རྫོང་སར་རྩོམ་རིག ལྷུག་རྩོམ། ༣

    རྫོང་སར་རྩོམ་པ་པོ་མཐུན་ཚོགས།


རྫོང་སར་རྩོམ་རིག 
ལྷུག་རྩོམ་སྙན་ངག ༣

  བཞད་དཀར། ངར་བ། རྙིང་ལྟ་བ། ཁྲག་གདུང་། རབ་རྡོར།
​                  འདྲུ་བཀྲིས་རྒྱལ། ཨ་ཉོག་རྒྱལ་པོ། བོད་ཁམས་པ། མྱི་གསར་བ།


མཐོ་སྒང་།

                 འདྲུ་བཀྲིས་རྒྱལ། རྒྱུད་སྡེ་འོག་མ།
 
      གངས་རླུང་འུར་འུར་དུ་ལྡང་།  གཙང་པོ་འཁྱག་པས་འགྲིབས།  གྲང་ཟུག་གི་གདོང་པ་དམར་མོ།  མི་མངོན་པའི་དབྱིངས་ཀྱི་ལྷ་མོ།  དལ་བ་དལ་བུས།  གངས་ལ་རྐང་རྗེས་བཞག་པའི་མི་ཡང་དེ་ཁོ་ན་ཏེ།  བླ་སྲོག་ལྟ་བུའི་མཐོ་སྒང་།
 
      བཅོ་ལྔའི་དུང་ཟླ་དཀར་པོས།  མཚན་ལམ་རིང་མོ་ཕར་ལ་བསྐྱལད།  རྒྱུ་སྐར་གྱི་ཚོགས་ཀྱང་བཞད་ཀྱིན།  དགུ་ཚིགས་རྒྱལ་མོའི་མཚམས་ལས་བརྒལད།  ནམ་ཟླ་འདི་གྲང་ངད་ཀྱིས་མནརད་མོད།  མི་རྣམས་བདེ་བའི་མལ་དུ་གཉིད་ཟིནད།  འུར་སྒྲ་དང་ཚག་སྒྲ་ཅི་ཡང་མེད་པའི་མཚན་མོ།  མཐོ་སྒང་ནི་དེ་ཙམ་ཡིན་ན་ཆོག །
 
      ཡུམ་བུ་བླ་མཁར།  ཡུལ་ཡར་ཀླུང་ན་གངས་ལ་འགྱིང་བའི་སེང་གེ་ཞིག །ཡང་ན།  ཡངས་པའི་ཁམས་སུ་གཡོ་བའི་མཐོ་སྒང་གི་དབུ་དར་ཞིག །གཉའ་ཁྲི་བཙན་པོས་གཉའ་བས་བཏེགས་ནས་ཡོད་པའི་བླ་མཁར་ཞིག །མཐོ་སྒང་གི་བླ་སྲོག་ཐོག་མ་དེ་ནས་རྒྱས་མྱོང་།  གཅིག་ཏུ་ན།  མཐོ་སྒང་དང་ཡུམ་བུམ་བླ་མཁར་གཅིག་ཉིད།
 
      སེམས་པའི་ཟབ་ཚད་ན།  དམར་ལྷབ་ལྷབ་ཏུ་གཡོ་བ་མཐོ་སྒང་སྟེ།  མེས་པོའི་རྣམ་དཔྱོད་དང་སྙིང་སྟོབས་ཀྱི་གཞིས་ཁྱིམ།  འཛམ་བུ་གླིང་པས་དག་ཞིང་དུ་གླེང་བའི་གཅེས་སུ་འོས་པའི་གཞིས་ཁྱིམ།  གངས་བུ་ཞིག་གི་ཡོད་ཚད་དང་ཡོད་ཚད།  མེ་ཏོག་ཅིག་ལྷུག་པར་འཛུམ་པ་ལྟ་བུའི་གཞིས་ཁྱིམ།

དེའི་རྗེས་སུ།  
 
                བོད་ཁམས་པ། མངོན་པ་འོག་མ། 
 
        དེའི་རྗེས་སུ།   ལྡོག་མེད་ཀྱི་ལས་དབང་བཙན་པོ་ཞིག་གི་འུ་ཅག་ལ་བར་ཐག་བཟོས་པ་རེད། དྲན་གདུང་དང་དམ་ཚིག་གི་འདུད་པ་ལྷོད་མ་མྱོང་བའི་ལོ་ཟླ་འདི་དག་གི་རིང་ལ།  ངུ་ཁ་རབ་ཏུ་རྐྱེན་པའི་བདག་གིས་ཁྱེད་ཅག་དྲན་པའི་དྲན་གདུང་གི་མིག་ཆུས་རྒྱ་མཚོ་གསགས་ཡོད།  ཁེར་རྐྱང་གི་གནས་མལ་ལ་མི་ལོབ་པས།  འུ་ཅག་མཉམ་དུ་འཛོམ་སའི་དབྱར་གཞུང་གི་རྩྭ་ཐང་དེ་དྲན་བྱུང་ལ།  མུ་མཐའ་མེད་པའི་རྩྭ་ཐང་ནས་སོ་སོའི་ཕུགས་བསམ་དང་རྨི་ལམ་མོལ་བ་ནམ་ཡང་གསུབ་མེད་དུ་སེམས་ན་ཉར་ཡོད་ཨང་།
 
        དེའི་རྗེས་སུ།  ང་ཡི་དྲན་འཛིན་གྱི་རབ་ཁ་ནས་ཝ་ལེར་མངོན་ཡོང་བ་ནི།  མཛེས་སྡུག་གིས་སྤུད་པའི་དབྱར་ཟླ་དྲུག་པ་རེད། གཅེས་པར་འོས་པའི་དབྱར་ཟླ་དྲུག་པ་ཞེ་ལ་དྲན་ཐེངས་རེར།  བརྟན་བརླིང་དང་རྔམ་བརྗིད་ཀྱིས་འགྱིང་བའི་གངས་རི།   ཟམ་ཟིམ་གྱི་ཆར་བ་འབབ་ཤུལ་གྱི་མཐའ་ཡས་པའི་རྩྭ་ཐང་།  ཆ་ཡོད་ཅིག་མིན་ན་ཡུལ་དེ་ན་གྲོང་བ་ཞིག་ཡོད་མེད་ཕལ་ཆེར་མི་ཤེས་པའི་ང་ཡི་ཕ་ས་ཕ་ཡུལ་སྟེ།  ཡུལ་གྱི་འཚོ་བ་དང་འཚོ་གནས་དག་དྲན་འཛིན་གྱི་མེ་ལོང་ནས་འགོག་མེད་དུ་འཆར་ཡོང་།  མ་ཟད་བྱིས་དུས་ཀྱི་དྲན་པ་དང་རྨི་ལམ་མང་སའི་ས་ཁུག་ལུང་སྐྱོག་དེ་འང་ཡང་ཡང་དྲན་དགོས་ཐུག་སོང་།   མ་གཞི་དུས་ཚོད་ཀྱི་ཐག་སྒྲ་བར་མེད་དུ་སྒྲོག་བཞིན་པ་འདིས་ལོ་ཟླའི་གཙང་བོ་ཇི་ལྟར་དཀག་ཀྱང་འགོག་མི་ཐུབ་པའི་ཆོས་ཉིད་ཟེར་བའི་གནས་ལུགས་ཤིག་ར་སྤྲོད་བྱེད་ཀྱིན་ཡོད་འདུག་ཨང་། 
 
        དེའི་རྗེས་སུ། ནམ་ཟླ་ཇེ་འཁྱག་ནས་ཇེ་འཁྱག་དུ་ཕྱིན།  རི་སྐྱེས་སྲོག་ཆག་ཆེ་མ་ཆུང་གསུམ་གང་མང་ཞིག་རང་རང་ས་ནས་འཁྱགས་ཤི་ཐེབས། ཕྱི་རོལ་གྱི་རི་ལུང་ཐང་གསུམ་ཡང་གྲང་འདར་རྒྱག་གིན་པའི་ཚོར་སྣང་འགོག་མེད་དུ་སྟེར།  དེ་ནི་ཁྲིག་ཁྲིག་དགུན་ཟླ་འབྲིང་བོ་ལ་སླེབས་པས་ཡིན།   དགུན་ཁ་སླེབས་ཐེངས་རེར།  ནམ་རྒྱུན་ཡར་མར་ན་སྤུང་སོགས་བརྒྱག་བཞིན་པའི་མི་ཚོགས་རང་རང་གི་གནས་མལ་འཚོལ་དུ་ལོག  ཐ་ན་ས་འབུ་རྐང་མེད་དག་ཀྱང་གར་སོང་ཆ་མེད་དུ་གྱུར།  མ་ཟད་སྡེ་བའི་ནང་གི་སྒོ་ཟོག་གང་མང་ཞིག་མགོ་བོ་དུད་ནས་འཁྱག་ཤི་ཐེབ་པར་རེ་སྒུག་བྱས་ཡོད་པ་ཚོར།  དེ་འདྲ་རེད་ཨང་། གྲང་རླུང་དང་བུ་ཡུག་དྲག་དུ་ལྡང་བཞིན་པའི་དགུན་གཞུང་འདིར། ང་ཡི་ཡིད་ཀྱི་གཏིང་རིམ་དུ་བརྗེད་མེད་དུ་དྲན་ཡོང་བ་ནི། མཚན་རིག་གི་དཔལ་ཡོན་ཤིན་ཏུ་འཐོ་བའི་གྲོང་ཆེར་དེ་དག་མིན་ལ།  ད་ལྟའི་ང་ཡི་སྐྱ་སེར་སྔོ་སྡུག་གི་འཚོ་བའི་གནས་མལ་འདི་འང་དེ་ལས་ཀྱང་མ་ཡིན།    དེ་ནི་ཆུ་ཆར་བ་ལ་མི་སྐྲག་ཅིང་། རླུང་སེར་བ་མི་འཇིགས་པའི་གནའ་དེང་མའི་འབྲོག་ཕྲུག་ཅིག་སྟེ།  མགོ་ན་གནམ་དང་རྐང་འོག་ན་ས་གཞི་མེད་སྣང་ཤར་བའི་མཐོ་སྒང་གི་འབྲོག་ཕྲུག་དེ་ཞེ་ལ་འཁོར་བྱུང་། 


འཚོ་བ་དང་འབྲེལ་བའི་སྣང་བརྙན་ཐན་ཐུན།
 
                          རི་སྤྱང་།  ཤེར་ཕྱིན་བར་བ།
 
མི་ཚེ།  
 
        ང་ཚོ་མི་ཡུལ་འདིར་སླེབས་ནས་དུས་ཚོད་དང་ལོ་ངོ་ཅི་ཙམ་འཚོ་ཡོད་པ་སོ་སོའི་སེམས་སུ་གསལ་བོར་ཡོད་ཅིང་།   འདིར་སྐྱེས་ནས་དོན་སྙིང་ལྡན་པའི་ལས་ག་རེ་བྱས་ཡོད་པ་སོ་སོའི་སེམས་སུ་གསལ་ལེར་ཡོད།  འོ་ན།  འཇིག་རྟེན་འདིར་ང་ཚོ་འཚོ་བའི་ཡང་སྙིང་ཅི་ཞིག་རེད།  དངུལ་ལོ་དང་སྙན་གྲགས།  ཆབ་སྲིད་དང་དབང་ཆ་ཞིག་ཐོབ་པའི་ཆེད་དུ་ཡིན་ནམ།   ཡང་ན་གཞན་གྱི་ལག་ནང་གི་འགྱིག་རྡེའུ་བཞིན་གང་སར་འདེད་ཆོག་པའི་རྡེའུ་ལྟར་འཚོ་དགོས་པ་ཡིན།   དོན་དམ་དུ་ང་ཚོ་འཚོ་བ་ནི་ཅི་ཞིག་གི་ཆེད་དུ་ཡིན།
 
འཆི་བ།   
 
        མི་ཚེ་ནི་ཐག་པ་རིང་བོ་ཞིག་གནམ་ལ་དཔྱངས་ཡོད་པའི་དབང་དུ་བཏང་ན། ཚེ་སྲོག་ནི་དེ་ཡི་སྟེང་དུ་འགྲེ་ལོག་རྒྱག་པའི་གྲུ་གུ་ལེབ་མོ་དེ་ཡིན། མི་ཚེའི་ཐག་པ་དུམ་བུར་ཆད་རྗེས་སུ།  ཀུན་ཀྱང་འཇིགས་སྣང་སྐྱེ་བའི་འཆི་བ་ཐོག་ཏུ་སླེབས་ཚར་བ་ཡིན།  འཆི་བ་ནི་ཆོས་གཞུང་ལ་ལར་བཤད་པའི་འཇིགས་སུ་རུང་བའི་གནས་དེ་ཡིན་ནམ།  ཡང་ན་ད་ལྟའི་ཁྲག་རྣག་གི་ལུས་ཕུང་འདི་བརྗེས་ཏེ།  འཇིག་རྟེན་འདི་དང་འཇིག་རྟེན་གཞན་པ་ཞིག་ཏུ་འགྲོ་དགོས་པ་ཡིན།  འཆི་བ་ནི་སུས་ཀྱང་ངོ་མི་ཤེས་པའི་གསང་བ་ལྐོག་གྱུར་ཅིག་ཡིན་ན་ཡང་།  འཆི་ཁ་མའི་མི་དང་མཉམ་དུ་འཕྲད་ནས་གྱེས་བརྡ་གཏོང་དུས།  འཆི་བ་ནི་དངངས་སྐྲག་སྐྱེ་དགོས་པའི་འཇིགས་རུང་གི་དུར་ཁྲོད་ཆེན་པོ་ཞིག་ཡིན་པ་གཞི་ནས་རྟོགས་ཐུབ།   
 
རྨི་ལམ།   
 
        རྨི་ལམ་ནི་ཅི་ཞིག་ཡིན། དེ་ནི་ཉལ་ནས་གཉིད་པའི་རྗེས་སུ།  སེམས་འཁྲུགས་ནས་རྨི་ལམ་ཡག་བཙོག་ཅི་རིགས་པ་པ་རྨིས་ཆོག་པ་ཞིག་སྟེ།  རྨི་ལམ་ལ་བརྟེན་ནས་ལྷ་ཡུལ་གྱི་དག་ཞིང་དུ་ཡང་བསྐྱོད་ཆོག་ལ། རྨི་ལམ་ལ་བརྟེན་ནས།  སྡུག་བསྔལ་གྱི་གཅོང་རུང་དུ་ཡང་འཕེན་སྲིད།  རྨི་ལམ་གྱི་ཐབས་ལམ་བེད་སྤྱོད་གཏོང་ནས་རང་ཉིད་འཁྲུལ་བ་ཡིན་པར་ངོས་འཛིན་ཐོབ་ཚེ།  རྨི་ལམ་ནི་ཁྱོད་རང་རི་རྩེར་བསྒྲོད་པའི་སྐས་ཀྱི་བང་རིམ་ལྟ་བུ་ཡིན། ཁྱོད་ལ་རྨི་ལམ་གང་ཡང་མེད་ཚེ་ཁྱོད་ནི་སྔར་བཞིན་ནག་དོང་ནང་ན་བསམ་བློ་སྒྲོག་གིས་བཅིངས་ནས་ཡོད།   བསམ་བྱ་སྒོམ་བྱ་ཅི་ཡང་མེད་པའི་གླེན་ནག་ཅིག་དང་འདྲ།  ཡར་མར་གང་དུ་འགྲོ་དགོས་ཀྱང་རྨི་ལམ་ནི་མེད་དུ་མི་རུང་བའི་ལྷ་ཡི་དམུ་ཐག་རིང་མོ་དེ་ཡིན།  
 
ཕུགས་བསམ།  
 
        བྱ་བ་གང་ཞིག་བསྒྲུབ་ཀྱང་གྲ་སྒྲིག་དང་འཆར་གཞི་ཡོད་པ་སྔར་ནས་བྱས་ཏེ།  རེ་བ་ཆུང་ཆུང་བྱས།  ཕུགས་རྒྱང་རིང་བོ་བྱས་ན།  དེ་ནི་ཕུགས་བསམ་ཡིན།  ཉིན་རེའི་བྱ་བ་དུས་ཚོད་ཀྱི་འགྲོས་དང་བརྟུན་ནས་བསྒྲུབ་དགོས།  དུས་ཚོད་ནི་ཁྱོད་ཀྱི་ཚེ་སྲོག་གི་གྲུབ་ཆ་ཡིན་ཕྱིན།  ཕྱིར་འགྱིངས་མེད་པར་ཏན་ཏན་ཏིག་ཏིག་གིས་འཐུས་ཤོར་མ་སོང་བྱེད་དགོས། མིག་གིས་ད་ལྟ་མཐོང་མི་ཐུབ་པའི་རྒྱང་རིང་ཡུལ་དེ། གོམ་པ་རེ་རེ་ཁེར་སྤོས་བྱས་ཏེ་ཡུན་མི་ཐོགས་པར་ཁྱོད་རང་སླེབས་སྲིད་པ་ནང་བཞིན།  དེ་དང་འདྲ་བར་ཁྱོད་ཀྱི་ཕུགས་བསམ་ཡང་དེ་ལས་མ་འདས།  གང་ཞིག་བསྒྲུབ་པར་འདོད་ན་ཐོག་མར་ད་ལྟ་ནས་འགོ་བརྩམས་ནས་མཇུག་ལེགས་པར་བསྡུས་ཤིག   དེ་རིང་ནས་སང་ཉིན།  སང་ཉིན་ནས་གནང་ཉིན་ལ་ཕྱིར་འགྱིངས་བྱས་ཚེ། ཁྱོད་རང་ལེ་ལོ་དང་སྒྱུད་ལུགས་ཀྱི་སྒྲོག་གིས་བཅིང་ཚར་བས།  རེ་འབྲས་གང་ཡང་མེད་པའི་མི་ཤི་བོ་ཞིག་དང་ཁྱད་མ་མཆིས་སོ།  ། བལྟས་ཚོད་ལ་རྐང་གཉིས་ཀྱི་མགོ་ནས་ཙོག་པུར་འགྲོ་བ་ཙམ་ལས་དོན་དུ་ཤི་བོ་ཡིན་ནོ། །
                         ༨  ༡༡  ༢༠༢༡


སེམས་ལ་ཟུག་པའི་ཕ་ཡུལ། 

                   ཕར་ཕྱིན་གོང་མ། རྙིང་ལྟ་བ།
 
         བདག་གི་གོམ་སྟབས་འཁྱར་འཁྱོར་དུ་ཐོག་མར་སྤོ་ས། སྨྲ་ཤེས་ལ་མ་ཤེས་པའི་ཨ་མ་ཞེས་ཐོག་མར་འབོད་ས་གནས་འདི་སྟེ། རང་ས་རང་ཡུལ་ཡིན་ཐག་ཆོད་རེད། ང་རང་ཕ་ཡུལ་ནས་ཤ་རྒྱས་རུས་རྒྱས་སུ་གྱུར་ཞིང་། ཕ་ཡུལ་ནས་འཚར་ལོངས་བྱུང་སྟེ། ཕ་ཡུལ་གྱི་ཕྱི་ནང་གསང་གསུམ་དང་། སྐྱིད་སྡུག་གི་གཏམ་རྒྱུད་རེ་རེ་བདག་ཡིད་གཟུགས་མེད་ཀྱི་འཆར་སྒོ་ལས་དུས་ནམ་ཡང་གཟིམས་པ་མེད་པའི་དོན་ཞིག་ཡིན། 
 
         བདག་གི་ཕ་ཡུལ་ནི་ལྡོང་མི་ཉག་གི་ཁོངས་སུ་གཏོགས་ཅིང་། ཉག་ཆུ་ལྷུང་ལྷུང་འབབ་བའི་ས་ཕྱོགས། ཙན་དན་གྱི་དྲི་བསུང་འཐུལ་ས། ཕྱིའི་བཀོད་པ་ཕུན་སུམ་ཚོགས་ཤིང་། ནང་དུ་མཐུན་སྒྲིལ་གྱི་མདུད་པ་ལྷོད་མ་མྱོང་བའི་གནས་མཆོག མེས་པོ་གོང་མས་གནང་བའི་བྱམས་བརྩེ་དང་། སྙིང་རྗེ། དྲང་བདེན། དམ་ཚིག་ལ་སྙིང་ནས་བརྩི་ཞིང་། ལུས་ཀྱིས་སྲུང་བ་བྱེད་པའི་བོད་མི་རྣལ་མ་ཞིག་གི་ངོ་བོར་མ་འདོར་ཞིང་། རང་ཚུགས་བཟུང་སྟེ། དུས་ད་ལྟར་ལ་ཐུག་གི་བར་དུ་ཕ་ཡུལ་གྱི་མི་ལ་རིག་ཐུབ་པ་འདི་དག་གོ། 
 
         ལོ་གསར་ཚེ་བར་ཉེ་དུས་སུ་ཡུལ་མི་རྣམས་ཀྱིས་ལས་ཀ་རྣམས་རེ་ཞིག་མཚམས་བཞག་སྟེ། སོས་དལ་བག་ཕེབས་ངང་ནས་ལུས་སེམས་གཉིས་ལྷོད་ལ་ཕབ་ཅིང་། ཁྱིམ་གྱི་ཕྱི་ནང་བར་གསུམ་དུ་གཙང་སྦྲ་བྱེད་པ། ཡུལ་གྱི་རྒན་དར་གཞོན་གསུམ་དུང་འཁོར་སྒོ་རྩར་འདུས་སྟེ། མཆོད་རྟེན་དང་། དུང་འཁོར་བསྐོར་བ། མཉམ་དུ་ཇ་བསྐོལ་ནས་ཇ་འཐུང་བ། ཁ་བརྡ་ལབ་པའི་ངང་ཚུལ་ལྟ་ན་ཡིད་མགུ་ཐེབས་པའི་དོན་ཞིག་ཡིན་འདུག་སྟེ། འདི་ལྟར་བའི་འཚོ་གནས་ཀྱི་ཁོར་ཡུག་ཅིག་ནམ་ཞིག་ལ་མཇུག་རྫོགས་པ་ཡིན་སྙམ་པའི་སེམས་ཁྲལ་ཞིག་ཀྱང་ཡོང་གིན་འདུག 
 
         ཁོར་ཡུག་མི་འདྲ་བ་རེ་རེ་ནས་ཡུལ་སྲོལ་གོམས་གཤིས་མི་གཅིག་པ་ཇི་བཞིན། ས་ཕྱོགས་རེ་རེ་ན་ཡང་གཞན་དང་མི་མཚུངས་པའི་ཐུན་མིན་གྱི་ཁྱད་ཆོས་རེ་ཡོད་པ་སྨོས་མེད་རེད། ངའི་ཕ་ཡུལ་གྱི་མི་ཚོ་རྡོ་རྩིག་རིགས་གནས་ཀྱི་ཐད་ནས་ཆེད་ལས་མཁན་ཞིག་བརྩི་ན་བརྩི་ཆོག་ཆོག་ཡིན་ཏེ། གཟིགས་དང་། ད་ལོར་ངའི་ཕ་ཡུལ་གྱི་མི་ཚོས་པོ་ཏ་ལ་ཆུང་ཆུང་ཡག་ཐག་ཆོད་ཅིག་བཞེངས་འདུག དེ་ཡང་ལས་སླར་པོ་ཞིག་མིན་ཏེ། འདི་ནས་ཕ་ཡུལ་གྱི་མི་ཚོའི་ལག་རྩལ་དང་། དུངས་སེམས་ཀྱི་རིགས་ཞེན་མཐོང་ཐུབ་ལ། དགའ་བ་འབུམ་གྱིས་རྗེས་སུ་ཡིད་རང་ཞུ་བཞིན་ཡོད། ནམ་ཡང་ཕ་ཡུལ་གྱི་མི་ཚོ་བདེ་ཞིང་སྐྱིད་པར་ཤོག 
ཕ་ཡུལ་དུ་ཅུང་ཙམ་བྲིས་ནས་མ་ཡུལ་སློབ་གླིང་གི་ངལ་གསོ་ཉིན་པར་རྫོགས་པར་བྲིས། 2022 / 4 / 1 

ལོ་འདིའི་དཔྱིད་ཀ་བཞུད་ལ་ཉེ་འདུག
 
              ཁྲག་གདོང་། ཕར་ཕྱིན་བར་མ།
 
        ནམ་ཟླའི་ཚ་གྲང་མ་མཉམ་པའི་ཟླ་བ་འདིར།  མི་རྟག་པའི་རང་བཞིན་ཟིན་པའི་སྡོང་པོ་དང་ཤིང་ལོ།  ད་དུང་འབྱམས་ཀླས་པའི་རྩྭ་དང་རྩི་ཤིང་།  ཡངས་ཤིང་རྒྱ་ཆེ་བའི་ས་གཞི་དེ་རུ་དཔྱིད་ཟླའི་རང་མདངས་མངོན་ཡོད་པ་སྐྱེས་བོ་ཀུན་གྱིས་ཕལ་ཆེར་ཚོར་མ་ཐུབ་ནས་སྒུར་ཡོད།  ཡིན་ནའང་ལོ་ཟླ་ནི་རྟག་བརྟན་གྱི་རང་བཞིན་མ་ཡིན་པས་དལ་གྱིས་བུད་སོང་བའང་དུས་ཚོད་ཀྱི་ངོ་བོ་ཡིན་འདུག
 
        དཀའ་སྡུག་གི་རྔུལ་ཆུ་ལས་གྲུབ་པའི་བྱིས་དུས་ཀྱི་ཚོར་འདུ་རེ་རེ་སེམས་སུ་དྲན་མ་ཐག་ཏུ་ཡིད་འོང་གི་རྨི་ལམ་སྣ་ཚོགས་རྨིས་དོན་ཡང་དུས་ཚོད་ཀྱི་འགྲོས་ཤིག་མ་ཡིན་ནམ།  མ་གཞི་ནས་ལོ་གཅིག་ལ་ཟླ་བ་བཅུ་གཉིས་དང་དབྱར་དགུན་སྟོན་དཔྱིད་ལ་ཟླ་བ་གསུམ་གསུམ་ལས་ཡོད་མོད། དེ་ལས་དཔྱིད་ཀའི་ཟླ་བ་གསུམ་ནི་གངས་ཆར་འདྲེས་མའི་བཞུར་རྒྱུན་དང་སྔོ་སྐྱ་བསྲེས་པའི་ལྗོན་ཤིང་གིས་མཇུག་གྲུབ་སོང་བ་ནི་ཅི་ཡིན་མ་ཚོར།
 
        ནམ་རྒྱུན་བདག་དང་བདག་འདྲ་བའི་གཤིས་ཀ་ལྡན་པ་ཡངས་ལ་དཔྱིད་ཀ་ནི་རེ་སྒུག་གི་ཀློང་དུ་ཚུད་ཅིང་ཡིད་སྨོན་གྱི་འོག་ནས་གསལ་འོང་བའི་དུས་ཚོད་ཁྱད་པ་ཅན་ཞིག་ཏུ་བརྩིས་ཡོད།  ལྷག་ཏུ་དཔྱིད་ཟླ་གསུམ་པ་ནི་དབྱར་ཁ་དང་ཉེ་བའི་ཟླ་བ་བྱེ་བྲག་པ་ཞིག་ཡིན་པའི་གདེང་ཚོད་ཤིན་ཏུ་ཟབ།  འོན་ཏེ་ད་ལོ་ནི་དེ་ལས་ལྡོག་སྟེ་ཉི་མའི་ཚ་གདུང་ཆེ་ཞིང་ཆར་བའི་བཞུར་རྒྱུན་དཀོན་པའི་ཟླ་བ་དམིགས་བསལ་བ་ཞིག་ཏུ་གྱུར།  དེ་ནི་སེམས་ཅན་གྱི་ལས་ཀྱིས་གྲུབ་པའམ་འདྲིས་མེད་པའི་ཕྱི་རོལ་གྱི་ཆག་འཇིག་ལས་ཚེས་ཡོད་པ་བདག་ལ་ལྐོག་ཏུ་གྱུར།  
 
        ད་ནི་དབྱར་གྱི་ཟླ་བ་ལ་ཡིད་སེམས་འཆང་བ་ལས་དཔྱིད་ཟླ་ནི་རང་བཞིན་བཀྲ་མ་ཐུབ་པ་གློ་བུར་དུ་འགྲོ་ལ་ཉེ།  མཛེས་སྡུག་གི་རྣམ་འགྱུར་ཡོད་ཚད་ཀྱང་བག་ལ་ཞར་ནས་འགྲོ་ལ་ཉེ།  ཡིད་འཕྲོག་གི་མེ་ཏོག་དེ་དག་མགོ་ལྕོག་ལྡེམ་མ་ཐུབ་པར་ཐག་རིང་ཐག་རིང་ཞིག་ལ་བུད་འགྲོ་བའི་སྟ་གོན་བགྱིད་འདུག  ཁུ་སིམ་མེའི་རང་བཞིན་ལ་རྒྱབ་ཀྱིས་ཕྱོགས་པའི་ད་ལོའི་དཔྱིད་ཀ་ནི་སྡིག་སྒྲིབ་ཆགས་པའི་ལོ་ཟླ་ཞིག་གི་རང་བཞིན་དུ་གྱུར་སོང་དོན་ཅི།  དེ་ནི་ལོ་འདིའི་དཔྱིད་ཀ་ལ་ཕུལ་བའི་ཆེས་ཐོག་མའི་དྲི་བ་དེའོ།།
2021 4 26 ལ་བརྩམས། 


དམྱལ་བ་ནས་མནོ་བསམ་རེ་རེས་དྲུད་འོང་བའི་ཡིག་འབྲུ་དེ་ཚོ། 

                    བཞད་དཀར། ཕར་ཕྱིན་གོང་མ། 
 
         དེ་རིང་གནམ་གཤིས་འཐིབ་པོ་བྱེད་འདུག     འཁྱག་ཤུར་གྱིས་གཙེས་པའི་ཚོར་བ་དག་འདར་སིག་བྱས་ཤིང་།      ཆར་ཆུ་འདྲེས་མས་ས་གཞི་འདི་རློན་དུས།   རྒྱབ་རྟེན་ཅི་ཡང་གཡོག་འོག་ལྷུང་བ་ལྟ་བུའི་ཚོར་བ་མོག་པོ་ཞིག་འཐུལ་གྱིན།    ས་སྲོད་ཙམ་ན་གོམ་ཁ་འཁྱོར་པོར་སྒྱུར་གྱིན་ཕྱིར་ལོག  ཁང་ཆུང་སྐམ་པོ་ཞིག་ཏུ་ཅི་ཡང་ངེས་མེད་དུ་སྟེང་འོག་སྒྱུར་བ་བཞིན་ཕྱིར་ལོག   རྐང་མགོ་ས་ལ་ཁེལ་བ་རང་གིས་མི་ཚོར་བཞིན་ཕྱིར་ལོག  སེམས་པ་ཁེར་རྐྱང་ཞིག་གིས་ཅི་ཡང་ཆོད་དོན་ཆེན་པོ་ཞིག་གཏན་ཁེལ་བྱེད་པ་ལ་བསམ་གཞིགས་དང་བསམ་བློའི་འཐབ་རྩོད་ཅིག   ས་ཁུལ་ཉི་ཚེ་བ་འགའ་ཞིག་ཏུ་ཞུམ་པ་ཅི་ཞིག་ཡོད།   མི་ནི་རྒྱུན་ཚུལ་ལས་ལྡོག་སྟེ་ཁྲུས་པོ་ལྗིད་མོ་ཞིག་རྒྱབ་ནས་འཕེན་སོང་བ་ཇི་བཞིན་ཚོར་བ་ཡང་ལམ་ཕྱེད་ཙམ་དུ་བསླེབས་མྱོང་མེད།    ཁ་ཁོག་གི་བར་དུ་དབུགས་རྒྱུ་བའང་གྲོས་འདོན་དང་ཆོད་དོན་མེད་པར་སོང་བས་དབུགས་ལེན་བཞིན་ཡོད།    ཚོར་བའི་ཉེ་འགྲམ་པ་དག་ལ་དྲིས་པ་ན།    འཇིག་རྟེན་སྣང་བའི་མངར་སྐྱུར་ཟེར་བ་ནི་བརྟན་པོ་དང་ཁ་བྲལ་སོང་བའི་རིང་ལུགས་ཤིག་ཏུ་སྨྲ།  རང་སེམས་རང་གིས་དུལ་བས་ཁྲོ་བ་མངོན་གྱུར་ཞིག་གིས་སེམས་ཀྱི་བུ་ག་མང་པོ་ཞིག་ཁ་རུབ་ཅིང་།   ཅིས་ཀྱང་ཐོལ་གྱིས་དྲན་པ་ཞིག་བྱུང་།   སྒྲོ་བཏགས་ཁོ་ན་སྨྲ་བ་ནི་འཚོ་དངོས་ནས་འདུག་པས་མཚར་བས།  འཇིག་རྟེན་འདི་འཁྲུངས་པ་ལ་ཐག་གིས་ཆོད་ཐབས་མེད་དེ།    འཆར་ཡན་གྱིས་ཚོར་བྲིས་ཟབ་གཏིང་ལ་མྱོང་ནས་མྱོས་པའི་སྡིག་གཟུགས་ཤིག་རྐོས་ནས་རྨི་ལམ་ལྟ་བུ་འཚོ་བ་དངོས་ཤིག་ཀྱང་རོལ།   སྐར་མ་ལོག་པའི་ཤུལ་ན་འཇིག་རྟེན་ན་ཉི་འོད་ཀྱི་ཁེལ་བས།   སྲོག་ལྡན་གྱི་འགྲོ་བ་སུ་ཞིག་གིས་མཐོང་འགྲོ།    སུས་ཀྱང་མ་མཐོང་པར་བཞུད་འགྲོ།   ས་གཞི་འདི་གནམ་ཆེན་པོའི་འོག་ཏུ་ཉམས་ཆུང་བའི་གདན་ཞིག་ཡིན་ཚེ།   མག་མོག་ཅིག་གི་ངོགས་ནས་སུ་ཞིག་གིས་མེ་ཏོག་དེ་བཏུས་ཏེ་ང་ལ་གནང་སོང་བ་ལ།    སུ་ཞིག་ཡིན་སྙམ་ཞིག་ཡོད་ལ་མིན་སྙམ་ཞིག་ཀྱང་བྱུང་། 
 
         ཁ་སང་གི་ལོ་ཟླ་དེ་སྨོན་ལམ་ཐེབས་པའི་ནུས་མཐུ་ཡིན་ན།   ང་རང་གིས་སེམས་ཀྱིས་བསླེབས་པའི་འཁྲུལ་སྣང་གི་ཐ་གུ་རིང་པོ་ཞིག་ཏུ་འདུག   མཚར་ཆེ་བ་ཞིག་ནི་འཆར་ཡན་ཏུ་ཚུད་པའི་སྔོན་སུས་ཀྱང་བདག་ལ་འཁྲུལ་བ་སྐྱེད་པ་བྱུང་ན།   འཁྲུལ་དུ་འཇུག་དོན་ཅི་ལ་མྱོང་དགོས་པ་ལས་དབང་ལ་འགྲེལ།   ཡུད་ཙམ་རྗེས་བལྟ་ལུགས་ཤིག་གིས་ས་གཞི་བྱེ་ཐང་དུ་སྒྱུར་ཏེ།   རྟབ་རྟབ་པོར་ལམ་ལ་ཆས་ཚུལ་གྱི་ཐོ་ཡིག་ཅིག་དཔར་དུ་བསྐྲུན་མོས་བྱས།    མི་ལོ་འགའ་ཞིག་ལ་འཁྱོར་འཁྱོར་པོར་འོང་དོན་ཡང་མི་ཚེ་ཧྲིལ་པོ་དེ་མག་མོག་ནས་ཐོན་ཏེ་ཉེ་འཁོར་ཐམས་ཅད་རབ་ཏུ་དྭངས་སང་སང་དུ་འདུག  ང་ཡི་སྒོ་དང་སྒོ་ཐེམ་བར་ནས་ཚོར་བྲིས་ཀྱི་སྣང་བརྙན་དཔར་བའི་དུས་ཚོད་ཐར་ཐོར་ནང་།    གསར་ཡག་ལེགས་ཚོར་ཞིབ་པའི་ནམ་ཟླ་སློག་དུས།    ཅི་ཞིག་དྲན་གི་ཡོད་ནི་ཅི་ཡིས་ཤེས།    ལས་མི་གཅིག་པའི་བསྐོས་ཐང་འདི་ཡིས།   སྲིད་པའི་སྣང་བརྙན་གྱི་སྒོ་ན།   བལྟ་བ་འདོད་པའི་ཟ་ཕྲུག་ལ་ལག་ཟུང་གི་སེན་མོས་འཇིག་རྟེན་གྱི་ས་ཁྲ་ཚིམས་ཤིང་ངོམས་པའི་མི་ཡུལ་ཞིག་བསྐྲུན་ཡོད།
 
         འཚོ་བའི་གཡས་གཡོན་དང་ཉེ་འཁོར་ན་ཁུར་པོ་ལྗིད་པོ་ཞིག་གིས་ནོན་བཞིན།    རྒྱང་ཐག་ཤིན་ཏུ་རིང་བའི་ས་ཆ་ཞིག་ལ་དམིགས་པ་གཏད་ནས་ཆས་བཞིན་པའི་རྣམ་ཤེས་སྐོར་ཞིག  བས་མཐའི་ས་ཆ་ཆུང་ངུ་ནས་ཉིན་བཞིན་སེམས་སུ་ཕྱོགས་ཏེ་སུན་སུན་བར་སྡོད་པའི་སྡིག་གཟུགས་ཤིག་ལྷུང་དུས།    རང་ཉིད་ཀྱི་བསམ་གཞིགས་དང་ཡིད་འགྱུར་གྲུང་པོ་དེ་རང་མོས་ངང་བདམས་པའི་འདུན་མ་དེའི་ཕྱིར་དུ།   ཐད་ཀར་མི་གཏོགས་པའི་སེམས་བྱུང་གི་ལྐོག་མྱུར་ཅན་ཞིག  ཆུ་བོ་བཞུར་བ་བཞིན་ཟིན་དཀའ་ནའང་ནམ་ཞིག་འདོར་དུའང་མེད་པར་གྱུར།   དེའི་དབང་གིས་གདམས་ང་ཡང་ཡང་བྱས་མཐར་ལས་དབང་ཞིག་གིས་བསྒྱུར་བའི་གོམ་ཁ་དེ་སློག   ཉམས་གུད་ཆེན་པོའི་སྣེ་ནི་འཆར་ཡན་དང་འགལ་བའི་སྐད་ཆ་ཞིག    ཇི་ལྟར་ལངས་མ་གོག་གི་གནོད་ཚིག་ཅིག་འཕྱུང་ཡོང་།   མི་མཚུངས་པའི་ཁ་ཕྱོགས་ལ་ཚེ་སྲོག་གི་དཔར་བསྐྲུན་གཞི་བཟོ་ཞིག་སྤྲོས་པ་སོམས་མོད།   ཉམས་འུར་ཐེངས་གཅིག་གིས་འགལ་བ་བྱུང་རྗེས།    མི་སེམས་ནི་དམྱལ་བ་ལ་དགའ་བའི་གཏམ་རྒྱུད་ཅིག་མཆིས།    དམྱལ་བ་ནས་མནོ་བསམ་རེ་རེས་དྲུད་འོང་བའི་ཡིག་འབྲུ་དེ་ཚོ་ཅི་འདྲའི་གཅེས་སྤྲས་ཆེ་ཡོད་ཨང་།     འཆར་ཡན་གྱིས་བསྡུས་པའི་ཆོ་འཕྲུལ་ནང་མི་སེམས་ཀྱི་འཇིག་རྟེན་བརྩམས་ན།    མཐོང་མཁན་ནི་སྤྱན་མིག་གི་བློ་རྒྱ་རྒྱང་ཐུབ་པ་ཞིག་ཡིན།    ལམ་གྱི་ལྷ་མཆོག་ལས་སུ་བབས་པ་ནི་སྔར་མེད་པའི་འཆར་ཡན་གྱི་མེ་ཏོག་ལ་ཚོད་འཇུག་བྱེད་ཅིང་།   སུ་ཡི་སྣང་སེམས་འདྲེན་སྟོབས་དང་བསམ་པ་འགུགས་ནུས་ཀྱི་འཆར་ཡན་དྲག་ཤུར་ངོ་ལོག་ཅིག་ཡིན།    



མིང་མེད།
                           ཨ་ཉོག་རྒྱལ་པོ། རྒྱུད་སྡེ་འོག་མ།
 
      ཐག་རིང་གི་བདག ཁྱོད་ལ་བཞག་པའི་སྙིང་གཏམ་ནི་ཧ་ཅང་མང་མོད། ཁྱོད་ནི་སྐབས་རེ་ཆང་གིས་མྱོས་ལ། སྐབས་རེར་མདུན་ཕྱོགས་ཀྱི་མཛེས་པ་ལས་གཡོལ་བར་བྱེད། ཁྱོད་ཀྱིས་མཐོང་མྱོང་བའི་ཁ་སང་གི་བདག་ཀྱང་། སྤུ་རིས་ཟིན་ཐབས་བྲལ་བའི་བྱིས་བློ་འདིས་སུབ་པར་བྱེད། ལག་པས་བསྙབ་མི་ཐུབ་པའི་ཁྱེད་རང་། ཁོ་བོས་འབད་བརྩོན་བརྒྱ་ཕྲག་གིས་ངལ་བ་བརྟེན་མོད། ཆར་སིམ་ཁྲོད་ཀྱི་ཀྱི་འཇའ་མཚིན་བཞིན། གང་ནས་ཤར་བ་མི་ཤེས་ཤིང་གང་དུ་ཡལ་བའང་མ་རྟོགས། སྡོམ་ཐག་གིས་དཀྱིག་པའི་ཐག་རིང་གི་ང་། དོན་དམ་པར་འབར་སྦྲད་ཅི་ལྟར་བྱས་ཀྱང་ཞོགས་པའི་མལ་ཁྲིའི་སྟེང་དུ་གན་རྐྱལ་དུ་ལྷུང་ཞིང་། རྣར་གཟན་པའི་ཆུ་ཚོད་ཀྱི་ལྟིར་སྒྲ་ཡང་འགོག་པར་དཀའ། 

གྲོགས་ཚོམས། 
 
              རབ་རྡོར།  ཕར་ཕྱིན་གོང་མ།   
 
       ཧེ། གྲོགས་ཚོམས། མཐེ་བོང་ཡར་ལ་ཀེར་བའི་གྲོགས་ཚོམས། ང་ལ་དགའ་རུ་མ་བཅུག་རོགས། ཧེ། གྲོགས་ཚོམས། མཐེ་ཆུང་མར་ལ་བསྣོལ་བའི་གྲོགས་ཚོམས། ང་ལ་སྡུག་བསྔལ་མ་གནང་རོགས། ང་ནི་རྩྭ་སྐྱ་འཇག་མ་བཞིན། ང་ནི་རླུང་ནང་མར་མེ་བཞིན། ང་ནི་ལ་ཁའི་དར་ལྕོག་བཞིན། མཐེ་བོང་ཀེར་ལུགས་ཙམ་གྱིས་གཡོ་འགྲོ། དེ་བས། དེ་བས། ང་ལ་ཉམས་ལེན་མེད་པས། ང་ལ་རེ་དོགས་ཡོད་པས། སྙིང་རྗེ་ལྷོད་ཙམ་གནང་ཞོར། ང་ལ་བསྟོད་སྨད་མ་གནང་རོགས། 
 
       ཧེ། གྲོགས་ཚོམས། དེ་རིང་ཁྱོད་བདེ་ཞིང་སྐྱིད་དམ། འཚོ་བ་ནི་མ་གཞི་ནས་བདེ་སྐྱིད་ཅིག་རེད། ཧེ། གྲོགས་ཚོམས། དེ་རིང་ཁྱོད་སྡུག་གིས་མནར་རམ། མ་རྩ་འཁོར་བ་ནི་སྡུག་བསྔལ་ཞིག་རེད། དེ་བས། དེ་བས། ཁྱོད་ལ་དགོས་པ་ནི་བདེ་སྐྱིད་ཡིན། རང་སེམས་རང་གིས་གསོ་ནས། གྲོགས་ཚོམས་ཀྱིས་བཟང་ངན་ཅི་བཤད་ཀྱང་། ཁུ་སིམ་མེར། དབྱངས་ལ་རོལ་བཞིན། སྤྲོ་ཙམ་གནང་དང་། ང་ཚོ་ཚང་མས་མཉམ་རོལ་བྱེད། 
 
       ཧེ། གྲོགས་ཚོམས། དེ་རིང་འཛམ་གླིང་གཡོ་འདུག་ཟེར། གུ་ཡངས་མཛོད་དང་། དེ་ནི་མི་སྲིད་པ་ཞིག་ག་ལ་ཡིན། ཧེ། གྲོགས་ཚོམས། དེ་རིང་གོ་ལ་འཐོར་འདུག་ཟེར། སེམས་རྒྱ་བསྐྱེད་དང་།  དེ་ཡང་ཡ་ང་ལ་ཞིག་ག་ལ་ཡིན། འཛམ་གླིང་གཡོ་རུང་། གོ་ལ་འཐོར་རུང་། རང་ལག་གི་བདེ་སྐྱིད་འཇིགས་དངངས་དང་མ་བརྗེས་པར་རོལ་མྱོང་མཛོད་དང་། དེ་ནི་འཚོ་བའི་སྙིང་པོ་རེད། དེ་ནི་འཚོ་བའི་གྲུབ་ཆ་རེད། ཧེ་ཧེ། བདེ་མོ། 
                               ༢༠༢༠ལོའི་ཟླ༢པའི་ཚེས་༡༣ཉིན་ལ། 


རྒྱང་རིང་།

 
                 མྱི་གསར་བ། མངོན་པ་འོག་མ། 
 
           ང་དུས་ཚིགས་འདིའི་ལས་དབང་ལ་ཤིན་ཏུ་དགའ་སྟེ"དུས་ཚིགས་འདི་ཁོ་ནས་ང་ལ་ཁྲེལ་མེད་ཀྱི་བརྩེ་སེམས་གནང་བ་རེད།   ང་དུས་ཚིགས་འདིའི་འདུ་འབྲལ་ལ་ཤིན་ཏུ་དགའ་སྟེ"དུས་ཚིགས་འདི་ཁོ་ནས་ངའི་སྐྱེ་བ་གཅིག་གི་སེམས་ལ་རྨ་ཁ་བཟོས་པ་རེད།  
 
            དུས་ཚིགས་ཀྱི་རྒྱང་རིང་།  སེམས་ཀྱི་རྒྱང་རིང་།  ང་ད་ལྟ"བོའུ་ལྦེ"གྲོང་ཁྱེར་ནས་ཕྱིར་ལན་ཀྲུག་ཏུ་ལོག་བཞིན་ཡོད་ལ།  ཕྱིར་ལན་ཀྲུག་དུ་ལོག་པ་ནི་ང་ལ་མཚོན་ན་མ་ངེས་པའི་འཚོ་བའི་ཁྲོད་དུ་ཕྱིར་ལོག་པ་ཡིན།   ད་ལྟ་ངས་ཤིན་ཏུ་ཁེར་རྐྱང་ངང་མེ་འཁོར་གྱི་སྒེའུ་ཁུང་བརྒྱུད་ནས་ཕྱི་རོལ་ཞིང་གྲོང་གི་ཉི་ནུབ་ལ་བལྟས་ཡོད་ཅིང་།  མཐོང་སྣང་སྨུག་ལོང་ཁྲོད་ཀྱི་ཉི་ནུབ་དེ་ཡང་མི་འགྱང་བར་ང་ཡི་སེམས་ཀྱི་ཟབ་ས་རུ་འཁྱིལ་དགོས་བྱུང་བ་འདྲ།   ངས་སྔོན་ཆད་འདི་ལྟ་བུའི་ཉི་ནུབ་མང་པོ་མཛེས་སྡུག་ངང་མིག་ལམ་ནས་ཡལ་དུ་བཅུག་པ་ཡིན་ལ།  ཉི་ནུབ་ནི་ང་ལ་མཚོན་ན་བརྩེ་སེམས་ཀྱིས་གཏན་དུ་བསྲུང་བའི་དུས་ཚིགས་ཁྱད་པར་བ་ཞིག་ཡིན་པ་འདྲ།  ད་ལྟ་ངའི་སེམས་སུ་ང་རང་མེ་འཁོར་སྟོང་བ་ཞིག་ཏུ་བསྡད་དེ་ཕྱིར་ལན་ཀྲུག་ཏུ་ལོག་གིན་ཡོད་ལ།  ཕྱིར་ལོག་པའི་གནས་མལ་དེ་ནི་ལན་ཀྲུག་མ་ཡིན་པར་མིང་ཚིག་གིས་མཚོན་པར་དཀའ་བའི་རྒྱང་རིང་ཞིག་ཏུ་ཕྱིར་ལོག་གིན་ཡོད་པ་འདྲ།  ཕྱི་རོལ་ལམ་འགྲམ་གྱི་ཤིང་སྡོང་གི་ལོ་འདབ་ཕྱོགས་སུ་འཐོར་བར་སེར་སྣ་སྙིང་ནས་སྐྱེ་ཡང་དུས་ཚོད་ཀྱི་ཆོས་ཉིད་ལ་སུ་ཞིག་གིས་འགྱུར་བ་གཏོང་ཐུབ།   དེ་བཞིན་འུ་ཅག་གི་ལས་དབང་གཏམ་རྒྱུད་ལ་སུ་ཞིག་གིས་བཟོ་བཅོས་བྱ་ཐུབ།   དེ་བས་ད་ལྟ་ངའི་སེམས་ལ་རྒྱང་རིང་མང་པོ་སྐུང་ཡོད་ཅིང་།   ངའི་སེམས་ཀྱི་རྒྱང་རིང་རེ་རེ་ནི་ན་ཚ་དང་སྨྲེང་བའི་རྒྱུ་རུ་འགྱུར་སྲིད་པའི་རྒྱང་རིང་རེ་རེ་ཡིན་སྲིད།  བདེན་སྟེ་་་་རྒྱང་རིང་ནི་འཇིགས་ཤིང་ཡ་ང་བའི་མེ་འཁོར་བགྲོད་བཞིན་པའི་དོང་ལམ་འདི་དང་ཧ་ཅང་མཚུངས་བས་སོ།།   དུས་ཚོད་མ་ངེས་པ།  ཚེ་སྲོག་མ་ངེས་པ།   རེ་སྙེགས་མ་ངེས་པའི་ནམ་ཟླ་འདི་ལ་ང་རང་རྒྱང་རིང་ཞིག་ཏུ་ཕྱིར་ལོག་དགོས་བྱུང་བ་ག་རེ་ཡིན།   ང་རྒྱང་རིང་ལ་སྔར་བཞིན་སྐྲག་དགོས་བྱུང་བ་ག་རེ་ཡིན།   རྒྱང་རིང་ནི་རྒྱང་རིང་གིས་ཀྱང་མཚོན་ཐབས་བྲལ་བའི་རྒྱང་རིང་དམིགས་བསལ་བ་ཞིག་ཡིན་པ་འདྲ།   དེ་ལྟ་ནའང་ངས་རྒྱང་རིང་འདི་ཉིད་འཆར་ཡན་དང་རེ་ཆད་ཀྱི་སྒོ་ནས་ཡུན་དུ་གསོ་དགོས་བྱུང་།  གློ་བུར་ཏུ་མེ་འཁོར་གྱི་ས་ཚིགས་རེ་རེ་བརྒལ་རྗེས་མཐོང་སྣང་གི་ལོ་རྒྱུས་རེ་རེ་བརྒལ་བ་དང་ཅི་འདྲའི་མཚུངས་ཨང་།  
 
         དུས་ཚོད་ཀྱི་མདའ་རྩེ་ཡང་ཡང་འཁོར་བའི་མཇུག་མཐར་ལན་ཀྲུག་ཏུ་ཐོན་སོང་།   འོན་ཀྱང་དེ་ནི་བརྗེད་པར་དཀའ་བའི་དུས་ཚོད་དམིགས་བསལ་བ་ཞིག་ཡིན་ལ།   རང་དབང་གི་མགོ་འཕངས་ཤིན་ཏུ་དམའ་བའི་མཚན་མོ་ཞིག་རེད།   དུས་ཚུགས་འདི་ནི་ཕྱི་དྲོ་ཞིག་མ་ཡིན་ལ་ཞོགས་པ་ཞིག་ཀྱང་མ་ཡིན།   དེ་བཞིན་དགུན་ཁ་ཞིག་མ་ཡིན་ལ་སྟོན་མཇུག་ཅིག་ཀྱང་ཡིན་མི་སྲིད།   ཏག་ཏག་བརྗེད་པར་དཀའ་བའི་དུས་ཚིགས་འདི་ནི་སེམས་ཀྱི་རྒྱང་རིང་དུ་ལུས་པའི་མུན་པ་མཐུག་པའི་མཚན་མོ་ཞིག་རེད་ལ།    རྣམ་ཤེས་སྐྱོ་བས་ཟིན་པའི་རྨི་ལམ་ནང་གི་མངོན་སུམ་ལྟ་བུ་ཞིག་རེད།   ཤེས་སམ།   ཞིང་གྲོང་གི་འཚོ་བ་མཛེས་ཤིང་སྡུག   རྒྱང་རིང་གི་གནས་མཇལ་ཡིད་དུ་འོང་།   གྲོང་ཁྱེར་གྱི་མི་རྣམས་བྲེལ་ཟིང་གིས་འཚོ་བའི་གདུང་།  སྲང་ལམ་གྱི་མི་རྣམས་ང་དང་ཤིན་དུ་རྒྱང་ཐག་གིས་ཆོད་པའི་ཐོ་ཡོར་རེ་རེ་དང་ཤིན་ཏུ་མཚུངས།   མེ་འཁོར་ས་ཚུགས་ནས་ཡང་ཡང་འཕྲད་སྲིད་པའི་མི་རྣམས།   དོན་དུ་ཤིན་ཏུ་རྒྱང་ཐག་གིས་ཆོད་པའི་བེམ་པོ་ཁུར་བའི་རྣམ་ཤེས་སྟོང་བ་རེ་རེ་རེད་ཨང་།   ད་ནི་རྒྱང་རིང་གིས་ང་ལ་ཤིན་ཏུ་བརྩེ་དུང་མེད་པའི་རྣམ་འགྱུར་སྣ་ཚོགས་བསྟན།  ཤིན་ཏུ་ཞེན་པ་ལོག་པའི་བར་ཐག་གིས་ལས་དབང་སྣ་ཚོགས་བསྐྲུན།   སྲང་ལམ་གྱི་གསོལ་སྟོན་འདི་ཡང་ཁ་བ་དང་སྐྱུར་བའི་རོ་བཅུད་ཕུན་སུམ་ཚོགས།  སྲང་ལམ་གྱི་གཏམ་རྒྱུད་འདི་ཡང་སྐད་ཅིག་སྐད་ཅིག་ལ་འགག་སྲིད་པའི་སེམས་ཀྱི་ལོངས་སྤྱོད་ཕུན་སུམ་ཚོགས།  མཐོང་བ་མེད་པའི་ཁྱོད་ཀྱི་རལ་གྲིའི་རྩེ་མོ་ཧ་ཅང་རྣོ་ཨང་།  མཐོང་བ་མེད་པའི་ང་ཡི་སེམས་པ་རྨ་ཁས་ཤིན་ཏུ་གདུང་ཨང་།   དེ་བས་ང་རང་ཕུགས་བསམ་གྱི་གནས་ཡུལ་དུ་བསྒྲོད་མ་ཐུབ་ལ་མཛེས་སྡུག་གི་ཉི་ཤར་དང་ཉི་ནུབ་ལ་རྒྱང་མཇལ་ཡང་བྱ་མ་ཐུབ།  ད་ལྟ་ང་ཕྱིར་ཁང་སྟོང་ཞིག་ཏུ་ལོག་ནས་སྐྱེ་བ་འདི་ལ་རྒྱང་ཐག་རིང་བའི་བརྩེ་བ་མཐའ་དག་བརྗེད་པར་བྱ་བའི་སྨོན་ལམ་བཏབས་ཤིང་།   རང་གི་གཉོམ་ཞིང་གཅེས་པའི་བརྩེ་བ་མ་ལུས་བེམ་པོ་ལྟ་བུའི་རྒྱང་རིང་ཞིག་ལ་མི་ཕུལ་བའི་དམ་བཅའ་བྱས།   ད་ལྟ་ང་ཤིན་ཏུ་ཆུང་བའི་ཁང་མིག་ཅིག་དུ་བསྡད་དེ་ངས་ཅི་ལའང་འཁང་ར་བྱ་མི་སྲིད་ཅེས་ཡང་ཡང་བསྐྱར་ཟློས་བྱས།  ཅི་ལའང་འགྱོད་གདུང་མི་བྱ་བའི་ཨམ་གཙིགས་སྙིང་ཐག་པ་ནས་བསྡམས།   ད་ནས་བཟུང་རྒྱང་རིང་ནི་ངའི་མི་ཚེའི་ལས་དབང་ཙམ་ལས་སྨྲེང་བ་དང་གདུང་བ་ཉིད་ཡིན་མི་སྲིད་ལ།  དེ་བཞིན་མཚན་མོ་འདིའང་གཏམ་རྒྱུད་ཙམ་ལས་དངོས་བྱུང་དང་འཚོ་བ་ཡིན་མི་སྲིད།    དབུགས་རིང་ཞིག་ལྷོད་ཀྱིས་བྱས་རྗེས་ནང་སེམས་ཡང་ཡང་སྐྱོམ་པའི་གཞས་དབྱངས་ལ་ཉན་པ་ནི་ངའི་རྩོམ་པའི་འཚོ་བ་དང་ཤིན་ཏུ་འདྲའོ།།   བཀྲིས་བདེ་ལེགས།  
                                   2021 8  21
                     རྩོམ་སྒྲིག་པ། མྱི་གསར་བ།

           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease