རྫོང་སར་རྩོམ་རིག རང་མོས་སྙན་ངག ༤

    རྫོང་སར་རྩོམ་པ་པོ་མཐུན་ཚོགས།


རྫོང་སར་རྩོམ་རིག
རང་མོས་སྙན་ངག ༤

  གྲོལ། གསར་བརྗེ་བ། སྲོད། བྱང་དུར་འདྲེ།  
            ཆང་། ངར་བ། མཆོད་མེ། མྱི་འདྲེ། མྱི་གསར་བ། 

མི་རྟག་པ།
 
            མྱི་འདྲེ།
 
རང་ལ་རང་གི་ཕ་དང་གྲོགས་ལ་གྲོགས་ཀྱི་ཕ་མིང་བཏགས་ཤིང་
གཡག་རྭ་དག་ལ་སྦྲ་ནག་བཀལ་ཏེ་རུ་སྤོས་སོང་
 
ཡང་རང་གི་བུ་ལ་རང་དང་གྲོགས་ཀྱི་བུ་ལ་གྲོགས་འདྲ་ཞེས་བསྟོད་དེ
གཡག་རྭ་ནས་འབྲུ་ཆང་རྔུབ་ཞོར་རུ་བབས་བྱུང་
 
ཡང་རང་གི་བུ་མོ་ལ་མ་དང་གྲོགས་ཀྱི་བུ་མོ་ལ་གྲོགས་ཀྱི་ཆུང་མ་འདྲ་ཞེས་སྨད་དེ
གཡག་རྭ་ནས་སྣ་ཐ་འཇིབ་ཀྱིན་བཤད་རྒྱུར  སྔོན་མ་ལྟར་ན་ད་རུ་སྤོ་བའི་ནམ་ཟླ་རེད་ཅེས་བཤད།
               ༢༠༢༢:༡:༧
རང་ཉིད་ལ་ཕུལ་བའི་འཕྲིན་ཡིག ༡    
 
                  ཆང་།  
 
ཁྱོད་རང་ད་ལྟ་ཧ་ཅང་སྐྱོ་བར་གནས་འདུག
དགུན་གཞུང་གི་ཁྱི་གུ་འཁྱམ་པོ་བཞིན།
ཁྱོད་ཀྱིས་རང་ཉིད་ཀྱི་མགོ་བོ་ཤིན་ཏུ་དམའ་བར་སྨད་འདུག
སེམས་ཁམས་དོ་མི་མཉམ་ཞིང་ཕྱི་རོལ་ལའང་སྤྲོ་བ་ཡལ་འདུག
ཁྱོད་ཀྱིས་སྙན་ངག་འབྲི་བསམ་གྱིན་འདུག་སྟེ།
ཐ་སྙད་ཀྱི་སྒོ་ཆེན་ཕྱེ་བའི་ལྡེ་མིག་རྙེད་མི་འདུག
བློ་ལོང་པོར་གྱུར་བའི་ཁྱོད་ཀྱིས།
གནད་དོན་མང་པོ་མང་པོ་ཞིག་བསམ་གྱིན་འདུག
མ་གཞི་དེ་རིང་གི་གནམ་ངོ་ཡང་ཁྱོད་ཀྱི་སེམས་ཁམས་དང་འདྲ་བར་རབ་ཏུ་སྡུག
 
གཞོན་ནུ་ལགས།   ཡིད་ཕམ་མ་གནང་དང་།
ཁྱོད་ནི་ད་ལྟ་འཇིག་རྟེན་འདིའི་ཆེས་བདེ་སྐྱིད་ལྡན་པའི་མི་དེ་ཡིན།
ཚེ་སྲོག་ཀ་བ་རང་དབང་གིས་འགྱིང་ཞིང་།
སྒྱུ་འཕྲུལ་གྱི་བསམ་བློ་གང་སར་འཕུར་སྐྱོད་བྱེད་ཆོག
ཐག་རིང་གི་བྱ་ཁྱུ་ལ་གཟིགས་དང་།
དགུན་གཞུང་གི་གྲང་ངར་གྱིས་ཡང་ཡང་གཙེས་ཀྱང་།
ཁོང་ཚོས་ཆེས་བདེ་སྐྱིད་ཀྱི་སྙིང་བོ་རང་ཉིད་ཡིན་པར་སྙམ་གྱིན་ཡོད། 
 
གཞོན་ནུ་ལགས།  མགོ་བོ་ཡར་ལ་ཁྱོག་དང་། 
“དུས་ཚོད་ཀྱིས་མི་སེམས་ཀྱི་རྨ་ཁ་གསོ་ཐུབ་པས།”
ཁྱོད་ཀྱི་སེམས་ངལ་གྱི་ཁུར་བོ་ཡང་ག་ལེར་རྒྱང་དུ་ཡིབ་ངེས།
མིའི་རྣམ་ཤེས་ནི་དགའ་སྡུག་གི་འཁོར་ལོར་གྲུབ་པས།
སྐྱོ་ངལ་དང་སེམས་ཁུར་ཡང་འདུ་ཤེས་ཀྱི་ངོ་བོར་གནས་ཡོད།
དེ་བས་ཡོད་ཚད་བདེ་སྐྱིད་ཀྱི་སྙིང་བོར་མ་འཛིན་རོགས།
ང་ཚོའི་འཇིག་རྟེན་འདིའི་བདེ་སྐྱིད་མྱོང་བ་ཇི་བཞིན།
སྡུག་བསྔལ་ཡང་མྱོང་དགོས་པ་སེམས་ལ་འཛིན་རོགས།


བྱ་རྒོད་པོ་དེ།
            
        གསར་བརྗེ་བ།   
 
མཚམས་མཚམས་རེར།
ངེས་མེད་དུ་ཡང་ཡང་དྲན་འོང་བ་དེ།
གློ་རྡེག་གློ་རྡེག་ཏུ།
དྲན་པའི་གཏིང་རིམ་དུ་ན་ཟུག་གི་མདུང་རྩེ་སྣུན་མཁན་དེ།
བར་སྣང་གི་གླག་རྒོད་བཞིན།
གཤོག་རྩ་རྣག་གིས་ཟིན་ཀྱང་འཕུར་མཚམས་མི་འཇོག་པའི་བྱ་རྒོད་པོ་དེ།
བྱ་རྒོད་པོ་ལྟ་བུའི་ཁྱེད་རང་།
ངས་ཁྱེད་རང་དྲན་དགོས་མེད་ཀྱང་ཡང་ཡང་དྲན་བྱུང་།
 
བཙའ་ཆགས་པའི་མེ་ལོང་གི་ངོས་སུ།
ལོ་ཟླའི་འཕོ་འགྱུར་གྱི་ཚིལ་དྲེག་བར་མེད་དུ་བགོས་ནའང་།
མེ་ལོང་དེ་སྔར་བཞིན་དྭངས་ཤིང་གཙང་།  དྭངས་ཤིང་གཙང་།
 
གཉོམ་ཆུང་གི་སེམས་པ་འདིའི་སྒོ་གླེགས་དྲག་ཏུ་རྡུང་མཁན་དེ།
འཇམ་མཉེན་གྱི་བློ་ཁོག་འདིའི་ཆུ་མོ་དྲག་ཏུ་དཀྲུག་མཁན་དེ།
སེམས་པའི་གཏིང་རིམ་དུ་འཛུལ་ནས་ཞབས་བྲོ་བར་མེད་དུ་རྒྱག་མཁན་དེ།
 
གཤོག་རྩལ་མེད་ཀྱང་བྱ་རྒོད་དེའི་རྗེས་ཤུལ་བསྙེག་ན་འདོད་བྱུང་།
འཕུར་ལམ་མེད་ཀྱང་བྱ་རྒོད་དེའི་གྲིབ་མ་མཐོང་ན་སྙམ་བྱུང་།
 
བར་སྣང་གི་དབྱིངས་སུ་འཕུར་ལྡིང་གིས་རྩེན་པའི་བྱ་རྒོད་པོ་དེ།
མཁའ་དབྱིངས་སུ་ཕྱིར་བལྟས་མེད་པར་འཕུར་དང་།
མཁའ་དབྱིངས་ན་དོག་ལམ་མི་འདུག་ལགས།
གསེར་བཙོ་མ།
    མཆན་་་་་་མ་ཡུམ་གྱིས་གནང་བའི་བསླབ་བྱ།
 
                བྱང་དུར་འདྲེ།
 
དེ་དུས་ཏེ
ངས་ཁྱེད་ཀྱི་པང་ནས་གོམ་ཁ་རྩེ་དུས
ཁྱེད་ཀྱིས་ང་ལ་ཐེམ་པ་ཞིག་བརྒལ་དགོས་ཟེར
ཐོན་པ་ཞིག་བརྒལ་རྗེས
སེམས་ཀྱི་གས་སྲུབས་ལས་གྲུབ་པའི་བྱེ་ཐང་དེར
ཆུ་མིག་ཞིག་བསྐོ་དགོས་ཟེར
 
ཁྱེད་ཀྱིས་ང་ལ་བྱིས་པའི་སྡོམ་རྒྱ་དེའང་བཀྲོལ་དགོས་ཟེར
སྡོམ་རྒྱ་བཀྲོལ་རྗེས
སྙིགས་མའི་གྲོང་ལ་མགོ་བོ་འཐོམས་པའི་སེམས་ཀྱི་བྱ་ཁྱུ་དེ
གདོད་མའི་མཁའ་ལ་རང་དབང་གི་འཕུར་ཆོག་ཟེར
 
ད་ནི་འཇའ་ཚོན་བདག་གིར་བྱེད་པའི་ལས་ལ་མ་ངལ
སྐྱེ་བ་འདིར་འཆར་གཞི་ཞིག་གི་སྣེ་མོ་མ་ཟིན་ན
ཅི་འདྲའི་ཡིད་སྐྱོ་བ་ལ་ཨང་ཟེར
འཚོ་གཞེས།
 
              མཆོད་མེ།
 
ངས་སྔར་ལྟར་རང་གི་གནས་ཚུལ་ལ་གཞིག་ནས་ཡོད
ངས་སྔར་བཞིན་རང་གི་འཚོ་བ་འབྲི་གྱིན་ཡོད
 
ང་ལ་དོ་ཞག་ཐ་སྙད་ཀྱི་མཛེས་སྡུག་ཅི་ཡང་མེད
ད་ལྟ་སྙན་ངག་ཟེར་བ་ནི་ཤི་བའི་ངོ་བོ་ཞིག་ལ་གཅེར་བ་དང་འདྲ
ང་ལ་འོ་ཇ་དྲངས་སོང
སྙིང་ཉེ་བའི་སྤུན་ཟླས་དགོད་གཏམ་མང་པོ་བཤད
ཡིན་ཡང  རྒྱང་རིང་གི་ཡུག་རེན
ང་རང་ཁྲག་གི་ཀླུབས་པའི་གོ་ལ་ཕྱི་ལ་ལོག་འདོད
ཁྱོད་ཚོ་ཉམ་ཆུང་བའི་ང་རྒྱལ་དང་ལྷན་དུ་ང་རང་ཞི་བདེ་རུ་ལོག་འདོད
 
སྔོན་ཐོན་གྱི་རྒྱལ་ཁབ་ནི་གྲོག་ཚང་དུ་རྡོལ་བའི་དུག་རེད
གླུ་ནང་གི་ཐ་སྙད་ར་རོ་བ་དེ་ཡང་རེད
ཟོས་ནས་དུག་ཏུ་འགྱུར་གྱིན་པ་དེ་རེད
ལུག་ནང་དུ་མཆོང་བའི་སྤྱང་ཀི་བླུན་རྨོངས་བ་དེ་ཡང་རེད
 
རྒྱང་རིང་གི་ཨུ་རུ་སུ་དང་ཡུག་རེན
ང་ལ་དོ་ནུབ་རྨི་ལམ་གྱི་སྲང་ལམ་མི་འདུག
འབར་གས་དང་མི་ཚོགས་ཀྱི་འཇིག་སྔངས་ཀྱིས་ཁེངས
སྙིང་ཉེ་བ་འཇའ་ཚོན་ཡལ་ཟིན
 
བདག་གི་སེམས་ཁྲལ་ཆེ་ཤོས
མ་ཤི་གསོན་བྲལ་བྱེད་མི་ཐུབ་པ་དེ་དག
ང་ཡི་ཉེ་གམ་གྱི་ཕ་མ་བུ་ཕྲུག་གི་བརྩེ་བ་ལྟ་བུ
གྱེས་བྲལ་ལ་སྐྲག་པའི་ཁྱོ་ཤུག་གི་བརྩེ་དུང་ལྟ་བུ
 
འཛམ་གླིང་ནི་མ་གཞི་བརྩེ་དུང་གི་གྲུབ་ཞིང
ཐ་མར་གྱེས་བྲལ་དང་དམག་འཁྲུག་གིས་འཐོར་དགོས་པ་ཞིག་ཡིན་ནམ
ཨ་རོ་ཚོ   ང་ཡི་ཀློག་པ་པོ་ལགས
                    ༢༠༢༢/༢/༢༧
གཞོན་ནུ་ལགས།
      —སྙིང་ཉེ་བའི་རང་ཉིད་ལ་ཕུལ།
 
                 སྲོད།
 
སླར་ཡང་ཆམ་ནད་ཀྱིས་གདུང་བ  འཆི་བར་གོམ་གང་སྤོས་པ་རེད་དམ
ན་ཚོད་ལ་དབང་བའི་རྟོག་པ་འོག་འགྱུའི་ཚོགས་དམིགས་མེད་བཏང
 
ང་རང   ཁ་བ་ཞུ་བའི་ཆུ་མིག་ལ་སིམ་སོང
སྐད་ཅིག་གི་འགྱུར་བག   སུས་ཀྱང་བློའི་ཡུལ་ལས་འགོངས
 
མི་རྟག་པའི་དཀྱིལ་འཁོར་གྱི་ཐིག་རྩར་ལྟོས་དང   དེ་འདྲའི་རྟེན་ཕུར་མ་རེད
དཔེར་ན   འཁྱག་ཁའི་ཁང་ཆུང་བཞིན་ནོ
 
དེ་བས   ཁྱོད་ལ་ཁྱོད་ཀྱི་འཐོར་ཞིག་དང་བོར་གཏོར་གྱིས་ཟིན
 
 
མངོན་སུམ་དང་ལྐོག་གྱུར   ལན་ཆགས་དང་བསོད་ནམས་ཀྱིས་བཀལ་ན
 ཚུལ་གསུམ་ཚང་ཡང་གཏན་ཚིགས་ནི་ནུས་མེད་ཡིན
 
གཞོན་ནུ་ལགས   ངེས་འབྱུང་རྣལ་མ་སྐྱེ་བར་མཛོད་དང
སང་ཉིན་ནི་ཁྱོད་ལ་དབང་བར་མི་འགྱུར་རོ
          ༢༠༢༢.༢.༡༩.ཕ་ཡུལ་ཨ་འབུམ་ནས་གྲུབ།
མི་རྟག་པ་དྲན་པ།
 
                  རི་སྤྱང་།  
 
གཤིན་རྗེ་ཆོས་ཀྱི་རྒྱལ་པོས
སེམས་ཅན་རེ་རེ་ལ་གསེར་གྱི་དུས་ཚོད་རེ་གནང་ཡོད
དུས་ཚོད་ཀྱི་རིང་ཐུང་ང་ཚོས་རྟོགས་མི་ཐུབ
འདི་ནི་ཆེས་གལ་ཆེ་བའི་གསང་བའོ། །
“འདི་ནས་ཕར་ལ་འགྲོ  ཕར་ནས་གང་ལ་འགྲོ”འགྲོ་བཞིན་འགྲོ་བཞིན
དུས་ཚོད་ཀྱི་སྐུད་པས་ཁྱོད་རང་འགུལ་མི་ཐུབ་པར་དམ་དུ་བསྡམ་ཡོང་།
དུས་ཚོད་ཀྱི་ནང་ནས་རྣམ་གཡེང་བྱེད་པ། སློབ་སྦྱོང་བྱེད་པ།  ཉམས་ལེན་བྱེད་པ།
འཕྲོག་བཅོམ་བྱེད་པ།  ཐ་ན་གཏུབ་བསོད་བྱེད་པ་སོགས་འདུས་ཡོད།
གང་ཞིག་འདེམ་མིན་རང་ཉིད་ལ་ཐུག་ཡོད།
 
ནམ་ཞིག་ན་གསེར་གྱི་དུས་ཚོད་དེ་ཆུད་ཟོས་སོང་ནས
ཚེ་ཡི་ཐག་པ་ཆད་ལ་ཉེ་ཞིང་
ནུབ་ཁའི་ཉི་མ་ལ་ཁར་ཡལ་དུས་སུ
ཁྱོད་རང་ཡི་མུག་པའི་དུས་ཤིག་ཀྱང་སྐྱེ་སྲིད་ལ
མ་ཟད་ངུ་དགོས་པའི་དུས་ཤིག་ཀྱང་སླེབས་ངེས།
        ༢༠༢༢  ༡  ༦
རྨི་ལམ་འཁྲུག་པ་ཇི་བཞིན
 
             གྲོལ།   
 
དུས་ཚོད་ལ་ཕྱིར་འཁོར་བྱས་ན
ངུ་སྐད་ཐོག་མྱོང་བའི་ཕྱུགས་ར
ད་ལྟ་བྱིས་སྒྲུང་ཞིག་ཀྱང་གྲུབ
 
རྨི་ལམ་དུ་ཟླ་བ་རྨིས་མྱོང
ཉི་མ་དང་སྐར་མ་འཁྲུག་མྱོང
འོན་ཀྱང   བྱིས་པས
སྙན་ངག་ཞིག་ཁྱོན་ནས་འབྲི་མི་ཤེས
 
ས་རྡུལ་གྱིས་ཟིན་པའི་ངོ་མདོང་ནག་པོ
རེ་འགའ་ཨ་ཕ་འབོད་དེ   
ཆུང་མས་མནན་འདུག
 
འདས་པའི་མཆིད་ལབ་ནི
ད་ལྟ་འདུན་འཛོམས་དབེན་པ་ཚོར་འདུག
 
རྨི་ལམ་འཁྲུག་པ་ཇི་བཞིན
ཕྱིར་དྲན་ཐེངས་གཅིག་ནི
ཡོད་ཚད་གཏམ་རྒྱུད་དུ་གྱུར་འདུག་ཨང

སའི་གོ་ལའི་དབང་ཆ་དང་ཞི་བདེའི་རྨི་ལམ།

                   མྱི་གསར་བ།
 
དུས་ཚོད་ཀྱིས
སའི་གོ་ལའི་མཛེས་སྡུག་དང་ངོ་མཚར་ང་ཚོར་གནང
ལོ་རྒྱུས་ཀྱིས
སའི་གོ་ལའི་གཏམ་རྒྱུད་དང་ཕྱིར་དྲན་ང་ཚོར་གནང
ཕ་མེས་ཀྱིས
སའི་གོ་ལའི་ཞི་བདེ་དང་རེ་སྨོན་ང་ཚོར་གནང
ཚེ་སྲོག་གིས
སའི་གོ་ལའི་ཁྱིམ་གཞིས་དང་བརྩེ་བ་ང་ཚོར་གནང
ལེགས་པར་སོམས་དང
སའི་གོ་ལའི་སྟེང་གི་རྡུལ་ཕྲ་མོ་ཙམ་ཡང
དཀོན་མཆོག་དང་ལས་སྨོན་གྱིས་ང་ཚོ་ཐུན་མོང་ལ་ལེགས་སྐྱེས་སུ་གནང་ཡོད
 
ཁྱོད་ཀྱིས་ཤེས་སམ
ཉི་མས་སའི་གོ་ལ་འོད་སྣང་གིས་གསོས་ཤིང
ཟླ་བས་སའི་གོ་ལ་གྲང་བསིལ་དང་ལྷིང་འཇགས་ཀྱིས་བསྐྱངས
བརྩེ་སེམས་ཀྱི་དབུགས་རྒྱུན་རེ་རེས་སའི་གོ་ལར་གསོན་ཤུགས་དང་ཁ་དོག་བསྩལ
རིག་གནས་ཀྱི་ངང་རྒྱུན་རེ་རེས་སའི་གོ་ལར་ཤེས་རབ་དང་སྙིང་སྟོབས་བསྩལ
དེ་བས་སའི་གོ་ལ་སྒེར་གཅོད་དང་དམགས་འཁྲུག་ལ་དབང་བ་མ་ཡིན
སའི་གོ་ལ་རྡུལ་ཕྲན་མཚོན་ཆ་དང་སྲིད་འཛིན་གྱི་ང་རྒྱལ་ལ་དབང་བ་མ་ཡིན
 
ཞི་བདེའི་རྨི་ལམ་གྱི་གཙང་བོ་རྒྱང་ལ་བཞུར
ཞི་བདེའི་ལྷ་བྱ་སྙིང་ལ་བྲིས་ཀྱང་མཁའ་དབྱིངས་སུ་འཕུར་བའི་གཤོག་རྩལ་མེད
ཞིབ་ཏུ་བསམ་ན་ཞི་བདེ་ནི
དུས་ཚོད་དང་ཤེས་རིག་གིས་ཡུན་རིང་གསོས་པའི་རྒྱ་མཚོའི་ནང་གི་ཨུ་དུམ་ཝ་རཱ
 
ཚེ་སྲོག་གི་སྐར་ཆ་སྡོད་དུ་མེད་ཀྱང
མི་རྣམས་ཀྱིས་བདེ་སྐྱིད་ཀྱི་རེ་སྨོན་མ་འོངས་པར་བཅངས་ཡོད
དུས་ཚོད་ཀྱི་གདུག་རྩུབ་འོག་ནས་འཚོ་དགོས་པའི་ང་ཚོར
སའི་གོ་ལས་འབྱུང་བ་བཞི་དང་དབྱར་དགུན་སྟོན་དཔྱིད་ཀྱིས་ལེགས་སྐྱེས་གནང་ཡོད
ང་ཚོ་སའི་གོ་ལའི་སྟེང་གི་མགྲོན་པོ་ཙམ་ལས
སའི་གོ་ལའི་བྱེད་པོ་དང་སའི་གོ་ལའི་མ་ཡུམ་མིན
ང་ཚོའི་བར་ན་མཛའ་གཅུགས་ཀྱི་གཏམ་རྒྱུད་མང་བ་བདེན་ན་ཡང
དབང་ཆ་དང་དྲག་རྩུབ་ཀྱི་གནོད་འཚེ་བྱེད་པ་ནི་རྒྱུ་འབྲས་དང་མི་མཐུན
གནས་ལུགས་དང་མི་མཐུན  ཤེས་ཡོན་དང་མི་མཐུན  དེ་ནི་ཀླ་ཀློའི་སྦྱོར་བ་ཙམ
 
འོད་སྣང་གི་སྙིང་པོ
ངག་མི་སྨྲ་བའི་རང་དབང་གི་མཛེས་སྡུག་སྟེ
ཁུ་སིམ་ལ་དགའ་བའི་མཁའ་དབྱིངས་ཀྱི་ཉི་གཞོན་དང་མཚུངས
                      2022  3  1                                         
                      རྩོམ་སྒྲིག་པ། མྱི་གསར་བ།

           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease