ཁུག་པའི་ཤེས་རབ་ཅིག་ཏུ་རློམ་སེམས་སྐྱེས་སོ།། 
   བོད་རྒྱལ་ལོ་༢༠༥༠དང་རབ་བྱུང་བཅུ་བདུན་པའི་མཛེས་བྱེད་ཆུ་མོ་ཡོས་ལོའི་ནག་པ་ཟླ་བའི་ཡར་ཚེས་བརྒྱད་ལ་རང་ཤག་ནས།  

ཨ་ཅག་ལ་ཕུལ་བའི་ཚིག
 
                   ཁམས་འོད་གསལ།  ཕར་ཕྱིན་གོང་མ།
       ལོ་ཟླ་བའི་དུས་ཚོད་ནི་ཅི་འདྲའི་མགྱོགས་ཨང་། ལོ་ཆུང་དུས་ཀྱི་ཉིན་ཞག་ནི་མིག་རྡེག་པ་ཙམ་གྱིས་བུད་སོང་བ་དང་འདྲ་བོ་བྱུང་། དཔྱིད་དུས་སུ་འོ་སྐོལ་གྱི་ཕ་མའི་མཉམ་དུ་ཞིང་ནང་ས་བོན་འདེབས་པ་དང་དབྱར་ཁར་ཞིང་གསེབ་ཏུ་སྲན་མ་བཏོགས་པ། སྟོན་ཁ་ལ་སྲན་ནས་སོགས་ཁྱིམ་དུ་བསྐྱལ་བ་ད་དུང་དགུན་དུས་སུ་གྲོང་པའི་ཆུ་ཁར་འཁྱག་ཐོག་ཏུ་ཤིང་ལེབ་མོ་ཞིག་གི་སྟེང་དུ་འདུག་ནས་ཡར་འདྲེད་མར་འདྲེད་བྱེད་པ་དེ་དག་ཀྱང་ད་ལྟ་སེམས་སུ་དྲན་པ་ཙམ་ཡང་དཀའ་ཁག་ཏུ་གྱུར། ཡིན་ཡང་ང་རང་བྱམས་ཀྱིས་སྐྱོང་པ་དང་བརྩེ་བས་རུམ་པ་ནི་ཁྱིམ་གཅིག་མིན་པའི་ཨ་ཅག་ཁྱེད་རང་ཡིན་པ་སེམས་ཀྱིས་རྟོགས་བྱུང་ལ་དྲན་པས་དཔོག་ཀྱང་ཐུབ།

       གང་ལྟར་འུ་ཅག་ཆུང་དུས་ལ་སྣང་བ་གཅིག་དང་མི་གཅིག་པའི་གོ་རིམས་ལས་ད་ལྟར་འཚོ་བ་གཅིག་དང་མི་གཅིག་པ་གཉིས་སུ་གྱུར།  དེ་ཡང་ཁ་ཐག་རིང་བའི་འཚོ་བ་ཞིག་མིན་པ་གྲོང་སྡེ་གཅིག་ཏུ་འཚོ་ཆོག་པའི་ལས་དབང་གིས་བཀོད་པ་གནང་། ཉིན་འདི་དག་གི་དྲན་སྣང་དུ་ཁྱེད་ནི་སྙིང་ཉེ་བའི་སྲིང་མོ་གཞན་དང་མི་འདྲ་བ་ལྷག་ཏུ་སེམས་སུ་འཆར་སླ་ཞིང་ངག་ཏུ་བརྗོད་པ་མང་བའི་ཨ་ཅེ་དེ་ཡིན་ཨང་།
 
       མ་གཞི་ནས་འུ་ཅག་གི་དམ་ཚིག་དང་མཐུན་ལམ་ནི་གཞན་སུ་ལའང་ངོམ་ཆོག་ཆོག་དང་བཅོས་མིན་གྱི་གཞིས་ཀ་ཞིག་ཡོད་པས་ནང་སེམས་སུ་རྟག་ཏུ་དགའ་སྤྲོས་ཁེངས་ཡོད་ལ་གཏན་དུ་བདེ་བས་ཁྱབ་ཀྱང་ཡོད། བདག་གི་ཕ་མས་ཟེར་ན“ཁྱེད་ཚོ་ལོ་ན་ཆུང་དུས་ཨ་ཅེ་ཡིས་སྐྱིད་སྡུག་མཉམ་མྱོང་བྱས་ནས་རང་གི་ཟ་འཐུང་ཡང་ཁྱེད་ཚོ་ལ་སྦས་གསང་མེད་པ་མང་ཤོས་དེ་སྦྱིན་ཡོད”་ཅེས་རྣ་ལ་གོ་བ་ཉུང་ཉུང་། ད་ལྟ་ཡང་ཡང་བསམ་ན་འུ་ཅག་ནི་གཉེན་ཉེ་ཙམ་ལས་ཁྱིམ་གཅིག་དང་ཕ་མ་གཅིག་གི་མིང་སྲིང་མིན་ཕྱིར་ལྷག་ཏུ་ཁྱེད་ལ་དགའ་བ་དང་བརྩེ་བ་རྒྱས་ཐུབ།
 
        གཞན་ཡང་། སྲིད་པའི་འདུ་འཛི་ཁྲོད་དུ་གཅེས་གཅེས་དང་བཟང་བཟང་བྱེད་མཁན་ནི་རང་ལ་མཚོན་ན་དྲིན་ཆེན་ནང་གི་རྩེ་མོ་དེ་ཡིན་ཞིང་ལྷག་ཏུ་རང་ཉིད་ལ་ལུས་རྟེན་འདིར་སྙིང་ཉེ་བའི་ཨ་ཅེ་མང་པོ་ཞིག་མེད་པས་ཁྱེད་ལྟ་བུའི་རེ་ཟུང་ལ་དགའ་ཞེན་དང་འདང་ཞེན་ཆགས་ཀྱང་འོས་ཡོད། དེ་ཡང་ཁྱེད་ལ་ངོ་དགའ་དང་ཚུལ་འཆོས་ཤིག་གི་རྣམ་པ་གཏན་ནས་མིན་པས་རྟག་ཏུ་གློ་སྙིང་གི་དབུས་སུ་ཉར་ཞིང་དྲན་པའི་གཏིང་དུ་ཟུག་ངེས། ཨ་ཅེ་ལགས། ཁྱེད་ལ་སྙིང་བརྩེ་བ་དང་བློ་དཀར་བ་དག་གིས་ཉིན་ཞག་གཅིག་དང་ཟླ་ངོ་རེ་གཉིས་ཙམ་མིན་པ་ཡུན་རིང་ཞིག་ནས་ལུས་སེམས་བདེ་ཐང་དང་དགའ་བདེའི་སྤྲོ་སྐྱིད་ཀྱི་ངང་དུ་འཚོ་བ་རོལ་ཐུབ་པའི་རེ་བ་ཉི་ཟེར་ལས་གསལ་ཞིང་སྨོན་ལམ་ལྷ་ཚོགས་ཀྱིས་བཏབ་པ་བཞིན་སེམས་ཀྱིས་འདེབས། 
 
        ད་དུང་བྲེལ་འཚུལ་གྱི་འཇིག་རྟེན་འདི་ལས་བརྗེད་ཚར་བ་དང་དྲན་དཀའ་བའང་ཤིན་ཏུ་མང་བས་སྙིང་ཉེ་བའི་ཨ་ཅེ་ཁྱེད་ཀྱིས་བྱམས་པའི་མིག་གི་ལྟ་སྟངས་དང་བརྩེ་བའི་སེམས་ཀྱིས་རུམ་སྟངས་སོགས་གློ་བུར་དུ་དྲན་པའི་སེམས་ཚོར་རེ་ཟུང་ལས་ཤོག་ངོར་ལ་ཕབ་ཐབས་མ་བྱུང་། ཁོ་བོའི་སེམས་ལའང་ཁྱེད་ལ་ཡིད་འོང་གི་འཚོ་བ་དང་དྭངས་གཙང་གི་གཞིས་ཁྱིམ་དུ་རྟག་ཏུ་བདེ་ལེགས་དང་གཏན་དུ་ཕུན་ཚོགས་ཀྱིས་འཚོ་བ་ལས་ཅི་ཡང་བསམ་པ་མེད། མཇུག་མཐར། ཨ་ཅེ་ཁྱེད་ཀྱི་བསམ་དོན་འགྲུབ་ཅིང་རེ་བའི་ཕུགས་བསམ་མངོན་དུ་འགྱུར་ཐུབ་པར་ཤོག་ཅིག་གུ །
མ་བསྡུས་ལས་ཀྱི་སྟབས་ཀ་འགྲིགས།
 
             ཕུང་གསུམ་པ། ཤེར་ཕྱིན་གོང་མ། 
       བརྩེ་བའི་ནང་མི་ལགས”གལ་སྲིད་ང་ལ་ཐོག་མ་ནས་བསྡམ་ཀ་ཡོད་ན་ཁྱེད་ཀྱིས་གཉོམ་སྐྱོང་ང་ཡིས་དང་ལེན་གཏན་ནས་བྱེད་མི་སྲིད་དེ། ང་རང་སྐྱེས་མ་ཐག་ཁྱེད་ལ་སྡུག་བསྔལ་གྱི་ས་བོན་ཚད་མེད་ཞིག་བཏབ་ཚར།
 
        རྟོག་བཏགས་ཀྱི་ཐ་སྙད་གཅིག་གི་ཡང་ཡང་བཅིངས་པའི་ཕ་ཡུལ་གྱི་ནང་མི་དག་གིས་བརྩེ་སེམས་ནི། དཔེ་མཚོན་རེ་ཟུང་གཅིག་གི་འགྲེལ་བཤད་བྱེད་ཐབས་གཏན་ནས་མེད། སྐབས་རེ་ཅི་ཡང་མི་ཁོམ་བཞིན་ཕ་ཡུལ་གྱི་ནང་མི་དྲན། 
 
       ཉིན་ལྟར་བྲེལ་བའི་ཕ་ཡུལ་གྱི་ནང་མི་ལགས”ཁྱེད་ཅག་ཡང་ལྷོད་བབས་རང་བཞིན་གྱི་འཚོ་བ་ལ་ལོངས་སུ་སྤྱོད་མི་འདོད་པ་ནི་ག་ལ་ཡིན། བྲེལ་ཟིང་གི་རྗེས་སུ་རང་དབང་རྣམ་དག་གི་འཚོ་བ་ཞིག་ཡོད་པ་རྟེན་འབྲེལ་ཆོས་ཉིད་ཀྱི་གྲུབ་པར་མིན་ནམ། 
 
      ཨ་མའི་བྱམས་བརྩེ་ཡིས་བློས་བསླངས་དཀར། ཨ་ཕའི་གཞུངས་དྲང་གི་བློ་ཁོག་ཟབ། འཚོ་བའི་རྩོད་གླེང་གི་གཡུལ་ས་ཆེན་པོ་འདི་དང་གྱེས་རྗེས། ཉོན་མོངས་དུག་གསུམ་གྱི་མཁའ་དབུགས་འདི་དང་བྲལ་རྗེས། ལྷིང་འཇག་ནི་ཁྱོད་ཀྱིས་ཆེས་མཐའ་འཇུག་གི་དག་ཞིང་ཡིན་པའི་སྨོན་ལམ་གནང་རོགས། 
 
      ལོ་ཟླ་མཐུད་ནས་མཐུད་ཏུ་ཕྱིན། མི་ཚེ་གཙང་པོའི་བཞུར་རྒྱུན་དང་འདྲེས། ཇི་ཙམ་ཕྱིན་ཡང་ཕར་མཐའ་མི་མངོན། བྱེ་ཐང་དུ་ལུས་པའི་བེམ་རོ་ཇི་བཞིན། ཤ་ཁྲག་རུས་རྒྱུ་དོན་མེད་རླུང་འཚུབ་ཀྱི་ཁྲོད་དུ་ཟད། དེའི་རྗེས་ཤོར་ཟིན་པ་དག་མ་ཚོར། བོར་ཟིན་པ་དག་མི་བརྙེད། 
 
      ཚེ་རབས་ནས་ཚེ་རབས་ལ་རྒྱབ་པའི་སྨོན་ལམ་དེའི་མཐུས། སྐྱེ་བ་ནས་སྐྱེ་བ་ལ་བསགས་པའི་བསོད་ནམས་ཀྱིས་མཐུས། མ་བསྡུས་ལས་ཀྱིས་འཕྲད་པའི་མི”ང་ཚོ་འདུས་པ་ནི་འཚོ་བའི་སྙིང་པོ་རུ་སྒོམ་ཆོག 
 
     ད་ནི་རང་དབང་གི་འཚོ་བའི་སྙིང་པོ་ལ་ཡིད་སྨོན་འཆོར་བ་སུ་ལའང་གསང་ཐབས་མེད། གཞན་ངོར་བསྲུང་བའི་ཐབས་ལ་འབད་མི་དགོས་པར་ཞུ།
ཕ་ཡུལ། 
 
            གཟི་ནག་པོ། ཕར་ཕྱིན་གོང་མ། 
       ངས་གཞན་དག་ལ། དབྱངས་ཀྱིས་གང་ཡོད་ཞུས་མྱོང་། མཛེས་པས་ཁྱབ་ཡོད་ཀྱང་ཞུས་མྱོང་། ཚོད་ཚོད་ལ་མཐའ་དག་ཡིན་ཞེས་ཀྱང་ཞུས་མྱོང་ལ་ཞུའང་ཆོག ། ངོས་གཞན་ཞིག་ནས་ཁྱེད་ནི་རི་བོ་ལྟར་བརྗིད་ཅིང་གཙང་བོ་ལྟར་ལོ་རྒྱུས་ཀྱིས་ཕྱུགས་ཡོད། ཡང་ངོས་གཞན་ཞིག་ནས་ཁྱེད་ལ་གནམ་ནས་གསལ་མི་ཆོག་པ་དང་གཞན་ཀྱིས་མཐོང་མི་འོས་པའི་གསང་བའང་བླ་ལྷག་མང་། དེ་ལས་ཀྱང་ངོས་གཞན་ཞིག་ནས་ཁྱེད་ནི་ལག་དམར་ཞིག་ཀྱང་ཡིན་མྱོང་། ལག་རྩིབ་ཀྱི་རྐུན་མ་ཞིག་ཀྱང་ཡིན་མྱོང་། མཐར་ཞུས་ན་ཁྱེད་ནི་མྱི་ཡོད་དོ་ཅོག་གི་མཚན་མོར་སྦུ་ཆང་དང་ཁོ་ཧྥེ་སྤག་ཡ་ཡིན། རི་གྲོང་དང་ཁ་ཁར་ཕྱེས་ཚེ་ཁྱེད་ནི་རྒྱང་མིག་ཡང་ཡང་འཕན་ས་དེ་ཅི་ལ་མིན་ཨང་། ད་ལྟ་ང་ཡོད་ས་འདི་ཁྱེད་དང་ཐག་རིང་ཞེ་བཤད་ན་དེ་ཙམ་མི་འོས་པ་ཞིག་དང་། ཡང་ཐག་མི་རིང་ཞེས་བརྗོད་ན་ལེ་བར་བརྒྱ་ཕྲག་གིས་ཆོད་ཡོད། དེས་ངས་ཁྱེད་ལ་འཕྲིན་ཡིག་ཞིག་ཀྱང་འབྲི་མ་ནུས་དགོངས་དག ། 
 
       ཕ་ཡུལ་ནས་དེ་ཙམ་སྤྲོ་དོན། ས་རྒྱ་ཆེ་བས་མ་ཡིན། མྱི་ཚོགས་འདུ་ལོང་བྱེད་པས་དེ་ལས་ཀྱང་མ་ཡིན། ང་དང་ཕ་ཡུལ་གྱི་བར་ན་མེ་ཏོག་ལས་མཛེས་པའི་ལོ་རྒྱུས་དང་འཆར་ཡན་གྱིས་ཕྱུགས་པའི་རྩེད་ར་ཡོད། གཞོན་པའི་སྣང་བ་ཡོད། ང་དང་ལྷན་དུ་དར་བའི་གཡང་ནོར་ཡོད། ང་དང་ལྷན་དུ་འཚོ་བའི་ཆུང་གྲོགས་ཡོད། དེའི་ཕྱིར་ངས་ཕ་ཡུལ་ཞེས་གློད་ཐེངས་རེ་རེར་ང་ལ་སྨྲ་བསམ་བརྗོད་འདས་ཀྱི་འཚོ་བ་ཞིག་འཆར་འོང་། དེ་ལྟ་བའི་འཚོ་བ་དེ་ངས་སྣང་བརྙན་ལ་སྤྲོ་འཆར་དང་ངའི་སྙན་ངག་གི་བརྗོད་བྱ་དེ་ཡིན། གནས་དེ་ནས་ཨ་མས་ང་ལ་གཅིས་མྱིང་ཞིག་བཏགས་མྱོང་། ཨ་ཕས་ང་ལ་ནམ་རྒྱུན་བདག་ལ་དབང་བའི་གཡང་དཀར་གྱི་ལུག་ཁྱི་ཞིག་གཏེར་མྱོང་། དུས་དེ་ནས་ང་ཕ་ཡུལ་ལ་ལྷག་ཏུ་དགའ་ཞིང་ཕ་ཡུལ་ལ་སྤྲོ་སྣང་གིང་ཁེངས་བའི་མྱི་ཞིག་ཏུ་གྱུར་སོང་། ངས་ལྷག་ཏུ་ཕ་ཡུལ་ལ་སྙན་ངག་བྲིས་ཚེ་བརྗོད་བྲལ་གྱི་འཚོ་བ་ཏན་ཏན་རྡོལ་འོང་། 
 
      ས་མཐའ་ཞིག་ལ་སླེབས་ཚེ་ད་གཟོད་ཕ་ཡུལ་གྱི་མངལ་སྐྱུར་ཁ་གསུམ་དྲན་འོང་། ལས་ཀ་གང་ཞིག་ལ་ཞུགས་ཚེ་དེ་ལ་གོམ་འགྲོ་མོད། ཕ་ཡུལ་དང་བྲལ་དུས་སྐབས་སྐབས་ཀྱི་སྨེང་བ་དེ་དག་ལར་ནས་གོམ་རྒྱུ་ཞིག་མི་འདུག ། ང་རང་མ་གཞི་ཆུང་དུས་ནས་ཕ་ཡུལ་དང་བྲལ་ཞིང་ཕྱི་ཕྱོགས་ནས་འཚོ་བ་རོལ་བ་དེ་སྔ་མོད། སློབ་གླིང་སྣ་ཚོགས་དང་འཕྲད་ཅིང་ཁོར་ཡུག་སྣ་ཚོགས་དང་གདོང་གཏུག་མྱོང་། ད་ལྟ་བསམ་མནོ་བཏང་ཚེ་ཕ་ཡུལ་ཁོ་ན་དྲོད་ཁོལ་གྱི་ཕྱུགས་ཤིང་ཕ་ཡུལ་ཁོ་ན་ང་ལ་དབང་བའི་ལྷིང་འཇགས་ཀྱི་གནས་མལ་དེ་རེད་བཞག ། ཕ་ཡུལ་ཁོ་ན་སྙན་ངག་གི་འབྱུང་ཁུང་ཡིན་ཞིང་ཕ་ཡུལ་ཁོ་ན་ངའི་སྣང་བརྙན་གྱི་ཚངས་ཚིང་དེ་རེད་འདུག ། དེ་བས་ཕ་ཡུལ་ལགས་ཁྱེད་རང་འཚོ་ཞིང་གནས་པ་འདི་ང་ལ་མཚོན་ན་ཧ་ཅང་དགའ་འོས་པའི་གནད་ཅིག་ཡིན། ཕ་ཡུལ་ལགས། ཁྱེད་ཀྱི་ཆེས་མཐའ་མའི་ལོ་རྒྱུས་ལནས་མལ་ཏེ་རྟག་ཏུ་འཚོ་ཞིང་གནས་པ་དེ་ཡིན་ཆོག་པར་ཞུ། 

ཆར་ཞོད་འཇམ་པོ།

                       བཞག་ཚ། ཕར་ཕྱིན་འོག་མ།
 ཁྱེད་ནི་སུ་ཞིག་གིས་མི་ཡུལ་ལ་ཕུལ་བའི་དྲི་མེད་ཀྱི་ལྷ་ཆབ་ཡིན།  ཁྱེད་ནི་སུ་ཞིག་གི་མིག་ཀོང་ནས་བརྡོལ་བའི་དྲན་གདུང་གི་མིག་ཆུ་ཡིན།  ཁྱེད་རང་འདི་ལྟར་གྲག་འགུལ་ཅི་ཡང་མེད་པར་འཇམ་ལྷོད་ལྷོད་འབབ་དོན་ཅི་ཞིག་ཡིན་ནམ། ཁྱེད་རང་འཚུབ་སྣང་དང་འཇིགས་སྣང་མེད་པར་བདེ་སྣང་གིས་འབབ་དོན་ཅི་ཞིག་ཡིན་ནམ། ཁྱེད་ལ་སུ་ཞིག་གིས་སྙིང་སྟོབས་དང་གཟི་བརྗིད་སྩོལ་བ་ཡིན།  ཆར་ཞོད་འཇམ་པོ། ཁྱེད་ལ་འདི་ལྟ་བུའི་སྟོབས་ཤུགས་ཤིག་དང་ནུས་ཤུགས་ཤིག་སུ་ཞིག་གིས་སྟེར་བ་ཡིན།  ཁྱེད་ཀྱིས་མི་སེམས་ལ་དགའ་བ་བཙལ་ཞིང་སྐྱེ་འགྲོ་ལ་བདེ་སྐྱིད་བསྐྲུན། ཁྱེད་ཀྱིས་ས་གཞིར་བཀྲག་མདངས་འཚེར་ཞིང་མཛེས་སྡུག་སྤུད། 
 
ཆར་ཞོད་འཇམ་པོ། ཁྱེད་ཀྱིས་ས་གཞི་སྐམ་པོའི་པད་ཁུག་ན་འོད་ཡིང་གི་འཛུམ་མདངས་སྟོན་ཅིང་། ཁྱེད་ཀྱིས་མྱུ་གུ་དུ་མ་ལ་ཚེ་སྲོག་གི་སྙིང་པོ་བྱིན། སྟོང་བསམ་གྱི་པང་ཁུག་ན་རྩྭ་ཐང་དང་མེ་ཏོག་གིས་མཛེས་རྒྱན་སྤྲས། ཁྱེད་ཀྱིས་ན་གཞོན་དག་ལ་མི་ཚེ་ཟེར་བའི་མཛེས་སྡུག་གི་དུས་ཚོད་ལས་ཚེ་སྲོག་གི་རིན་ཐང་སྩོལ། ཁྱོད་ཀྱིས་འཚོ་བ་ཟེར་བའི་སྦྲང་རྩི་བཞིན་མངར་བའི་ཡིད་འོང་གི་བདེན་དོན་སྩོལ། ཁྱེད་ལ་དགུན་གཞུང་ཁ་བ་ལྷ་བུའི་གྲང་ངར་དང་ལྷག་རླུང་མེད་ལ། ཁྱེད་ལ་སྤྲིན་ནག་ལས་འཕྲོས་པའི་དྲག་ཆར་འབབ་པ་ལྟ་བུའི་འཇིགས་སྐྲག་དང་འུར་ཟིང་མེད། ཆར་ཞོད་འཇམ་པོ། ཁྱེད་ནི་ཅི་འདྲའི་ཞི་ཞིང་འདུལ་ལ་ཁྱེད་ནི་ཅི་འདྲའི་འཇམ་ཞིང་ངང་རྒྱུན་བཟང་། ཁྱེད་ནི་ཅི་འདྲའི་ཡིད་དུ་འོང་ལ་ཁྱེད་ནི་ཅི་འདྲའི་མཚར་ཞིང་སྡུག ཁྱེད་ལ་ད་དུང་ཉི་འོད་དང་འཇའ་ཚོན་དག་མཛེས་སྡུག་དུ་མའང་ཡོད།  
 
ས་ཆེན་གྱི་པང་གཞུང་ན་ངས་ཁྱེད་རང་རེ་སྒུག་གི་མིག་ཟུང་ཁྲོད་ནས་དགུན་ཟླ་གསུམ་ལ་སྒུག   ཆར་ཞོད་འཇམ་པོ། ཁྱེད་ནི་ངའི་དྲན་གདུང་གི་འདབ་མ་ལས་རྒྱས་པའི་རི་བོ་གངས་དཀར་དེ་ཡིན་ལ།  ཁྱེད་ནི་ངའི་རེ་འདུན་སྟོང་ཕྲག་གི་ཀློང་ན་ཟླ་འོད་བཞིན་འཛུམ་པའི་དྲན་ཤིང་དེ་ཡིན།ཁྱོད་ནི་ངའི་སྨོན་ལམ་གྱི་རི་རྩེར་འཛུམ་དམུལ་དམུལ་དུ་འཁྱིལ་བའི་གསེར་གྱི་ཉི་མ་དེ་ཡིན་ལ། ཁྱེད་ནི་ངའི་བརྩེ་དུང་གི་འགྱུར་མེད་རྟག་བརྟན་ལས་འཚེར་བའི་ཟླ་བ་གཞོན་ནུ་དེ་ཡིན་ལ། ཁྱེད་ཀྱི་གཤིས་ཀ་ལ་བལ་ལས་འཇམ་པའི་རང་མདངས་ལྡན་ཞིང་ཁྱེད་ཀྱི་སེམས་པ་དུང་ལྟར་དཀར་སེང་སེང་ཡིན།  ཁྱེད་ཀྱི་འཛུམ་ཆུང་གངས་ལས་དཀར་ཞིང་ཁྱེད་ཀྱི་རང་བཞིན་འཇམ་པོ་ཡིན།  ཁྱེད་ཀྱི་འཇམ་ལྷོད་ཀྱི་གཤིས་རྒྱུད་དང་ན་ཆུང་གི་ལང་ཚོ་ལ་ཁོ་བའི་སེམས་པ་ཤོར་སོང་། ཁྱེད་ཀྱི་ཡིད་འོང་གི་འཇོ་སྒེག་ལ་ཁོ་བའི་མིག་ཟུང་ཤོར་ཡོད།  ཆར་ཞོད་འཇམ་པོ། ཁྱེད་རང་ད་དུང་འབབ་དགོས། མུ་ནས་མུ་རུ་དབབ་རོགས། 
 

བྱ་ཁྱུ།                       

                མྱི་གསར་བ། མངོན་པ་གོང་མ། 
 
       རང་དབང་གི་གཤོག་པ་ཆ་གཅིག་ནམ་མཁའ་སྟོང་བའི་ཉི་འོད་དང་འདྲེས།  སྟོན་མཇུག་གི་གྲོ་ཞིང་ཁ་རུ་རིགས་མཐུན་ཁྱེད་ཅག་གི་འཚོ་བའི་རྒྱལ་ས་འཛིན་པ་གནས་སྐབས་ཙམ་ཡིན་ཡང་།  དེ་ནི་དཔུང་ལྡང་ཤུག་ཤུག་གི་རྟགས་མཚན་སྙིང་རྗེ་མོ་ཞིག་རེད་ཨང་།  ན་རོ་བཞིན་བསྐྱང་བའི་བྱ་ཁྱུའི་གཤོག་པའི་ཉམས་ལས།  འདི་སྣང་འཆིང་རྒྱ་གྲོལ་བའི་རང་དབང་གི་རྣམ་ཤེས་མཐོང་ཐུབ་ཅིང་།  འཇིག་སྐྲག་དང་རེ་དོགས་ལས་ཐར་བའི་ཚེ་སྲོག་གི་མཛེས་སྡུག་མཐོང་ཐུབ།  ལྗོན་ཚལ་གྱི་ཡལ་གའི་རྩེ་མོ་དང་།  བྲག་ཐེམ་གྱི་ཚང་ཕུག་མཐའ་དག་ཁྱེད་ཀྱི་བདེ་ཞིང་སྐྱིད་པའི་གནས་མལ་ཡིན་ལ།  སའི་གོ་ལའི་ལྷིང་འཇགས་ཀྱི་སྐྱེད་ཚལ་མཐའ་དག་ཁྱེད་ཀྱི་ཕ་ཡུལ་ཡིན།  ཁྱེད་ཀྱིས་བར་སྣང་སྟོང་བ་སྒྱུ་འཕྲུལ་གྱི་གར་སྟེགས་སུ་བསམ་ནས།  སྙན་འཇེབས་ཀྱི་གསུངས་སྙན་ཡང་ཡང་སྒྲོགས་ཤིང་།  གཤོགས་པའི་ཉམས་འགྱུར་གྱི་གར་ལ་རྩེན།  ཁྱེད་ཀྱིས་འཇིག་རྟེན་རྣམ་བཞག་སྒྲོ་བཏགས་སུ་ཤེས་ནས།  ཡུལ་གྱལ་འཆམ་འཆམ་ལ་གོམས་པར་བྱས་ཤིང་གུ་ཡངས་ལྗོན་ཚལ་དུ་འཚོ་གཞིས་ཀྱི་གནས་མལ་སྲུན་པར་བྱས།  དཔྱིད་ཚིགས་འདིར་ཁྱེད་རང་མཐོ་སྒང་དུ་ཕྱིར་སླེབས་ཤིང་རང་བྱུང་སྐྱེ་འཇུག་གི་གནས་ཚུལ་མགྲིན་པར་བཏེགས་ནས་སྨོན་འདུན་གྱི་སྒྲ་སྐད་སླར་ཡང་སྒྲོག  དེ་ལྟར་ན་བསམ་ན།  འགྲེ་འགྱུར་སྣ་ཚོགས་སྒྲོགས་པར་དགའ་བའི་བྱ་ཁྱུའི་ཚོགས་ནི།  རང་བྱུང་ལ་སྙིང་ནས་དགའ་ཞིང་རང་བྱུང་ལ་བསྟོད་པའི་བགྲིན་གླུ་འགུག་པའི་ཚེ་སྲོག་སྙིང་རྗེ་མོ་ཞིག་རེད།  དེ་བས་བྱ་ཁྱུ་ནི་འཇིག་རྟེན་འདིའི་རང་དབང་གི་མཚོན་རྟགས་གཅིག་པུ་དེ་ཡིན་ལ།  གསོན་པའི་ཚེ་སྲོག་གི་བརྡ་རྟགས་ཉག་གཅིག་ཀྱང་ཡིན་ནོ།།  
 
       བྱ་ཁྱུ།  བྱ་ཁྱུ།  སྒྲོ་གཤོག་གི་འགྱུར་ཁུག་དང་འཕུར་བསྐྱོད་ཀྱི་གཅོག་རྩལ་ལས།  རྒྱང་རིང་རི་ཆུ་གཅོད་པ་ངལ་དུབ་ཀྱིས་གདུང་བ་མི་སྲིད་དེ།  དུས་ཚོད་ཀྱི་མདའ་རྩེ་དང་འགྲོག་ནས་རང་དབང་གི་བྱ་ཁྱུ་ཉི་ནུབ་ཀྱི་རྗེས་བསྙེག་སོང་།  དེ་ལྟར་ཉི་ནུབ་ཀྱི་རྗེས་སྙེག་པ་ནི་སྨྲེང་བ་ཁུར་བའི་རྒྱང་བཞུད་ཙམ་མ་ཡིན་པར།  རེ་བ་དང་དྲོད་འཇམ་གྱི་ཆེད་དུ་འོད་མདངས་ཕྲ་མོ་ཙམ་ལའང་འབྲལ་མི་ཕོད་པའི་ངང་ཚུལ་ཁྱད་པར་བ་ཡིན།  བྱ་ཁྱུས་ཕྱོགས་བཞི་མཚམས་བརྒྱད་ཅེས་སྒྲོ་འདོག་བྱ་མི་སྲིད་ལ།  དཀར་སེར་དམར་ལྗང་ཞེས་རིགས་དབྱེ་བཀར་མི་སྲིད།  བྱ་ཁྱུས་འོད་ཟེར་ཕྲ་མོ་ནི་སྙིང་པོ་མཐོང་བྱེད་ཀྱི་མིག་ཏུ་འདོད་ཅིང་།  མིག་གི་རྩལ་ལ་བརྟེན་ནས་རང་དབང་གི་ཡང་སྙིང་འཚོལ་བར་བྱེད།  སྤྲིན་དཀར་གྱི་འདབ་མ་དང་འདྲེས་པའི་བྱ་ཁྱུའི་གཤོག་རྩལ་ནང་དུ།  དུས་ཚོད་ཀྱི་མེད་ལོང་དང་འོད་སྣང་མེད་ན་ཡང་།  ཚེ་སྲོག་གི་གནས་ལུགས་ཕྲ་མོ་ཕྲ་མོ་ཞིག་སྦས་འདུག་པ་འདྲ་སྟེ།  དེ་ནི་འཕུར་སྐྱོད་ལས་ཀྱང་ངོ་མཚར་བའི་རྟགས་མཚན་དམིགས་བསལ་བ་ལགས།  རང་དབང་དམིགས་བསལ་བ་ལགས།  མཛེས་སྡུག་དམིགས་བསལ་བ་ལགས།  
                       རྩོམ་སྒྲིག་པ། མྱི་གསར་བ།

           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease