རྫོང་སར་རྩོམ་རིག འཚོ་བའི་ཉིན་ཐོ། ༢

    རྫོང་སར་རྩོམ་པ་པོ་མཐུན་ཚོགས།


རྫོང་སར་རྩོམ་རིག
འཚོ་བའི་ཉིན་ཐོ། ༢

ཆུ་བོ། ཁྲག་གདོང་། རྨུགས་སངས་སྟོབས་ལྡན། 
གྲོལ། བཙན་མྱི་སད།
​                                 ཁམས་པ་རབ་རྡོར། ཕུང་གསུམ་པ། མྱི་གསར་བ། 

ཉིན་ཐོ།
       རྨུགས་སངས་སྟོབས་ལྡན། འདུལ་བ་གོང་མ།
 
གཟའ་པ་སངས།
དེ་རིང་ནི་ཡེ་སངས་སྡེ་བའི་དབྱར་སྐྱིད་ཉིན་གཉིས་པ་ཡིན། ཉིན་གུང་ཟ་མ་ཟོས་རྗེས་ཕལ་ཆེར་སྤང་རྒྱབ་ལ་སོང་། དབྱར་གྱི་སྤང་ལྗོངས་སྔོ་ལྟེམ་ལྟེམ་གྱི་སྟེང་དུ་དཀར་དམར་མེ་ཏོག་གི་འདབ་བརྒྱ་བཞད་ཅིང་ཡིད་འོང་གི་འཁོར་ཡུག་ཅིག་གྲུབ་འདུག །ལོ་ན་རྒན་པོ་རྣམས་ཉི་གདུགས་ཀྱི་བསིལ་གྲིབ་འོག་ཏུ་སེམས་པ་ལྷད་ལ་བབས་ཅིང་ཞེ་མཐུན་པའི་ཁ་བརྡ་ལབ་ཅིང་བཞུགས། ན་གཞོན་རྣམས་སྤང་ལྗོངས་སྟེང་དུ་བྲོ་འཁྲབ་པ་སྤོ་ལོ་འཕེན་པ་རྒྱུགས་འགྲན་སོགས་རྩེ་རིགས་སྣ་ཚོགས་རྩེ་བཞིན་གནས། སྐབས་ཞིག་ལ་ལ་ནི་བསིལ་གྲིབ་འོག་ཏུ་གཉིད། ལ་ལ་ནི་སྤང་ལྗོངས་དང་མཚོ་སོགས་ཀྱི་ཁ་དབུགས་རྔུབ་ཅིང་སེམས་པ་ལྷོད་གཡེང་དུ་གཏོང་བ་ཕེབས་བཞིན་འདུག །རང་རང་འདོད་མོས་ལྟར་སེམས་ཀྱི་བདེ་བ་འཚོལ་བཞིན་གནས་སོང་། ང་ལ་མཚོན་ན་དེ་རིང་གི་རྩེ་རིགས་རྣམས་ཀྱི་ནང་ནས་ཆེས་དགའ་ཤོས་ནི། བོ་མོ་ཆུང་ཆུང་”བསོད་ནམས་དབྱངས་སྐྱིད་”དང་ཆབ་རྡོ་འཕེན་པ་དེ་ཡིན། ཉི་ཀློག་གི་ཤེལ་ལེབ་ཀྱི་བསིལ་གྲིབ་འོག་ཏུ་རྒན་པོ་རྣམས་བཞུགས་འདུག་དེ་རུ་གྲ་མང་བརྩེས། བྱིས་དུས་ཀྱི་སེམས་ཁམས་ནི་གཡོ་སྒྱུ་དང་། རེ་དོགས་བྲལ་བའི་དངས་གཙང་གི་ཤེལ་དཀར་དང་མཚུངས་པ་མང་ཏུ་བཤད་པ་རྣ་བས་ཐོས་མྱོང་པ། དེ་རིང་དངོས་སུ་ཚོར་བ་སྦྱིན་སོང་། བོ་མོ་ཆུང་ཆུང་ཁོང་ནི་བྱིས་པ་ཀུན་དང་མཚུངས་པར། འདོད་ཆགས་དང་ལྡང་སེམས་རེ་དོགས་སོགས་སེམས་བྱུང་དྲི་མ་ཅན་གྱིས་མ་གོས་པར་སེམས་པ་ཤེལ་དཀར་འདྲ་བ་ཡིན་པའི་འབྲས་རྟགས་སུ། བཅས་བཅོས་མེད་པའི་ངག་གི་བརྗོད་པ་དང་ངོ་ཡིས་འཛུམས་མདངས་ཀྱི་ཤེས་འདུག །བཅོས་མིན་གྱིས་འཛུམས་མདངས་རེ་རེས་ང་ཡི་སེམས་པ་ནག་ནོག་རྣམས་གཙང་སེལ་རེ་བྱས། བཅོས་མིན་གྱིས་དགོད་སྒྲ་རེ་རེས་རྒྱུན་གྱི་རྣ་བར་ཐོས་གྲགས་ཅིང་ཕྲག་དོག་དང་ཟུར་ཟའི་ཚིག་གིས་བུ་ག་འགགས་ཡོད་པ་ལན་རེ་གཤོང་། མཇུག་མཐར་ང་ལ་བྱིས་དུས་ཀྱི་སེམས་ཁམས་འདི་འདྲ་བ་སྐྱེ་བར་ཤོག་ཅེས་སྨོན་ལམ་བཏབ། དེ་རིང་ང་ལ་མཚོན་ན་བྱིས་པ་ཆུང་ཆུང་ཁོང་དང་འཕྲད་པ་སྐལ་བ་རེ་བཟང་སྙམ་ནས་ཕྱིར་ལོག་ཡོང་། 
         ༢༠༢༢.༧.༡༥ནུབ་མོ་དགོན་པ་ནས་བྲིས། 
 
ཉིན་ཐོ།
ང་དེ་རིང་ཁྱིམ་ཚང་ཞིག་སར་ཆོས་འདོན་ཡོད། ཉིན་གུང་ངལ་གསོ་སྐབས་ཆོས་གྲོགས་རྣམས་ཀྱིས་ཁ་བརྡ་མང་ཙམ་གནང་ཐལ། དེའི་ནང་གི་གྲྭ་ཞིག་གིས་ཉི་ཧོང་གི་སྲིད་འཛིན་ལྐོག་བསད་བཟོས་འདུག་གསུང་། ང་ལ་ཚོར་བ་རྣོན་པོ་དེ་ཙམ་མ་བྱུང་། རྒྱལ་ཁབ་རྣམས་ཀྱི་སྲིད་འཛིན་མཐར་རུལ་སྲུང་གི་ལག་ཏུ་ཤི་འགྲོ་བ་ནི་གནས་ཚུལ་མང་ཙམ་ཞིག་ཐོས་པས་ཡིན་ཤས་ཆེ། ཚོགས་གྲོལ་ནས་རང་ཤག་ཏུ་སོས་དལ་གྱིས་ཁ་པར་ཞིག་བལྟས་པས། དྲྭ་ལམ་ཁག་ཏུ་ཉི་ཧོང་གི་སྲིད་ཟུར་ཤིན་ཛོ་ཨ་བྷེ་འདས་གྲོངས་སུ་སོང་བའི་མྱ་ངན་ཞུ་ཡིག་པར་དང་བརྙན་ཡི་གེ་མང་ཙམ་མཐོང་སོང་། གློ་བུར་དུ་ཁོང་འདས་གྲོངས་ཀྱི་པར་མཐོང་སྐབས་ངའི་སེམས་པ་ནག་འཐིབ་མེར་སོང་། ཁོང་གི་ལོ་རྒྱུས་ཆ་ཚང་མི་ཤེས་ཀྱང་། འབྲེལ་ཡོད་ཀྱི་གསང་བའི་ལོ་རྒྱུས་ཅུང་ཙམ་ཤེས། གོང་ལྟར་ཁོང་ནི་ང་ཚོའི་རྒྱབ་རི་བརྟན་པོ་དེ་ཡིན་ལ། ཆེས་སེམས་ཐག་ཉེ་བའི་གྲོགས་པོ་བཟང་པོ་དེ་ཡིན། བཙན་དབང་འོག་གི་སེམས་ཅན་ཀུན་གྱི་མུན་སེལ་སྒྲོན་མེའང་ཡིན། རུལ་སྲུང་གི་ལག་ཏུ་གློ་བུར་དུ་འདས་སོང་བ་ནི་ཅི་འདྲའི་སེམས་ཕངས་པ་ཞིག །རྒྱ་གར་གྱི་ཞི་བའི་འཐབ་རྩོད་པ་མ་ཧ་གན་དྷི་དང་ཨ་བྷེ་མ་ཁོང་གཉིས་འདི་ལྟར་ཤི་འགྲོ་བ་ནི། སེམས་ཅན་སྤྱི་མཐུན་གྱི་བསོད་ནམས་ཀྱིས་མ་འདངས་པ་སྙམ། ད་ནི་མྱ་ངན་དང་སྨོན་ལམ་འདེབས་པ་ལས་ཐབས་གཞན་མ་མཆིས། ལྷ་དང་བླ་མས་ཁོང་གི་ཕྱི་མའི་ལམ་སྟོན་གནང་རོགས་ཞེས་སྙིང་ནས་གསོལ་འདེབས་ཞུ། 
        ༢༠༢༢.༧.༨དགོང་མོ་ཕ་ཡུལ་ནས་བྲིས།

ཉིན་ཐོ།

སྒེའུ་ཁུང་ནང་གི་ཉིན་ཐོ། 
              གྲོལ། ཕར་ཕྱིན་བར་མ། 
 
      ཏིག   ཏིག   ཏིག  གྲོགས་པོའི་ཁ་པར་ནང་གི་ཆུ་ཚོད་འཁོར་ལོས་ང་རང་གཉིད་ལས་དཀྲོགས་རྒྱུ་སྔ་དྲགས་སོང་།   གནམ་ངོ་རབ་རིབ་ཡིན་པའི་ཞོགས་པའི་དུས་ཚོད་བདུན་པ།   སྒེའུ་ཁུང་ཕྱི་རོལ་ནས།   ཤག་ཤག་ཤག་གི་སྒྲ་ཞིག་ཀྱང་གོ་འོང་།  སྟོན་མཇུག་གི་ཆར་བ་ནི་ཁངས་ཆར་འདྲེས་མ་ཞིག་ཡིན་ཕྱིར།   དབྱར་གྱི་སྦྲང་ཆར་བསིལ་མ་ལས་ཤག་སྒྲ་སྡབ་གཅིག་ལས་ཆེ།    ཆར་བ་དང་ཁ་བ་མི་གླེང་།   ཆར་བ་དང་ཁ་བ་ནི་ངའི་སྙན་ངག་གི་བློས་བསླངས་ཤིག་གོ །   
 
           བྱིས་པ་དག་གིས་ལུག་ར་དང་ནོར་ལྷས་འགྲམ་དུ་རྩེད་རྡོ་སྒྲིག་སྟེ་བསླད་མ་འདྲེས་པའི་མཛེས་སྡུག་གི་འཚོ་བ་རོལ་བ་ལྟར།   སྙན་ངག་པས་སོ་སོའི་འཆར་རྟོག་ལ་རྟེན་ནས་རང་བྱུང་གི་སྣོད་བཅུད་ཡོད་དོ་ཅོག་ཡི་གེ་རུ་ཕབ་ནས་རང་དབང་གི་གོ་ལ་ཞིག་ཀྱང་འཚོལ་གྱིན་རེད།    དེ་ལྟར་ན།  གུས་ཀྱང་།    སྡོང་ལོ་རླུང་གི་ཁུར་བའི་སྟོན་མཇུག་གི་ཚོར་བས།  ན་ཚོད།   འཇིག་རྟེན།   འཚོ་བ།   རེ་སྒུག  ཐ་སྙད་འདི་དག་གི་ཁ་རླངས་ཕོག་ཏེ་དེའི་ནང་ལྷུང་འདུག   གློ་རྡེག་ཏུ།    “གྲོགས་པོས།   འགྲོ  འགྲོ  དུས་ཚོད་བཅུ་གཉིས་ཐོན་རན་འདུག་ཟེར།” གུས་ཀྱིས། ཡ་ཡ་འགྲོ་ཞེས་ཉིན་གུས་ཟ་མ་ལེན་སར་སོང་།    གྲོགས་པོ་ངེད་གཉིས་ནམ་རྒྱུན་སྙན་ངག་པའི་ཐ་སྙད་རྫིག་པོ་དང་།   པདྨ་བསམ་འགྲུབ་ནད་པ་རོལ་ཚོགས་སོགས་བོད་ཀྱི་གཞས་པ་དག་གི་གླུ་གཞས་གླེང་རྒྱུ་ཤིན་ཏུ་དགའ་བོ་ཡོད།  དེ་རིང་ཡང་དེ་ལྟར་ལབ་ནས་གུང་ཟས་རོལ།    སྒེའུ་ཡོལ་ཕྱི་རོལད་ཏུ།   ད་དུང་།   ཤག་ཤག་སྒྲའི་ཁེངས་སྟེ་ཁངས་ཆར་འབབ་ཀྱིན་འདུག   གློ་བུར་དུ།  ང་ལ་ཁ་པར་ཞིག་ཐོན་ཏེ།   “  ཨེ  ཁྱོའི་ཅ་ལག་ཞིག་ཐོན་འདུག་སྒོ་རུ་ཡོང་རོགས་ཟེར།”ཡ་ཡ་ཞེས་ཁ་པར་སྒོ་གཏན།    ང་སྡོད་ས་ནི་སློབ་རའི་ཁང་བརྩེགས་ལྔ་པ་ཡིན།   ཡིན་ནའང་།  ངས་ཆར་གདུགས་ལག་ཏུ་ཁུར་ནས་སྒོ་རུ་མི་འགྲོ་ཐབས་མ་བྱུང་།    ཕྱིར་རང་ཤག་བསླེབས་རྗེས་སྐར་མ་སུམ་ཅུ་ཙམ་གཉིད་དུ་ཡུར།  
 
     རྒོངས་མོར།  བློ་ཡུལ་ལས་འདས་པ་ཞིག   འཕྲིན་ཕྲན་གྱི་གྲོགས་ཚོམས་ལས་འདས་པོ་མེ་སྟག་གི་སྙན་ངག་དང་པར་རིས།    དེ་རིང་བབས་པའི་ཁངས་ཆར་ལས་ཀྱང་ལྗིད་ཏིག་ཏིག་གིས་རྡོལ་བཞིན་འདུག   འདས་པོ་མེ་སྟག་ནི།  རྣམ་དཔྱོད་ཀྱི་མཁྱེན་སྤྱན་ཡངས་པའི་སྙན་ངག་པའི་གླག་རྒོད་ཅིག་སྟེ།    ཁོང་གི་སྙན་ངག་ལ་བཅངས་བརྩེ་སེམས་ནི་ཧ་ཅང་ཟབ།   ཡིན་ན་ཡང་།   ངོ་རྒོལ་དང་ཡར་ལེན་མི་ཐུབ་པའི་ནགས་ཚལ་དེ་རུ་མེ་སྟག་ཡལ་སོང་།   སྟག་མོ་ཆས་སོང་རྒྱ་རྫོང་ནགས་ཏུ་ཆས་སོང་།   ད་ལྟ་སྙན་ངག་ལ་འདང་བརྩེ་ཟབ་པའི་མི་དག་གིས་ཁྱོད་ལ་མྱ་ངན་ཞུ་བཞིན་འདུག་གཅན་མེ་སྟག་ལགས། 
                                     ༢༠༢༢. ༩. ༢༠ 

ཉིན་ཐོ། 

ཨ་ཕྱིའི་རྒས་གཉེར་མཐོང་ཐེངས་རེར།
                   ཆུ་བོ། དབུ་མ་བར་མ། 
 
གཟའ་སྤེན་པ།  གནམ་ཡག
     “ཐག”་ཅེས་དུས་ཚོད་དྲུག་དང་ཕྱེད་ཀྱི་མདའ་རྩེ་ཧ་ཅང་ངང་རིང་གིས་འགུལ་མ་ཐག།  ཁ་པར་ལས་དྲིལ་བརྡ་ཧ་ཅང་གཟན་སྣང་གིས་གྲག་ཡོང་།   ངས་ཤིན་ཏུ་མྱུར་བའི་སྟབས་ཀྱིས་སྒྲ་དེ་དེ་གར་བཅད་རྗེས་ཡང་བསྐྱར་ལག་མགོ་རུམ་དུ་བསྡུས་ཏེ།  སྐར་ཆ་ཁ་ཤས་ཀྱི་ཡུན་ལ་ཉལ་བ་ཡིན།  ཉལ་མོད་ད་སོ་མར་དུས་ཚོད་ཀྱི་དྲིལ་བརྡས་གཉིད་ལས་ཚ་དཀྲོག་བྱས་པས་ཉལ་བའི་བྲོ་བ་ཏིལ་ཙམ་ཡང་མི་འོང་།  དེ་བས་མལ་ལས་སྟོད་ལངས་ཙམ་བྱས་ཏེ་བློར་འཛིན་པའི་འགོ་བཟུང་བ་ཡིན།
 
     དེ་ནས་དུས་ཚོད་བདུན་པ་ཙམ་ལ་ནམ་གསལ་བྱུང་ཞིང་།  ཕ་ཡུལ་ནི་ནམ་གསལ་བ་དང་ཧ་ལམ་ཉི་མའང་ཤར་འགྲོ་སའི་གནས་མཆོག་ཅིག་ཡིན་པས།  དེ་རིང་གི་ཉི་མའང་ཞོགས་པ་སྔ་མོ་ནས་མི་ཀུན་ལ་ཤིན་ཏུ་སྙིང་ཉེ་བའི་བཟོ་རུ་འཆར་བའི་སྟ་གོན་བྱས་བྱུང་།  ངས་དེའི་མུར་ན་ནིང་ཁྲིན་ཏུའུ་ནས་ཉི་མ་ལ་ཅི་འདྲའི་རེ་སྒུག་བྱེད་མྱོང་བ་དེ་དྲན་བྱུང་།  ཉི་མ་ནི་འགྲོ་བ་སྤྱིའི་བགོ་སྐལ་དུ་ཕྱོགས་རིས་མེད་པར་ཤར་ཡོད་པ་འདྲ་ནའང་།  སོ་སོའི་ལས་དབང་གིས་རང་ཡུལ་གྱི་སྤྲིན་དཀར་ནག་རྒྱུ་ལུགས་མི་འདྲ་བ་རེད།  
 
     དེ་ནས་དུས་ཚོད་བདུན་དང་ཕྱེད་ཀ་ཟིན་དུས་མལ་ལས་ལངས་པ་ཡིན།  ལངས་ནས་སོ་བཀྲུ་ཞོར་དུ་གཅིན་གཏོང་ལ་སོང་ཞིང་།  དེ་ནས་ཕྱིར་ཡོང་སྟེ་གློག་ཐབ་ཏུ་ཚོད་ལྷག་དྲོས་སུ་བཅུག་པ་དང་རྩམ་པ་བརྫིས་པ་ཡིན།  ཞོགས་ཟས་ཟ་ཚར་བ་དང་སློབ་ཚན་ཡང་འཚོགས་རན་འདུག་པས།  ཨ་ཕྱི་ལྷ་ཁང་སྐོར་ས་ནས་ཕྱིར་བསླེབས་ཀྱང་མཉམ་དུ་འདུག་ཁོམ་མ་བྱུང་བར་སྒོར་བུད་པ་ཡིན།  ང་ཀུན་དགའ་ར་བའི་ནང་དུ་འབྱོར་དུས་མི་མང་ཤོས་གདན་ལ་འཁོད་ཚར་འདུག།
 
    དེ་ནས་རང་ཡང་སྔར་གྱི་གནས་སུ་བསྡད་དེ་བློར་འཛིན་འགོ་བཟུང་བ་ཡིན།  སྒེའུ་ཁུང་ལས་ཉི་འོད་ག་ལེར་འཕྲོ་བ་དང་སྨུག་པ་དལ་བུར་འཕྱུར་བ་བཅས་ལ་ཡང་ཡང་བལྟས་པ་ཡིན།  ཧ་ཅང་ཡིད་དུ་འོང་བ་ཞིག་རེད།  སྣོད་བཅུད་གང་ལ་ཡིན་ནའང་དེར་ལྷག་བསམ་རྣམ་དག་གིས་ཡིད་སེམས་གླན་ཡག་བྱས་ན།  སོ་སོར་ཐུན་མོང་མ་ཡིན་པའི་མཛེས་སྡུག་རེ་རེ་ཡོད་པར་མཇལ་ཡོང་།  དེ་བས་སྣོད་བཅུད་གང་ཞིག་ཡིན་ཡང་།  ཡིད་དུ་མི་འོང་བར་མཐོང་བ་ནི་རང་རང་གི་སྣང་བ་མ་དག་ཙམ་དུ་ཟད་པར་ཤེས་སླ།
 
     དེ་ནས་དུས་ཚོད་བཅུ་དང་སྐར་མ་ཉི་ཤུའི་ཡར་མར་ལ་བློར་རྒྱུགས་ལེན་འགོ་བཙུགས་བྱུང་ཡང་ངར་དེ་རིང་བློར་གདོན་རྒྱུ་མེད།  གཞན་པ་ཚོས་བློར་རྒྱུགས་འབུལ་བཞིན་པའི་སྐབས་སུ་གཟུངས་བསྔགས་འདྲ་ཁ་ཤས་བཏོན་ནས་བསྡད་པ་ཡིན།  ཆུ་ཚོད་གཉིས་མ་ཟིན་ཙམ་གྱི་དུས་ཡུན་དེ་དེ་ལྟར་འཛད་དགོས་པ་ནི་དཀའ་ངལ་ལྷག་མ་ཞིག་ཀྱང་རེད།  སྐབས་དེ་འདྲར་སྐར་མ་རེ་རེའི་དུས་ཡུན་ཡང་རུས་སྦལ་བྱེ་ཐང་ནས་འགྲོ་བ་དང་འདྲ་པོ་འདུག།
 
     དེ་ནས་གྲོལ་རྗེས་སུ་གུང་ཟས་ཟ་བ་དང་ཕྱི་ཐུན་སྡོམ་པ་སོགས་ནི་སྔོན་ཆད་བཞིན་གྲུབ་རྗེས།  ཐུབ་གྲོལ་ཁར་ངག་རྡོར་གྱི་ཁྲུས་ཆས་གཡར་ནས་ཁྲུས་ཡིད་ཚིམ་པ་ཞིག་བརྒྱབ་པ་ཡིན།  རང་གི་ཁྲུས་ཆས་ད་དུང་ཡང་སྡེ་དགེར་ལུས་ཡོད།  ད་ཚུར་ཁུར་མཁན་ཞིག་མ་རྙེད་ཚེ།  ཉིན་ལྔ་དྲུག་རེའི་ནང་དུ་ཁྲུས་ཐེངས་རེར་མ་གཏོགས་རྒྱག་ཐུབ་མདོག་མེད་པར་བསམ་ན་ཧ་ཅང་སྒྱིད་ལུག་པའི་བེམ་གཟུགས་ཤིག་མིག་སྔར་ཤར་ཡོང་ངོ་། །
 
     དེ་ནས་དགོང་མོར་ཁྱིམ་དུ་སོང་བ་ཡིན།  ཨ་མས་སྲན་སྐུད་དང་ཚལ་དཀར་འདྲེས་མའི་ཚོད་མ་ཞིག་ལས་བྱུང་བ་དེ་ཨ་ལོག་དང་སྤགས་ནས་ཟོས།  ཧ་ཅང་ཡུན་རིང་པོར་འདི་འདྲའི་ཟས་ཞིམ་པོ་མ་ཟོས་ཨང་སྙམ་པའི་ཞིམ་སྣང་སྐྱེས།  དེ་ནས་ཕྱིར་གྲྭ་ཤག་ཏུ་ཡོང་སྟེ་ཁ་འདོན་འདོན་ཞོར་དུ་ཨ་ཕྱི་དང་ཁ་བརྡ་ལབ་ནས་ཅུང་ཙམ་བསྡད་པ་ཡིན།  
 
     ད་ལོར་དགུང་གྲངས་བརྒྱད་ཅུ་ལ་ཕེབས་པའི་ཨ་ཕྱིའི་ཞལ་རས་ལ་ཞིབ་བལྟ་ཡང་ཡང་ཤོར་སོང་།  ཨ་ཕྱིའི་རྒས་གཉེར་དང་ཤ་ཚུགས་གསལ་པོར་མཐོང་ཐེངས་རེར་མིག་ནས་མཆི་མ་ལྷུང་གྲབ་བྱེད།  ཤིན་ཏུ་ནས་སྙིང་ཉེ་བའི་ཨ་ཕྱི་ད་ལྟ་དངོས་གནས་རྒས་ཐག་ཆོད་འདུག་སྟེ།  ཞབས་ཕྱག་གི་ཚིགས་ཀ་འཆོལ་སྟངས་དང་།  ཞལ་རས་ཀྱི་སྤྱི་པགས་ལུག་ཚུལ་འདི་ཁོ་ནས་ཀྱང་གསལ་བཤད་བྱས་བྱུང་ཨང་། 
                   ༢༠༢༢-༡༠-༡-དགོང་མོར།

ཉིན་ཐོ།
 
ཚ་མོ་བཀྲ་ཤིས་དབང་མོ་དང་འཕྲད་པ། 
             ཁྲག་གདོང་། ཕར་ཕྱིན་བར་མ།      
             
ང་ནི་ལས་ཀ་ཞིག་གིས་ནམ་རྒྱུན་འགྲོ་འདུག་ལ་སྟབས་བདེ་མོ་དེ་ཙམ་མིན་ཕྱིར་སྙིང་ཉེ་བའི་ཚ་མོ་བཀྲ་ཤིས་དབང་མོ་དྲ་ལམ་ནས་རིག་པ་ལས་དངོས་སུ་ཐུག་ཐུབ་མེད། མ་གཞི་ཁོ་རང་ཡང་ཨ་མའི་མངལ་སྒོ་ལས་བུད་པ་ནས་དེ་རིང་གི་བར་དུ་ཉིན་བཅུ་གསུམ་ལས་མ་འགོར། དེ་རིང་ནི་རེས་གཟའ་ཉི་མར་ཁེལ་འདུག ང་རང་ཡང་བྲེལ་ཟིང་གི་དོན་ལས་ངལ་གསོ་བའི་ཉིན་མོ་ཡིན། ངས་ནི་ཨ་ཅེ་ལ་བྱིས་པ་སྐྱེས་རྒྱུ་ཨེ་ཡོད་ཤེས་པ་ནས་རང་སེམས་སུ་ཚ་བོ་དང་ཚ་མོ་ཅི་སྐྱེས་འོང་ན་སྙམ་པ་ཉུང་ཉུང་མིན། སྤྱི་ལོ་༢༠༢༢ལོའི་སྤྱི་ཟླ་༩ ཚེས་༢༠ཉིན་གྱི་སྔ་མོ་ཞིག་ལ་ཚ་མོ་བཀྲ་ཤིས་དབང་མོ་འཇིག་རྟེན་དུ་སྐྱེས་ཀྱང་ཁོ་བོས་ནི་ཕྱི་དྲོའི་དུས་ཚོད་གསུམ་དང་སྐར་མ་སོ་གཅིག་གི་སྟེང་དུ་གཞི་ནས་ཤེས་བྱུང་། སྐད་ཆ་དེ་རྣ་ལ་གོ་མ་ཐག་རང་སེམས་ལ་དགའ་བ་དཔག་མེད་རྒྱས། དེ་ནས་ཅུང་ཙམ་ཞིག་ལ་ཕུ་བོ་ཞིག་གིས་མིང་ལ་བཀྲ་ཤིས་དབང་མོ་བཏགས་འདུག་ཅེས་ང་ལ་ཡི་གེ་བསྐུར་བྱུང་། དེ་ནས་ཉིན་བཅུ་གསུམ་གྱི་རིང་ངས་ཁོ་དང་ཐུག་འདོད་ཤིན་ཏུ་ཆེ་ཡང་དུས་ཚོད་དང་བྲེལ་བ་ཞིག་གིས་དེ་རིང་གཞི་ནས་ཐུག་རྒྱུའི་གོ་སྐབས་རྙེད། དེ་རིང་གི་ཉིན་གུང་ཆུ་ཚོད་བཅུ་གཉིས་ཡས་མས་ཤིག་ལ་རང་དགོན་ནས་རང་ཁྱིམ་དུ་འོང་། ཕ་མ་དང་མཉམ་དུ་ཟ་མ་ཟོས། ཡིད་དུ་འོང་བའི་སྐད་ཆ་མང་པོ་ལབ། དེ་ནས་ཇ་འཐུང་ཞོར་སྐད་ཆ་བཤད་ཞོར་ཕྱི་དྲོའི་དུས་ཚོད་བཞི་ལ་ཉེ་བ་ཞིག་ཏུ་གྱུར། ཨ་ཕའི་ཞལ་ནས་དེ་རིང་ནི་ཨ་ཅེའི་ཁྱིམ་དུ་སླེབས་ཐུབ་མ་སོང་ཞེས་པའི་སྐད་ཆ་ཞིག་ཐོལ་གྱིས་བཤད་བྱུང་། ངས་ཀྱང་དེ་མ་ཐག་ཏུ་འུ་གཉིས་མཉམ་དུ་ད་ལྟ་འགྲོ་ཞེས་ཨ་ཕ་ལ་བཤད་ཡིན། ཨ་མས་ཀྱང་ཏག་ཏག་རེད་ཁྱེད་གཉིས་བུད་སོང་དང་ཁོ་བོས་ཁྱིམ་ལས་བྱེད་འོང་ཟེར། ཕྱི་དྲོའི་དུས་ཚོད་ཡིན་སྟབས་རི་མགོའི་ཟོག་ཀྱང་སླེབས་ལ་ཉེ་བས་ཨ་ཕས་ཟེར་རྒྱུར་དང་པོ་ཁོ་བོས་བེའུ་དག་ཁྱིམ་དུ་བཙུད་ནས་འགྲོ་ཞེས་བཤད། ཡུན་རིང་མ་འགོར་བ་ཨ་ཕས་བེའུ་དེད་དེ་ཁྱིམ་དུ་སླེབས། ཨ་ཅེ་ངེད་གཉིས་ནི་གྲོང་སྡེ་གཅིག་ཡིན་ལ་ལམ་ཐག་ཀྱང་རིང་པོ་མིན། ཡིན་ནའང་ཨ་ཕ་ངེད་གཉིས་འཕྲུལ་རྟ་བཞོན་ཏེ་ཨ་ཅེའི་ཁྱིམ་དུ་སོང་། ཨ་ཅེས་དང་ཐོག་ངེད་གཉིས་འོང་ཡོད་མེད་ཤེས་མ་ཐུབ། སྐས་མགོར་ཐོན་མ་ཐག་ཏུ་ཨ་ཅེས་འོ་བརྒྱལ་ཞེས་བསུ་མ་སླེབས་བྱུང་། མ་གཞི་ངའི་ཕ་ཡུལ་དུ་ནམ་རྒྱུན་གཡོས་ཁང་ངམ་ཐབ་ཚང་དུ་འདུག་མཁན་ཤིན་ཏུ་མང་། ངེད་ཚང་ཡང་དེའི་གྲལ་དུ་ཡོད་ལ་ཨ་ཅེ་ཚང་ཡང་དེ་ལྟར་ཡིན། དེ་ནས་གཡོས་ཁང་དུ་ཡར་འཛུལ་ཏེ་ཇ་ཕོར་རེའི་ནང་དུ་ཇ་གང་རེ་བླུགས་བྱུང་། ང་ནི་ཚ་མོ་བཀྲ་ཤིས་དབང་མོ་བལྟ་རྒྱུ་ལ་བྲེལ་ཡང་ཁ་ནས་དེ་མ་ཐག་ཏུ་ལྟ་དགོས་ཞེས་བཤད་མ་ཕོད། ཨ་ཕས་མདང་ནུབ་བུ་མོ་ངུ་ཨེ་བྱུང་སོགས་ཀྱི་སྐད་ཆ་མི་རིང་མི་ཐུང་བ་ཞིག་དྲིས། ཨ་ཅེས་དེ་དག་ལ་ལན་འདེབས་བཞིན་པའི་བར་གསེང་དུ་ཁོ་བོའི་རྣ་ལམ་དུ་ཚ་མོ་བཀྲ་ཤིས་དབང་མོ་གཉིད་ལས་སད་ཅིང་ངུ་སྒྲ་སྒྲོག་པའི་སྐད་དེ་ཐོག་དང་པོ་གོ་རྒྱུ་བྱུང་། དེ་ནས་རིམ་གྱིས་ཨ་ཕ་དང་ཨ་ཅེ་ད་དུང་ཨ་ཅེའི་ཨ་ཕ་དང་ཨ་ཅེའི་ཁྱོ་གའི་ཨ་མ་ངེད་ལྔ་ཕན་ཚུན་སྐད་ཆ་སྣ་ཚོགས་བཤད་ཅིང་དུས་ཚོད་མི་རིང་བ་ཞིག་ལྷག  སླར་ཡང་ཚ་མོ་བཀྲ་ཤིས་དབང་མོས་ངུ་སྐད་གྲག གློ་རྡེག་ཏུ་ཨ་ཅེ་ཡར་ལོང་ནས་ང་ཚོའི་མདུན་དུ་ཚ་མོ་བཀྲ་ཤིས་དབང་མོ་ཁྱེར་བྱུང་། དེ་ནི་ཁོ་བོས་ཚ་མོ་བཀྲ་ཤིས་དབང་མོ་དངོས་སུ་མིག་གིས་རིག་པ་འགོ་དང་པོ་ཡིན། ཁོ་བོའི་སེམས་ལ་དགའ་ཚོར་འཕེལ་ཞིང་ལྟ་ན་ངོམ་པ་མེད་པའི་གནས་སུ་གྱུར། དེ་ཡང་ཅི་ཚད་ལྟ་ན་ཤ་ཚ་ཞིང་ཅི་ཚད་རིག་ན་སྙིང་རྗེ་བ་ཞིག་གི་རྣམ་པ་མངོན་འདུག དེ་ནས་ཚ་མོ་ལ་ལྟ་ཞོར་ཇ་འཐུང་ནས་ཆུ་ཚོད་བདུན་ལ་ཉེ་བ་ཞིག་ཏུ་ཆགས། མཐར་ང་རང་ཁྱིམ་དུ་འོང་ཁ་ཚ་མོ་ལ་འོ་ཞིག་སྦྱོར་ནས་རང་ཁྱིམ་དུ་ལོག འདི་ཡང་ཚ་མོ་ལ་བརྩེ་སེམས་ཆེ་བ་མཚོན་པའི་བདེན་དཔང་རྣམ་དག་ཅིག་ཡིན།  
             ༢༠༢༢ ༡༠ ༢ ལ་ཉིན་ཐོ་འདི་མཚན་མོ་འཕྲལ་དུ་རང་ཤག་ནས་བྲིས། 

ཉིན་ཐོ། 
 
སྣུམ་སློང་སའི་མྱི་རྒན་དང་དད་པ།  
                 ཁམས་པ་རབ་རྡོར། ཕར་ཕྱིན་གོང་མ། 
 
ཕ་ཡུལ་ནས་སློབ་གླིང་ལ་ཡོང་བའི་ལམ་བར་དུ་འཕྲུལ་རྟའི་སྣུམ་ཆད་སོང་བས། ལེ་དབར་གཅིག་ལྷག་འཕྲུལ་རྟ་ཁྲིད་ནས་ཡོང་བ་ཡིན།  སྐབས་ཤིག་ལམ་གྱི་གཡོན་ཕྱོགས་འདོམས་པ་ཉེར་ཤུ་ཙམ་ན་དུད་ཚང་ཞིག་འདུག བདག་སྣུམ་སློང་བར་སོང་བས་མྱི་རྒན་ལོ་ན་ལྔ་བཅུ་ལྷག་སོན་པ་ཞིག་གིས་ཁང་སྟེང་ནས་བལྟས་བྱུང་།   ངས་ང་ལ་འཕྲུལ་རྟའི་སྣུམ་ཞིག་སྦྱིན་པའམ་བཙོང་རོགས།  ངའི་འཕྲུལ་རྟའི་སྣུམ་ཆད་སོང་བས། སློབ་གླིང་དུ་འགྲོ་ཐབས་བྲལ་ཞེས་བཤད་པ་ཡིན། མྱི་རྒན་གྱིས། སྣུམ་མེད་ཟེར། འོག་ཁང་ནང་ན་འཕྲུལ་རྟ་བཞི་འདུག་ལ། འཕྲུལ་རྟའི་སྣུམ་རྒྱ་མ་ལྔ་བཅུ་ཅན་གྱི་འགྱིག་དམ་ཕྱེད་ཙམ་ཡོད་པ་མཐོང་བས་ངས་དེ་མ་ཐག  ཨ་ཞང་། ང་ལ་འདིའི་ནང་ནས་སྣུམ་ཅུང་ཙམ་ཞིག་སྤྲད་རོགས་གནང་། ངས་རིན་པ་གང་དགོས་སྟེར་ཞེས་རེ་སྐུལ་ཐེངས་མང་བྱས་པ་ཡིན། མི་རྒན་གྱིས་གཏན་ནས་ཁས་ལེན་རོགས་མི་བྱེད་པས། དེའི་རྗེས་སྒོ་ཕྱི་བུད་རྗེས་ཕྱི་བལྟས་ཤིག་བྱས་ནས་ངས།  འོ་ན་ཕྱོགས་འདིའི་ཡར་མར་གང་རུང་ན་སྣུམ་བཙོང་རྒྱུ་ཡོད་དམ་ཞེས་དྲིས་པས། མྱི་རྒན་གྱིས། མི་ཤེས། དེང་སང་གསུམ་གཅིག་བཞི་ལ་ཁེལ་བས་སྣུམ་བཙོང་ཆོག་མ་རེད་ལ། སྦྱིན་ཡང་ཆོག་མ་རེད། ཉོ་ཆོག་མ་རེད་ལ། བཙོང་ན་རྒྱལ་ཁབ་ཀྱི་ཁྲིམས་འགལ་རེད་ཟེར་བ་སོགས་ང་ལ་བཀའ་བཀྱོན་ཚད་མེད་གནང་བས་ང་ཡང་སེམས་མ་བདེ་བ་བྱུང་སྟབས་ངས་མྱི་རྒན་ལ། ཚིག་རྩུབ་པོའི་ཚུལ་གྱིས། འོ་ན། ཁྱོད་ད་ལྟ་མྱི་རྒན་ཞིག་ཏུ་གྱུར་འདུག དེ་བས་ཁྱོད་ཡུན་རིང་འགོར་ཚོད་མི་འདུག  དེ་སྐབས་ཁྱོས་ངེད་བླ་གྲྭ་དག་ལ་རེ་འབོད་མི་ཞུ་བར་ཞུ། ཉེན་རྟོག་པ་དག་གདན་དྲོངས་ཞེས་བཤད་པ་ཡིན།  ང་སྐབས་དེར་སེམས་ཕམ་ཆེ་ཤོས་ནི་སྣུམ་མི་སྦྱིན་པ་དང་མི་བཙོང་བ་དེ་མིན་པར་མྱི་རྒན་དེའི་ནང་སེམས་ལ་དད་པ་བརླགས་སོང་བ་དེ་ཡིན། ངོ་མ་ཟེར་ན་སྣུམ་སྦྱིན་མིན་སོ་སོའི་རང་དབང་རེད་ལ། རྒྱལ་ཁབ་ཀྱི་བཀའ་བརྩི་སྲུང་ཞུ་བ་དེའང་ཁོ་རང་ལ་མཚོན་པའི་བསླབ་སྡོམ་ཞིག་སྲུང་བ་རེད། དེའི་ཐད་ནས་ངས་ཁོ་ལ་མི་ཉན་པའི་སྐད་ཆ་བཤད་ནོར་ཐེབས་ཡོད་ནའང་དེ་ནི་ང་རང་སྒེར་གྱི་ནོར་འཁྲུལ་ཡིན་པས་ངོས་ལེན་ཞུ་ལོས་ཕོད། ང་ནི་རབ་བྱུང་བ་ཞིག་ཡིན་པ་དང་། ཚུལ་མཐུན་གྱི་གྲྭ་གོས་གོན་གྱིན་གུས་ཞབས་དང་ལྡན་པའི་ཐོག་ནས་སློང་མོ་ཞུས་ནའང་ཁོས་ང་ལ་མི་དགའ་བའི་རྣམ་འགྱུར་སྟོན་གྱིན།  ང་ལ་ངན་དམོད་ཀྱི་རྣམ་པ་སོགས་ཐོན་པ་ནི་མྱི་རྒན་དེའི་དད་པ་བརླགས་ཟིན་པའི་ཚོར་སྣང་ཞིག་ཤུགས་ཀྱིས་སླེབས། ངས་དེང་སང་མྱི་རྒན་མ་རྒན་དག་ལ་འདི་འདྲའི་ཤུགས་རྐྱེན་བཙོག་པ་མང་པོ་ཐེབས་ཡོད་ན་ལོ་གཞོན་དག་ལ་ཐེབས་པ་ནི་ཁག་མི་འདུག་དྲན་བྱུང་ལ། མི་རིགས་ཀྱི་གོམས་སྲོལ་བཟང་པོ། སྐད་ཡིག་འཛོམས་པོ། རིག་གཞུང་ཡག་པོ།  ཐུན་མིན་གྱི་ཟས་གོས་ཁོར་ཡུག་སོགས་ང་ཚོའི་ལག་ནང་ནས་ཤོར་གྱིན་ཡོད་པ་ཚོར། དེ་བས་ང་ཚོས་ང་ཚོའི་དཔུང་ཤུགས་མཉམ་ཕྱུང་མ་བྱས་ན་ང་ཚོའི་ཡ་རབས་གོམས་གཤིས་སོགས་ང་ཚོར་ངོམ་རིན་ཡོད་པ་དག་བརླག་འགྲོ་སྙམ་པའི་སེམས་ཁྲལ་ཞིག་ཀྱང་སླེབས་བྱུང་། སླེབས་རུང་ང་ལ་ནུས་པ་དེ་ཙམ་མེད་ཀྱང་རང་ནུས་གང་ཡོད་ཀྱིས་ཕ་མེས་ཀྱི་བཀའ་དྲིན་མཚོན་ཆེད་དང་། རང་ཉིད་རུས་པ་ཅན་ཞིག་ཏུ་རློམ་ནས་བོད་སྐད་ཡིག་སོགས་དར་སྤེལ་དང་ན་གཞོན་དག་ལ་བེད་སྤྱོད་གཏོང་རྒྱུའི་ཐད་ལ་རེ་སྐུལ་མང་ཙམ་ཞུ་རྒྱུའི་འདུན་པ་སེམས་གཏིང་ནས་བྱས་སོ།། 
            ༢༠༢༢ལོའི་བོད་ཟླ་༡ པོའི་ཚེས༡༤ལ། 

ཉིན་ཐོ།
        བཙན་མྱི་སད། ཚད་མ་འོག་མ།
 
སྟོན་ཟླ་མཐའ་མའི་ཁ་བ་མར་མར་འབབ་བཞིན་པའི་དེ་རིང་ནི་གནམ་གཤིས་ཧ་ཅང་འཇམ་པོའི་ངང་གནས་ཤིང་འདིའི་ཁྲོད་ནས་ཁོ་བོའི་སེམས་ཁམས་འདི་དེ་ཙམ་གྱིས་དྭངས་པ་མི་འདུག་རྒྱུ་མཚན་ནི་སེམས་ཁམས་ནི་ཕྱི་རོལ་ཡུལ་གྱི་རྣམ་པར་གཡེང་ཏེ་དགའ་སྐྱོ་ཆགས་སྡང་གི་ཚོར་བ་སྣ་ཚོགས་དྲངས་དགོས་པས་སོ། །  སྤྱིར་བཏང་དགོས་མེད་ཀྱི་ཡིག་རྙོག་དང་འབྲེལ་མེད་ཀྱི་གཏམ་ཡན་ཚོགས་འདི་ལྟར་བྲི་དགོས་དོན་གང་ཡང་མེད་མོད། ཡིན་ན་ཡང་ཁོ་བོར་མཚོན་ན་ཚོར་བ་རྣོན་ཤུགས་ཅན་དག་ཕྱི་རུ་ཕུད་ཐུབ་ན་དེ་ལས་དགའ་བ་མི་འདུག དེའི་ཕྱིར་ངས་རང་ཉིད་ཀྱི་ཉིན་རེའི་ཚོར་སྣང་དམིགས་གསལ་བ་དག་སྦ་གསང་མེད་པའི་ངང་ནས་ཡིད་ཀྱི་མདའ་མོ་ཐད་ཏུ་བཞག་ཏེ་ཤོག་དཀར་གྱི་ངོགས་སུ་ཆ་མི་སྙོམ་པའི་རྣམ་པ་གཡར་ནས་ཀློག་པ་པོ་སྙན་ལམ་དུ་ཚིག་ཚོགས་རེ་འགའ་འབུལ་ན་འདོད་ཡོད། 
               ༢༠༢༡ .༡༡.༢ཉིན།

དེ་རིང་ནི་རང་སེམས་འདི་སྡུག་ཡུན་རྣམ་པས་གང་ཏེ་དབུག་གཏོང་སྟངས་འདི་ཡང་ཧ་ཅང་ཡ་ང་བའི་ཉམས་ལས་མ་འདས་ཤིང་། གྲོགས་པོ་གཞན་གྱི་འདོད་མོས་དང་བསྟུན་མ་ཤེས་པས་གྲོགས་པོའི་སེམས་ཁམས་སྡུག་ཏུ་སྦྱོར། རང་ཉིད་ལ་ཡིད་ཆེས་ཆེ་དྲགས་པའི་རྐྱེན་གྱིས་འདོད་དོན་གྱི་རེ་འདུན་མ་འགྲུབ་པས་འགྱོད་པའི་གདུང་ཤུགས་ངང་གིས་མཆེད། འཇོན་ཐང་མེད་པས་ཡིན་ཨང་། ལོ་མང་འབད་པའི་རིགས་གཞུང་འདི་ལའང་ཨ་ཐང་ཆད་སོང་། ད་ངས་ཅི་ཞིག་སྒྲུབ་ན་ལེགས། ངས་ཐོན་པའི་བྱ་བ་གཅིག་ཀྱང་མེད་ནི་ཨི་རེད། ན་ཟུག་འདི་ང་ཁོ་ན་ཡོད་ནི་ཨི་རེད། ཡང་ན་མི་གཞན་པ་ལའང་དེ་ལྟར་ཡོད་ནི་རེད། ངོ་མ་ཆ་སྙོམ་མི་འདུག
            ༢༠༢༢ . ༡ .༢༨ཉིན།
 
དེ་རིང་ནི།  ང་ནི་ཧ་ཅང་ཐང་ཆད་པའི་རྣམ་པས་སྦྲིད་པའི་དུས་ཤིག་ཀྱང་ཡིན་ཁུལ་བྱས། དྲིན་ཨའི་བྱམས་བརྩེའི་རྒྱུན་འཁྱོངས་ལ་གཡེང་བཞིན། དཔེ་དེབ་ཞིག་མདུན་ཅོག་ཐོག་ཏུ་འཇོག་ཏེ། སྙན་ངག་ཏུ་རློམ་པའི་ཡིག་ཚོགས་འགའ་ལ་མགོ་བོ་འཁོར་བཞིན་མཆིས། ཆ་མི་སྙོམ་པའི་ལོ་ཟླར་ཕྱི་འདང་དང་སྔར་འདང་རྒྱག་ཐེངས་རེས་ཤིན་ཏུ་དགོད་བྲོ་བ་ཞིག་ལས་མེད་མོད།  སྤྱིར་མི་ཞིག་ལ་མཚོན་ན་རང་སྒེར་གྱི་ཁེ་ཕན་དང་རང་དོན་ཁོ་ནའི་དབང་དུ་མི་ཚེ་ཧྲིལ་པོར་ཤོར་བ་ནི་མང་ཆེ་ཤོས་ཡིན་པར་སྨོས་མ་དགོས་པས། ལྷག་པར་དུ་ཁེངས་དྲེགས་དང་རང་བློ་མཐོ་སྟེགས་ཀྱི་རྣམ་པར་དེ་རབ་ཏུ་མང་བས། ཞེ་རྩ་ལྷོད་ལ་བབ་པའི་སེམས་ངལ་གསོ་བའི་དུས་དང་རང་ཚུགས་ཐོབ་པའི་དུས་ནི་རབ་ཏུ་བཀོན་པ་རེད། འདི་དག་གི་ཁྲོད་ནས། འདས་མ་ད་གསུམ་གྱི་གཞིས་ཀ་རུ་མཐོ་སྙེགས་བྱེད་དང་བྱེད་བཞིན་པའི་ངའི་དུས་རབས་ཀྱི་བཞུད་རོགས་ལགས།
                 ༢༠༢༢. ༥ . ༡༨ཉིན།

ཉིན་ཐོ།
ཕྱིར་འོང་མེད་པའི་ལོ་ཟླ། 
                ཕུང་གསུམ་པ། ཕར་ཕྱིན་བར་མ། 
 
ངས་ཉིན་རྟག་པར་མནོ་བསམ་གང་མང་བཏང་ཚེ་མི་ལོ་ཉི་ཤུ་ཐོད་ཀྱི་བརྒལ་ནས་ན་ཚོད་འདི་ཙམ་ཞིག་ལ་ཐོན་སོང་། འོན་ཀྱང་བྱིས་པའི་དུས་ཀྱི་འཚོ་བ་ནང་བཞིན་ཉི་མ་གཅིག་གི་དུས་ཚོད་ཀྱང་མི་འགྲོ་བའི་སྡུག་བསྔལ་གྱིས་འཛུབ་མགོར་རྩིས་ལ་ཕབ་ཁུལ་བྱས་པའི་རྣམ་པ་དེ་ལས་ལྡོག་སྟེ། ཉི་མ་གཅིག་གི་འཚོ་བའི་མཐའ་སྡོམ་ཅི་ཡང་མེད་པའི་སྒོ་ནས་ཆ་མེད་ཆོ་མེད་ཀྱི་ངང་ནས་འདི་ལྟར་མི་ཚེ་བསྐྱལ་དགོས་པ་ཤེས་དུས་དངོས་གནས་དངང་སྐྲག་ལང་ཡོང་བ་ཞིག་རེད།  བྱིས་པར་ཚོ་འཚར་ལོང་མ་བྱུང་གོང་གིས་དུས་ཚོད་ལ་དངོས་གནས་སུན་གྱི་ཡོད་ཀྱང་། འཚར་ལོང་གི་གོམས་རིམ་རྒྱུད་དང་རྒྱུད་བཞིན་པའི་མི་དག་ནི་དུས་ཚོད་ཀྱི་འགྱུར་ལྡོག་ལ་བསམ་གཞིག་ནན་མོ་ཞིག་བྱས་ཚེ་འཇིགས་པ་མི་ཡོང་བའི་ཐབས་མི་འདུག་གོ།
 
འཇིག་རྟེན་གྱི་འགྲོ་བ་ཡོད་ཚད་སྐྱེ་བའི་ཉིན་མོ་ནས་འཆི་བ་མགོ་བརྩམས་པ་ཡིན་མོད། འོན་ཀྱང་རང་གི་ཚེ་སྲོག་དང་དུས་ཚོད་ལ་འདང་ཡེ་ནས་མ་རྒྱབ་པར་འཆི་བ་ངང་སྒུག་བྱེད་པ་ལ་དོན་སྙིང་ཅུང་ཙམ་ཡང་མེད་དོ། །དེའི་ཕྱིར་སྙན་ངག་པ་ལྗང་བུས”མ་གཞི་མི་ཡི་ཚེ་སྲོག་འདི་ཆར་ཐིགས་རྡོག་པོ་ཞིག་དང་འདྲ་བར། གྲུབ་ཆ་ཡོད་ཚད་དུས་ཚོད་ཀྱི་ཁ་ནང་ན་ཞུ་བཞིན་འདུག” ཅེས་པའི་གནད་ལུགས་འདི་ནི་སྔོན་ཞིག་ནས་ཤེས་ཀྱང་། མི་ཕལ་ཆེས་ཚེ་སྲོག་ཉིན་རེ་ནས་ཟད་འགྲོ་བ་དང་། དུས་ཚོད་རིམ་བཞིན་འགྱུར་འགྲོ་བ་ལ་ཡིད་ཀྱི་བ་སྤུ་ཙམ་ཡང་འགུལ་བཞིན་མི་འདུག 
 
“མི་རྣམས་ཀྱིས་སྒོར་མོ་ཉིན་རེ་བཞིན་ཟད་འགྲོ་བ་ལ་སེམས་ཁུར་བྱེད་བཞིན་འདུག འོན་ཀྱང་ཚེ་སྲོག་ཉིན་རེ་བཞིན་ཟད་འགྲོ་བ་ལ་སེམས་ཁུར་མི་བྱེད་དོན་ཅི་ཡིན་ནམ”ཅེས་གསུངས་པ་དེའང་ཤིན་ཏུ་བདེན་ཏེ། ང་ཚོ་ཁོམ་སྐབས་ཤིག་ལ་འཇམ་ཐིང་ཐིང་ཡིན་པའི་ཁོར་ཡུག་གཅིག་དང་། ལྡོང་པོའི་བསིལ་གྲིབ་གཅིག་གི་འོག་དུ་རྣམ་རྟོག་ལས་སྐྱེས་པའི་རྙོག་འཛིང་འདི་དག་མ་སྒུལ་བ་ལྷོད་ཤིག་གེ་ཞོག་དང་། འདི་ལ་གཡོ་སྐྱོམ་མ་བྱེད་པ་དྭངས་སེང་ངེ་བཞག་རོགས་དང་། ཐམས་ཅད་ག་ལས་གཏིང་དུ་ཐིམ་རྗེས་ང་ཚོའི་ཞི་འཇམ་དང་དྭངས་གཙང་གི་རང་བཞིན་མངོན་ཐུབ། 
 
དེ་ནས་ཁྱོད་ཀྱིས་འདས་ཟིན་པའི་ལོ་ཟླ་གང་མང་ཞིག་ལ་ཕྱི་དྲན་ཐེངས་གཅིག་བྱོས་དང་། ཞིབ་འདང་ཐེངས་གཅིག་རྒྱོབ་དང་། བཞིན་ནས་ཚེ་སྲོག་གི་བུ་རམ་རྡོག་པོ་དེ་དག རིམ་བཞིན་དུས་ཚོད་ཀྱི་ཁ་ནང་ལ་ཅི་ལྟར་ཟད་འགྲོ་བཞིན་ཡོད་པའི་གནད་ལུགས་ཤིག་ཀྱང་རྟོགས་ངེས། ང་ཚོ་ནི་ནམ་ཡིན་རུང་མཐའ་མེད་པའི་རྒྱ་མཚོ་ནང་དུ་ཆས་པའི་འགྲུལ་བ་ཞིག་ཡིན་པས། ང་ཚོ་ཐག་རིང་ག་ཚོད་ལ་ཆས་ཟིན་ཀྱང་ད་དུང་བསྙེག་ཟིན་པའི་རྗེས་ཤུལ་རྣམས་ལ་ཕྱི་མིག་བོར་མེད། དེའི་ཕྱིར་ང་ཚོའི་ཚེ་སྲོག་ནི་ཆུ་ཐིགས་བཞིན་འཛད་འགྲོ་བ་དང་། དུས་ཚོད་ནི་ཆུ་བཞིན་བཞུར་འགྲོ་བའི་ངང་ཚུལ་འདི་ནི་ཅི་འདྲའི་སྙིང་འཚབ་ཆེ་བ་ཞིག་རེད། 
འོན་ཀྱང་རང་ཉིད་མི་ཚེ་ནང་ཅི་འདྲ་གསོན་དགོས་པ་དང་། དོན་སྙིང་ལྡན་པའི་བྱ་བ་གང་འདྲ་ཞིག་ལ་འབད་དགོས་མིན་ནི་ཤིན་ཏུ་གལ་ཆེ་བ་ཞིག་དུ་མཐོང་། དེ་རྟེན་སྲིད་པའི་འདོད་ཡོན་འདི་དག་རྒྱ་མཚོ་དང་རྒྱ་མཚོའི་ནོར་བུ་ལྟ་བུ། སྟོང་གསུམ་དང་སྟོང་ཆེན་པོའི་འཇིག་རྟེན་གྱིས་རྒྱུ་ནོར་ཡོད་ཚད་བདག་ལ་དབང་བ་གྱུར་ཀྱང་། བདག་གིས་ད་དུང་དེ་ལས་ལྷག་པའི་སྲིད་པའི་ཕུན་ཚོགས་ལ་ཧམ་སེམས་དང་རེ་བ་བཅངས་སྲིད། འོན་ཀྱང་ཆེས་ཐོབ་ན་འདོད་པའི་ཕུགས་འདུན་དེ་བདག་ལ་དབང་བ་གྱུར་ཚེ། བདག་ལ་ས་སྒང་འདིའི་གྲུ་ཟུར་ཆུང་ཆུང་ཞིག་ལས་ཀྱང་མེད་ན་ཆོག་སྟེ། རྒྱུ་མཚན་ནི་བདག་གིས་ཡོད་ཚད་ནི་ཡོད་ཚད་ཁྱོད་ཀྱིས་ཆེད་དུ་བློས་གཏོང་བྱ་ཐུབ་པས་སོ།།
 
ད་གཟོད་རང་ཉིད་ཀྱི་ཚེ་སྲོག་དང་ཕྱིར་འོང་མེད་པའི་ལོ་ཟླ་རྣམས་ལ་བཀྲག་མདངས་དང་ལྡན་པ་ཞིག་དུ་འགྱུར་ཡོང་ལ། རང་ཉིད་ཅིའི་ཕྱིར་འཇིག་རྟེན་འདི་ཡི་ཐོག་དུ་གསོན་ཅེས་པའི་དྲི་ཚིག་དེ་ལའང་ལན་གསལ་པོ་ཞིག་ཀྱང་ཐོབ་ངེས། རྒྱུ་རྐྱེན་དེ་དག་གིས་ང་ཚོའི་རྫོགས་དཔལ་གྱི་ཚེ་སྲོག་དང་། ཕྱིར་འོང་མེད་པའི་དུས་ཚོད། གཅེས་པར་འོས་པའི་རང་ཉིད་ཀྱི་མི་ཚེ་རྣམས་ལ་ཕྱིར་མངོན་མེད་པའི་འབྲེལ་བ་དམ་ཟབ་ཅིག་ཡོད་པའི་གནད་ལུགས་ཤིག་ཀྱང་ཚོར་ཡོང་། 

ཉིན་ཐོ།

        མྱི་གསར་བ། མངོན་པ་འོག་མ།

ང་ཚོས་དུས་གཏན་དུ་མི་གཞན་གྱི་བསམ་བློ་དང་འདོད་མོས།    གདམ་ག་དང་སྒྲུབ་ཕྱོགས་སོགས་ལ་རྒྱུས་ལོན་ཡང་དག་པར་བྱ་དགོས་ཤིང་།   རང་གཞན་བསྡུར་བའི་སྒོ་ནས་གཞན་ལ་རྒྱུས་ལོན་བྱ་བ་ནི་ཧ་ཅང་གལ་གནད་ཆེ་བའི་གནས་ཚུལ་ཞིག་རེད།   མི་སུས་ཀྱང་ནོར་འཁྲུལ་གྱི་བྱ་བ་སྒྲུབ་མྱོང་ཡོད་ངེས་ཡིན་ལ།  མི་སུ་ལའང་རང་གིས་བསམ་བློ་གཏོང་ཕྱོགས་དང་བྱ་བ་སྒྲུབ་སྟངས་སོགས་ཕན་ཚུན་མི་འདྲ་བའི་ཆ་ཅུང་ཙམ་རེ་ནི་ཡོད་ངེས་པ་ཡིན།   དེ་བས་ང་ཚོས་གཞན་གྱི་ནོར་འཁྲུལ་ཕྱོགས་རེ་བ་ཙམ་ལ་བརྟེན་ནས་དེ་ལ་སྐྱོན་བརྗོད་བྱ་མི་རིག་པར།   རང་གཞན་བསྡུར་བའི་སྒོ་ནས་ནོར་འཁྲུལ་གྱི་འབྱུང་རྩ་འཚོལ་བ་དང་ནོར་འཁྲུལ་སེལ་ཐབས་ལ་འབད་པ་ནི་འཇིག་རྟེན་གྱི་དོན་སྙིང་རྙེད་པའི་བློ་སྦྱོང་ཡང་དག་པ་ཞིག་རེད།    ངས་བསམ་ན་མི་སོ་སོས་ནོར་འཁྲུལ་གྱིས་བྱ་བ་ཨེན་ཙམ་རེ་སྒྲུབ་པ་ནི་ཤིན་ཏུ་ཡ་མཚན་པའི་གནས་ཚུལ་ཞིག་མ་ཡིན་པར།   ནོར་འཁྲུལ་བཟོས་པའི་རྗེས་སུ་ནོར་འཁྲུལ་ནོར་འཁྲུལ་དུ་ངོས་མི་ཟིན་ཞིང་།   རང་གིས་ནོར་འཁྲུལ་ལ་སྒྱུར་བཅོས་མི་གཏོང་བ་དང་།   ཕན་ཚུན་གྱིས་ནོར་འཁྲུལ་ལ་རྒྱུས་ལོན་མི་བྱ་བ་ནི་དངོས་གནས་ཞེ་ཐང་ཆད་པའི་གནས་ཚུལ་ཞིག་རེད།   ང་ཚོས་རང་གིས་འདོད་མོས་ལྟར་དུ་གཞན་གྱི་བྱ་སྤྱོད་ལ་ལྟ་ཚུལ་མི་འདྲ་བ་འཛིན་པ་ནི་ཡང་དག་པའི་བྱ་སྤྱོད་ཅིག་མ་རེད་ལ།   ང་ཚོས་རང་གིས་སྒྲུབ་ཕྱོགས་དང་མི་མཐུན་པ་ཙམ་གྱིས་གཞན་ལ་སྐྱོན་བརྗོད་དང་མཚངས་འབྲུ་བྱ་བ་ནི་ཅོལ་ཆུང་གི་ལས་ཀ་ཙམ་དུ་ཟད།   དེས་ན་ང་ཚོས་དུས་གཏན་དུ་ཕན་ཚུན་རྒྱུས་ལོན་བྱ་བ་ལ་འབད་དགོས་ཤིང་།   ཕན་ཚུན་རྒྱུས་ལོན་བྱ་བའི་གོམས་གཤིས་ནི་འཇིག་རྟེན་འཚོ་གནས་ཀྱི་བདེ་སྐྱིད་དང་སྤྲོ་སྣང་གིས་འབྱུང་རྩ་ཞིག་ཀྱང་རེད།    
         (༢༡༤༥  ༡༢  ༨) (༢༠༡༨  ༡༢  ༨) (2019 1 14
 
ཉིན་ཐོ། 
སློབ་སྦྱོང་།   རྩོམ་འབྲི།   དུས་ཚོད།   འཚོ་བ།   ལས་ཀ   སྐད་ཆ།  འགྲོ་འདུག་སོགས་མི་ཚེའི་གྲུ་ཟུར་གང་དུ་ཡང་ཞིབ་ཚགས་ལ་གོམས་པར་བྱ་བ་ནི་ཧ་ཅང་གལ་ཆེ་བའི་གནས་ཚུལ་ཞིག་རེད།   ཡིན་ན་ཡང་མི་རྣམས་མི་ཚེའི་དོན་བྱ་བ་ལ་ལར་ཞིབ་ཚགས་ལྡན་ཡང་དོན་བྱ་མཐའ་དག་ལ་ཞིབ་ཚགས་ལྡན་མཁན་ནི་ཤིན་ཏུ་ཉུང་ངུ་རུ་སྣང་།   དཔེར་ན་ཁྱེད་རང་འཚོ་བ་ལ་ཞིབ་ཚགས་ལྡན་ཡང་སྐད་ཆ་ལ་ཞིབ་ཚགས་མེད་ན་ཁྱེད་ཀྱི་འཚོ་བའི་ནང་དུ་སེམས་མི་སྐྱིད་པའི་དོན་དག་ངང་ངམ་ཤུགས་ཀྱིས་འོང་སྲིད་ཅིང་།  སློབ་སྦྱོང་ལ་ཞིབ་ཚགས་ལྡན་ཡང་འགྲོ་འདུག་ལ་ཞིབ་ཚགས་མེད་ཚེ་ཁྱེད་ཀྱི་སློབ་སྦྱོང་ལ་ངང་ངམ་ཤུགས་ཀྱིས་བར་ཆད་བཟོས་ཡོང་།   དེ་བཞིན་ཁྱེད་རང་རྩོམ་འབྲི་བར་ཞིབ་ཚགས་ལྡན་ཡང་དུས་ཚོད་དང་ལས་ཀར་ཞིབ་ཚགས་མེད་ཚེ་ཁྱེད་ཀྱི་རྩོམ་ཡིག་འབྲི་བར་ཧ་ཅང་བཀག་འགོག་མང་པོ་བཟོ་ངེས་པ་ཡིན།    དེ་བས་འུ་ཅག་འཇིག་རྟེན་གྱི་གནས་ཚུལ་གང་ལའང་ཞིབ་ཚགས་ཀྱི་གོམས་གཤིས་ཆགས་པ་ནི་ཅི་འདྲའི་གལ་ཆེན་ཞིག་རེད་ཨང་།   གཞན་ཡང་།  ང་ཚོ་འཇིག་རྟེན་གྱི་དོན་བྱ་བ་གང་རུང་སྒྲུབ་པའི་ཁྲོད་དུ་ཐེངས་དང་པོར་དཀའ་ཁག་དང་འཕྲད་པ་ན་ཧ་ཅང་སེམས་ཚེགས་དང་འཇིགས་སྐྲག་གིས་གདུང་སྲིད་པས་བྱ་བ་དེ་ལ་ཐེངས་གཉིས་པ་དང་གསུམ་པ་ལ་འཇུག་པའི་སྐབས་སུ་ཧ་ཅང་ནན་ཏན་གྱིས་འཇུག་ངེས་པ་ཡིན།   ཡིན་ན་ཡང་དུས་ཚོད་ཡུད་ཙམ་འགོར་རྗེས་བྱ་བ་དེ་ལ་རྒྱུས་ཡོད་མདོག་གིས་དེ་ཙམ་ནན་དན་བྱ་མི་སྲིད་པ་ནི་ང་ཚོ་སོ་སོར་ཉམས་མྱོང་ཡོད་ངེས།   འོ་ན་སླར་ཡང་བྱ་བ་དེ་འདྲའི་ཁྲོད་དུ་དཀའ་ཁག་དང་འཕྲད་ཚེ་སྔོན་མ་དང་བསྡུར་ན་ལྡབ་བརྒྱ་སྟོང་གིས་མི་སྐྱིད་པའི་ཚོར་ཤེས་སྐྱེ་སྲིད་ལ།  ཁྱེད་རང་བྱ་གང་ལའང་ངང་རྒྱུད་རིང་བའི་ངང་དུ་ཞིབ་ཚགས་མེད་པ་ཚོར་ཐུབ།   དེ་བས་ཞིབ་ཚགས་ལ་གོམ་པའི་བཟང་ཆ་དང་དགེ་མཚན་ནི་རང་གི་འཚོ་བའི་ཟིན་བྲིས་ནང་དུ་ཅེས་ཀྱང་འབྲི་དགོས་ཤིང་རང་གི་འཚོ་བའི་ཁྲོད་དུ་གོམས་པར་བྱ་དགོས་པ་ཞིག་རེད་དོ།།
          
(༢༡༤༥  ༡༢  ༡༣) (༢༠༡༨  ༡༢  ༡༣) (2019 1 19
                     རྩོམ་སྒྲིག་པ། མྱི་གསར་བ།

           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease