རྫོང་སར་རྩོམ་རིག བཅད་རྩོམ་སྙན་ངག ༤

    རྫོང་སར་རྩོམ་པ་པོ་མཐུན་ཚོགས།


རྫོང་སར་རྩོམ་རིག བཅད་རྩོམ་སྙན་ངག 


ཁྲག་གདོང་། 
བཞག་ཚ། རྣལ། མཆོད་མེ། དར་རྐུད། ཆར་ཞོད། བང་སོ། རི་སྤྱང་།
              གཟི་ནང་པོ། གངས་འོད། བེའུ་བསོད་ཆེན། བཀྲ་ཤིས་རྒྱལ། མྱི་གསར་བ།

བྱེ་མ་ཐང་ལ་སྤྲིངས་པ།
 
                  འདྲུ་བཀྲ་ཤིས་རྒྱལ། རྒྱུད་སྡེ་འོག་མ།
 
གཡོ་བའི་གཤིས་ཀྱིས་སུ་ཡང་མི་དྲན་མོད། །
དད་པའི་དང་བ་རྒྱང་རིང་ཡུལ་དུ་ཤོར། །
ཉིན་ཞག་འདས་ཀྱང་དུས་ཀྱི་སྣེ་མོ་ནས། །
བླ་སློབ་འདུས་པ་ཡང་ནས་ཡང་དུ་དྲན། །
 
སྟོན་ཁའི་ཟླ་བ་དལ་གྱིས་འཛུམ་པ་ཡང་། །
མི་རྟག་ལོ་འདབ་ལྷུང་བའི་གཤིས་ལ་འཛུམ། །
དུང་ཟླའི་ངོགས་སུ་ལྷ་མོ་རྒྱུ་བ་གང་། །
བདག་ལ་མངའ་བའི་རྟོག་པའི་ཟློས་གར་ཙམ། །
 
སེམས་འདི་རྒྱང་དུ་བཀྱེད་དེ་ཕྱོགས་སུ་འཕྱན། །
འོན་ཏེ་ནམ་པར་ལུས་པོས་བྲན་དུ་བཀོལ། །
འདི་སྣང་གྲབས་ཀྱི་སྣེ་མོ་གང་ཞིག་ན། །
བླ་མ་སངས་རྒྱས་མཇལ་བ་ཐེ་ཚོམ་ཅི། །
 
རྒྱ་ཡན་ཤོར་བའི་རྟོག་དཔྱོད་གཉིས་པོ་ཡིས། །
ཕྲ་རགས་ཅི་རིགས་ཚོར་འདུའི་མངལ་དུ་བསྙལ། །
ནམ་ཞིག་དུག་གསུམ་སྦྲུམ་པར་འགྱུར་བ་ན། །
བླ་མས་གཟིགས་ཤིག་གྲོགས་རྣམས་རོགས་གདན་མཛོད། །
 
ཉ་ཞིག་ཡིན་ན་ཆུ་ལ་ཞུགས་ཀྱང་ཆོག །
བྱ་ཞིག་ཡིན་ན་མཁའ་ལ་འཕུརད་ཀྱང་ངེས། །
དོན་དུ་མི་ངས་གང་ཡང་མ་འཇོན་པར། །
ཡུལ་གྲུ་འདི་ནས་ཁྱེད་ཅག་ལྷང་ངེར་དྲན། །
 
ད་ནི་རྐྱེན་དབང་མང་པོས་མཚམས་འཇོག་བྱ། །
སེམས་ཀྱི་འཕྲིན་པ་ཚན་རྩལ་ཕོ་ཉ་སྟེ། །
ད་ལྟ་འདི་ནས་འགྲོ་བའི་གྲབས་རྩོམ་པས། །
མྱུར་དུ་བྱེ་མ་ཐང་ན་བསླེབས་པར་ངེས། །
ཚུལ་དེ་ང་རང་ཡིན་ན་དགའ་བ་ལ། །
དབྱངས་ཅན་བུ་མོ།

                      མཆོད་མེ། ཕར་ཕྱིན་བར་མ། 
 
དུས་ཚོད་འཁོར་དྲགས་ད་ལྟའི་ངོས་སུ་ཐུག །
མི་རྣམས་རྒ་བས་སྡུག་བསྔལ་བཟོད་མ་མཆིས།།
གཉེར་མ་ཤིག་ཤིག་ཐོད་པའི་རྩ་ལ་འཁོར།།
གོམ་སྟབས་ཡམ་ཡོམ་ས་གཞི་སྟེང་དུ་སྤོས།།
དབྱངས་ཅན་བུ་མོ་ནམ་མཁར་གཟིགས་གནང་དང་།།
སྤྲིན་དཀར་གྱེས་ཤིང་སླར་ཡང་འདྲེས་པར་གྱུར།།
 
མི་ནི་ཡི་ཆད་མིག་གི་འོད་ཟེར་ཉམས།།
བདེ་སྐྱིད་འཁོད་པའི་དབྱར་ཀ་རེས་ཙམ་བྱོན།།
ཚོར་བའི་མུ་གེ་བྱུང་འདིས་མུན་པ་འཐིབས།།
འཚོ་བའི་འཁོས་ཀ་ངན་པས་རུལ་ཙམ་གནང་།།
དབྱངས་ཅན་བུ་མོ་ངག་དེ་གྲོལ་གནང་དང་།།
རོལ་མོའི་ཡུལ་དུ་མྱ་ངན་ཡོད་མ་ཡིན།།
 
ང་རང་འཆི་ཁའི་གྲིབ་མས་ཡང་ཡང་བདའ།།
སྐྱེས་པའི་ལན་ཆགས་ཟེར་ཡང་དེ་ག་རེད།།
བྱུང་ཙམ་རང་དབང་སྒོ་ནས་མེ་ཏོག་གླེང་།།
འཆར་ཡན་ཐམས་ཅད་རྨི་ལམ་གསེང་དུ་བཏོང་།།
དབྱངས་ཅན་བུ་མོ་ཐུགས་རྗེ་གསིལ་རོགས་ལགས།།
ང་རང་འཆི་རྗེས་ཁྱོད་ཀྱི་པི་ཝང་བྱེད།།
                   ༢༠༢༢/༩/༡༢
མེ་ལོང་ལ་བལྟས་པ།

                     རི་སྤྱང་། ཕར་ཕྱིན་བར་བ།
 
ང་ཡི་མིག་ཟུང་ཤིན་ཏུ་ཆུང་དྲག་ནས། །
འཇིག་རྟེན་འདི་ཡི་ཡོད་ཚད་ཤོངས་ཐབས་བྲལ། །
མེ་ལོང་ནང་ནས་རང་ལ་བལྟས་པ་ན། །
མི་ཡི་མིང་ཁུར་རྐང་གཉིས་འགྲོ་ཙམ་ལས། །
གསོན་པའི་རེ་བ་ཆེན་པོ་མི་འདུག་གོ །
 
ད་ལྟ་ང་ཡི་ནང་སེམས་སྐྱ་མོ་རུ། །
མི་འདོད་སྙིང་གི་ན་ཚ་དྲག་ཏུ་འཁོལ། །
གསོན་པ་ལས་ཀྱང་འཆི་བ་མཛེས་སྡུག་ལྡན། །
འཆི་བ་དངངས་སྐྲག་དགོས་པའི་གནས་མ་ཡིན། །
འཆི་བ་ལས་ཀྱི་ལམ་ཁ་བརྗེས་པ་ཙམ། །
 
ཡང་སྙིང་བོར་འཁོར་བའི་གཞིས་ཀ་རུ། །
འུ་ཅག་ཕལ་བའི་ནང་གི་ཕལ་བ་སྟེ། །
ཀླད་པ་སྟོང་པ་ཆུ་ཡིས་བཀྲུས་རྗེས་སུ། །
སེམས་ཀྱི་ཟླ་བ་ལག་ཏུ་བཟུང་བསམ་ནས།
རྒྱང་རིང་ཞེ་ལ་ཐོགས་ནས་ལོ་ཟླ་ཡལ། །
 
ཅི་ཡང་མི་ཤེས་གང་ཡང་གདེང་མི་ཕེར། །
འཕགས་པའི་ལམ་ལ་རེ་བ་བརྒྱབ་ན་ཡང་། །
བགྲོད་ལམ་དོག་པས་ང་ནི་ངལ་བར་གྱུར། །

ཟླ་བ་བརྒྱད་པ།
 
                    བཞག་ཚ།  ཚད་མ་གོང་མ། 
 
ཆར་བ་ཟམ་ཟིམ་དལ་བུ་དལ་བུ་ས་ལ་ཟགས།།
རླུང་བུ་བསིལ་མོ་ལྷོད་པོ་ལྷོད་པོ་བར་སྣང་ལྡང་།།
སྟོན་ལོ་སེར་པོ་གློ་བུར་གློ་བུར་བྱ་བཞིན་འཕུར།།
བྱ་ཆེན་ཁྲུང་ཁྲུང་ག་ལེར་ག་ལེར་ལྷོ་ལམ་བཞུད།།
སྟོན་གཞུང་སེམས་པ་སྐྱ་བོ་སྐྱ་བོ་ཁ་དོག་འབོར།།
བདག་གི་སྒོ་དང་སྒེའུ་ཁུང་རྒྱབ་ཏུ་སྟོན་ཁ་ཚེས།།
 
སྤྲིན་པ་དཀར་ནག་ཉི་ཟླའི་གྲིབ་མ་ཡང་ཡང་འགོག།
རི་ཆུ་ནཊ་གསུམ་དབྱར་ཁའི་སྲོག་དང་རྒྱང་དུ་གྱེས།།
གྲང་ངར་ཤུར་ཤུར་དལ་མོ་དལ་མོ་ཅུང་ཙམ་འདར།།
སྟོན་གཞུང་བརྒྱད་པའི་ཟླ་བ་སྐྱོ་གདུང་ཚོར་སྣང་ཞིག།
ལོ་སེར་འདབ་ལོ་འབབ་པ་གྱེས་བྲལ་སྙན་ངག་ཅིག།
བདག་གི་སྤྱན་ཟུང་མདུན་དུ་སྟོན་ཟླ་འབྲིང་པོ་ཚེས།།
 
དུ་སྤྲིན་རྡུལ་ཙམ་དབེན་པའི་མཁའ་ལམ་ཡངས་པ་ན།།
མཚན་མོར་ཟླ་བ་མཛེས་ཀྱང་ལོ་ཟླ་འཁྱག་བསིལ་ཅན།།
གཙང་བོ་བཞུར་སྒྲ་རྣ་དང་སེམས་སུ་ལྷུང་ལྷུང་འབབ།།
ཤུག་ཤུག་དལ་གྱིས་ལྡང་བའི་སྟོན་རླུང་འཇམ་པོ་ཞིག།
སྒེའུ་ཁུང་གན་གྱི་ཁོར་ཡུག་ཡིད་འོང་ལྷིང་འཇགས་ཤིག།
བདག་གི་མཚན་མོར་ཟླ་གཞོན་མཛེས་པའི་སྟོན་ཁ་ཚེས།།
 
རི་བོ་ལྗང་ལྗང་གསེར་མདོག་གོས་སུ་ཡང་ཡང་བཀླུབས།།
མེ་ཏོག་དཀར་དམར་སྒེག་པའི་ཉམས་འགྱུར་གློ་བུར་ཤོར།།
ཡིད་འོང་དབྱར་གྱི་མཛེས་སྡུག་འཛིན་པའི་ལྡོང་ལོ་འགའ།།
ནཊ་ཚལ་གསེབ་ནས་ངེས་མེད་རླུང་གིས་གང་སར་སྤུར།། 
དྲན་གདུང་མག་མོག་ལོ་འདབ་སེར་པོའི་འཐོར་རོཊ་རེད།།
བདག་གི་དབྱར་གཞུང་རྫོཊ་ཏེ་སྟོན་གཞུང་བརྒྱད་པ་ཚེས།།
            2022/9/22  རྫོང་སར་ནས། 

སྐྱེ་བ་འདིར།
 
              རྣལ། ཕར་ཕྱིན་འོག་མ།
 
ལས་ཀྱི་དར་སྐུད་དམར་པོ་བསྲིངས་ས་རུ།།
མིག་མཐའི་གཙང་ཆབ་དེའང་འཐོར་བར་གྱུར།།
ཉི་འོད་ཀྱིས་ནི་སྒེའུ་ཡོལ་བརླན་པ་ན།།
སྐྱེ་བ་འདིའང་བྱིས་པའི་ལག་འཛུབ་ཀྱི།།
འོད་ཟེར་དམར་པོ་དེ་ལ་སྣང་བ་འཕྲུལ།།
རི་དེའི་འདབས་ཀྱི་དར་ལྕོག་མཐོང་བ་ན།།
སེམས་ཚོར་ལྕི་བ་དེའང་ཅི་ཡིན་ནམ།།
 
རང་ལུས་དར་གོས་དམར་པོས་གཡོགས་པ་ན།།
སེམས་འདི་ཞི་བ་ཆེན་པོས་ཁྲུས་གསོལ་གནང་།།
དེ་ཡི་གདོང་ལ་འཛུབ་བག་དོད་པ་དེ།།
ཡིད་འོང་མེ་ཏོག་བཞད་པ་ཅིའི་མི་མཚུངས།།
རང་ལགས་ལམ་ལ་ཀྱག་ཀྱོག་མང་འདུག་གམ།།
 
ཉི་མ་ཕྱེད་དང་སྲོད་དག་མཐོང་བ་ན།།
གྱོན་པ་དམར་པོ་དེའང་མཛེས་དོན་ཅི།།
ངག་ལ་དབྱངས་ཀྱི་གདངས་ཤིག་འཁོར་འདུག་གོ།
དེ་ལ་ཚིག་དང་ཐ་སྙད་བཙལ་བར་བྱ།།
                  ༢༠༢༢   ༩   ༢༢

དད་སེམས་ཡིད་ཀྱི་མཚོ་མོ།

 
             བང་སོ། མངོན་པ་གོང་མ། 
 
བསིལ་ལྡན་ནོར་འཛིན་སྒེག་མོའི་ཁྱོན་ཡངས་སུ།།
ཡང་དག་སྨིན་གྲོལ་འོད་སྟོང་འགྱེད་མཁས་པ།།
འགྲོ་བླུའི་མུན་པ་ཀུན་བཅོམ་ཕུན་རྣམ་མཆོག།
ངེས་དོན་ཤེས་པའི་ཚིག་གི་ལན་བརྒྱ་བསྟོད།།
 
རིག་གནས་ནོར་བུའི་མཛོད་ལ་དབང་སྒྱུར་བའི།།
མཁྱེན་དཔྱོད་ཕ་མཐའ་ཡས་པ་ལྷ་རིགས་པ།།
སྔོན་མེད་མཁས་པའི་དཔལ་གྱིས་གངས་ལྗོངས་ལ།།
རྣམ་དཔྱོད་འོད་ཀྱིས་སྒེག་པས་ཨེ་མ་རྨད།།
 
དམ་ཆོས་འོ་མའི་ཆུ་གཏེར་རབ་བསྲུབས་ཏེ།།
དོན་གཉིས་འབྲས་བུའི་མར་ལོས་ཚིམས་མཛད་པས།།
ཆོལ་གསུམ་ཕ་མཐའ་ཡས་པའི་ཁྱོན་ཡོངས་སུ།།
འཁོར་དང་སློབ་མ་བཀྲ་བ་གཅིག་ཏུ་མཚར།།
 
ལྔ་རིག་འོད་ཀྱི་གུར་ཕུབ་ཁམས་ཕྱོགས་ཡིས།།
ས་འདིའི་ཕུན་ཚོགས་ཆེས་ཆེར་བདོ་བ་དང་།།
གྲགས་སྙན་ལྷ་ཡི་གླིང་བུས་ཁོར་ཡུག་ཀུན།།
གཅིག་ཏུ་ཁྱབ་པ་ལེགས་བྱས་སུ་ཡིས་འགོག།
             ༢༠༢༢/༩/༢༤ཉིན་རྫོང་སར་ནས།
མཐོང་བ་པད་མའི་འཛུམ་ཞལ། 
 
                        ཁྲག་གདོང་། ཕར་ཕྱིན་བར་མ།
 
ཞོགས་པའི་ཉི་ཟེར་ལྷན་དུ་སྣང་བ་རྒྱུད། །
སྤྲོས་པའི་ལས་ཀྱི་དབང་བ་ག་ཚད་ཅིག །
སྒེག་པའི་གཟུགས་ཀྱི་ངོ་བོ་རྣམ་དག་པ། །
ཡག་ལག་དྲུག་ཅུའི་ནང་གི་གླུ་ཡི་གདངས། །
ངག་ནས་བཀུག་པ་དེ་ཡང་སྙིང་པོ་བསམ། །
ཡིད་ལ་དང་བ་འདྲེན་ནས་ཟླ་མེད་པའི། །
སྐལ་བ་རང་བྱུང་ཀློང་ནས་བདུད་རྩིའི་རོ། །
མཆོད་པའི་ལྷ་མོ་ཡོངས་ལ་ཕུལ་བ་ནས། །
དྲན་ཤེས་རྟག་བརྟན་གྱུར་པའི་སྨོན་པ་ཡང་། །
ངང་ངམ་ཤུགས་ཀྱིས་འཐེན་པ་ལན་འདི་མིན། །
 
འཆར་ཡན་དལ་གྱིས་རྒྱུད་དེ་རང་སྣང་ལ། །
ཞེན་ཆགས་གཏིང་ནས་བོར་བ་མ་ཡིན་པ། །
ཡིད་ཡུལ་རིང་ཡང་ཐུང་ཡང་དྲན་ཚོར་འདིར། །
རྟོག་བཏགས་ཡེ་ནས་སངས་བ་ལས་ཀྱིས་རེག །
བརྩེ་བའི་མེ་ལོང་ནང་གི་གཟུགས་རྡུལ་ཆགས། །
གཟུགས་ལ་མེ་ཏོག་སྣ་ཚོགས་མངོན་གྱུར་པ། །
པད་མའི་བཀྲག་མདངས་དེ་ལ་ཡིད་འོང་ཞིག །
སྨུག་པའི་གསེང་དུ་མངོན་བཞིན་ན་ཚོད་སྨིན། །
བདག་ཡིད་རི་དྭགས་ཇི་བཞིན་རྒྱང་རིང་དུ། །
སྐྱི་བསེར་རླུང་བུའི་ལྷན་དུ་གཡོ་ཞིང་འགུལ། །
 
བྱ་དང་བྱེའུ་ཆུང་ཚོགས་ཀྱི་གྲེ་འགྱུར་དང་། །
མཚོ་དང་མཚེའུ་ནང་གི་ངང་བའི་གདངས། །
ཀུན་ཏུ་དགའ་བའི་ངག་རིག་མཐའ་མེད་དེ། །
ཡང་དག་ངག་གི་རྒྱུན་ལས་མཐོང་བ་ནི། །
འཛུམ་པ་ཞལ་ཀྱི་པད་མོ་གཟུགས་སུ་གྲུབ། །
ཞི་བའི་ནགས་ཚལ་ཁྲོད་དུ་འགྲིམས་དུས་སུ། །
སྣང་བ་བན་བུན་དེ་ཡང་བདེ་བའི་ངང་། །
ལྷིང་འཇགས་གླིང་ཁ་གཅིག་ཏུ་འཚོ་ལ་བྲེལ། །
ཡིད་ཀྱིས་བཏེགས་པ་ནང་གི་བག་ཕེབས་པ། །
སྐལ་བ་ཡར་འགྲོ་ཞིག་དང་འཕྲད་ན་བསམ། །
                      2022 9 10
 
སྤང་རྒྱན་མེ་ཏོག

                 དར་སྐུད། ཕར་ཕྱིན་བར་མ།
 
སྟོན་ཟླ་བདུན་པའི་དུས་ཚིགས་རིང་མོའི་ནང་།།
དྲོ་གྲང་མཉམ་པའི་སྤྲོ་གསེང་དཔལ་དུ་ཉུལ།།
                 ——ཐོག་མའི་གླེང་གཞི།
 
རྟ་བདུན་དབང་པོ་བརྒལ་བའི་ལ་ཉག་ཏུ།།
རླུང་གིས་ལྡེམ་བའི་ཡལ་ག་སྐྱ་མདངས་ཅན།།
སྦུག་མ་གྲོལ་ཞིང་རྐང་དྲུག་ཚོགས་བཅས་ཏེ།།
སྤང་རྒྱན་མེ་ཏོག་ཉི་ནུབ་མཚམས་སུ་ཤར།།
 
རྫ་བྲག་འོག་གཞིའི་ཡངས་པའི་རྩྭ་ཐང་དུ།།
ཆར་ཞོད་སྙོམས་ཤིང་སྐྱི་བསེར་ལྡང་བའི་ཁྲོད།།
འདབ་སྟོང་བྱེ་བ་འཇའ་ཚོན་བཞིན་དུ་སྟེ།།
སྤང་རྒྱན་མེ་ཏོག་གྲང་ལྷགས་མཉམ་དུ་ལྡེམ།།
 
མཐོ་རིས་ཞིག་གི་གདོང་ཟུར་སྨུག་པོ་ནས།།
སྦྲང་ཆར་སིལ་མས་འཇག་མ་ཡངས་སུ་རླན།།
ཡིད་འོང་འདབ་ལོར་ཟིལ་བ་ཁྲོམ་མེར་དུ།།
སྤང་རྒྱན་མེ་ཏོག་ན་བུན་གསེང་ནས་འགྲོས།།
 
དུས་ཚོད་ལེབ་མོ་འགྱུར་དང་འཁོར་བ་ཡིས།།
ལ་ལུང་ཀུནད་ཏུ་སྐྱ་སེར་རབ་རིབ་འཐིམ།།
སེར་དང་སྐྱ་བོའི་བར་གྱི་དུས་ཚིགས་སུ།།
སྤང་རྒྱན་མེ་ཏོག་སྟོན་གྱི་རྒྱན་དུ་བཞད།།
                         2022.8.22.རྫོང་སར་ནས་གྲུབ།

སྙན་ངག་པ་ལ་ཅི་ཡང་རྒྱན། 
 
                   བེའུ་བསོད་ཆེན། རྒྱུད་སྡེ་འོག་མ།                           
 
སེམས་དང་སེམས་བྱུང་མདུད་པ་བཀྲོལ་ཅིག་ཀྱེ། །
ཚོར་བའི་རི་མོ་གཟུགས་སུ་ཕོབས་ཤིག་གུ  །
ལུས་ཀྱི་འཆིང་གྲོལ་ལས་ལ་དབང་གྱུར་ཀྱང་། །
སེམས་ཀྱི་འཆིང་གྲོལ་ལས་དབང་ལས་རྒྱལ་ལོ། །
 
མཚན་མོའི་མུན་པ་ཉིན་མོའི་སྣང་བ་སྟེ། །
དབྱར་གྱི་སྤང་ལྗོངས་དགུན་གྱི་གངས་རི་སོགས། །
ཕལ་བའི་མི་ལ་ཕལ་བ་ལྟར་སྣང་ཡང་།  །
སྙན་ངག་པ་ལ་ཡོད་ཚད་རྒྱན་དུ་གྱུར། །
 
སྙིང་སྡུག་འཛུམ་པའི་ཚེ་དང་ངུ་བའི་ཚེ། །
རང་ཉིད་སྐྱོ་བའི་ཚེ་དང་སྤྲོ་བའི་ཚེ། །
བདེ་སྡུག་རོ་མཉམ་སྒོམ་པ་མིན་ཡང་། །
སྙན་ངག་པ་ལ་དེ་ཀུན་རྒྱན་དུ་གྱུར། །
 
སྣོད་ཀྱི་དར་རྒུད་བཅུད་ཀྱི་འདུ་འབྲལ་དང་། །
སེམས་ཀྱི་བདེ་སྡུག་དུས་ཀྱི་འཕོ་འགྱུ་སོགས། །
འཇིག་རྟེན་མི་ཡིས་གཙང་བཙོག་གང་བསྙད་ཀྱང་། །
སྙན་ངག་པ་ཡི་ཚོར་བའི་རྒྱན་ཆའོ། །
                  20/3/14ཕྱི་དྲོར། 


སྲོད་དུས་ཀྱི་ཐོལ་བྱུང་།

               གཟི་ནག་པོ། ཕར་ཕྱིན་བར་མ། 
 
རྡོ་ཡི་འཇུ་ཐག་བརྒྱུས་ཏེ་རྐང་ལག་སྒྲོག ། 
སེམས་ཀྱི་ན་ཟུག་འཇུར་བུ་འཇུར་བུ་དོད། ། 
ཞེ་ཡི་གདིང་གའི་གཡོ་སྐྱོམ་ཐ་དག་ཀྱང་། ། 
སྨག་ནག་ཁྲོད་ཀྱི་ཁུ་སིམ་ལ་བཅོལ་ཏེ། ། 
སྐྱེ་བ་དགུ་བརྒྱ་དགུ་བཅུར་ཤི་འཕོ་ཟློས། ། 
ངག་རིག་ཚོཊ་ནི་སད་ཀྱིས་སྤྱུག་པ་ལྟར། ། 
ང་ཡི་ཉེ་ལོག་དྲི་ཙམ་དབེན་ཞིང་འཇག ། 
 
ལས་ཀྱི་ལྷ་ཡིས་ད་ལྟའི་སྐྱེ་འཆི་བསྩལ། ། 
ཕྱི་ཡི་འཇིག་རྟེན་བདལ་ཞིང་ཆེ་བར་བྱས། ། 
བདག་གི་སྙན་ངག་ཐོང་བའི་ཚུག་ག་བྱེད། ། 
ཐང་རེར་འགྱེལ་ཞིང་ཐང་རེར་ལང་བ་དང་། ། 
སྙིང་གི་ཁྲག་རྩ་བར་མེད་རྡལ་བར་བྱེད། ། 
དེས་ཀྱང་བདག་ནི་ཞེད་པར་མི་བྱེད་དེ། ། 
བདག་གི་མི་ཚེའི་གཞུག་ཏུ་ལྷ་ཚོཊ་བདོག ། 
 
བས་མཐའི་སྣང་བ་ཇེ་འཁྱག་ཇེ་འཁྱག་རེད། ། 
ཡིད་བརྙན་ཆུ་ནི་བྲུག་པ་ཇེ་རྐམ་རེད། ། 
བདག་གི་ཤོག་བྱ་འཕུར་བ་དེ་ཙམ་ཞིག ། 
ཚིག་དང་ཐ་སྙད་བས་མཐར་ཆས་པ་སྣང་། ། 
པུར་གྱི་སྲབ་ཁ་དེ་ཙམ་མི་ངར་ཞིང་། ། 
ཚིག་ཀྱང་འཕང་མ་བཞིན་དུ་གཙུབ་པ་དེ། ། 
ཨེ་མ་སྙིང་གི་འཕག་སྒོ་འགག་གམ་ཅི། ། 
ལྔ་རིག་ཟླ་གཞོན་སྙིང་པོ།
  
                 གངས་འོད། ཕར་ཕྱིན་འོག་མ། 
 
མང་ཐོས་གསུང་རབ་རྒྱ་ཆེན་ནགས་ཀྱི་ཚལ།།
ལྟ་སྒོམ་སྤྱོད་ཚོགས་རི་དྭགས་བག་ཡངས་རྒྱུ།།
བརྩེ་ཆེན་ལེགས་བཤད་སྐལ་ལྡན་འགྲོ་བ་ལ།།
ལྷག་བསམ་རྣམ་དག་ཐེག་མཆོག་རྦབ་ཆུ་ཡི།།
རྣམ་ཀུན་སྐྱོང་བས་ནགས་རི་ལྷུན་པོ་བཞིན།།
འཇམ་མགོན་བླ་མ་སྙིང་ནས་ཡང་ཡང་དྲན།།
 
ཐོས་པར་བདེ་ཞིང་འཇུག་ལ་རབ་བདེ་བའི།།
དམ་པའི་མན་ངག་སྲིད་པའི་རྩེར་འཕཊ་ཏེ།།
ཐེག་པ་མཆོག་གྱུར་ཉི་ཟེར་འབུམ་ཕྲག་གིས།།
སྐལ་བཟང་སྐྱེ་འགྲོའི་ཡིད་ཀྱི་ལས་ཉོན་དག །
རབ་ཏུ་གསལ་མཛད་དཔལ་ལྡན་ཆོས་ཀྱི་རྗེ།།
འཇམ་མགོན་བླ་མ་སྙིང་ནས་ཡང་ཡང་དྲན།།
 
ཟབ་ཅིང་རྒྱ་ཆེའི་སྲིད་གསུམ་འགྲོ་བ་རྣམས།།
བདེ་བ་འདོད་ཀྱང་སྡུག་ལ་མངོན་རྒྱུཊ་པས།།
རྨོངས་མུན་ཆགས་སྡང་རྩེ་མོར་བསྐྱོད་ཙ་ན།།
སྣ་ཚོགས་བླང་དོར་ཤིན་ཏུ་ཀློག་གྱུར་རྣམས།།
ཚིམ་པ་བསྟན་ལ་དཔག་བསམ་ལྗོན་པ་ལྟར།།
འཇམ་མགོན་བླ་མ་སྙིང་ནས་ཡང་ཡང་དྲན།།
 
འདི་ཙམ་ཁོ་ནས་དཔལ་ལྡན་བླ་མའི་དྲིན།།
རྒྱ་མཚོའི་ཆུ་ཐིཊ་ཙམ་ལས་མི་ལངས་མོད།།
འོན་ཀྱང་བཅོས་མིན་ཡང་ཡང་དད་པ་ཡི།།
བས་མཐའི་གྲོང་ནས་བླ་མའི་མཛད་པ་ལ།།
འདི་ལྟར་དགའ་བ་སྐྱེ་བའི་མོས་གུས་ཀྱིས།།
བསླུ་མེད་བླ་མས་སྐྱེ་ཀུན་རྗེས་བཟུང་ཤོག །
ཅེས་ཀྱང་ཟླ་ཚེས་དགེ་བའི་ཉིན་འོག་མིན་མཁའ་སྤྱོད་གླིང་གི་ཉེ་འདབས་ནས་སྐྱབས་མཆོག་རྩ་བའི་བླ་མ་༧འཇམ་མགོན་གཞན་ཕན་སྙིང་པོ་ཡང་ཡང་དྲན་པས་རྐྱེན་བྱས་ཏེ་ཐོལ་བྱུང་དུ་སྦྱར་བའོ།།
སྨག་ནང་གི་ཉི་མ།
 
                     ཆར་ཞོད། ཕར་ཕྱིན་འོག་མ། 
                   
རླབས་ཆེན་ཚོགས་གཉིས་རྒྱ་མཚོ་མངོན་པར་བསྲུབ་ནས། །
མཁྱེན་གསུམ་རིན་ཆེན་ནོར་བུ་ལེགས་པར་ཐོབ་པའི། །
གསེར་ནག་ཞུན་མའི་སྐུ་ལ་གཟི་བྱིན་འབར་བའི། །
འཇམ་མགོན་གཞན་ཕན་མཚན་ཅན་སྙིང་ནས་དྲན་ནོ། །
 
ཐུགས་རྗེ་བསིལ་བྱེད་འོད་ལ་ཕྱོགས་རིས་འབྲལ་ཏེ། །
སློབ་ཚོགས་རྒྱུ་སྐར་དབུས་ནས་མངོན་པར་འཕགས་པའི། །
སྐྱེ་དགུ་ཀུ་མུད་ཚོགས་རྣམས་ལེགས་པར་བསྐྱོང་བའི། །
བླ་མ་རྒྱུ་སྐར་བདག་པོ་སྙིང་ནས་དྲན་ནོ། །
 
སྡོམ་གསུམ་གཙང་མའི་ཐབ་ཚང་ལེགས་པར་བཅས་ཏེ། །
བསྡུ་དངོས་བཞི་ཡི་མེ་ལྕེ་རབ་ཏུ་སྦར་པས། །
ཡོན་ཏན་བྱེ་བའི་ཆུ་ཚོགས་རྒྱུན་དུ་བསྐོལ་བའི། །
བླ་མ་ཟས་བྱེད་པ་ཁྱོད་སྙིང་ནས་དྲན་ནོ། །
 
ཕྱིན་དྲུག་ས་བོན་བསྐྲུན་པའི་ཐུགས་རྗེའི་ཞིང་ལ། །
དམིགས་མེད་སྦྱོར་བཞིའི་ཆུ་ཕྲན་རིམ་པར་དྲངས་ཏེ། །
འབྲས་བཟང་སྐུ་གསུམ་ལོ་ཏོག་ལེགས་པར་སྨིན་པའི། །
བླ་མ་སོ་ནམ་པ་ཁྱོད་སྙིང་ནས་དྲན་ནོ། །
 
གླིང་བཞི་གདུལ་བྱའི་ཚོགས་ལ་ཉིན་མཚན་མེད་པ། །
རྣམ་དཀར་དབང་བཞིའི་ཆར་རྒྱུན་རྟག་ཏུ་ཕབས་པའི། །
བསྟན་དང་འགྲོ་བའི་དོན་ལ་ཐུགས་ངལ་མེད་པའི། །
བླ་མ་སྒོམ་ཆེན་པ་དེ་སྙིང་ནས་དྲན་ནོ། །


གཏན་ཚིགས་ཐོལ་བྱུང་།
 
                      མྱི་གསར་བ། མངོན་པ་འོག་མ།
 
མི་ཚེའི་ཕྱེད་ཙམ་ཟིན་པའི་ལ་རྩེ་འདིར་ཐོན་དུས།།
འཇིག་རྟེན་ཆོས་ཉིད་དེ་ཀ་རག་རིམ་ཙམ་རྟོགས་ཀྱང་།།
ཡོད་ཚད་འགྱུར་བའི་མི་རྟག་རླུང་ཆེན་ལ་བསམ་ན།།
སེམས་ཀྱི་གཏད་སོ་ཆོག་པའི་གནས་ལུགས་ཀྱང་མ་རྙེད།།
 
སྐྱིད་དུས་མཉམ་འགྲོ་གྲོགས་ཀྱིས་དགོད་སྒྲ་ནི་སྙན་མོད།།  
སྡུག་དུས་ཡོད་ཚད་བརྗེད་པའི་བར་ཐག་ལ་བསམ་ན།།  
སྔོན་ཆད་བྱིས་བློས་བརྩེ་བའི་དྭངས་གཙང་ཡང་དོར་ནས།།  
ད་ནི་རང་མགོ་ཐོན་པའི་མི་ཞིག་ཀྱང་བྱ་འདོད།།  
 
ཁ་ནི་གསེར་ཞུན་སྦྲང་རྩིའི་རོ་བཅུད་ལ་འགྲན་རུང་།།  
སེམས་ཀྱི་དེ་ཉིད་གཅེས་པའི་བརྩེ་བ་ཞིག་མེད་ན།།  
ཆོས་ཉིད་ལས་ཀྱི་དབང་མོས་བར་ཐག་ཡང་ཕྱེ་བ།།  
མི་རྟག་དུས་ཚོད་སྔ་ཕྱིའི་རིང་ཐུང་ཙམ་མིན་འགྲོ།།  
 
ནམ་ཟླ་དབྱར་དགུན་དུས་ཀྱིས་ཡོ་ལངས་ནི་རྒོད་ཀྱང་།།  
ཉི་མའི་ཚ་དྲོད་འཁྱག་པའི་དུས་ཤིག་ནི་མེད་དོ།།  
འུ་ཅག་ལས་བསྐོས་སྐྱིད་སྡུག་རེས་མོས་སུ་ཚེས་པས།།  
སེམས་ཀྱི་དྲོ་གྲང་མི་སྙོམས་འགྱུར་ཟློག་འདི་ཆེ་ཨང་།།  
 
ཚེ་ཡི་མདུད་པ་ལྷོད་མེད་ཡུན་རིང་དུ་བརྟན་ན།།
ཡོད་ཚད་རྨི་ལམ་སྒྱུ་མའི་འཁྲུལ་སྣང་ལ་བཅོལ་ནས།།
སེམས་ཀྱི་དྲོད་ཁོལ་རྙེད་པའི་གནས་མལ་ཞིག་རྙེད་ཅིང་།།
བདེན་པའི་རྔ་ཆེན་ལྡུང་བའི་དུས་སྐབས་ཤིག་ཤར་འོང་།།
                      རྩོམ་སྒྲིག་པ། མྱི་གསར་བ།

           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease