༢༠༢༢ ༡༢ ༣༡

འཕྲུལ་མི།
ཁམས་པ་རག་སྨྱོན། ཚད་མ་འོག་མ།
མི་སྐད་སྨྲས་ཀྱང་མི་ཡི་འདུ་ཤེས་མེད་པ
མི་ལ་ལད་མོ་བྱས་རུང་བྱམས་བརྩེ་མེད་པ
མི་ལ་ཞབས་ཞུ་ནུས་ཀྱང་ལྷག་བསམ་མེད་པ
མི་ཚོགས་སུ་ཞུགས་ཀྱང་མི་ཡི་འགན་འཁྲི་མེད་པ
འཕྲུལ་མི འཕྲུལ་མི འཕྲུལ་ཆས་ཀྱི་མི
ཇི་ཙམ་ཇི་ཙམ་འདྲིས་རུང་འདྲིས་རྒྱུ་མེད་པ
འདྲིས་རྒྱུ་མེད་པས་བརྩེ་དུང་གི་འདུ་ཤེས་ཀྱང་མེད་པ
ཐུག་འཕྲད་བྱུང་ཡང་འཛུམ་མདངས་མེད་པ
བདེན་པར་སྨྲ་ཡང་ཤེས་རབ་མེད་པ
ལག་ཟུང་ཡོད་ཀྱང་རྩ་རྒྱུས་མེད་པ
འཇུག་ལྡོག་ཤེས་ཀྱང་སྲོག་དབང་མེད་པ
འཕྲུལ་མི འཕྲུལ་མི འཕྲུལ་ཆས་ཀྱི་མི
ཇི་ཙམ་ཇི་ཙམ་འདྲིས་རུང་འདྲིས་རྒྱུ་མེད་པ
འདྲིས་རྒྱུ་མེད་པས་བརྩེ་དུང་གི་འདུ་ཤེས་ཀྱང་མེད་པ
རེད མེད་འགྲོ་ས་དེ་འཕྲུལ་མི་རེད
ཕྱི་ཐག་དང་བསམ་ཤེས་ཀྱང་མེད
ཨོ་ད་དུང་འཕྲུལ་མི་ལྟ་བའི་འགའ་རེ་ཡང་ཡོད
འོན་ཀྱང་དེ་དག་ང་ཡི་གམ་དང་ཟུར་ན་མེད

སྙིང་ཉེ།
གཟི་ནག་པོ། ཕར་ཕྱིན་བར་པ།
གཡོ་ཟོལ་གྱི་ངར་ཤུགས་དེ
ལྷག་ཏུ་སེམས་སུ་འཚེར
མཐོང་མ་ཐག་པའི་ལུས་ཀྱི་འགྱུ་བ
དྲན་གདུང་གི་རྨ་ཁ་ལས་ནམ་ཡང་འཛར་གྱིན་པའི་རྣག
བཀོད་པ་སྣ་ཚོགས་ཀྱིས་གཡོལ་ཐབས་བྱས
གང་ལྟར་སེམས་སུ་ལྷག་ཏུ་འཚེར
མཐའ་དག་ལས་བཀོད་ཡིན་ཙང
འཚམས་འཚམས་སུ
ངའི་སྣང་ཚུལ་ལ་ཁྱོད་ཇག་པ་ཞིག་ཏུ་འཁྲུལ་གྱི་འདུག
འཐབ་འཛིང་སྣ་ཚོགས་ཀྱི་དུས་སུ
རྟག་ཏུ་བདག་ནི་ཁྱོད་ཀྱི་འུ་ལག་ཏུ་གྱུར་འགྲོ
སྙིང་ཉེ
ལོ་ཟླའི་འགྲུལ་བཞུད་ལ
ཕྱིར་འཐེན་གྱི་བཟོ་བཀོད་ཡོད་ཚེ
ང་ཡང་སྐྱར་ཁྱོད་ཀྱི་ཉེ་ལོག་ཏུ་འགྲེང་འདོད
སྙིང་ཉེ
ཡང་སྐྱར་ཁྱོད་ཀྱི་ཉེ་ལོག་ཏུ་སླེབས་ཚེ
ནང་སྙིང་གི་རྩ་ཡི་སྦུབས་ནས་ཐོན་པའི
ཚིག་འགའ་ཞིག་གིས་ཁྱོད་ལ་བྱ་ར་བྱེད་འདོད།
སད་ན་རན།
རྒོད། ཤེར་ཕྱིན་འོག་མ།
སྐྱོ་ཡུས་ཀྱི་གྱང་ཐེད་གཏོར།
སྨྲེང་བའི་ཀུ་ཅོ་མི་སྒྲོག
ལན་གཅིག་གི་མྱུ་གུ་ཕྲ་མོ།
བ་མོ་དང་ལྷགས་རླུང་ལ་གཏང་དོན་མེད།
མི་ཁའི་མུན་ལམ་ནས་སངས་ལ་རན།
ཐན་དུ་ལྟ་བའི་མིག་ལམ་ནས་སད་ན་རན།
མི་གཤིས་ཀྱི་གཉུག་མ་བོར་ཞིང་།
ཁྲེལ་གཞུང་མེད་པའི་སྤྱི་ཚོགས་ནས།
གང་ལ་ལྕེ་བསྣར་གྱིན་མགོ་བོ་བསྒུར།
སུ་ཞིག་གཉའ་ནས་གནོན་གྱིན་དཔུང་བ་འཁུར།
ཁེངས་དྲེགས་ཀྱི་ངར་ཁ་ཞི་ལ་རན།
རང་རློམ་གྱི་རས་ནག་དོར་ལ་རན།
རེ་འབྲས་ལ་སྒུག་པ་བསྐྱུར།
རང་མདུན་གྱི་འཕྲང་ལམ་བརྒལ།
སྒེའུ་ཁུང་ཀློང་གི་ཉི་འོད་བཞིན།
རང་གིས་རང་ཉིད་གསལ་དགོས།
ཕྱི་ཆད་ཀྱི་འཐེན་ཐག་ཆོད་ལ་རན།
མདུན་བསྙེག་གི་སྙིང་ཁོང་ཆེ་ལ་རན།

ཐོག་མའི་སྨོན་ལམ།
རྣལ།
སྐྱེ་འཆིའི་འཕོ་འགྱུར་ལ་འགོག་ཐབས་མེད་མོད།
དགའ་སྡུག་རེ་རེ་ཁྱོད་ཀྱི་བགོ་སྐལ་ལ་དབང་བས།
བསོད་ནམས་ཀྱི་འཛུམ་དཀར་བག་ལ་མི་ཞ་བར་སྨོན།
ཕུགས་བསམ་དང་དྲན་གདུང་ན་ཟུག་གིས་མནར་ན་ཡང་།
མི་ཚེའི་སྐར་ཕྲན་རེ་རེ་ཁྱོད་ལ་བློ་དཀར་བས།
ནག་འཐོམ་འཐོམ་གྱི་སྤྲིན་ནག་མི་འཁྲིག་པར་སྨོན།
བརྩེ་བའི་འཇའ་སྤྲིན་ལ་རྟག་བརྟན་མེད་པ་ཤེས་མོད།
རང་གི་འཇིག་རྟེན་ཧྲིལ་བོ་ཁྱོད་ལ་དྲིན་དུ་ཆད་པས།
འགྱུར་ཆེ་བའི་མི་རྟག་པ་ལོ་འདིར་མེད་པར་སྨོན།
སྟོང་ལྷང་ལྷང་གི་ནམ་མཁའ་ཡངས་ཤིང་ཆེ་ནའང་།
རླབས་ཆེ་བའི་དགའ་ཕྱོགས་ཤོང་དཀའ་འདུག་པས།
དེ་བས་དབྱངས་གསལ་གྱི་གཤོག་པ་ཆེ་རུ་བརྐྱང་བར་སྨོན།
ངེས་འབྱུང་སྤུ་སུད་མས་སྐྱོ་ཡུས་དྲངས་མོད།
རྒྱུ་སྐར་འདྲ་བའི་འཇིག་རྟེན་ལ་ཞེན་ཆེ་འདུག་པས།
མགོན་པོའི་གསུངས་དབྱངས་ལ་ཉི་ནུབ་མེད་པར་སྨོན།
༢༠༢༣ ༡ ༡

འོད་ཀྱི་བརླན་པའི་སེམས
གྱམ་སྙིང་ལྕགས། ཚད་མ་འོག་མ།
སྔོན་མདོག་གི་དབྱར་གཞུང
བསིལ་རླུང་དལ་བུ་ལྡང་བའི་དགུ་ཚིགས་རེར
ངས་བསམ་ཕྱོགས་ལྟར
རོལ་དབྱངས་དང་སྦྲང་ཆར་གཞི་གཅིག་ཏུ་འདྲིས
ང་ལ་འདི་ལྟ་བུའི་དུས་ཚིགས་རེ་རེས
འཁྲུལ་སྣང་གི་བཀག་རྒྱ་དབེན་པའི་སེམས་ཁམས་ཤིག་འཚོལ་དུ་བཅུག
ད་དུང
སྒེའུ་ཁུང་ཕྱིར་རོལ་གྱི་ཟླ་འོད་དང་མེ་ལྕེབས་ཚོགས་ཀྱིའི
ཡང་བསྐྱར་ངའི་འཚོ་བ་ལ་སྤྲོ་གར་གཞན་ཞིག་ཁྱེར་ཡོང
ཞོགས་པ་འདི
མིག་འབེན་གྱི་ཀྱ་ཀྱོག་ཆེ་བའི་ལྕགས་ལམ་ལ་ལྟ་དུས
ཉི་འོད་ནི་ངེད་གཉིས་ཀྱི་གདོང་ལ་ཕོག་ཟིན
ཕུགས་བསམ་དང་རེ་འདུན་གྱི་ཁེངས་པའི་ནང་སེམས་འདི་ལ
ཞི་འཇགས་དང་སོས་དལ་གྱི་རླུང་བུ་ཡང་དལ་བུ་ལྡང་ཙམ་གནང
ཞི་འཇགས་ཀྱི་རླུང་བུ་འདི
མི་ཚེ་རིང་མོ་འདི་ཡི་བདེ་སྐྱིད་ཀྱི་ཟུར་ཅིག་ཡིན་པ་བཤད་ན་ཆོག
2022/11/9
ཡར་འབྲོག་གཡུ་མཚོ།
ང་རང་ཁྱེད་ཀྱི་མདུན་ནས་རྒྱང་དུ་བཞུད་ཟིན་
ངས་ཡང་དུ་ཁྱོད་ཀྱི་བཞུར་རྒྱུན་མིག་གིས་འཚོ་ན་འདོད
འགྲུལ་བཞུད་ཀྱི་བར་གསེང བར་གསེང་ཀྱི་ཡར་འབྲོག
འབབ་ཚུགས་གྲངས་མེད་ཅིག་གི་ཁྲོད་དུ
ངས་ག་ལེར་ཁྱོད་ཀྱི་མཛེས་པ་རོ་མྱོང་བྱས
མཚམས་མཚམས་སུ་ས་སྲོད་མཚོན་བྱེད་ཀྱི་ཁྱོད་རང་སྙིང་དུ་སྡུག་ཨང
ས་སྲོད་ལྟར་ཁྱེད་རང་ག་ལེར་སེམས་སུ་ཐིམ་པས
ངའི་ཡིད་ཀྱི་མཚན་མོ་དང་རྨི་ལམ་འོད་དུ་འཚེར
༢༠༢༢•༦-༤ཉིན་ཀོང་པོ་འགྲོ་བའི་ལམ་བར་ནས།

སྟོན་མཇུག་གི་མཚན་མོ་ཞིག་ལ།
བཞད་དཀར། ཕར་ཕྱིན་གོང་མ།
ང་ཡི་འབུ་མེ་ལྕེབས
རླུང་ནང་གི་མར་མེའི་བར་ན་ཞ་བའི་གཤོག་པ་ཞིག
གྲིབ་གཟུགས་ཀྱི་དཀྱིལ་ལ་བྲིས་པའི་རི་མོ་ཞིག
འགུལ་གྱིན་འགུལ་གྱིན
མུན་ནག་གི་བར་སྣང་ན་སྟོང་འཕུར་བྱེད་པའི་རྣམ་ཤེས་ཤིག་ཆགས
ཁོ་བོའི་མིག་ནང་འདི
ཆར་ཐིག་ཅིག་ཡིན་ན་དལ་གྱིས
ཁྱོད་ཀྱི་གདོང་ལ་འོད་ལྟར་འཚེར་ནས
ཡང་ན་ཁྱོད་ཀྱི་སེམས་ལ་བག་མ་ལྟར་བླངས་ནས
མྱུ་གུའི་རྩེ་ལ་རི་མོའི་ཐིག་སྒྲ་སྔོན་དུ་ལྷུང་ན
ང་རང་ཤོག་ལེབ་ཅིག་ཏུ་འགྱུར་རམ
ཡིན་ན་ཡང བར་སྣང་འདི་ནས
སེམས་ལ་རྣ་བ་མེད་ཀྱང
གཤོག་པ་ཐོགས་པའི་འཕུར་ཆགས་ཤིག་ཡོད་འདུག

དྲན་འཁྲུལ་གྱི་ཕ་རོལ
གངས་འོད།
འོད་སྣང་མི་མཐོང་བའི་ལོ་ཟླའི་འདབ་ཁ་རུ
འཇིག་རྟེན་འཇིག་རྟེན་དུ་གྲུབ་པ་ནས
ངས་སེམས་ཀྱི་གསང་གཏམ་དག་རང་གཅིག་པུ་ལ་གྱེར་དགོས་བྱུང
ཆོས་ཉིད་ཀྱི་བར་ཐག་ཇི་ཙམ་རིང་ཡང
ནང་སེམས་སུ་བར་མེད་དུ་རྡོལ་བ་ནི
ངས་བོས་མྱངས་བའི་གཅེས་མིང་དེ་ཁོ་ན་རེད
མུ་མེད་པའི་ས་སྟོང་དེ་གར
མེ་ཏོག་དེའི་འདབ་མ་ཆེས་ཆེར་སྐྱེས་ཀྱང
ཁེར་རྐྱང་དུ་ལུས་པའི་གནར་གཅོད་ལ
ནམ་ཡང་སྣང་བ་ཡལ་ཐབས་མི་འདུག
ལན་རེར་སྦག་བཙོག་གི་ཟིན་པའི་མཛའ་འཕྲིན་མཐོང་ཐེངས་རེར
ཤུགས་ཆེན་པོས་སེམས་སོང་གི་མིང་དེ་ལན་མང་བོས་ཀྱང
སྨྲ་བརྗོད་ལས་འདས་པའི་མིག་ཆུའི་སྐྱོ་སྣང་ལ
སུས་ཀྱང་ཨ་ལན་སྟེར་ཐབས་མ་བྱུང
དུས་ཚོད་བཅུ་གཉིས་ཀྱི་སྟེང་དུ
ཐང་ཆད་པའི་རོལ་དབྱངས་ལན་མང་གཏོང་སྟེ
ད་ནི་སུ་ཡང་དྲན་མི་སྲིད་པའི་ཟོལ་གྱིས
རེ་ཞིག་བདེ་མོ་འཇོག་དགོས་བྱུང
2023/1/3 ཕ་ཡུལ།

སྟོན་ཁ་རྫོགས་སོང་།
སྨིན་ཚངས་སྲས། དབུ་མ་གོང་མ།
ཕར་གྱི་ཆུ་བོ་བཞུར་སྒྲ་དེ་སྔར་ལས་ད་རེ་ཇེ་མདའ་རུ་གྱུར་ཞིང
བསིལ་རླུང་བཙན་པོ་ཞིག་གིས་སྟོན་གྱི་ལོ་མ་རེ་རེ་ནུབ་ཕྱོགས་སུ་ཁྱེར་སོང
གནམ་གཤིས་ཉི་བཞིན་བསིལ་བར་འགྱུར་བ
ཁ་བའི་འདབ་མ་རིམ་པར་མཁའ་དབུས་སུ་བབས་པ
འདི་དག་ནི་དགུན་ཁ་སླེབས་བའི་རྟགས་ཤིག་རེད
མྱི་རྣམས་ཀྱི་འགྲིམ་བཞུད་བྱ་རྒྱུ་ཉུང་ངུ་ཉུང་ངུར་འགྱུར་འདུག
དབྱར་ཁ་དང་མི་འདྲ་བར་ལུས་པོ་འཁྲུད་ལུགས་ཀྱང་མེད་པར་ཆགས
མི་དག་གིས་གོན་པ་མཐུག་པོ་གྱོན་དགོས་ཤིང
ཁ་ཤུབས་དང་ལག་ཤུབས་རྒྱག་དགོས་ཐུག
འདི་འདྲ་བའི་སྟབས་མི་བདེ་བ་མང་པོ་ནི་དགུན་ཁས་བཟོས་བར་འདོད