རྫོང་སར་རྩོམ་རིག སྙན་མགུར། ༡
སྲོད། བང་སོ། ཆང་། ཞི་འཚོལ། ངག་དབང་རྒྱ་མཚོ། རི་སྤྱང་།
འདྲ་ཡེ་ལྡན། ཁྲག་གདོང་། བཙན་མྱི་སད། ཁམས་པ་རག་སྨྱོན། ཆར་ཞོད།
བཞད་དཀར། འབར་བློ་དཀར། མྱི་གསར་བ། གངས་འོད་བཅས་ཀྱིས་བརྩམས།
བླ་མ།
འབར་བློ་དཀར། ཕར་ཕྱིན་གོང་མ།
བྲག་ཐོག་མེད་དགུང་ལ་བསྙེགས་པ་ཡི།།
གནས་ཐེམ་པ་ཆུང་ངུའི་ཚང་མལ་ནས།།
རྩལ་གཤོག་ལྡན་རྒོད་པོ་མཁའ་ལ་ལྡིང་།།
དེ་མཐོང་བའི་མོད་ལ་བླ་མ་དྲན།།
གསུང་བཀའ་བསྟན་བརྩེགས་པའི་གླེགས་བམ་ལ།།
བློ་ཤེས་རབ་འཇུག་པའི་ངང་ཚུལ་དེ།།
དྲན་བསམ་པ་མེད་ཀྱང་ཡང་ཡང་དྲན།།
རི་ལྷུན་ཆགས་གངས་ཀྱི་རྩེ་མོ་ལ།།
མདངས་དམར་སེར་ཉི་མའི་དབུ་ཞྭ་མནབས།།
འདབས་སྨུག་སྤྲིན་ཚོམས་ཤིག་ལང་ལོང་གཡོ།།
དེ་མཐོང་བའི་མོད་ལ་བླ་མ་དྲན།།
སྐུ་ངོ་མཚར་བཞུགས་ཁྲིར་འཁོད་པ་དང་།།
འཁོར་སློབ་ཚོགས་གྲངས་མེད་བསྐོར་བ་དེ།།
དྲན་བསམ་པ་མེད་ཀྱང་ཡང་ཡང་དྲན།།
དགོན་འདུ་ཁང་གསེར་གྱི་རྒྱ་ཕིབས་ལས།།
འཇའ་སྣ་ལྔའི་དར་ཐག་ལྷོ་ལ་བརྐྱངས།།
ཆོས་བྱིན་རླབས་མེ་ཏོག་གང་སར་ཐོར།།
དེ་མཐོང་བའི་མོད་ལ་བླ་མ་དྲན།།
ཐུགས་བྱམས་བརྩེའི་དགྱེས་ཞལ་དྲོན་མོ་ཡིས།།
ལས་སྐལ་ལྡན་བསྐྱངས་པའི་སྐུ་དྲིན་དེ།།
དྲན་བསམ་པ་མེད་ཀྱང་ཡང་ཡང་དྲན།།
དབེན་རི་སུལ་མི་མེད་ནགས་ཀླུང་ནས།།
ཤྭ་རི་དྭགས་ཕོ་མོ་རྩྭ་ཆུར་རོལ།།
བྱ་འདབས་ཆགས་ཚོགས་ཤིག་གནས་དེར་གྲག།
དེ་མཐོང་བའི་མོད་ལ་བླ་མ་དྲན།།
ཡུལ་འཁོར་བའི་འཇིག་རྟེན་བྱ་བཞག་ལ།།
ཞེ་འཁྲི་བ་གདེང་ནས་བཅད་པ་དེ།།
དྲན་བསམ་པ་མེད་ཀྱང་ཡང་ཡང་དྲན།།
རྡོ་རྩིག་པ་རང་བྱུང་གདན་ཁྲི་ལས།།
ལྷ་དགྱེས་པའི་བསང་དུད་དགུང་ལ་འཁྲིགས།།
ཉམས་བརྟག་པས་མི་མངོན་དབྱིངས་སུ་ཡལ།།
དེ་མཐོང་བའི་མོད་ལ་བླ་མ་དྲན།།
དོན་ཉམས་ལེན་གནད་ཀྱི་གཏིང་ཟིན་ནས།།
བུ་རིག་པ་རང་ངོ་འཕྲོད་པ་དེ།།
དྲན་བསམ་པ་མེད་ཀྱང་ཡང་ཡང་དྲན།།
ཚེ་རྟག་སྟོང་གི་མགུར།
ཁྲག་གདོང་། ཕར་ཕྱིན་འོག་མ།
ལས་མེ་ལོང་ནང་གི་འཆར་ཡན་ཚོགས།།
ངག་སྒྱུ་མའི་འགྲོས་སུ་སྣང་བ་འཁོར།།
ལུས་དར་རྒུད་རེ་རེས་སྐྱོ་གདུང་ལས།།
ངའི་རྟག་སྟོང་སྣང་བས་ཅི་ཞིག་མཇལ།།
སེམས་རྗེན་པ་ཞིག་གི་སྣང་བརྙན་ནི།།
ཚིག་དུམ་བུ་ཞིག་གི་ཞེན་ཆགས་ཏེ།།
ལས་རྨི་ལམ་འདྲ་བའི་ངང་ཚུལ་ལས།།
སེམས་སྐྱོ་སྐྱོ་གནང་ནས་ད་བར་སྒུར།།
ཚེ་སྒྱུ་མའི་འགྲོས་ལས་ཡིད་འགྱུར་རེ།།
ལས་ཀུན་སློང་ནང་གི་སྙིང་པོ་ཞིག།
གནས་གང་དུ་བཙལ་དུ་མེད་དུས་དེ།།
ནམ་འཆི་ཞེས་ཆ་འཇོག་མེད་པ་ཡིན།།
ཚེ་མི་རྟག་ནམ་མཁའི་གློག་འགྱུ་བཞིན།།
ལས་གྱེས་བྲལ་ཞིག་གི་རང་བཞིན་ལས།།
སྐྱེ་རྒ་བ་གཉིས་དང་ན་འཆི་གཉིས།།
དུས་རྟག་ཏུ་འཚང་ནས་སྐྱོ་ཞིང་ཨང་།།
ལུས་མི་རྟག་རི་མོ་ལུས་དང་འདྲིས།།
ངག་སྐད་ཅིག་དེ་ལས་ཅི་ཞིག་བརྗོད།།
སེམས་རྟག་སྟོང་ནང་གི་ན་ཚ་ཞིག།
ཆོས་འདུ་འབྲལ་ཁྲོད་ཀྱི་བུ་བདག་ནི།།
ཡེ་གནས་པའི་ཆོས་ཉིད་དྲན་སྣང་བྱུང་།།
བློ་ནང་དུ་ཕྱོགས་པའི་ཉིན་མཚན་དུ།།
རྗེ་དམ་པའི་དམ་ཆོས་མཇལ་ལ་བྲེལ།།
བདག་ནམ་འཆི་དྲན་དུས་ལྷག་ཏུ་བྲེལ།།
༢༠༢༡ ༡༢ ༨
མགུར་དམ་པ་བརྒྱ་མདུད།
བཞད་དཀར། ཕར་ཕྱིན་བར་མ།
ཡིད་ཀྱི་དད་གུས་མ་རྙིང་པའི། །
ཚིག་འབྲུ་རེ་ནང་དམ་པ་རེ། །
དམ་པའི་ཐུགས་རྗེ་ཆེན་པོ་དེ། །
དྲི་མེད་དག་པའི་ཆོས་ཉིད་འོད། །
ཆོས་ཉིད་འོད་ཀྱི་རྒྱལ་ས་དེ། །
སྟོང་བ་ནམ་མཁའི་དཔེ་འདྲེས་ཀྱིས། །
ཆོས་ཀྱི་རྔ་ཆེན་བརྒྱུད་གཅིག་ཏུ། །
སེམས་ཉིད་འཇོག་པའི་ཏིང་འཛིན་ངང་།
གང་ལ་གཟིགས་པའི་འཁོར་ཚོགས་ལ། །
ཐར་བའི་རྒྱལ་ཐོབ་གཞི་བཙུགས་ཏེ། །
སྤྲོས་པའི་དྲ་བ་ཀུན་ངེས་ནས། །
འཇིགས་པ་མི་མངའ་བཅོམ་ལྡན་འདས། །
དད་ཚོགས་རྟོག་པས་མ་དམ་པ། །
འཁོར་བའི་འཁུན་སྒྲས་མ་དཀྲོགས་ཤིང་། །
སྒྱུ་མའི་ཀློང་དུ་ཚོགས་འཁོར་བའི། །
འཇིག་རྟེན་ཞི་བའི་ཆོས་ཉིད་གཞན། །
དར་སྣེ་སྐྱོད་པའི་བདེ་ཆེན་གྲོང་། །
མེ་ཏོག་འབྲུ་ཡི་བྱིན་བབས་པའི། །
དམ་པ་དམ་པའི་ཀློང་ཟུག་ཅིང་། །
ཐེག་ཆེན་རྩ་བ་ཐུགས་བཏགས་པའི། །
རང་རིག་འོད་དང་འོད་ཟེར་གྱིས། །
སྟོང་རྐྱང་དབྱིངས་སུ་མ་འཁྱམས་པར། །
གཞན་ཕན་བདེ་ཆེན་རོལ་རྩེད་ལ། །
སྙིང་པོའི་མགུར་དུ་དད་ཚིག་དཀྲོལ། །
ཡིད་ལ་འཁྲུངས་པའི་དམ་པ་ནི། །
དད་པའི་ལྕིད་ཀྱིས་གནས་པའི་ཚེ། །
བྱིན་གྱིས་བརླབས་པའི་འོད་ཟེར་ཅན། །
གདུལ་བྱའི་ཁམས་སུ་སིམ་པ་ན། །
སྙིང་ལ་དང་བའི་དེད་དཔོན་གྱི། །
གདོད་མའི་ཡེ་ཤེས་དབྱིངས་སུ་འཕྲོས།
ཆོས་ཚིག་རོལ་མོ་དཀྲོལ་བའི་དུས། །
དག་པ་ལྷ་ཡི་དཀྱིལ་འཁོར་དུ། །
རྣམ་ཤེས་སྟེང་གི་འོད་ཟེར་ཞིག།
དང་བས་ནེམ་པའི་དུས་ཚོད་ཀློང་། །
ངག་ལས་དམ་ཚིག་རིན་པོ་ཆེ། །
རང་བྱུང་ལྷུན་གྲུབ་ཡེ་གྲོལ་མགོན། །
ཀུན་ལ་ཁྱབ་པར་རྒྱས་གྱུར་ཅིག།
ཤུགས་འབྱུང་གི་དོ་ཧ།
སྲོད། ཕར་ཕྱིན་འོག་མ།
ཡོམ་ཡོམ་འདར་བའི་གཟུགས་བརྙན་བཞིན། །
རྨི་ལམ་འཁྲུགས་རྗེས་ཞོགས་པ་ལྟར། །
ཆགས་སྡང་རྨོངས་པའི་བདག་པོ་སྟེ། །
ཀྱེ་མ་འཁོར་བའི་ངན་མཚང་ལགས། །
སེམས་ཉིད་ཀྱི་ངོ་བོ་དྲི་མེད་ཅེས། །
ལེགས་གསུང་གི་མགྲིན་པ་བརྩེ་བས་བརྒྱན། །
དྲིན་དྲན་ནོ་གཞན་ཕན་སྣང་བ་ཆེ།།
སྐྱབས་གཞན་ལ་མེད་དོ་སངས་རྒྱས་དངོས།།
འོ་ཆུ་གཅིག་ཏུ་འདྲིས་པ་ལྟར། །
མཚོ་ལ་ཁ་བ་སིམ་པ་བཞིན། །
བདེ་སྟོང་གཉིས་མེད་རོལ་བའི་གར། །
ཨེ་མ་དོན་གྱི་བདེ་བ་ལགས། །
སེམས་ཉིད་ཀྱི་ངོ་བོ་དྲི་མེད་ཅེས། །
ལེགས་གསུང་གི་མགྲིན་པ་བརྩེ་བས་བརྒྱན། །
དྲིན་དྲན་ནོ་གཞན་ཕན་སྣང་བ་ཆེ།།
སྐྱབས་གཞན་ལ་མེད་དོ་སངས་རྒྱས་དངོས།།
༢༠༢༡.༡༠.༡༤.ཅེས་པ་འདི་ཡང་ལོ་མང་རིང་ཆོས་ཀྱི་དགའ་སྟོན་རྒྱ་ཆེར་ཐོབ་པའི་བཅོས་བྲལ་གྱི་མོས་གུས་གསལ་ལྷང་ངེ་བ་དེས་མགོན་པོ་གང་གི་སྐུ་དྲིན་རྗེས་དྲན་གྱི་དུ་ཕུལ་བ་དགེའོ།། །།
སྙན་མགུར་ངག་གི་མེ་ཏོག
གངས་འོད།
དགོན་འདུ་ཁང་ཐུབ་བསྟན་ཉི་ཟླའི་གླིང་།།
ཆོས་ཕར་ཚད་འདུལ་མངོན་ཡིད་བཞིན་ནོར།།
གང་ཐོས་བསམ་དགྱེས་པའི་ཀུན་མཁྱེན་པ།།
འཁོར་སློབ་ཚོགས་གྲངས་ཀྱིས་མི་ཆོད་པའི།།
རྗེ་འཇམ་མགོན་ས་སྐྱ་པཎ་ཆེན་གྱི།།
བུ་མཆོག་གྱུར་གཞན་ཕན་སྙིང་པོ་ལ།།
ཡིད་དད་པས་སྤྱི་བོར་ཡང་ཡང་མཆོད།།
བྲག་ཐོག་མེད་བརྩེགས་པའི་ཡང་སྟེང་ན།།
སྒོམ་སྤྲོས་བྲལ་ལྟ་བ་ཟུང་འཇུག་པ།།
བློ་ཤེས་རབ་དཀའ་དཔྱད་འབྲས་རྟཊ་ལ།།
དོན་བདག་མེད་མ་ངོ་བུས་ཟིན་པའི།།
ཡུམ་མྱང་ཚའི་གཅེས་ཕྲུག་མི་ལ་ཡི།།
བུ་མཆོག་གྱུར་གཞན་ཕན་སྙིང་པོ་ལ།།
ཡིད་དད་པས་སྤྱི་བོར་ཡང་ཡང་མཆོད།།
སྐུ་ངོ་མཚར་རང་ལུས་དཀྱིལ་འཁོར་ལ།།
སྤྱན་དྭངས་གསལ་སྙིང་རྗེའི་ཟླ་འོད་འཚེར།།
གོས་ངུར་སྨྲིག་མེ་ཏོག་ཐགས་སུ་བཀྲ།།
རྒྱུད་བསླབ་གསུམ་སྤྱོད་པ་བླ་ན་འཕགས།།
ཤར་ཙོང་ཁའི་བློ་བཟང་གྲགས་པ་ཡི།།
བུ་མཆོག་གྱུར་གཞན་ཕན་སྙིང་པོ་ལ།།
ཡིད་དད་པས་སྤྱི་བོར་ཡང་ཡང་མཆོད།།
གཞི་མ་བཅོས་ཆུ་སྐྱེས་པད་གདན་སྟེང་།།
འོད་སྤུངས་སེ་སྐུ་ཉམས་ཏིང་འཛིན་པ།།
སེམས་ངོ་བོ་ཀ་དག་ངེས་འབྱུང་གི།།
སྐྱོན་དུག་གསུམ་འཆིང་ཐག་ཆད་པ་ཡི།།
མགོན་རྙིང་མའི་བླ་མ་ཀློང་ཆེན་པའི།།
བུ་མཆོག་གྱུར་གཞན་ཕན་སྙིང་པོ་ལ།།
ཡིད་དད་པས་སྤྱི་བོར་ཡང་ཡང་མཆོད།།
དད་པའི་བུ་ཆུང་འདྲེན་པའི་བརྡ་གླུ།
ངག་དབང་རྒྱ་མཚོ། མངོན་པ་འོག་མ།
དགོང་ཨ་སྔོན་ནམ་མཁའ་སྔོ་སང་དེར། །
སྤྲིན་འཐིབ་ནས་དྭངས་བའི་དཔེ་ལ་བལྟས། །
ངའི་ནང་སེམས་མུན་པའི་འགོང་པོ་དེ། །
བློ་ཚད་མས་དྭངས་ཤིང་བསལ་བར་ཤོག །
དེའི་དོན་དུ་བླ་མ་ཡང་ཡང་དྲན། །
ནང་གསལ་རིག་སེམས་ཀྱི་བླ་མ་དེས། །
བློ་རིག་པའི་གཤོག་རྩལ་བསྐྱེད་དུ་གསོལ། །
གཞུང་པོད་ལྔའི་མཁའ་ལམ་བརྒལ་བར་སྨོན། །
སྟོན་ཟླ་བའི་དཀྱིལ་འཁོར་གསལ་གསལ་དེ། །
ཀླུའི་ཆུ་མིག་ནང་དུ་འཆར་བར་བལྟས། །
ངའི་སོ་སྐྱེས་རྣམ་རྟོག་གྱ་གྱུ་དེ། །
ཆོས་བདུད་རྩིའི་ནང་དུ་འཁོར་ན་བསམ། །
དེའི་དོན་དུ་བླ་མ་ཡང་ཡང་དྲན། །
བཀའ་མདོ་རྒྱུད་མཛོད་ཀྱི་སྤྱན་ཁྱེར་དེས། །
དོན་ཟབ་གནད་ལམ་གྱི་འདྲེན་པ་མཛོད། །
གནས་དབེན་ཁྲོད་ལྕང་མའི་འཇགས་གླུ་དེས། །
ཤྭ་རི་དྭགས་དང་བ་དྲངས་ལ་བལྟས། །
ཚེ་འདུན་མ་སྟོན་པའི་བླ་མ་དེའི། །
ཆོས་ཞི་བསིལ་བྲན་པའི་སིལ་སྙན་དེ། །
ང་ཐ་ཤུལ་སློབ་བུའི་གསན་སྙན་རུ། །
དུས་འགག་མེད་རྒྱུན་དུ་ཐོས་པར་སྨོན། །
སེམས་དད་པའི་བུ་ཆུང་འདྲེན་དུ་གསོལ། །
བོད་གངས་ཅན་གངས་རའི་རྩེ་མོ་ནས། །
དགོང་ཉི་མའི་ཞལ་ཁྱིམ་ཡང་ཡང་མཐོང་། །
དེ་མཐོང་བའི་མོད་ལ་རང་སེམས་ཀྱི། །
སྙིང་པདྨ་སྟོང་གི་གདན་སྟེང་དུ། །
དྲིན་གཞལ་མཐའ་བྲལ་བའི་བླ་མ་དེ། །
དུས་རྒྱུན་ཆད་མེད་པར་བཞུགས་ན་བསམ། །
དེའི་དོན་དུ་ཚོགས་ཆེན་འགྲུབ་པར་སྨོན། །
སྐྱབས་ཀུན་འདུས་ཆེན་པོའི་ཞབས་ལ་འདུད། །
འཇམ་མགོན་བླ་མའི་སྒྲུབ་མཆོད་ཆེན་མོ་ལེགས་པར་གྲུབ་པའི་ཚོགས་མཆོད་ཉིན་གྱི་ན་བ་གླང་ཡག་ངག་དབང་རྒྱ་མཚོས་བྲིས་པའོ། །
࿑ རྒྱལ་བ་མི་ཡི་ཚུལ་བཟུང་དྲིན་ཆེན་བླ་མ་དམ་པར་བྱ་དཀའ་བའི་རྒྱན་གྱིས་བསྟོད་པ་བདེ་སྟོང་ཉམས་པ་མེད་པའི་རོལ་མོ་མདོངས་ལྡན་དགའ་བར་བྱེད་པའི་དབྱར་སྐྱེས་ལྷ་ཡི་རྔ་སྒྲ།
འདྲ་ཡེ་ལྡན། དབུ་མ་གོང་མ།
རང་སྣང་ལྷར་གསལ་དག་པ་རབ་འབྱམས་འཆར། །
བཅས་མཚམས་ཕྲ་བ་ཡན་ལས་མ་འདའ་བར། །
རྟག་པར་གཞན་ཕན་ལས་ལ་འབད་མཛད་པ། །
བླ་མ་སངས་རྒྱས་འདྲ་བ་གང་ལ་དད། །
ཁྲ་ཁྲ་བྱ་གཞག་ཐལ་བ་ལྟར་སྤངས་ལ། །
རྒྱལ་བསྟན་གཙང་མ་སྤྱན་འབྲས་ལས་ཀྱང་བསྐྱངས། །
མཐས་ཡས་མ་རྒན་མྱ་ངན་འདམ་ལས་དྲངས། །
འགྲན་བྲལ་བླ་མ་གཞན་ཕན་མཚན་ཅན་རྒྱལ། །
གནས་སྐབས་ཕན་སྤྱད་དབང་དང་གྲགས་པ་རྣམས། །
རྒྱང་ནས་བཞག་ལ་གདམས་པ་མ་ལྷག་པར། །
སྐལ་ལྡན་དག་ལ་གང་དགར་གནང་མཛད་མཁན། །
དཔལ་ལྡན་བླ་མར་བསྔགས་པས་འཛད་མཐའ་བྲལ། །
ལས་འབྲས་གསང་བ་གསལ་བར་མཇལ་ན་ཡང་། །
རགས་པ་ལས་འབྲས་རྣམ་གཞག་མ་དགག་པར། །
ཡང་ཟབ་ལྟ་བ་མཐའ་བྲལ་ལ་གནས་པ། །
སར་གནས་རྒྱལ་སྲས་གང་ལ་ལྷ་ཕྱག་བསྟབས། །
ཞལ་རས་ཟླ་བ་མཁའ་ལ་རྟག་པར་འཆར། །
དབང་དང་མན་ངག་གདམས་པ་ཡང་ཡང་བསྩལ། །
མྱ་ངན་སྨག་ནག་མཐའ་དག་སངས་མཛད་པ། །
འཇམ་དབྱངས་བླ་མ་གང་ལ་དད་པས་བརྟས། །
གང་མཚན་ས་དང་བར་སྣང་ཁྱབ་ན་ཡང་། །
དལ་བར་གནས་ལ་ང་རྒྱལ་བག་ཙམ་བྲལ། །
ལྟ་བ་ནམ་མཁའ་ལས་ཀྱང་དཔག་དཀའ་བ། །
བྱམས་ལྡན་བླ་མར་དད་ཕྱག་བརྒྱ་ཕྲག་འཚལ། །
ཞལ་རས་རང་མདངས་མ་ཡལ་གསལ་ལ་དྭངས། །
མ་འགགས་གདམས་པ་གཙང་ཆབ་ལྷང་ལྷང་གྲགས། །
གཞན་ཕན་མཛད་བཟང་གང་སར་དར་བ་གང་། །
སྐྱབས་གནས་དམ་པ་བླ་མ་གཞན་ཕན་ལགས། །
དྭངས་གཙང་ཁ་བ་ལྟར་དཀར་ལྷག་བསམ་ལ། །
ཆགས་སྡང་མ་ལྷད་གཞན་ཕན་མདངས་དང་ལྡན། །
བགྲང་ཡས་སྐལ་ལྡན་དག་ལ་ཐར་ལམ་བསྟན། །
ས་དང་ལམ་ལ་རབ་གནས་བླ་མ་དྲན། །
འཕྲལ་དང་གནས་སྐབས་ཙམ་ལས་མ་དྲན་པར། །
མ་དག་ལམ་ངན་འཁྱམ་མཁན་བདག་འདྲ་རྣམས། །
བྱམས་པས་བསྐྱངས་ནས་ལམ་བཟང་བསྩལ་བ་ལ། །
སངས་རྒྱས་བླ་མ་འཆར་བ་སླར་ཡང་དྲན། །
མཛད་བཟང་མ་ཆད་གཱང་ག་ནམ་ཡང་འབབ། །
ལས་ཅན་མངའ་འབངས་ཡང་ནས་རྒྱས་པ་དང་། །
བར་ཆད་མཐའ་དག་རྒྱང་ནས་རྒྱང་ལ་ཡལ། །
མཚན་ལྡན་བླ་མར་དད་པ་བྲག་ལྟར་བརྟན། །
འདས་དང་ད་ལྟ་སྤྱན་སྔར་རབ་གསལ་བས། །
ཡངས་ཟབ་ལྟ་བ་སངས་རྒྱས་མཉམ་ན་ཡང་། །
ཐ་མལ་རྣམ་པས་བསྟན་ལ་ཕན་མཛད་པ། །
མཁས་དབང་བརྒྱ་ཕྲག་ལས་ལྷག་བླ་མ་རྒྱལ། །
མཁན་རིན་པོ་ཆེ་གཞན་ཕན་སྙིང་པོ་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ་ལ་གསོལ་བ་འདེབས་པ་དད་པའི་གདུང་དབྱངས་རིང་མོ་ཞེས་བྱ་བ་བཞུགས་སོ། །
ཆང་། ཕར་ཕྱིན་འོག་མ།
རབ་འབྱམས་གསང་གསུམ་ཀུན་འདུས་དྲིན་ཆེན་གྱི་བླ་མ། །
མི་འབྲལ་སྤྱི་གཙུག་རྒྱན་དུ་རྟག་བཞུགས་རང་གནང་དང་། །
བུ་ངའི་མ་བཅོས་སེམས་ཀྱི་སྨོན་ལམ་ཞིག་གདབ་ན། །
སྒོ་གསུམ་ཆོས་སྐུར་གྲོལ་བའི་བྱིན་རླབས་དེ་སྩོལ་ཅིག །
ཆོས་ཀུན་གདོད་ནས་མ་སྐྱེས་སྒྱུ་མ་ཡི་སྣང་བར། །
ཞེན་པའི་འཆིང་ཐག་དམ་པོས་ལྷོད་མེད་དུ་བསྡམས་པས། །
འདིར་སྣང་ཨ་ཐང་ཆད་པའི་སྣང་བ་ཞིག་བྱུང་ཡང་། །
རྣམ་རྟོག་རྟ་རྒོད་འདོགས་པའི་ཐབས་ཤེས་ཤིག་དཀའ་བྱུང་། །
རེ་དོགས་གཉིས་འཛིན་བོར་བའི་དམ་པ་ཡི་བཤོལ་ལམ། །
ཚེ་འདིར་མྱུར་བར་བགྲོད་པའི་འདུ་ཤེས་ཤིག་ཡོད་ཀྱང་། །
བདག་འཛིན་འགོང་པོའི་དམག་ཚོགས་རི་རབ་ལས་ལྕི་བས། །
ཉམས་ངའི་བློ་དམན་བདག་འདྲ་དཀའ་ཁག་རང་ཆེ་འདུག །
ང་རྒྱལ་རི་རབ་ཙམ་ཞིག་རུམ་ཁོག་ཏུ་སྦས་ནས། །
རང་སེམས་བཅོས་མའི་འཁྱེར་སོ་འཁྲུལ་སྣང་གིས་འདའ་དུས། །
རྣམ་གཡེང་སྟོང་བསམ་ཁྲོད་དུ་མི་ཚེ་རང་རྫོགས་པས། །
ཉམ་ཐག་སློབ་བུ་བདག་ལ་ཐུགས་རྗེ་དེ་མ་ཆུང་། །
ཚེ་འདི་མི་རྟག་སྟོན་ཁའི་སྤྲིན་པ་ཡི་མདངས་ལ། །
བདེན་བདེན་འདྲ་བའི་རྣམ་རྟོག་གོམ་གཤིས་སུ་སོང་བས། །
འཆི་བ་གློ་བུར་སླེབས་པའི་དུས་ཚིག་ལ་ཐོན་དུས། །
འགྱོད་པའི་གདུང་དབྱངས་དཀྲོལ་དང་མ་དཀྲོལ་ཞིག་མི་འདུག །
འདུས་པའི་མཐའ་མར་འབྲལ་བ་འཁོར་བ་ཡི་གཤིས་སུ། །
མི་འབྲལ་འགྲོག་པའི་དམ་བཅའ་ཆུང་གྲོགས་ལ་བཞག་ཀྱང་། །
འཆི་བདག་བདུད་ཀྱི་སོ་ཁ་དབང་མེད་དུ་འཁོར་དུས། །
སྐྱོ་གདུང་འཆི་མ་གཏོར་ལས་ཐབས་གཞན་ཞིག་མ་བྱུང་། །
ཆུང་ནས་སྣང་བའི་འཁོར་ལོ་དོན་མེད་དུ་བསྐོར་བས། །
མི་ཚེའི་ཕྱེད་ཀ་རྣམ་གཡེང་ལེ་ལོ་ཡིས་ཁྱེར་བ། །
ཆོས་དང་འཇིག་རྟེན་གང་གི་གཏད་སོ་རང་མེད་པར། །
བསམ་ཞིང་བསམ་ཚེ་སེམས་ལ་སྨུག་པ་རང་འཐིབ་ཡོང་། །
ཚེ་འདིར་དྲིན་གྱིས་བསྐྱངས་བའི་ཕ་མ་དང་གཉེན་ཉེ། །
ལ་ཁའི་ཉི་མ་བཞིན་དུ་ནུབ་རི་ནས་ཡོལ་དུས། །
གློ་བུར་གློ་བུར་ལྡང་བའི་ངེས་འབྱུང་རེ་སྐྱེས་ཀྱང་། །
ཚེ་མཐའ་ཆོས་ཀྱིས་འཆོལ་བ་དཀའ་ཁག་རང་ཆེ་འདུག །
ཀྱེ་ཀྱེ་སྙིང་རྗེའི་དབང་ཕྱུག་མཚན་ལྡན་གྱི་བླ་མ། །
བདག་གི་དད་པའི་པད་མོར་ལྷང་ངེ་རུ་བཞུགས་ནས། །
རྩ་བརྒྱུད་ལྷ་དང་བླ་མའི་བྱིན་རླབས་ཀྱི་ཆར་རྒྱུན། །
ངེད་ཅག་གདུལ་བྱའི་དཔལ་དུ་ཆད་མེད་དུ་སྩོལ་རོགས། །
སྐྱོ་སྐྱོ་ཉམ་ཐག་སློབ་བུའི་དད་མདུན་གྱི་གདུང་དབྱངས། །
མ་བཅོས་རང་བྱུང་ངག་གིས་རྩོལ་མེད་དུ་ཤོར་བ། །
འདི་དང་དུས་གསུམ་བསགས་པའི་དགེ་རྩ་ཡི་མཐུ་ལས། །
དྲིན་ཆེན་བླ་མའི་སྐུ་ཚེ་ཡུན་རིང་དུ་བསྟན་ཤོག །
2021. 10. 11
མགུར་མ།
ཞི་འཚོལ། འདུལ་བ་གོང་མ།
ལམ་ཟབ་བླ་མའི་རྣལ་འབྱོར།།
མཚན་ལྡན་བླ་མའི་དྲུང་ནས།།
ཐོབ་པའི་ལས་དཀར་བཟང་དུས།།
བཅོས་མིན་མོས་གུས་འབར་རོགས།།
མོས་གུས་ལྟེམ་རྐྱང་མེད་ན།།
རིང་པོ་གྲངས་མེད་གསུམ་ཡང་།།
ཚེ་ལུས་གཅིག་གི་སྟེང་དུ།།
འདྲེན་བྱེད་ལམ་ཟབ་ཟབ་མོ།།
གངས་ཀྱི་དབེན་ཁྲོད་འདི་ནས།།
ཚེ་གཅིག་སངས་རྒྱས་ས་རུ།།
ཤབ་ཤོབ་མེད་པར་ཕེབས་པ།།
ཀུན་ཀྱང་ལམ་མཆོག་འདིའི་དྲིན།།
མདོ་སྔགས་ཆོས་ཀྱི་སྙིང་ཁུ།།
ཟབ་མོའི་བླ་མའི་རྣལ་འབྱོར།།
བེའུ་བུམ་རུམ་དུ་བཅུག་སྟེ།།
དབེན་པའི་ཕྱོགས་སུ་ཆས་ན།།
སྙན་བཀུར་གྲགས་པའི་བྱ་གཞག།
ཤོར་རྒྱུ་རུམ་ལ་མེད་པས།།
བློ་ཐག་བཅད་ཀྱང་ཆོག་རུང་།།
ཕྱིར་བཤོལ་གྲབས་ཀྱིས་བསླུས་སོང་།།
མི་མེད་དབེན་པའི་ཕྱོགས་སུ།།
གཏན་དུ་ཕེབས་རྒྱུ་བྱུང་ན།།
འགྱུར་མེད་རྡོ་རྗེའི་གཏན་ཆུང་།།
བལ་དཀར་སྐུད་པས་བསླ་ཟེར།།
ལས་བསོད་དར་གྱི་མདུད་པ།།
བཙུན་ཆུང་ཞིག་ལ་ཐེབས་དུས།།
ཞེ་འདང་སོར་རྩེའི་བར་ནས།།
མདུད་རྒྱ་དགྲོལ་བ་ཕོད་དམ།།
གཟུགས་མེད་འདུན་པའི་ཞིང་སར།།
དད་འདུན་པད་མ་དཀར་པོ།།
རྒས་མེད་རྟག་པར་བཞད་ན།།
དབེན་རི་རྡོག་པས་འཚོལ་ཡོང་།།
༢༠༢༡ ༡༢ ༡༥
ཀུན་རྫོབ་སྒྱུ་མའི་ཤུགས་གླུ།
ཁམས་པ་རག་སྨྱོན། དབུ་མ་གོང་མ།
གཞ༵ན་གྱི་དོན་དུ་ངལ་བ་མི་བརྙེས་ཤིང་། །
ཕ༵ན་བདེའི་དམ་ཆོས་རྟག་ཏུ་སྩོལ་མཛད་པ། །
སྙི༵ང་རྗེ་སྤྱན་གྱིས་ཀུན་ལ་གཟིགས་པ་པོ༵། །
དཔལ་ལྡན་བླ་མའི་ཞབས་པད་བརྟན་གྱུར་ཅིག །
གང་དུ་མ་སྐྱེས་ཆོས་ལྡན་ཞིང་དུ་སྐྱེས། །
སུ་དང་མ་ཕྲད་མཚན་ལྡན་བླ་མར་ཕྲད། །
མི་ལུས་འདི་འདྲ་རྙེད་པ་ད་རེས་ཙམ། །
དལ་འབྱོར་སྙིང་པོ་ལོན་པར་བྱིན་གྱིས་རློབས། །
འུ་ཅག་ཡོད་དོ་ངེས་པར་འཆི་བ་དང་། །
ནམ་འཆི་ཆ་མེད་འཆི་རྐྱེན་ངེས་མེད་ཡིན། །
འཆི་བ་ཞེ་རུ་བསམས་ན་འཁོར་བ་ལ། །
ངེས་འབྱུང་གཏིང་ནས་སྐྱེ་བར་བྱིན་གྱིས་རློབས། །
འདུ་བྲལ་སྐྱེ་འཆི་སྤེལ་མའི་ཚུལ་དུ་འཁོར། །
ཁམས་གསུམ་གང་སྐྱེ་སུས་ཀྱང་ངེས་པ་མེད། །
འོན་ཀྱང་ཚོགས་གཉིས་ནོར་བུ་ཉུང་ཟད་ཅིག །
རྙེད་པའི་སྐལ་བ་ལྡན་པར་བྱིན་གྱིས་རློབས། །
མཛེ་ནད་ཅན་གྱིས་རང་ལུས་དཔྲུལ་པས་ན། །
བདེ་བའི་མྱོང་བ་ཤར་བའི་ལས་སྣང་བཞིན། །
མ་དག་འགྲོ་ཀུན་སྐྱིད་མིན་སྐྱིད་དུ་འཁྲུལ། །
འཁོར་བའི་རང་བཞིན་རྟོགས་པར་བྱིན་གྱིས་རློབས། །
ཅི་ལ་བསམས་ཀྱང་བདེ་བའི་གནས་མ་མཐོང་། །
གང་ལ་གཞིགས་ཀྱང་སྐྱིད་པའི་ཡུལ་མ་རྙེད། །
ད་ནི་བློ་ཁ་ཆོས་ལ་ཕྱོགས་གྱུར་ཏེ། །
ཐར་བའི་ལམ་སྣེ་ཟིན་པར་བྱིན་གྱིས་རློབས། །
གསེར་སྲང་སྟོང་ལས་ལྷག་པའི་ནོར་གྱི་མཆོག །
གཞན་ཕན་བྱང་ཆུབ་སེམས་ཀྱི་ནོར་བུ་འདི། །
དཔལ་ལྡན་བླ་མའི་དྲིན་ལས་ཐོབ་པས་ན། །
འདི་ཉིད་ཉམས་པར་མེད་པར་བྱིན་གྱིས་རློབས། །
ཐབས་ཀྱིས་མ་ཟིན་སྟོང་ཉིད་གོམས་གྱུར་ན། །
ལམ་དེ་གོལ་བ་མདོ་དང་རྒྱུད་ལས་གསུངས། །
དེའི་ཕྱིར་ཐབས་ཤེས་ཟུང་འཇུག་ལམ་པོ་ཆེ། །
ཚུལ་བཞིན་ལག་ལེན་ཤེས་པར་བྱིན་གྱིས་རློབས། །
ཆོས་རྣམས་རང་བཞིན་ནམ་མཁའི་པདྨོ་འདྲ། །
འདི་ལ་མཛེས་དང་མི་མཛེས་རྣམ་གཞག་མེད། །
དེའི་ཕྱིར་མཚན་འཛིན་རྣམ་རྟོག་ཀུན་ཞིག་སྟེ། །
སེམས་ཀྱི་ངོ་བོ་རྟོགས་པར་བྱིན་གྱིས་རློབས། །
ཅུང་ཙམ་བསྟོད་ན་དགའ་སྟེ་འཛུམ་པ་དང་། །
སྨད་ན་ཁྲོས་ཏེ་བཞིན་གྱི་གཉེར་མ་བསྡུས། །
ངང་ཚུལ་འདི་ལ་ཞིབ་ཏུ་བལྟས་གྱུར་ཏེ། །
རང་སྐྱོན་རང་གིས་རིག་པར་བྱིན་གྱིས་རློབས། །
གཞན་སྐྱོན་འདི་ཀོ་རང་བཞིན་མ་མཆིས་པས། །
རང་གིས་མཐོང་ཡང་རང་སྣང་མ་དག་པ། །
མ་དག་སྣང་བས་བྲིད་པའི་བདག་བློ་ཡིས། །
ཡང་དག་དོན་མཐོང་གྱུར་པར་བྱིན་གྱིས་རློབས། །
ཐལ་རང་བར་གྱི་རྩོད་གཞི་མ་ཚོར་ཞིང་། །
སྔ་ཕྱི་བར་གྱི་དགག་སྒྲུབ་མ་ཤེས་ཀྱང་། །
རང་སེམས་རང་གིས་བཙལ་ན་མ་རྙེད་པས། །
རང་ངོ་རང་གིས་ཤེས་པར་བྱིན་གྱིས་རློབས། །
རྒུད་ན་སེམས་ཞུམ་སྡུས་ཡུས་མི་འབྱུང་ཞིང་། །
དར་ན་གཞི་མེད་ང་རྒྱལ་མི་འཕེལ་བར། །
ཅི་སྣང་སེམས་ཀྱི་ཁྱེར་སོ་ཉིད་ཤེས་ཏེ། །
འཁྲུལ་བ་རང་སར་གྲོལ་བར་བྱིན་གྱིས་རློབས། །
རྒུད་པ་ཀུན་གྱི་རྩ་བ་བདག་ཏུ་འཛིན། །
སྒྱུ་མའི་མཁན་པོ་འདི་ཀོས་ཡང་ཡང་དུ། །
མ་དག་འཁོར་བའི་འགྲོ་རྣམས་བསླུས་གྱུར་པས། །
གཉུག་མའི་ཡེ་ཤེས་མཐོང་བར་བྱིན་གྱིས་རློབས། །
དཔལ་ལྡན་བླ་མས་འབོགས་པའི་མན་ངག་འདི། །
ཚུལ་བཞིན་ལག་ལེན་ཐུབ་ན་འགྲིག་འདུག་པས། །
བླང་དོར་གནས་ལ་ལྟ་བའི་མིག་ལྡན་པའི། །
བསོད་ནམས་བདག་ལ་ཡོད་པར་བྱིན་གྱིས་རློབས། །
འདི་ནས་སྐྱེ་བ་ཇི་སྙེད་བརྒྱུད་པ་ཀུན། །
ཤྭཀྱའི་བསྟན་པའི་སྒོ་རུ་ལེགས་ཚུད་དེ། །
ཐུབ་བསྟན་སྲོག་གི་རྩ་བ་གང་ཡིན་པ། །
དེ་དག་ལེགས་པར་ཟིན་པར་བྱིན་གྱིས་རློབས། །
བདག་གིས་སྒོ་གསུམ་དགེ་ལ་སྦྱོར་བ་ཡིས། །
བདག་ཏུ་འཛིན་པའི་རིམ་ནད་ཀུན་ཞི་སྟེ། །
བདག་ཉིད་ཆེན་པོ་དྲི་མ་མེད་དཔལ་གྱི། །
འཁོར་གྱི་ཐོག་མར་སྐྱེ་བར་བྱིན་གྱིས་རློབས། །
ལམ་གཅི༵ག་རྒྱལ་བ་ཀུན་གྱི་མཇུག་ངོགས་ནས། །
གྲོགས་གཅིག་ཐབས་ཤེས་ཟུང་ལ་ལེགས་བརྟེན་ཞིང་། །
གཤིས་གཅི༵ག་སྟོང་གསལ་དབྱེར་མེད་ཆོས་ཀྱི་དབྱིངས། །
ཚེ་གཅིག་མངོན་སུམ་རྟོགས་པར་བྱིན་གྱིས་རློབས། །
ཚོགས་གཉི༵ས་རྣམ་མང་བསགས་པའི་ལས་བཟང་གིས། །
བདག་གཉི༵ས་མེད་པར་མངོན་སུམ་མཐོང་གྱུར་ཏེ། །
སྐུ་གཉི༵ས་གོ་འཕང་བརྙེས་པའི་སྐལ་ལྡན་ཞིང་། །
དོན་གཉི༵ས་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །
མཆོག་གསུ༵མ་བསླུ་མེད་སྐྱབས་གནས་ཀུན་ཚང་ཞིང་། །
དུག་གསུ༵མ་ཉོན་མོངས་བག་ཆགས་སྤངས་གྱུར་པའི། །
འཁོར་གསུ༵མ་རྣམ་རྟོག་ཞི་བ་གང་ཁྱེད་ལྟར། །
སྒོ་གསུ༵མ་རྣམ་པར་དག་པར་བྱིན་གྱིས་རློབས། །
ཚེ་གཅི༵ག་སངས་རྒྱས་སྒྲུབ་པའི་ཐབས་ཀྱི་མཆོག །
རིམ་གཉི༵ས་ཟབ་མོའི་དོན་ལ་ལེགས་བརྩོན་ནས། །
མཆོག་གསུ༵མ་གཅིག་ཏུ་འདུས་པའི་མགོན་ཁྱེད་ལྟར། །
སྦྱོར་བཞི༵འི་རྣམ་སྨིན་རྫོགས་པར་བྱིན་གྱིས་རློབས། །
ཞེས་སྒྲོལ་མ་ཉེར་གཅིག་གི་གྲངས་དང་ལྡན་པའི་རྩོམ་ཚན་འདི་སྟོན་པ་ཕུན་ཚོགས་དྲིན་ཆེན་རྩ་བའི་བླ་མ་འཇམ་མགོན་གཞན་ཕན་སྙིང་པོ་དང་། འཁོར་ཕུན་ཚོགས་དགེ་འདུན་ཆིག་སྟོང་ལྷག་གི་ཞབས་རྡུལ་གྱི་པདྨོ་བཞད་པའི་གནས་ཕུན་ཚོགས་རྫོང་སར་ལྔ་རིག་སློབ་གླིང་ནས་དུས་ཕུན་ཚོགས་མཁའ་འགྲོའི་དུས་ཆེན་ཚེས་བཅུ་དང་བསྟུན་ཏེ་ཆོས་ཕུན་ཚོགས་ས་འཇམ་སྦགས་སྒྲུབ་ཀྱི་བསྙེན་མཚམས་སྒྲུབ་པའི་སྐལ་བ་དང་ལྡན་པ་ཁྲ་རིགས་རིག་འཛིན་གྲགས་པ་འབོད་པ་དེས་བཅོས་མིན་ཞེ་གཏིང་ནས་སྦྱར་བས། དགེ་ལེགས་སུ་གྱུར་ཅིག།
བསྟོད་དབྱངས་སེམས་ཀྱི་རང་སྒྲ།
རི་སྤྱང་། ཕར་ཕྱིན་འོག་མ།
བོད་བསིལ་ལྡན་གངས་རིའི་ཞིང་ཁམས་སུ། །
ཆོས་མདོ་སྔགས་བསྟན་པ་དར་བའི་ལྗོངས། །
དཔལ་ཁམས་བྱེ་ལྔ་རིག་སློབ་གླིང་ནས། །
ཆོས་ཟབ་མོ་ཐོབ་པས་རང་སེམས་སྤྲོ། །
དཔལ་མཁན་ཆེན་གཞན་ཕན་སྙིང་པོ་ལ། །
སེམས་མི་འགྱུར་ཡིད་ཆེས་དད་པ་ཡོད། །
ཆོས་ཟབ་མོ་གསང་སྔགས་ཐོབ་དུས་སུ། །
མགོན་ཁྱེད་ཀྱི་གདམས་ངག་བརྗེད་ཐབས་མེད། །
འཁོར་དཔོན་སློབ་ཆོས་ཀྱི་དགའ་སྟོན་རོལ། །
སེམས་དགའ་དགའ་སྤྲོ་སྤྲོའི་ཚོགས་ལ་རོལ། །
རྗེ་ཁྱེད་ཀྱི་བྱམས་བརྩེའི་ཐུ་འོག་ནས། །
སེམས་དགའ་བའི་མགུར་གླུ་འདི་ནས་ལེན། །
བདག་འདི་ནས་བྱང་ཆུབ་མ་ཐོབ་པར། །
མགོན་ཁྱེད་ཀྱི་ཐུགས་ཀྱིས་རྗེས་བཟུང་སྟེ། །
གནས་མཁའ་སྤྱོད་དག་པའི་ཞིང་ཁམས་ནས། །
རྗེ་ཁྱེད་ཀྱི་ཞབས་དྲུང་སྐྱེ་བར་ཤོག །
ཚིག་འདི་ཡི་བདེན་པའི་ནུས་མཐུ་ཡིས། །
འཁོར་དགེ་འདུན་པ་ཡིས་ཐུགས་བསྐྱེད་ཀྱིས། །
བདག་སྐྱེ་བ་ཚེ་རབས་ཀུན་ཏུ་ཡང་། །
ལམ་ཡང་དག་འཇུག་པར་སྨོན་ལམ་འདེབས། །
དད་པའི་སེམས་ཀྱི་འབོད་སྒྲ།
བང་སོ། མངོན་པ་འོག་མ།
དམར་སེར་བྱེ་བའི་དབུས་ན་རྒྱལ་བ་དངོས།།
རྒྱལ་བའི་ཚུལ་འཆང་གཞོན་ནུའི་ལང་ཚོ་ཅན།།
རྒྱལ་བས་རབ་བསྔགས་མཚན་གྱི་གྲངས་ཆེན་དང་།།
མཁྱེན་རབ་འོད་ཆེན་འབར་བའི་ཆོས་ཀྱི་རྗེ།།
དད་གསུམ་ལས་ལ་རྩོལ་བའི་བང་སོ་ལ།།
གསུང་རབ་རྒྱ་མཚོར་བརྒལ་བའི་བརྩོན་འགྲུས་དང་།།
གཟུངས་སྤོབས་རིག་པའི་དགེ་མཚན་ཨུཏྤལ་གྱི།།
བྱིན་རླབས་ཆར་དུ་ཕོབ་ཅིག་ལྷག་པའི་ལྷ།།
དམིགས་མེད་མཁྱེན་པའི་ཡེ་ཤེས་གཏེར་འཆང་བའི།།
དྲི་མེད་ཐུགས་བསྐྱེད་ནུས་པའི་སྟོབས་དང་ལྡན།།
རིས་མེད་འགྲོ་བའི་མགོན་པོ་གང་དེ་ཡིས།།
བསླུ་མེད་བརྩེ་བའི་ཀློང་ནས་དལ་གཅིག་དགོངས།།
ཟིན་མེད་སྡུག་གི་འདར་བའི་མི་ཡུལ་ནས།།
དབང་མེདའཆི་བདག་བསླུས་པའི་ཨ་མྱེ་ལ།།
འབྲལ་མེད་བརྩེ་བས་ཐུགས་ཀྱི་རབ་བཟུང་སྟེ།།
ཡང་དག་ལམ་གྱིས་དབུགས་དབྱུང་སྩོལ་ལ་ཤོག །
འདོད་གསོལ་རྩེ་གཅིག་མ།
ཆར་ཞོད། ཚད་མ་གོང་མ།
བློ་ཞེན་པའི་འཆིང་ཐག་དལ་གྱིས་བཅད།།
ཆོས་བརྒྱད་ཀྱི་མདུད་པ་ལྷོད་ཀྱིས་གྲོལ།།
ཐུགས་ཉེ་རིང་མེད་པའི་སེམས་དཔའ་སྟེ།།
རྗེ་མཚུངས་མེད་ཞབས་ལ་སྤྱི་བོ་གུས།།
ཕ་བླ་མའི་སྤྱན་གྱི་ཉི་ཟླ་ལས།།
བུར་དོན་གྱི་གནས་ལུགས་སྟོན་ཙམ་བྱས།།
ཁྱེད་ཐུགས་རྗེ་བྱིན་རླབས་ཆེས་མངའ་བས།།
བུ་སྐལ་བ་དམན་རུང་བརྡ་ཞིག་འཕྲོད།།
དོན་གོ་རྟོགས་མེད་རུང་བློ་ཞིག་སད།།
རྗེ་ཁྱེད་ཉིད་དམ་པའི་དམ་པ་སྟེ།།
དེའི་ཡན་གི་དམ་པ་བདག་ལ་མེད།།
བུ་སྐལ་དམན་སྐྱིད་སྡུག་ཅི་བྱུང་རུང་།།
མགོན་མཛོད་ཅིག་གཞན་ཕན་མཚན་ཅན་ཀྱེ།།
སྐུ་ཐ་མའི་ཚུལ་བཟུང་ཁྱེད་ཉིད་ལགས།།
གསུང་ཅ་ཅོ་མི་མངའ་ཁྱེད་ཉིད་ལགས།།
ཐུགས་འཁྲུལ་བ་མེད་པ་ཁྱེད་ཉིད་དེ།།
ཁྱེད་བདེ་བ་གཤེགས་པ་མ་ལགས་སམ།།
དྲིན་བླ་མས་ད་དུང་སྐྱོངས།
བཙན་མྱི་སད། དབུ་མ་གོང་མ།
སྐྱབས་གནས་བསླུ་བ་མེད་པའི་རིགས་དྲུག་གི་ཕ་མ། །
གདན་གསུམ་ཚང་པའི་བདག་ཉིད་དགོས་འདོད་ཀྱི་ནོར་བུ། །
སྙིགས་མའི་དུས་ཀྱི་མུན་ཀློང་ཕར་མཐའ་རུ་ཆས་པའི། །
རིགས་ཀུན་ཁྱབ་བདག་གང་གིས་སློབ་བུ་ང་སྐྱོངས་ཤིག །
གནས་ལུགས་ལྟ་བའི་མིག་བློ་སད་པ་འདི་མི་འདུག །
ཆོས་བརྒྱད་ཞེན་པའི་ཤུགས་རྒྱུན་བག་མེད་དུ་རྒྱུ་བ། །
ཉིན་མཚན་རྣམ་དཀར་དགེ་ལ་ཕྱོགས་པ་འདི་ཉུང་ཉུང་། །
ཞི་བདེའི་རྒྱལ་སྲས་ཁྱེད་ཀྱིས་སློབ་བུ་ང་སྐྱོངས་ཤིག །
གདོད་ནས་དག་ཞིང་གནས་ཀྱི་བཀོད་པ་རུ་གྲུབ་ཀྱང་། །
མ་རྟོག་ལོག་རྟོག་དབང་གི་ཚུར་མཐོང་གི་བློ་རུ། །
ཡག་བཙོག་དབྱེ་འབྱེད་ལོ་ཟླས་མི་ཚེ་འདི་ཟད་ཟད། །
ཕ་གཅིག་དྲིན་ཆེན་བླ་མས་བྱིན་རླབས་ཀྱི་གཞི་མ། །
ད་དུང་སློབ་བུ་ང་ལ་བསྩལ་བ་དེ་མ་ཉུང་། །
བརྡ་གླུ་ཐོས་པ་རང་གྲོལ།
མྱི་གསར་བ། ཕར་ཕྱིན་གོང་མ།
སེམས་མ་རིག་མུན་པའི་གཏིང་རིང་ནས།།
ཡུན་ག་ཙམ་སོང་བ་མ་ཤེས་ཀྱང་།།
རྒྱུད་དུག་གསུམ་འཕེལ་བའི་ངང་ཚུལ་ལ།།
འཕྲལ་ཨེན་ཙམ་བརྟགས་ན་ཡུན་རིང་བ།།
ཤེས་སླའོ་རྒྱུ་འབྲས་ཆོས་ཉིད་མཁྱེན།།
ངེད་ཐང་སྟོང་རི་དྭགས་རྨས་མ་བཞིན།།
ཕྱོགས་གར་སོང་འཆི་བའི་འཇིགས་པ་འོང་།།
དུས་ནམ་ཚོད་ལྷ་རྗེའི་སྡོང་གྲོགས་ཀྱིས།།
ཚེ་ཡུན་དུ་བསྐྱངས་བའི་དགའ་སྟོན་ལ།།
སེམས་གཏན་གྱི་འདུན་མ་ཁྱེད་ལ་བཅོལ།།
རྒྱང་རི་བྲག་ལ་མོ་སྣ་ཚོགས་བརྒལ།།
ཆོས་ཟབ་མོའི་གདམ་པ་ཨེ་འཐོབ་བསམ།།
མགོན་རྒྱལ་བའི་སྲས་དང་ཨེ་མཇལ་སྙམ།།
ཚོད་ད་ལ་ཞལ་མཇལ་གསུང་ཐོས་པའི།།
ལས་བསོད་ནམས་སྐལ་བཟང་དཔལ་དུ་ཤར།།
དུས་བཟང་བ་ལེགས་པ་བརྒྱད་འཛོམས་སུ།།
གནས་ཉམས་དགའ་ཆོས་ཀྱི་དགའ་ཚལ་འདིར།།
འཁོར་མཆེད་ལྕམ་ལས་སྨོན་བཟང་བ་ལ།།
སྟོན་རྒྱལ་བའི་ཐུགས་སྲས་གཞན་ཕན་གྱིས།།
ཆོས་ཟབ་ལམ་མཁའ་སྤྱོད་མྱུར་ལམ་བསྟན།།
མཐར་གཞི་དབྱིངས་དག་པའི་ཞིང་ཁམས་ནས།།
བུའི་གསལ་སྟོང་ཡིད་ཀྱི་དཀྱིལ་འཁོར་འདི།།
ཕའི་ཐུགས་དང་དབྱེར་མེད་འདྲེས་པར་ཤོག །
མ་མཁའ་སྤྱོད་དགོངས་པ་རྫོགས་པར་ཤོག །
ཆོས་འཁོར་འདས་དབྱེར་མེད་མཇལ་བར་ཤོག །
རབ་བྱུང་བཅུ་བདུན་པའི་ལྕགས་གླང་ལོའི་སྨིན་དྲུག་ཟླ་བའི་ཡར་ཚེས་གསུམ་པར་ས་འཇམ་སྦག་སྒྲུབ་ཀྱི་མཚམས་ལ་འདུག་པའི་སྐལ་བ་བཟང་པོ་བྱུང་ཞིང་བླ་མ་དམ་པའི་ཐུགས་བརྩེས་གཅེས་སྐྱོང་གི་འོག་ནས་གདུལ་བྱ་སློབ་མ་རྣམས་ཀྱི་རྒྱུད་ལ་ཐར་བའི་ས་བོན་བཟང་པོ་བཞག་པར་དགའ་པའི་དགའ་སྟོན་དུ་བསྟན་འཛིན་འཕྲིན་ལས་རྣམ་རྒྱལ་གྱིས་རྟེན་འབྲེལ་བརྡ་མགུར་ཐོས་པ་དོན་ལྡན་འདི་ཤར་མར་དུ་བྲིས་སོ། །
རྩོམ་སྒྲིག་པ། མྱི་གསར་བ།
མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།
Signature is customized by Netease