རྫོང་སར་རྩོམ་རིག འཚོ་བའི་ཉིན་ཐོ། ༡

    རྫོང་སར་རྩོམ་རིག འཚོ་བའི་ཉིན་ཐོ། ༡​སྨིན་ཚངས་སྲས། རི་སྤྱང་། བང་སོ།


རྫོང་སར་རྩོམ་རིག
འཚོ་བའི་ཉིན་ཐོ། ༡

​    སྨིན་ཚངས་སྲས།  ཞི་འཚོལ།  རི་སྤྱང་།  བང་སོ།  སྲོད།  ཁམས་པ་རབ་རྡོར། 

ཉིན་ཐོ། 
 
          རི་སྤྱང་། ཕར་ཕྱིན་འོག་མ། 
 
༢༠༢༡ ༥ ༡༡ 
     ཉིན་རང་ཅག་འཛིན་གྲྭའི་དབྱར་གྱི་སྤྲོ་བསང་གཏོང་བའི་ཉིན་མོ་རེད།  གནམ་གཤིས་ཤིན་ཏུ་སྐྱིད།  ས་གཞི་ཡོངས་རྫོགས་ལྗང་མདོག་གིས་ན་བཟའ་ཀླུབས་ཤིང་།  མཐོང་ཚེ་ཡིད་དབང་རབ་ཏུ་བཀུགས་པ་ཞིག་ཀྱང་འདུག  ངས་སྐད་འཕྲིན་རྒྱབ་ལོགས་སུ་བརྙན་ཐུང་ཞིག་བཞག་པས་ཕ་ཡུལ་མི་ཚོས་དེ་ན་དབྱར་ཁ་ཚེས་འདུག  ང་ཚོའི་ས་ཆའི་དབྱར་ཟླ་བདུན་པ་ཚེས་འདུག་ཅེས་ཡ་མཚར་བའི་ངང་ནས་བཤད་མཁན་རེ་ཟུང་འདུག གང་ལྟར་ཕྱི་ཡི་ཡུལ་ལྗོང་ལྟ་ན་སྡུག་ཅིང་། ནང་གི་བཀོད་སྒྲིག་ཕུན་སུམ་ཚོགས་པས།  ནང་སེམས་ཤིན་ཏུ་སྤྲོ་བོ་བྱུང་།  གྲོགས་པོ་ཚང་མ་ཆེ་ཚུགས་མེད་ཅིང་ཚང་མ་འགྲོག་བདེ་བ་ཀུ་རེ་དང་དགོད་སྒྲ་ཡི་ལྷོང་ནས་མཉམ་དུ་སོང་བ་ཡིན། ཟས་སྣ་བཏུང་བའི་རིགས་གང་ལ་གང་འདོད་ཅི་ལ་ཅི་འདོད་ཀྱིས་གྲ་སྒྲིག་ཕུན་སུམ་ཚོགས་པ་བྱས་འདུག་པ་མ་ཟད་རང་རང་གིས་དགའ་ཕྱོགས་ལྟར་ལག་རྩེད་སྤོ་ལོ་དང་རྐང་རྩེད་སྤོ་ལོ་གང་རྩེ་བསམ་གྱང་རྩེ་སའི་ཁོར་ཡུག་འདུག དུས་དུས་སུ་ཟ་མ་རྒྱག་ཐག་ཆོད་པ་རེ་ཟོས་ནས་གླུ་ལེན་པ་དང་འུར་བརྒྱབ་པ་སོགས་བྱས།  སྐབས་རེར་སྤོ་ལོ་རྩེ་བ་སོགས་རང་རང་གིས་གང་འདོད་དུ་འཆམ་འཆམ་འགྲོ་བ་སོགས་བྱས་ཆོག  བར་སྐབས་ཤིག་ནས་ཆར་རླུང་དྲག་ཏུ་གཡུག་ནས་ང་ཚོ་གྲྭ་བ་ཚང་མ་གུར་ནང་དུ་འདུས་འགོས་བྱུང་།  རས་གུར་རུལ་འདུག་པས་ཆར་རླུང་འགོག་པའི་ནུས་པ་མི་འདུག  ཐིགས་ཆུ་ཟགས་ནས་སྒོ་ཕྱི་ཁྱིམ་གཉིས་གཅིག་པ་ལྟ་བུ་རེད།  སྐབས་དེར་ངའི་བྱིས་དུས་ཀྱི་སྦྲ་ནག་ནང་གི་འཚོ་བ་དང་དེ་དུས་ཀྱི་རྣམ་པ་ཆ་ཚང་དྲན་སོང་། ང་རང་རེ་ཞིག་ཕྱིར་དྲན་གྱི་ལྷོང་དུ་འཁྱམ་ཉུལ་ལ་སོང་བ་ཡིན།  ཕྱིར་དྲན་དེ་ཡང་ལག་ཏུ་ཐོབ་པ་མེད་ཀྱང་སྐྱིད་སྣང་ཏན་ཏན་ཡོད་པའི་ཚོར་སྣང་ཞིག་རེད།  དེ་དུས་ད་སྐབས་བཞིན་ཆ་རྐྱེན་འཛོམ་པོ་མ་ཡིན་ན་ཡང་།  ནང་སེམས་ལ་ནག་ནོག་གིས་དྲི་མ་མེད་པར་རབ་ཏུ་སྤྲོ་ངེས།  རེ་དོག་སྣ་ཚོགས་ཀྱི་འཆིང་རྒྱ་ལས་གྲོལ་བའི་རི་སྐྱེས་སྲོག་ཆགས་རྒོད་པོ་ཞིག་ཡིན། ད་སྐབས་ཡར་མར་མང་པོ་ཞིག་ལ་ཚོད་སྒམ་བྱས་ཏེ་དེ་དག་རྗེས་སུ་རྒྱུག་པར་འདོད་པའི་སྟོང་བསམ་བཙན་པོ་དེ་ལུས་དང་གྲིབ་མའི་ཚུལ་དུ་ཅི་འདྲ་བཤད་ཀྱང་གནས་འདུག་པས་ནང་སེམས་བདེ་འབལ་ལེ་ཞིག་ཏུ་གནས་ཐབས་མེད།  དེ་ནི་མི་ཚང་མ་ཕལ་ཆེར་ནར་སོན་པའི་གོ་རིམ་ཁྲོད་ནས་བརྒྱུད་པའི་དགོས་པའི་ལམ་བུ་ཞིག་ཀྱང་ཡིན་པར་ངེས།

སྤྱི་ལོ།  ༢༠༢༡  ༡༠  ༢༦  རྫོང་སར།
 
                    ཞི་འཚོལ། འདུལ་བ་གོང་མ། 
 
       ཉིན་དེ་དག་ལ་ལྷགས་རླུང་འདྲེས་མའི་ཁ་བའི་འདབ་མ་ཐ་ཐོར་སློབ་གླིང་གི་ཕྱི་ནང་གང་སར་སྤུར་ཡོང་དུས།    ངའི་སེམས་སུ་ཐོལ་གྱིས་འཁོར་ཡོང་བ་ནི།  སྙིང་དུ་སྡུག་པའི་དབྱར་གྱི་དུས་ཚིགས་དང་།    སུམ་རྩེན་གྲོང་ཁྱེར་མི་ཡུལ་ལ་ཕོས་པའི་ལྟ་བུ་རི་ཆུ་ནགས་གསུམ་གྱི་མཛེས་སྡུག་དེ་དག་རེད།     

       དེ་དང་ཁད་ཉེ་བའི་སྟོན་ཀྱི་བདག་མོའི་པང་ཁུག་ནས་འཚེར་བའི།   སྣ་ཚོགས་ལྗོན་པའི་བཀྲག་མདངས་དེ་དག་ཀྱང་།    ལྗིག་ཏིག་ཏིག་གིས་ས་རུ་ཟགས་དུས།    སེམས་སུ་འཚངས་བའི་ཚོར་གཤིས་ནི།    གཞོན་དུས་ཀྱི་བཀྲག་མདངས་ཇི་ཙམ་ཆེ་རུང་།   མི་སྡོད་ལོ་ཟླའི་རི་མོའི་བལྟེབས་ཚིགས་ཀྱི་བར་ན།    སྐྱེ་དངོས་ཡོད་ཚད་ལ་གྱེས་གདུང་གི་མངལ་ཞིག་སྦྲུམ་ཡོད་པ་གཞི་ནས་ཤེས།
 
       གཞོན་པའི་ལང་ཚོ་ཏེ་པོར་རྫོགས་པའི་གཞོན་ནུ་རྣམས་ཀྱང་།   མི་འདོད་རྒས་པའི་གཉེར་རིས་ཡང་ཡང་འཐོར་ཡོང་བ་ལ་སེམས་ན།   དུས་ཀྱི་སྒེག་མོའི་འཆོར་འགྲོས་ཀྱི་ཚུགས་ཀ་དེ་ཅི་འདྲའི་སླུ་འདྲིད་རྐྱེན་པ་ལ།
 

ཉིན་ཐོ། 

              སྲོད། ཕར་ཕྱིན་འོག་མ། 
 
      དུས་ནི་ཁ་སང་སྟེ།  ཉིན་བཞིན་ཞོགས་པའི་དུས་ཚོད་དྲུག་པ་ནི་འོ་སྐོལ་གྱི་ཕུགས་བསམ་འོད་སྣང་དང་འགྲོགས་པའི་བགོ་སྐལ་ཡིན།  སུས་ཀྱང་སྨོན་མི་ཚར་བ་ཞིག་མེད་པར་ཤོག།   སློབ་ཐུན་གྲོལ་རྗེས།  ཡུན་རིང་ཞིག་ལ་ཅི་ཞིག་གིས་བཅད་པ་ལྟ་བུའི་དཀར་སིམ་སིམ་ཀྱི་ཁ་བས་སྒུག་འདུག     སློབ་གྲོགས་ཡོད་ཚད་ཀྱི་དགའ་འཛུམ་གྱི་ཞལ་ཁ་གྲོལ་བ་བྱས།   ཕ་ཡུལ་གཞུང་གི་ཡབ་ཡུམ་གྱི་ཐུགས་བརྩེ་དྲན་པར་བྱས།  ངས་ཀྱང་། <ཁ་བ།   ངས་ནམ་སྨོན་མྱོང་བའི་ལྷ་ཚོགས་ཀྱི་ཞལ་ཁྲུས>་ཞེས་པ་སྙན་ངག་ཅིག་གི་བློས་བསླང་འགོ་བརྩམས། མ་གཞི་ངང་སྒུག་ནི་བར་ཐག་གི་བརྩེ་བའི་ཟམ་ཆུང་དེ་རེད་དམ། ཅིས་ཀྱང་ཡིན་འོས་སོ།།  
 
      ང་རང་རྩོད་པ་ལ་དགའ་བོ་མེད་པ་བཞིན་རྩོད་པའི་ཁྲོད་ཀྱི་རང་ཉིད་རྨོངས་འཐོམས་ཀྱིས་ཡང་ཡང་སྦྲིད། དེའི་ཕྱིར། རྩོད་པའི་སྐབས་ཀྱི་དུས་ཚོད་དག་དལ་བ་ཨང་ཞེས་ལན་གྲངས་ཐལ་མྱོང་།   དེ་རིང་ཡང་ཕན་ཚུན་གཏམ་གླེང་ལ་བཅོལ་བ་ལས་ཅི་ཡང་མ་ནུས།  གུང་ཟས་རོལ་དུས་ཉིན་བཞིན་ང་རང་བློས་ཐུབ་ཀྱི་གྲོགས་པོ་འགའ་ཞིག་དང་སྟབས་སུ་ཡོད། ཕན་ཚུན་ལན་རེར་སྒྱུ་རྩལ་གྱི་གསོན་དགོས་ཚུལ་དང་།  སྐབས་ལན་རེར་སྙིང་པོ་ཡོད་ཚད་སུ་ཡིས་ཁྱེར་སོང་ཞེས་མེད་མུག་དང་ཞེད་སྔངས་བཏོན་མྱོང་ཡང་།
དོན་དུ།  ང་ཚོས་གཉུག་གཤིས་ཀྱི་བདེན་པ་སྲུང་ཡོད།
        
     ནུབ་མོར་འཕྲིན་ལམ་དུ་ཉུལ་བའི་མོད། སྔ་དུས་ཅིས་ཀྱང་གོ་མ་མྱོང་བའི་བློ་བཟང་རྒྱ་མཚོ་ཞེས་པའི་ན་གཞོན་ཞིག་གིས་“སྐར་མ་གཡོ་ཙམ། ཆང་མ་འཁྱུག་ཙམ། ཞེས་པའི་གླུ་གཞས་ཆེད་སྒྲིག་ཅིག་སྐྱེས་སུ་ཕུལ་འདུག།  ང་ནི་ཁ་བྱང་ཁོ་ནས་འཕྲོག་སོང་ལ།  མཚར་སྣང་ཞིག་གིས་ཀྱང་དེད།  ཨེ། དབྱར་དགུན་གཉིས་ཀྱི་གཞས།  ཁུ་སིམ་གྱི་ལོག་མལ་ཁྱོད་ལ་བཅོལ་བས།  རྨི་ལམ་གྱི་དབུ་ཁྱུད་ཁྱོད་ཀྱིས་བྲིས་སོང་།
                      ༢༠༢༡.༡༠. ༣༡ .རྫོང་སར།

ཨ་ཕ་གསེར་གྱི་ཕུང་པོ།

 
           བང་སོ། མངོན་པ་འོག་མ། 
 
དེ་ཡང་རི་བོ་གསེར་གྱི་གོས་བཟང་གྱོན་པའི་སྟོན་ཟླ་དགུ་པའི་མར་ངོ་དགའ་བ་དང་པོ་ཡི་ཞོགས་པ་དེར་འདས་དོན་ལ་ཕྱི་མདང་རྒྱབ་ཞོར་མལ་ས་རུ་དལ་ལ་ལྷུང་ཚེ་ཕ་དམ་པས་འཚམས་རེར་སྡིག་པའི་ཟོལ་གྱིས་བཤད་བཤད་གཏང་བ་དང་ལན་རེར་ཞི་བའི་ཚུལ་གྱི་མཛེས་ཞིང་འཛུམ་པའི་སོ་ཕྲེང་གསེང་ནས་མ་འོང་པའི་འབྱུང་འགྱུར་ད་ལྟའི་གནས་བབས་རང་ཉིད་ཀྱི་ཁ་ཕྱོགས་སོཊ་གསེར་ལས་ལྷག་པའི་སྙིང་གཏམ་དག་ཡིད་ལ་ཡང་ཡང་དྲན་བཞིན་ཕ་དམ་པ་ལ་ཁ་པར་ཞིག་གཏོང་རུང་སྟབས་མ་ལེགས་པས་ལེན་མ་སོང་།རང་ཡང་ཚབ་ཚུབ་ངང་མལ་ལས་ལང་ནས་གྲོགས་ཀྱི་དྭངས་མ་གཉིས་དང་མཉམ་དུ་ཞོགས་ཟས་ལ་རོལ།ཅུང་མ་འགོར་བ་ཁ་པར་གྱི་སྒྲ་ཏིག་ཏིག་གྲགས་དང་མཉམ་དུ་མགྱོགས་པ་ཁ་པར་ལྟས་ཚེ་ཕ་དམ་པ་རེད་འདུག  ཨ་ཕ་ཅི་བྱེད་ཀྱི་ཡོད་སོགས་སྐད་ཆ་མང་རུང་ཡི་གེ་མང་བ་ལས་མེད་པས་འདི་ན་མི་འབྲི།  བཤད་བཤད་ཚིག་གི་རྩ་བ་ཟེར་བའི་དཔེ་ལྟར།  མཇུག་མཐར་ཨ་ཕས་ང་ལ་འདི་འདྲ་ཞིག་བཤད་ཀྱི་འདུག ’ཕ་གཡང་ ཨ་ཕས་རླངས་འཁོར་སྐོར་མི་ཤེས།  འཕྲུལ་རྟ་ཞོན་མི་ཤེས་རུང་ཁྱེད་ལ་ཤ་མར་སོགས་གྲོ་ཁ་དགོས་ས་ཡོད་ན་ ཨ་ཕས་རྟ་མིག་ལྕཊ་ཀི་བཏུམ་དགོས་ན་ཡང་སྐྱེལ་ཡོང་ཆོག་པས་ཁྱེད་ཀྱིས་ཨ་ཕ་ཤི་ཁ་མིག་བཙུམ་ཐུབ་ཤག་ཤག་བྱེད་དགོས་ཨ་ཕས་ཕ་གཡང་ཞེས་གསུངས་སོང་བས། བདག་གི་ཁས་ལེན་གྱི་དོད་དུ་ཨ་ཕ་ཕ་ལོ་ལོ་ལོ་ང་ལ་སེམས་ཁུར་མི་དགོས། གནས་སྐབས་གྲོ་ཁ་ཡང་དགོས་ས་མེད་ལ་སྒོར་མོ་ཡང་ཅུང་ཙམ་ཡོད།  ཁྱེད་ཉིད་རྒྱུན་དུ་ གེ་སར་གསོ་ཀ   ཐར་མདོ།  བཤགས་བརྒྱུད་དེ་དག་ཆག་མ་ཤོར་དང་དགུན་ཁ་ང་ཕར་ཐོན་ཡོང་ཞེས་སོགས་སྐད་ཆ་འགའ་བཤད་ནས་རྗེས་སུ་ཁ་པར་གཏང་རྒྱུ་བེད་པ་ཡིན།དེ་ནས་གྲོགས་མོ་ཞིག་ལ་ཁ་པར་གཏང་ནས་ཨ་ཕའི་སྐད་ཆ་དེ་དག་བཤད་ཚེ་མཇུག་མ་རྫོགས་གོང་ཁོ་མོ་སྐད་ངག་མཐོན་པོས་་ངུས་བྱུང་ལ་ང་རང་ངུ་ཤོག་ནས་སྐད་ཆ་གཞན་ཅི་ཡང་ཤོད་མ་སོང་ངོ་།།

རྫོང་སར་གྱི་ཞོཊ་པ།
                སྨིན་ཚངས་སྲས། དབུ་མ་བར་མ། 
 
       "རྫོང་སར་གྱི་ཞོགས་པ་ནི་དམ་ཆོས་སྒྲུབ་པའི་སྐབས་མ་ནོར་བ་ཞིག་ཡིན་ལ། "མི་ལ་ཆེས་ལྷིང་འཇགས་སྟེར་བའི་དུས་ཚོད་ཅིག་ཀྱང་ཡིན། 
       ཟླ་བ་དགུ་པའི་ཚེས་བཅུའི་ཉིན་གྱི་ཞོགས་པར་སྐྱ་མདང་ཤར་རམ་མ་ཤར་གྱི་བར་དུ་ཆུ་ཚོད་ཆི་ལི་ལི་ཞེས་ལན་གྲངས་གང་མང་གིས་འབོད་པས་ང་རང་ནི་རྒྱུན་པ་ལྟར་དུ་བསྐྱར་སྦྱོང་འགྲོ་རན་པར་ཤེས་སོང་སྟེ། མལ་ལས་ཡར་ལངས་ནས་ཁ་ལག་ཁྲུས་རྗེས་“མཁན་པད་མ་དམ་ཆོས”་ཀྱི་གཟིམ་ཁང་ནང་བཞུད་པ་ཡིན། མཁས་པདྨ་དམ་ཆོས་ཁོང་ནི་ལུང་རིགས་གཉིས་ཀྱི་འབྱོར་བ་ཕྱུག། རྒྱུད་བསླབ་པ་གསུམ་ལ་དྲི་མ་དབེན་པའི་ཚུལ་གྱིས་མཛེས་ཤིང་། འཇིག་རྟེན་ལྷ་མི་དག་གིས་སྐྱབས་པའི་གནས་སུ་གྱུར་པ། བདག་སོགས་ལ་མཚོན་ནས་བཤད་ན་བཀའ་དྲིན་གཞལ་དུ་མེད། ཉིད་ཀྱིས་བསྟན་པའི་སྙིང་པོ་དོན་སྒྲ་འཛིན་དུ་ཐོས་པའི་སྐལ་བཟང་འདི་ཡང་བླ་མའི་དྲིན། དེ་དག་ལྟར་ཞིག་ཡིན། ང་དང་དགའ་ཕྱོགས་གཅིག་པའི་སློབ་གྲོགས་དག་ནི་བླ་མེད་ཀྱི་གཟིམ་ཁང་དུ་མཐའ་བྲལ་གྱི་ལྟ་བ་ལ་གདོང་གིས་དགའ་འཛུམ་རེ་བསུ་ཏེ་འཆད་རྩོད་རྩོམ་གྱིས་རོལ་བ་དང་། དྲི་བ། དྲིས་ལན་སོགས་ཀྱང་བྱེད་པ། 
 
      ཡུད་ཙམ་རྗེས། རང་ཅག་སློབ་ཁྲིད་མར་ལ་གྲོལ་ཚེ་གྲྭ་བ་རྣམས་སོ་སོའི་ཁང་ཤག་ཏུ་སོང་ཞིང་ཡོན་ཆབ་བཤམ་པ་དང་ཞོགས་ཇ་སོགས་བཞེས་ཀྱིན་ཡོད་འདའ། རང་ཉིད་ཀྱི་སྡོད་ཁང་བཤད་གྲྭ་རྒྱབ་ལོགས་སུ་ཡོད་པས་མི་འགྲོ་བར་ལམ་ཆེན་གྱི་ཟམ་པའི་མགོའི་གཡོན་གཡས་སུ་ཟ་ཁང་མང་པོ་བཅས་པ་ལས་གཅིག་གི་ནང་བྱིན་ནས་སྟབས་བདེ་བའི་འབྲས་ཐུག་ཇ་ནེ་གང་འཐུང་བ་དང་ཤ་མོག་གཉིས་གསུམ་ཟོས་པ་ཡིན། 
 
      རེ་ཞིག་འདས་པ་ན། དུས་ཚོད་བརྒྱད་པ་དང་བར་ཐག་ཤིན་ཏུ་ཉ་བས། ལྷ་གཉེར་གྱིས་རྔ་ལ་དལ་མོ་རྡུང་བར་བརྟེན་ཏེ་ངའི་གམ་དུ་ཡོད་པའི་གྲོགས་པོ་ཡོངས་རིམ་བཞིན་རང་རང་གི་འཚོགས་སའི་ལྷ་ཁང་ནང་ན་བཞུད་ཀྱིན་འདུག ། འུ་ཡང་མྱུར་ཏུ་རིགས་གསུམ་སྤྲུལ་པའི་གཞལ་ཡས་ཁང་གི་སྒོ་ཁར་བུད། ལྷ་ཁང་འདི་ནི་བགྲང་བྱ་བརྒྱའི་སྔ་རོལ་ནས་ཆགས་ཡོད་པ་དང་། འདི་ནང་ཚད་མའི་སྐྱེས་བུ་མི་ཉུང་བ་ཞིག་བྱོན་པ་སྟེ།“ མཁན་པད་དམ། རྗེ་ཚེ་བཏན། བཙུན་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་”སོགས་དང་བཅས་ཀྱི་དམ་པ་དུ་མ་བྱུང་བ་ཡིན།      ངེད་རྣམ་པ་ཡར་ཚོགས་ནས། དབུ་མའི་རྩ་བ་སྒྲ་སྐད་ཆེན་པོ་ངང་སྐར་མ་སུམ་བཅུ་ཙམ་གྱིས་འདོན་ཟིན་ཁར། “གཞན་ཕན་སྙིང་བོ་”ཞེས་པའི་རང་གི་རྩ་བའི་བླ་མ་འམ། གཙུག་གི་ནོར་བུ། རྣམ་མང་གདུལ་དཀའི་འགྲོ་ཀུན་དགེ་ལ་སྒྱུར་བའི་མགོན་པོ་ལུས་ཡིན་སྙམ་པའི་བསྟན་འཛིན་གྱི་སྐྱེས་ཆེན་དེ་བྱོན་ནས་ཁྲིའི་པདྨའི་གདན་ལ་བཞུགས། ཁོང་གི་གསུང་ནི་རྣ་བར་ཐོས་མ་ཐག་བདག་གི་ཡིད་ངོར་ཡོད་པའི་ཁོང་ཁྲོ་ཡི་མེ་རི་ལ་ཆུ་བོ་རྒྱུན་གྱིས་བཅོམ་པ་ལྟར་ཡོངས་སུ་ཞི། དེ་བཞིན་གཟུགས་སྐུ་གཞོན་པའི་ལང་ཚོ་ཡིས། མིག་སྔར་ཉམ་ཆུང་ཅན་གྱི་སྤྱོད་བཟང་རབ་མཐོང་བས། དབང་མེད་དད་གུས་ཡང་དང་ཡང་དུ་སྐྱེས་པ་རྨད། མདོར་ན་ཚེ་རབས་མང་པོ་ཚོགས་ཆེན་བསགས་པ་ཡི། གྲུབ་འབྲས་གསེར་གྱི་ས་གཞི་དབང་བ་དག་གིས་ཀྱང་འགྲན་ནུས་བྲལ་བའི་དམ་པ་དང་འཕྲད་པ། འདི་ནི་མཆོག་གསུམ་རྣམས་གྱིས་སྩོལ་བའི་དངོས་གྲུབ་ཡིན་ནོ། །     

ཉིན་ཐོ། 

              ཁམས་པ་རབ་རྡོར། ཕར་ཕྱིན་བར་མ།
 
        དེ་རིང་ནི་ཞོགས་པ་དུས་ཚོད་༥.༣༠ཐོག་མལ་ལས་བཞེངས་ཏེ་སློབ་ཐུན་ཞུ་བར་ཆས། འགྲེལ་ཆུང་དོན་གསལ་ཉིན་རེའི་བློ་རྒྱུགས་བླངས། དེ་ནས་ཟབ་མདོ་ཚར་གསུམ་དང་། འཇམ་བསྟོད། བླ་རྒྱུད་གསོལ་འདེབས། མཎྡལ། ཆོས་འཁོར་བསྐོར་བའི་སྐུལ་མ་སོགས་ཞུས་རྗེས་བཤེས་གཉེན་དམ་པས་ནམ་མཁའ་དང་མཉམ་པའི་ཞེས་སོགས་ཀྱིས་སེམས་བསྐྱེད་པ་སོགས་སྐུལ། དེ་རིང་ནི་སློབ་གྲྭའི་སྒྲིག་སྲོལ་ལྟར་འགྲེལ་ཆུང་དོན་གསལ་གྱི་སྐབས་གསུམ་པའི་མཐོང་ལམ་རྩེ་སྦྱོར་སེང་གེ་རྣམ་བསྒྱིངས་འཆད་པའི་སྐབས་ལ་ཁེལ་བས་ཀུན་མཁྱེན་གོ་རམས་པས་མཛད་པའི་རྟེན་འབྲེལ་རབ་གསལ་ཟུར་ཁྲིད་བྱེད་ཀྱིན་ཡོད། བོད་དེབ་གཉིས་ཙམ་ཁྲིད་རྗེས་མཚམས་དགེན་གྱི་སློབ་སྦྱོང་ལ་སྐུལ་མ་སོགས་གནང་རྗེས་རྒྱུགས་གཞན་པ་ལེན་རྒྱུ་མ་བྱུང་པར་གྲོལ། རང་ཤག་ཏུ་ལོག་ནས་རྩམ་པ་ཟ་འདོད་ཀྱང་ཏག་ཏག་མར་ཆད་འདུག  དེ་བས་ལྐོག་ནས་ཟས་ཁང་ཆུང་ཆུང་ཞིག་ནང་སྣུམ་བཙོས་བག་ལེབ་ཆུང་ཆུང་དེའི་ནང་འགྱིག་ཀྲུམ་གཅིག སྒོ་ང་སྣུམ་བཙོས་ལ་ཚུར་པན་བྱུག་པ་ཞིག་བཏུམ་སྟེ་ཟོས། དེ་ལ་གོར་༥དགོས་ཀྱིན་ཡོད། དེ་ནས་རྩ་འགྲེལ་བློ་ལེན་པའི་དུས་ལ་ཁེལ་ཡོད་པས་སློབ་ཁང་དུ་སླེབས་རྗེས་སློབ་གྲོགས་ཤིག་གིས་ད་ལོའི་ཆོས་ཁྲིམས་གསར་པ་སུ་ཡིན་མིན་དང་། ལས་སྣེ་གསར་པ་སུ་ཡིན་མིན་སོགས་འུར་གྱིན་འདུག དེ་ནི་ཕྱི་ཉིན་མོར་སློབ་གླིང་གི་ལས་སྣེ་བཅུ་བདུན་གསར་རྙིང་བརྗེ་བའི་དུས་ལ་ཁེལ་ཡོད་པས་ཡིན། དེ་བས་ངེད་ཅག་དངང་འཚབ་ལང་པ་ནི་ལོ་གསར་པའི་ལས་སྣེ་སུ་ཞིག་ཡིན་མིན་དང་། དགེ་བསྐོས་སུ་ཞིག་ཡིན་མིན་ལ་འུར་ལངས་ཀྱིན་ཡོད། རྒྱུ་མཚན་ང་ཚོ་རྡུང་རག་མིན་དགེ་སྐོས་ལ་རག་ལས་ཡོད་པས་ཡིན། གྲྭ་ཆུང་འགའ་རེས་གསོལ་འདེབས་སྨོན་ལམ་ཡང་བྱ་བཞིན་ཡོད་ལ། ལྐོག་ནས་གསོ་ཀ་དང་རིམ་གྲོ་རྒྱག་མི་སྲིད་པའང་མིན། དེ་བས་ཉིན་གང་འུར་གྱིས་གང་ཡོད། མཚན་མོ་དེར་ལས་སྣེ་གསར་པ་མཁན་པོ་མདུན་འགྲོ་དགོས་ལས་ངེད་ཚོས་སུ་ཡིན་ཞིབ་ཏུ་བརྟག་གི་ཡོད། དེ་བས་དེ་ནུབ་མོར་སློབ་གྲོགས་ཚོས་ཅི་ཞིག་བཤད་ཀྱིན་ཡོད་མེད་དང་། སུ་ཞིག་ལས་སྣེ་གྱུར་མིན་གྱི་དོགས་ཕྲན་ཆུང་ངུ་དེ་་མྱུར་དུ་ཐག་ཆོད་པའི་རེ་བ་བྱ་གིན་ཡོད། བར་སྟོང་ནས་ང་ཚོའི་བར་དངང་སྐྲག་ཀྱང་སྟེར་རེས་བྱ་གི་ཡོད། སློབ་གྲོགས་ཚོས་ཞིབ་ཏུ་བལྟས་ཏེ་སུ་ཞིག་ཆོས་ཁྲིམས་བཞག་ཡོད་ན་དེའི་དགོན་པ། འཛིན་གྲྭ། མཚན་བཅས་ལབ་གླེང་ལས་སུ་ཡིན་གསལ་པོར་ཤེས། དེ་ནུབ་མོར་ཟ་མ་ཞིམ་པོ་ཞིག་ཟོས་རྗེས་དཔེ་གཞུང་དང་། ཁ་ཏོན། སྒྲུང་གཏམ་ལེའུ་བརྒྱད་ཅན་ཞིག་བལྟས་ཏེ་ཉལ།  ཉིན་ཐོ་བྲིས་རྗེས་དུས་ཚོད་༡.༡༡ཏག་ཏག་གྱུར་འདུག 
                      རྩོམ་སྒྲིག་པ། མྱི་གསར་བ།

           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease