རྫོང་སར་རྩོམ་རིག ལྷུག་རྩོམ། ༢

    བཞད་དཀར། འདྲ་ཡེ་ལྡན། སྲོད། འདྲུ་བཀྲ་ཤིས་རྒྱལ། མྱི་གསར་བ།

རྫོང་སར་རྩོམ་རིག  ལྷུག་རྩོམ། 

   འདྲུ་བཀྲ་ཤིས་རྒྱལ། བོད་ཁམས་པ། འདྲ་ཡེ་ལྡན། སྲོད། བཞད་དཀར། མྱི་གསར་བ། 


འབྲོག་པ།
 
                     མྱི་གསར་བ།
 
           ཞོགས་པའི་དུས་ཚོད་ཀྱི་རབ་གསལ་ཉི་འོད་ཀྱིས་བཀྱགས།   ཞོགས་པའི་རྨི་ལམ་གྱི་ཧྲག་བར་ནས་རྟ་མཆོག་རི་ལ་འགྲོག  ཞོགས་པའི་བྱེའུ་རྒྱང་རིང་ནས་སླེབ་པའི་མགྲོན་པོ་བཞིན་སྨོན་ཚིག་སེང་སེང་གི་སྒྲ་སྒྲོགས།  ཞོགས་པའི་སྦྲ་གུར་གྱི་གས་སྲུབ་བར་ནས་འོད་ཟེར་ཕྲ་མོ་མིག་གི་མདངས་ལ་ཕོག  ཞོགས་པའི་སྨུག་ལོང་གསེབ་ཀྱི་འབྲོག་མོས་བཞོ་དབྱིངས་ཁུ་བྱུག་གི་གདངས།  ཞོགས་པའི་ནོར་ནག་གི་རྨིག་རྗེས་འཇའ་ཚོན་ཐུང་ཐུང་གི་ར་བ།  ཨོ་་་་་ཞོགས་པ་ནི་སྣ་ཚོགས་མཛེས་སྡུག་སྤུང་བའི་སྒྱུ་འཕྲུལ་གྱི་དུས་ཚུགས་ལགས།  ཤེས་སམ།  འབྲོག་པའི་ཨ་མ་དག་ཞོགས་པའི་མཛེས་དཔལ་སྲུང་བའི་མཛངས་མ་ཡིན་ཏེ།  བཞོ་ཟེའུ་བཀྲིས་ར་བའི་ནང་དུ་དཀར་ཞིང་གཙང་བའི་འོ་མའི་གཏེར་ཁ་ལེན།  འབྲོག་པའི་ཨ་ཕ་དག་ནི་ཞོགས་པའི་བརྗིད་ཉམས་སྲུང་བའི་དཔའ་བོ་ཡིན་ཏེ།  བསོད་ནམས་ཁོད་ཡངས་ཀྱི་རྩྭ་ཐང་ཆེན་པོ་གྱི་ལིང་རྟ་མཆོག་གིས་བང་རྩལ་ངོམ།  འབྲོག་པའི་བྱིས་པ་དག་ཞོགས་པའི་མཚར་སྡུག་སྲུང་བའི་ལྷ་སྲས་ཡིན་ཏེ།  འཛམ་གླིང་ཉི་མ་སེར་པོའི་མདུན་དུ་འགྲེང་དེ་སྙིང་ཐག་པ་ནས་ངུ་ཞིང་སྙིང་ཐག་པ་ནས་དགོད།  འབྲོག་པའི་རྒན་དར་གཞོན་གསུམ།  ཞོགས་པའི་འོད་སྣང་གིས་གསོས་ཤིང་ཞོགས་པའི་འོད་སྣང་ལ་དགའ་བའི་སྐྱེས་བུ་ཁྱད་པར་བ་ལགས།  ཞོགས་པ་འདིར་རྩྭ་ཐང་གི་ཟིལ་བ་རེ་རེ་རླུང་གིས་རྒུལ་བ།  ངོ་མཚར་འཇིག་རྟེན་རེ་རེས་སྐྱེ་འགག་དང་ཆགས་འཇིག་ཉིད།  ཞོགས་པའི་ཨ་སྔོན་ནམ་མཁའ།  མེ་ལོང་གི་དྭངས་གསལ་བཞིན་གཡའ་དྭགས་པའི་ཉི་མའི་གདན་ས།  སྤུན་ཟླ།  ད་ལྟ་ང་ཡིས་འབྲོག་ཐང་འདི་ནས་སྙིང་ཐག་པ་ནས་རང་དབང་གི་ཀི་སྒྲ་སྒྲོགས་པ་ཐོས་སམ།  ད་ལྟ་ང་ཡིས་ཚོད་འཛིན་མེད་པར་འབྲོག་ཐང་གི་ཞོགས་པ་ལོངས་སུ་སྤྱོད་པ་མཐོང་ངམ།  འབྲོག་པའི་རང་དབང་གི་ཞོགས་པ།  དུས་གསུམ་ལ་དྭངས་གཙང་དང་ཡིད་འོང་གིས་སྲུང་རོགས་ཀྱེ། 

མཐའ།
 
              བཞད་དཀར། 
 
ལན་གཅིག་མཇལ་བ་ནི་ཚེ་འདིའི་ལས་དབང་གཏིང་མ་ཞིག་ཡིན་ན།     ཚོར་བས་ཐེངས་གཅིག་མྱོང་པ་ཡང་ཞེན་ཆགས་ཀྱི་སོ་མཚམས་བརྒལ་མ་ཐུབ་པའི་སྔོན་ལས་ཤིག་ཡིན།    དུས་ཚོད་ཉེ་བཞིའི་ཕྱི་ནང་བཀླགས་པའི་ནམ་ཚོད་འདིར།    ཉི་ཟླའི་འཆར་ནུབ་དང་མི་ཡི་འགྱུར་ལྡོག་གིས་བཟུང་བའི་སྣང་བ་འདིས་ང་ལ་ཞེ་གནག་བྱས་ནའང་།   དམ་ཚིག་གིས་དུས་ཀྱི་ཐོང་ཞེང་བརྟོལ་ཅིང་བཞུར་རྒྱུན་གྱིས་གཙང་པོའི་བར་མཚམས་སྦྱོར་ཏེ།  རང་སེམས་ལ་མི་ཡུལ་གྱི་ཐང་ཆེན་ནས་འགྲོ་ལམ་གྱི་སྟེགས་བུ་ཆགས་དགོས་པ་འདི་ཡང་སྐྱེ་བ་གཏིང་གི་རྣམ་ཤེས་ཀྱི་ཁ་ཡིག་ཆགས་འགྲོ།  ཕ་ཡུལ་ནི་སྤྲིན་པ་ལྷོ་རུ་བསྐྱོད་པའི་སྣང་སེམས་ཀྱི་བར་ན་སྙེག་པའི་དྲན་ཐོར་གས་པའི་གདུང་བ་རིང་མོ་ཡིན་པ་དྲན།    ངས་རང་ཉིད་ཀྱིས་བོར་བའི་སེམས་དཀྱིལ་ན་མཆིས་པའི་གསལ་བྱེད་སུམ་ཅུའི་ཚོར་བྲིས་དཀར་ནག་ལ་སྡུག་དམེ་གཏོང་དགོས་དོན་ཡང་ཕ་ཡུལ་ལ་གདུང་བ་མེད་པ་མ་ཡིན་ལ།     མཐའ་ཡི་རི་ཚོགས་ཀྱིས་བཀག་པའི་རྣམ་ཤེས་དང་ཚོར་བའི་ཕར་ནང་འོ་སྙམ་པའི་ཕར་ནང་དེ་མཐའ་སྔར་བཞིན་ཕག་མེད་དུ་རི་ཚོགས་ཀྱི་གྲལ་འགྲིག་པོ་བྱས་པ་བཞིན།    མཐའ་འདི་ཞེང་ཁ་ཆེ་ཡང་སེམས་པ་ཤོང་ཐབས་མ་བྱུང་བ་རི་ཚོགས་ཀྱིས་བཅད་པའི་ཕར་ནང་དེ་ན་སྔར་བཞིན་དྲན་གདུང་གི་དབྱངས་རྟ་སྐྱོ་ཉམས་ཀྱི་ཚུལ་དུ་ངག་ལས་ཤོར་བ་བཞིན།    ལས་དབང་བསམ་གནག་གིས་སྒོ་མོ་གཏན་དུ་ཕ་ཡུལ་དང་གོ་བཀག་ཅིང་མཐའ་ནས་དྲན་པ་གཟུགས་མེད་འདིར་སྐྱོ་བྲིས་ཀྱིས་མ་ཚིམ་པའི་ལེའུ་ཞིག་གྲུབ།   ཆར་བ་འབབ་ཐེངས་ཤིག་གིས་ང་རང་མཐའ་ན་དེད་ཅིང་།    མཐའ་ཡི་ཁ་དོག་ལ་ཁ་བ་དང་འཁྱག་རོམ་གྱི་རང་ཚུགས་བོར་བས།   ཕ་ཡུལ་གྱི་ཉི་ཟླ་གཏན་དུ་འཁོར་བས་མནར་ལ།   ཕ་ཡུལ་གྱི་གཤོག་པ་ནམ་ཡང་འོད་ཐིགས་དང་རེ་བ་ལ་འཚོ།
 
            མཐའ་ནི་མཐའ་མའི་སྐྱེ་འཆིའི་འཚོ་གཞིས་ཀྱི་འཁྱག་རོམ་ཟླུམ་པོ་ཞིག་སྟེ།   འཁྱམ་རོམ་དེས་ཁ་བ་དང་ཁེར་རྐྱང་གི་རེ་བ་གཏིང་ནས་བཅད་པས།    ངས་ཡིད་ཆེས་ཀྱི་གུས་ཕྱག་ཕ་ཡུལ་ལ་ཕུལ་ནས་ཤུགས་རིང་གི་དབུ་རྔ་ཡང་ཡང་ཤོར་ནའང་།  ལོག་ཐབས་མེད་པའི་གས་སྲིབ་ཀྱི་སྨྲེང་གཞས་དེ་ཚོས་ང་ལ་སྡུག་བསྔལ་སྟེར་ཞིང་ཡིད་འགྱོད་སྟུག་པོ་ཞིག་བསྐྲུན་པས།     ངས་རང་ཉིད་མཁོ་འདོན་གང་ཡང་བྱ་མ་ཐུབ།
ལོ་ངོ་ཉེ་ལྔའི་སྔོན་དུ།     ཕ་ཡུལ་གྱི་དྲོད་ཁོལ་མྱོང་ནས་དགའ་སྣང་དང་སྐྱོ་སྣང་དབེན་པའི་སེམས་བྲིས་ཀྱི་གནམ་མཐའ་བསྐྱོད་དེ་མུན་ནག་གི་ཀློང་དུ་ཆས།     དེ་ཡང་མཐས་བསླུས་པའི་རྨི་ལམ་གྱི་ཁ་དོག་ཅིག་ཡིན་པ་འདྲ་ལ།   ཁེར་རྐྱང་གི་མུན་པ་སློང་བ་དང་མཚུངས་མོད།    ལོ་ངོ་ཉེ་ལྔའི་རྗེས་སུ།    སྔར་བཞིན་ཕ་ཡུལ་གྱི་སེམས་ཚོར་ལ་མཐའ་ནས་དྲན་དགོས་དོན་ཡང་།   བློས་གཏོང་མི་ཐུབ་པས་མཐའ་ནས་ཅི་ཞིག་གི་སླད་དུ།    མཐའ་ནི་མྱོང་ཐབས་མེད་པའི་སྡིག་གཟུགས་ཤིག་དང་ན་ཟུག་ཅིག་གི་ཐང་ཆེན་དང་གཡང་ས་ཡིན་ཚུལ་གྱིས་གཏན་དུ་སྡུག་དམེ་གཏོང་ཡུལ་ཞིག་ཡིན།   ད་ལྟ།    ས་སྲོད་ཅིག་བྲིས་པའི་ཆོས་ཉིད་ཀྱི་ཁ་དོག་འདི་ལ།    མཚན་མོ་ཞེས་འབོད་མཚམས་མིག་ཟུང་ལས་མཆི་མའི་ཐིགས་སྒྲ་མཆེད་ཅིང་སྨྲེང་འདོན་ཡང་ཚོར།    མཐའ་ཡིས་མཐའ་ན་ཞི་འཇགས་དང་གུང་ཡངས་བོར་ཞིང་ང་ལ་འཕྱ་སྨོད་གཏོང་ལ།   མཐའ་ནི་མི་ཡུལ་གྱི་གས་ཆག་དང་ནོར་འཁྲུལ་གཏོང་བས་ང་ལ་ཁྲེལ་དགོད་བྱེད།   ད་དུང་།    མཐའ་ནི་རེ་བ་སྟོང་བའི་དུས་ཚོད་དོ།།    མཐའ་ནི་གཤོག་པ་ཟད་པའི་བྱ་རྒོད་དོ།།    མཐའ་ནི་སྔར་བཞིན་མཐའ་ཡིན་ནོ།། ཚོར་བྲིས་སུ་མཐའ་ནི་ཉི་འོད་དང་འཇའ་ཚོན་སྟོང་བའི་མུན་པའི་ཀློང་དུ་འཁྱུད།   ཟླ་འོད་ཉེ་དགུས་རྒྱང་དུ་བསྐྲད་ཐེངས་རེར།  ལམ་གྱི་འོད་སྣང་རུབ་ཐེངས་རེར།    སྐྱོ་སྣང་གི་དྲན་པ་དཔྲལ་བར་བསྡུས་ནས་མཐའ་ན་ཅི་ཡང་མེད་ཚུལ་སྒོམ།     མཐའ་ནི་སེམས་སུ་ཉི་འོད་ཐོབ་དུས་ཀྱི་ཉིན་མོ་དེ་ཡིན་མི་སྲིད་ལ།   ཅི་ཡང་འཐོར་དུས་ཀྱི་གློ་བུར་བའི་སྐྱོ་བ་རིང་མོ་དེ་ཡིན།
ང་རང་འདི་ལྟར་གོམས་པས་ཡུན་རིང་འཚོ་བས།   མཐའ་ནི་ངའི་སྡུག་དམེ་དང་གཏམ་རྒྱུད་ཅིག་སྐྱོ་བའི་ལམ་དུ་བྲིས་པ་ཡིན་ནའང་།   མཐའ་ནི་ང་ལ་ལས་དབང་གིས་གནང་བའི་སྨྲེང་ཚིག་བཀོད་པའི་ཤོག་གུ་ཧྲལ་བོ་དང་མི་ཡུལ་གྱི་གས་ཆག་ཤོར་སའི་མཐའ་མའི་གཡང་ས་དེའོ། །  མཐའ་ནི་སྐྱེ་བ་དང་འཆི་བ་བསྒུག་པའི།     མཐའ་ནི་ངའི་རེ་ཐག་ཞིག་ས་དང་ན་ཟུག་བསླངས་པའི།   མི་ཡུལ་གྱི་མཐའ་དང་ཞེན་ཆགས་ཀྱི་སྨྲེང་ངག་རླུང་ལ་བྲིས་པའི་ཚེ་ཡི་དྲན་པ་ནག་པོ་དེའོ། །


མེ་ཏོག་དང་གཤོག་པ།
 
               འདྲུ་བཀྲ་ཤིས་རྒྱལ།  
 
     ཆར་པས་བརླན་པའི་ནམ་ཟླ་ཞིག་ལ།  འབྱམས་ཀླས་པའི་སྤང་ལྗོངས་དང་།   ཡིད་ལ་འོང་བའི་མེ་ཏོག་སྣ་ཚོགས།   ཆར་པས་བརླན་ཏེ་ཆར་པར་གྱུར་མྱོང་།
 
    འདབ་ལྡན་གྱི་པདྨའི་ངོས་ཡངས་སུ།   གཡུ་སྦྲང་གི་བུང་བ།   ཕྱེ་མ་ལེབ་ཀྱི་གཤོག་པ།   དེ་དག་ཀྱང་གཡོ་ཞིང་འགུལ་བའི་ངང་ཚུལ་ཞིག་གིས།   བདེ་སྐྱིད་དང་མཛེས་སྡུག་ལ་དབྱེ་བྱེད་བྲལ།
 
    དབྱར་ཁ་ཉིད་མེ་ཏོག་ཡིན་ཚེ།   གཤོག་པ་ནི་ཟེའུ་འབྲུའི་ངོགས་སུ་འཁྱིལ་བའི་འོ་ཐིགས་ཤིག །


བརྩེ་ལྡན་གྱི་རྨོ་མོ།                                       
 
               བོད་ཁམས་པ་འཇིགས་མེད་བསྟན་འཛིན།
                                            
           
བཀུར་འོས་པའི་བྱམས་ལྡན་གྱི་རྨོ་མོ་ལགས།  ཁྱེད་རང་ང་ཡི་འཇིག་རྟེན་དང་ཞལ་གྱེས་ནས་ཏག་ཏག་མི་ལོ་བཅུ་ལྷག་སོང་ཟིན་ཡོད།  གནས་ལུགས་ལྟར་ན་མི་ལོ་བརྒྱད་བཅུ་ལྷག་ལ་འཇིག་རྟེན་དཀར་ངོགས་ཀྱི་རི་མོ་ངོམ་མེད་དུ་མཐོང་ནས་འཚོ་བའི་མཐའ་ཅན་དུ་གྱུར་བ་ནི་ཆེས་རྒྱུན་ལྡན་གྱི་གནས་ཚུལ་ཞིག་ཡིན་མོད།   ལྷག་ཏུ་ད་ལྟའི་མི་ཡི་ཚེ་ཚད་ཀྱི་དབང་དུ་བྱས་ནས་བསམས་ན་དེ་འདྲའི་སྡུག་ཡུས་འདོན་དགོས་དོན་མི་འདུག  འོན་ཀྱང་།   འདས་པའི་ལོ་ངོ་འདི་དག་གི་རིང་ལ།  ང་ནི་ཉམས་ཐག་གི་ནད་པ་ཞིག་དང་འདྲ་བར་ནང་སེམས་ལྗིད་ཏིག་གེ་གྱུར་བ་དང་འཁྱག་སིབ་བེར་འགྱུར་བ་སོགས་ནམ་ཡང་སངས་དྲག་ཏུ་འགྲོ་དཀའ་བའི་ནད་གཞི་ལྕི་མོ་ཞིག་ཐེབ་དུ་ཡོད་པ་འདྲ།  དུས་དེ་ནས་བཟུང་ང་ཡི་མིག་མཐའི་མཆི་མ་སྐམ་ཀྱང་སེམས་ཀྱི་མཆི་མ་འཐག་མ་མྱོང་།  ཉེ་བའི་ལོ་ངོ་དེ་དག་གི་ཡུན་ལ།  ངས་ནི་བྱམས་ཤིང་བརྩེ་བའི་ཕྱུག་པའི་ཨ་ཕྱི་ལགས་ཀྱི་ཞལ་རས།  དཔྲལ་བའི་མིག་ཟུང་ལས་མཆེད་པའི་བརྩེ་བའི་འོད་ཟེར།  ཐ་ན་ཚིག་འབྲི་རེ་རེས་དངོས་ཤུགས་ན་བག་ལ་ཞ་ཡོད་པའི་འཛད་མེད་ཀྱི་བྱམས་བརྩེའི་རང་མདངས་མཐོང་འདོད་ཀྱི་འདུད་པ་ཟམ་མ་ཆད་རུང་།   ཁྱེད་རང་ང་ཡི་འཚོ་བ་དང་རིང་དུ་གྱེས་ཟིན་པས་མིག་སྔའི་དོན་དངོས་ལ་བདག་གིས་ཇི་ལྟར་རྒོལ་ཨང་།  ཟློག་མེད་ཀྱི་ལས་དབང་དེས་འུ་ཅག་ལ་སྐྱེས་བ་ནས་བཟུང་འཆི་དགོས་པའི་གནས་ལུགས་ཤིག་སྟོན་ཡོད་སྟབས།  སྐྱེ་འཆིའི་ཉི་ཟླ་འཆར་ནུབ་ལ་སུས་ཀྱང་ཚོད་འཛིན་བྱེད་མི་ནུས་པས་གནས་ལུགས་སྔ་མོ་ནས་ཤེས་ཡོད་མོད།  ཡིན་ཡང་གནས་ལུགས་ལ་གནས་ལུགས་ལྟར་རྗེས་སུ་འགྲོ་ལྡོག་བྱེད་མི་ཐུབ་པ་ནི་སྡུག་ཐུག་གི་བྱ་སྤྱོད་ཅིག་ལས་མ་འདས།

          ཁོ་བོོ་ནི་བྱིས་པ་གཞན་དག་འདྲ་བར་ཡ་རབས་སྤྱོད་བཟང་གི་རང་གཤིས་ལྡན་མཁན་གྱི་བྱིས་པ་དེའི་རིགས་མིན་ལ།  ཁྲེལ་དང་ངོ་ཚ་ལ་འཛེམ་པའི་མི་གཞི་ལེགས་པའི་བྱིས་པ་དེ་རིགས་ཀྱང་མ་ཡིན་མོད། འོན་ཀྱང་དྲིན་ལ་དྲིན་དུ་འཇལ་བ་ནི་འཛམ་གླིང་གི་འགྲོ་ཕྱོགས་ཤིག་ཏུ་ཆགས་བཞིན་པའི་སྒང་འདིར།  ངས་ཀྱང་རྨོ་མོ་དྲིན་མོ་ཆེ་ལ་དྲིན་ལན་འཇལ་འདོད་ཀྱི་འདུན་པ་འགོག་མེད་དུ་སྐྱེས་ཀྱང་།   ཁྱེད་ཀྱི་དྲིན་ནི་རི་རབ་ལས་ལྗིད་ཆེ་བ།   རྒྱ་མཚོ་ལས་གཏིང་ཟབ་པས་ང་ཡིས་ཇི་ལྟར་གཞལ་ཨང་། 

           ད་ནི་ཇི་ལྟར་བྱས་རུང་རྨོ་མོ་དྲིན་མོ་ཆེའི་བྱམས་བརྩེ་དང་དྲོལ་ཁོལ་དྲན་ཡང་འཕྱི་འདུག  རྗེས་དྲན་དང་དྲན་ཤེས་བསྟུན་རུང་ཡོད་ཚད་རྒྱང་རིང་རྒྱང་རིང་ཞིག་ཏུ་ལོག་ཟིན་པས་ཕྱི་དྲན་གྱིས་ཤོག་སྣེ་ཕྱིར་རྫོགས་པར་མི་བྱ།   རྫོགས་ཀྱང་ཕྱིར་ལོག་གཏན་ནས་བྱེད་མི་ཐུབ་པས་ངལ་བའི་སྡིག་སྒྲིབ་མི་གསོག ད་ལྟར་ཕྱིར་འདང་ཤིག་བརྒྱབ་ན།  དེ་དུས་ཀྱི་ང་ཚོ་ལ་ད་ལྟ་ནང་བཞིན་འཛམ་གླིང་དྲྭ་རྒྱ་ཅན་དང་འགྱོགས་མྱུར་ཅན་དུ་འགྱུར་བཞིན་པའི་དུས་རབས་ཀྱི་འཚོ་བའི་ཡོ་བྱེད་འདི་འདྲིའི་སྟབས་བདེ་ཞིང་ཕུན་སུམ་ཚོགས་པ་ཞིག་མེད་རུང་། ཁྱིམ་གཞིས་ན་བརྩེ་ལྡན་གྱི་རྨོ་མོ་ལགས་ཡོད་པས།  ང་ཚོས་རྣ་བའི་གསོས་སུ།  གླིང་གེ་སར་རྒྱལ་པོ་དཔའ་ལ་འདུར་ཚུལ་གྱི་སྒྲུང་རིང་རྒྱུན་ཆད་མ་མྱོང་ལ།  རིག་གནས་གསར་བརྗེ་དང་འབྲེལ་བའི་མི་རིགས་ཀྱི་ལོ་རྒྱུས་ཟམ་ཆད་མ་མྱོང་། མདོར་ན་དེ་དུས་ང་ཚོའི་བར་ན་ཁ་དཔེ།  གཏམ་རྒྱུད།  ཁེད།  ལ་གཞས།  སྒྲུང་གཏམ།  ཁ་ཤགས་སོགས་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་ཁ་འབྲལ་ཐབས་མེད་པའི་རིག་གནས་འདི་དག་ཡོད་པ་ནི་བདེན་པ་ཡིན་ལ།  
                     ༢༠༢༡  ༩    ༥

ལྷ་སའི་ཨ་ཅག་དང་མཇལ་བ།

                     འདྲ་ཡེ་ལྡན། 
 
རླུང་རྟ་ཡར་འགྲོའི་དུས་ལ། །
རླུང་བསྐྱེད་དར་ལྕོག་བཙུགས་པས། །
མཛངས་མ་མ་བཟང་བུ་མོ། །
ང་ལ་མགྲོན་པོར་བོས་བྱུང་། །  
               ཚངས་མགུར།
             ཨ་ཅག   ང་ཉི་མ་ལྷ་ས་ན་བསླེབས་ཡོད།   ལྷ་ས་ནི་ཉི་མ་དང་བར་ཐག་ཆེས་ཉེ་བའི་ས་ཆ་ཞིག་ཡིན་ཟེར་བ་བདེན་པར་སྣང་སྟེ།    ས་འདིར་ཐོན་མ་ཐག་ང་ལ་དྲོད་ལམ་ལམ་གྱི་ཚོར་བ་ཞིག་རྒྱས་འདུག    ང་ལྷ་ས་ན་ཐོན་མ་ཐག་བར་སྐོར་སྲང་ལམ་དུ་རྒྱུགས་ཏེ་ཁྱེད་ཀྱི་གླེང་མོལ་ནང་ཡང་ཡང་བརྡོལ་བའི་མ་སྐྱེས་ཨ་མའི་ཚིག་ཇ་ཁང་ནང་ཕྱིན་པ་ཡིན།    མ་སྐྱེས་ཨ་མའི་ཚིག་ཇ་ཁང་ནང་མི་ཚོགས་ཀྱི་འཚང་ཁ་རྒོད་ཀྱང་ང་ནི་སྔར་བཞིན་ཁེར་ཧྲེང་ངེར་ལུས།    དྲྭ་ཐོག་ནས་མགྲོན་ཁང་ཞིག་གླས་ཏེ་མུན་རུབ་མ་རུབ་མཚམས་སུ་ཕྱིར་མགྲོན་ཁང་ནང་ལ་ཕྱིན།   མགྲོན་ཁང་གི་དྲྭ་མིག་ལས་བལྟས་ན་ཕོ་བྲང་པོ་ཏ་ལ་བརྗིད་རྔམ་རྔམ་གྱིས་མཐོང་ཐུབ་ཀྱི་འདུག     ཉལ་ཁྲིའི་སྟེང་འགྲེ་ལོག་རེ་བརྒྱག་སྟེ་འཕྲིན་ཕྲན་གྱི་གྲོགས་ཚོམས་ཕར་བསློག་ཚུར་བསློག་བྱས་ཏེ་བསྡད།   སྐབས་དེར་ཨ་ཅག་གི་ཁ་པར་ཐོན་བྱུང་།    དུས་རྒྱུན་ལྟར་རྒྱ་སྐད་དང་གཙང་སྐད་འདྲེས་མས་ཅི་ཡང་བཤད་རྒྱུ་མེད་ཀྱང་ཅི་ཞིག་ཡོད་མདོག་གིས་རྫོགས་མཐའ་མེད་པ་ཞིག་བཤད་བཤད་མཐར།     མ་སྐྱེས་ཨ་མ་གསོལ་ཇ་ཁང་གི་སྒོ་རྩར་ད་སོ་མར་བླངས་པའི་འདྲ་པར་ཞིག་བསྐུར་ནས་ང་ལྷ་ས་ན་ཐོན་ཡོད་ཚུལ་ལབ་པ་ཡིན།    ཡུད་ཙམ་ཅི་ཡང་མི་སྨྲ་བར་དལ་ཅག་གེར་སོང་བས་ངས་ང་ལྷ་ས་ན་ཐོན་པར་དགའ་བསུ་མེད་པ་མིན་ནམ་ཞེས་ཀུ་རེ་བརྩེས།    ཨ་ཅག་ངེད་གཉིས་ངོ་ཤེས་ནས་ཟླ་བ་བཞི་ལས་འགོར་མེད་མོད་ངེད་གཉིས་ཀྱི་བརྩེ་དུངས་ལ་རྨ་ཁ་མེད་ཅིང་གཅིག་གིས་གཅིག་ལ་ལྷག་བསམ་རྣམ་དག་ཡིན་ཟེར་ན་ཆོག་པའི་ཚོད་ཡིན།     བོད་ཟླ་དྲུག་པའི་ཚེས་ཆ་མི་གསལ་བའི་དགོང་མོ་ཞིག་ལ་ངས་འཕྲིན་ཕྲན་ནང་ཁོ་མོར་ཡིག་འཕྲིན་ཐུང་ཐུང་གཅིག་འདི་ལྟར་བསྐུར་བ་ཡིན།   
"བྱ་ཞིག་ཡིན་ན་བསམས་བྱུང་། །   བྱེའུ་ཞིག་ཡིན་ན་བསམས་བྱུང་། །   ཉི་མ་ལྷ་སའི་ཕྱོགས་ལ། །  འཕུར་རྒྱུ་བྱུང་ན་བསམས་བྱུང་། །   ཨ་ཅག  ཁྱེད་དང་ཉི་མ་ལྷ་ས་ན་མཇལ་འཛོམས་ཀྱི་ཉི་མ་ཞིག་ནམ་ཚེས་སྲིད་དམ་"ཞེས་བསྐུར་བ་ལ་ཅང་མི་འགོར་བར་ཚུར་ལན་དུ། 
  "ཤར་ཕྱོགས་རི་བོའི་རྩེ་ནས། །  དཀར་གསལ་ཟླ་བ་ཤར་བྱུང་། །   མ་སྐྱེས་ཨ་མའི་ཞལ་རས། །   ཡིད་ལ་འཁོར་འཁོར་བྱས་བྱུང་། ། "  ཞེས་པའི་ཚངས་མགུར་འདི་བསྐུར་བྱུང་།  ཡང་རྒྱ་ཡིག་གི་ལམ་ནས་བྲིས་ཏེ་"ཁྱེད་རང་ཉི་མ་ལྷ་ས་ན་ཡོང་འདུན་ཆེ་ཞིང་ཐག་བཅད་ཚར་བ་ཡིན་ན་ཤོག་དང་།    ངས་ཁྱོད་རང་ལ་དགའ་བསུ་གྲངས་མེད་ཡོད། "ཅེས་བསྐུར་བྱུང་།   ངས་ཀུ་རེའི་ཚུལ་དུ་ལྷ་ས་ན་ཐོན་དུས་ཁྱེད་ཀྱིས་མ་སྐྱེས་ཨ་མའི་ཚིག་ཇ་ཁང་ནང་ང་ཁྲིད་རྒྱུ་ཨེ་ཡིན་ཞེས་དྲིས་པར་ཁྱེད་རང་དེར་འགྲོ་རྒྱུའི་མོས་པ་ཡོད་ན་ཁྲིད་ངེས་ཅན་ཡིན་གསུངས་བྱུང་།   དེ་ནས་བཟུང་ང་ལྷ་ས་ལ་འགྲོ་རྒྱུའི་གྲ་སྒྲིག་གོ་རིམ་བཞིན་བྱེད་པ་ཡིན།     ཨ་ཅག་ངེད་གཉིས་ཐོག་མར་འཕྲད་ས་ནི་ཇོ་ཁང་གི་གཞོགས་གཡས་སུ་ཚོང་ཁང་ཆུང་ཆུང་ཞིག་གི་ནང་དུ་ཡིན།     ཐུག་མ་ཐག་ཇོ་བོའི་སྐུ་མདུན་དུ་ཁྱེར་རྒྱུར་ཉོས་པའི་དར་ཁ་སེར་བོ་དེ་ཨ་ཅག་གི་སྐེ་རུ་བསྐོན་ཏེ་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུ་ཁུལ་བྱས།   ཕར་བལྟས་དུས་ཨ་ཅག་ཁ་པར་ནང་ལས་ཀྱང་མཛེས་ཉམས་དོད་པོ་ཞིག་འདུག    རིང་རྒྱུ་མེད་ལ་ཐུང་རྒྱུ་ཞིག་ཀྱང་མེད་པའི་གཟུགས་པོ་དང་ཁྲ་རིལ་རིལ་གྱི་མིག་ཟུང་དཀྱུས་རིང་གི་སྟེང་དུ་སྨིན་མ་རྒོད་གཤོགས་འདྲ་བ་དང་།    བྱུགས་རྫུས་འདྲ་མིན་གྱིས་དཀར་བ་མ་ཡིན་པར་རང་བྱུང་གིས་དཀར་ཞིང་གཙང་བའི་ངོ་གདོང་།    བཅོས་མ་མ་ཡིན་པ་གཤིས་སུ་ཚང་བའི་འཛུམ་མདངས་དག་ལ་ཡིད་དབང་ཅིག་ཅར་དུ་འཕྲོག་པའི་ནུས་པ་འདུག    ལྭ་བ་གོན་ལུགས་དང་མཛེས་སྤྲས་བྱེད་སྟངས་རེ་རེ་ལ་བརྗོད་དུ་མེད་པའི་རང་བྱུང་གི་མཛེས་པ་ཞིག་འདུག་ཨང་སྙམ་སྟེ་ཡུད་ཙམ་ཧད་དེ་ལུས།     ཉི་མ་ལྷ་སའི་གླིང་དུ་འདི་ལྟར་རང་གི་རྨི་ལམ་གྱི་མཛའ་མོ་དང་ལྷན་དུ་མངོན་སུམ་མཇལ་འཛོམས་བྱུང་བ་ལ་རང་ཉིད་རང་ལ་ཡིད་མི་ཆེས་པ་ཞིག་བྱུང་།  དེ་ནས་ངེད་གཉིས་ཇོ་ཁང་གི་མཐའ་རུ་བསྐོར་བ་རྒྱག་ཞོར་ཇོ་བོ་རིན་པོ་ཆེ་མཇལ་དུ་ཕྱིན་པ་ཡིན།     ཨ་ཅག་གིས་ང་ལ་ཐད་ཀར་བལྟ་མི་ཕོད་པའི་ཉམས་ཀྱིས་མིག་ཟུར་རེ་ང་ལ་བལྟས་དུས་ངས་ཀྱང་མིག་གི་ལྟ་ཕྱོགས་གཞན་ཞིག་ཏུ་བསྐོར་དགོས་པ་ཡང་ཡང་བྱུང་།    དེ་ནས་ཇོ་ཁང་ནང་ཕྱིན་ནས་ཇོ་བོ་ཡིད་བཞིན་ནོར་བུ་ལ་ཞལ་གསེར་ཕུལ་བ་དང་ཐོད་པ་གཏུགས་ནས་སྨོན་ལམ་གང་མང་བརྒྱབས་པ་ཡིན།    ཐེངས་རྗེས་མར་ཡང་ཇོ་བོ་རིན་པོ་ཆེ་མཇལ་དུས་ངེད་གཉིས་མཉམ་དུ་མཇལ་ཐུབ་པའི་སྨོན་ལམ་བཏབ་ཡོད་ཚུལ་ཨ་ཅག་ལ་ལབ།    ཨ་ཅག་གིས་ང་ལ་"ཁྱོད་ཇོ་བོ་རིན་པོ་ཆེ་ངེད་གཉིས་བརྗེད་མ་སོང་ན་ངེད་གཉིས་ནམ་ཡང་ལྷ་ས་ན་སྒུག་ཡོད་"གསུངས་བྱུང་།     ངེད་གཉིས་སླར་ཡང་ཇོ་ཁང་གི་མཐའ་བསྐོར་འགྲོ་ཞོར་ཕན་ཚུན་ལ་དྲན་རྟེན་དུ་སྦྱིན་རྒྱུ་ལེགས་སྐྱེས་ཆུང་ཆུང་རེ་རེ་བར་སྐོར་ཁྲོམ་ལམ་དུ་ཉོས་པ་ཡིན།    ཁོ་མོའི་ཧ་ཅང་སེམས་ཐག་ཉེ་མོ་དང་འཇམ་ལྷོད་ལྷོད་ཀྱི་སྐད་ཆ་བཤད་སྟངས་དང་གོམ་པ་སྤོ་ལུགས་རེ་རེས་ང་ལ་བརྗོད་མི་ཤེས་པའི་དགའ་བ་དང་དུངས་བ་འཕར་མ་ཞིག་སྟེར།    དེ་ནས་ཤར་སེར་ངེད་གཉིས་མ་སྐྱེས་ཨ་མའི་ཚིག་ཇ་ཁང་ནང་ཕྱིན་ནས་ངལ་གསོ་དེ་བསྡད།    མ་སྐྱེས་ཨ་མའི་ཚིག་ཇ་ཁང་ནི་ཉམས་དོད་པོ་དང་ཆ་རྐྱེན་འཛོམས་པོ་མ་ཚང་བ་མེད་པའི་ཚིག་ཇ་ཁང་ཞིག་མིན་མོད།   མིང་ངམ་གཏམ་རྒྱུད་ཀྱི་རྒྱབ་ལྗོངས་གང་རུང་གི་འཐེན་ཤུགས་ཤིག་གིས་མགྲོན་པོ་མང་པོའི་འཚང་ཁ་ཧ་ཅང་རྒོད་སའི་ཚིག་ཇ་ཁང་ཞིག་རེད་འདུག     ངེད་གཉིས་མ་སྐྱེས་ཨ་མའི་ཚིག་ཇ་ཁང་གི་ཕྱི་ནང་གང་སར་མཉམ་དུ་འདྲ་པར་ཡིད་ཚིམས་པ་ཞིག་བརྒྱག་ཏེ་ཕྱིར་རུ་ལོག་པ་ཡིན།     དེ་ལྟར་ཉི་མ་དྲུག་གི་དུས་ཚོད་མིག་རྡེབ་ཡུན་ཙམ་གྱིས་རྫོགས་སོང་།     ཕྱིར་ཕ་ཡུལ་དུ་ལོག་དུས་ཨ་ཅག་གིས་ཨུ་ཚུགས་ཀྱིས་ང་ལ་གནམ་གྲུའི་ཐང་བར་བསྐྱལ་སོང་།    ངེད་གཉིས་གནམ་གྲུ་ཐང་ན་ཁུ་སིམ་མེར་ཆུ་ཚོད་ཕྱེད་ཙམ་གྱི་རིང་ལ་ཅི་ཡང་མི་སྨྲ་བར་སོ་སོའི་འདུག་སྟེགས་སྟེང་གནམ་གྲུར་སྒུག་བསྡད་པ་ཡིན།     དེ་ནི་ངེད་གཉིས་གནས་སྐབས་སོ་སོར་གྱེས་པའི་གདུང་བ་མི་བཟོད་པས་ཡིན་པ་འདྲ་སྟེ།      ངས་ཀྱང་རྩ་ཆེ་བའི་དངོས་པོ་གང་རུང་ཞིག་གནས་ག་གེ་མོ་རུ་ལྷག་སོང་བ་ལྟ་བུའི་ཚོར་བ་བསྐྱུར་མོ་ཞིག་གིས་ཁ་ནས་ཅི་ཡང་ཐོན་མ་བྱུང་ངོ་། །
ཨ་ཅག    ངེད་གཉིས་སླར་ཡང་ཉི་མ་ལྷ་ས་རུ་མཇལ།  
                                         2021/6/23       
ནང་གྲོགས་བཟོད་བསྟན་ལ་ཕུལ་བའི་འཕྲིན་ཆུང་།  
 
               སྲོད། 
 
          ཆུང་ནས་འདྲིས་པའི་བརྩེ་བའི་སྤུན་ཟླ་ལགས།  ལོ་འདིར་སེམས་ཁུར་ཞིག་གིས་ཡོངས་སུ་བརླན་པ་ལས་འཚམས་འདྲི་སོགས་དེ་ཙམ་ཐུབ་མ་སོང་བ་དེས། རང་གི་མི་གཤིས་གསལ་ལེར་བསྟན་སོང་མོད།  ངས་ཀྱང་སྐྱོ་གདུང་གི་ཁུར་བོ་ཞིག་མི་འདོད་བཞིན་ནན་གྱིས་ཐེག་དགོས་བྱུང་བ་འདིས།  ཡིད་འོང་གི་དུས་ཚོད་དག་ཁེར་རྐྱང་གིས་འཕྲོག་སོང་བས་ལན་ཞེས་སྨྲ་མི་སྤོབས་ཀྱང་།  ས་མཐའ་འདི་ནས་སྙན་ངག་ཁོ་ནས་རང་གི་ཁེར་རྐྱང་བསྲུང་བའི་ལོ་ཟླ་དག་ལས། ངའི་མགྲིན་ངག་ནི་བརྗོད་སྙིང་གི་ཅི་ཡང་སྟོང་སོང་བས་ཀྱང་ཡིན་ཆོག་པར་ཞུ།

          བརྩེ་བའི་སྤུན་ཟླ།  ཁྱོད་ཀྱི་གཤིས་གཙང་གི་རྣམ་འགྱུར་ལ་འགྱུར་བ་མེད་པ་བསམ་ན།  ཁྱོད་ཀྱིས་རིག་གཞུང་གི་བརྩོན་པ་ལ་རྒྱུན་འཁྱོང་ཆེ་བ་དྲན་ན།   མི་ཚེ་ནི་ཁུར་མོང་བཞིན་ལས་རླུང་གིས་ངེས་མེད་དུ་གཡུག་འགྲོ་བ་མཐོང་ཀྱང་སྐད་ཅིག་ཏུ་བརྗེད་ཐུབ་ལ།   ལྷག་ཏུ་ནད་གཞི་ཧ་ཅང་ལྕི་བའི་གཏམ་ངན་སོགས་ཀྱིས་ཡང་ཡང་མནར་ཀྱང་།  དེ་དང་མཉམ་དུ་རེ་སྨོན་ཞིག་ཀྱང་ངང་གིས་སྐྱེ་འགྲོ། ལོ་འདིར་ཁྱོད་རང་ནད་ཁྲིར་ལྷུང་ཏེ།   འཁོས་ཞན་གྱི་འཚོ་བའི་དབུལ་ལས་ཅིས་ཀྱང་འབྲལ་ཐབས་མ་བྱུང་ཡང་།  རབ་བྱུང་བ་མང་ཆེ་བ་དག་གཞན་སྐྱེ་བོ་ཕལ་བ་ལ་མི་འདྲ་བ་བཞིན།  ཁྱོད་ཀྱིས་ཀྱང་རང་ཉིད་ལ་སེམས་གསོ་ཚད་མེད་གནང་ཐུབ་པ་ཤེས་ཀྱིན་ཡོད།  དེ་ནི་གཞན་ཅི་ཡང་མིན་པར། ཉིད་ཀྱི་འདས་དུས་ཀྱི་སྤྱོད་ལམ་དག་གཙང་གིས་ལྟེམས་པས་ལོས་ཡིན་འདོད།  དེ་ལྟར་ཕར་རྒྱབ་ཀྱི་ལོ་ཟླའི་དབུ་བསླང་ན་ངས་ང་ཚོའི་བྱིས་དུས་ཀྱི་གཏམ་རྒྱུད་དྲན་ཡོང་ལ།  ལྷག་ཏུ་ཞི་གཙང་གི་ཁྱོད་རང་མངོན་ཡོང་།  མ་གཞི་ཁྱོད་ནི་ག་དུས་ཡིན་ཡང་ཅི་འདྲའི་ཡི་གར་འོང་བ་ལ།  སྙིང་ནས་བརྩེ་བའི་སྤུན་ཟླ་ལགས།

          བརྩེ་བའི་སྤུན་ཟླ།  ནད་གཞི་སང་དྲག་ཡིན་ཚུལ་སོགས་ཟླ་ངོ་འགའི་སྔོན་ནས་གོ་ཞིང་། རྩོམ་འདིའི་དབུ་ཁྱུད་ཀྱང་ཟླ་ངོ་འགའི་སྔོན་ནས་བྲིས་ཡོད། དེ་ལྟར་ཟླ་ནས་ཟླ་རུ་མཐུད་དེ་ངམ་གནག་གི་ལོ་འདི་རྫོགས་པ་མཉམ་དུ།  ཁྱིམ་མི་དང་གཉེན་ཉེ་ལྷན་ཚོགས་ཀྱི་འཁྱག་་ཤི་ཐེབས་པའི་སྙིང་ཆུང་དྲོད་ཁུལ་གྱིས་ལྟེམས་པ་དང་། ཁ་སང་ཆུང་གྲོགས་ཚང་ནས་ཡུན་རིང་མ་གོ་བའི་འཇམ་སྙན་གྱི་བརྗོད་པ་རེ་རེའི་ཀློང་ན།  བག་དྲོ་བའི་གཏམ་གྱི་ཡང་སྙིང་རེ་རེས།  འུ་ཚོའི་ནང་སེམས་ཀྱང་དགའ་ལྷང་ངེར་བཏང་སོང་།རིམ་བཞིན་ཁྱོད་ཀྱི་འདྲ་དག་ཡོངས་སུ་མཐོང་བས།  ཕུགས་བསམ་དང་། མ་འོངས་པ་ཞེས་པའི་འོད་འཚེར་འཚེར་གྱི་བདེན་པ་དེ་འཕྲོ་རིམ་འཕྲོ་རིམ་དུ་མངོན་ན།  དགའ་སྣང་ཚད་མེད་པའི་དབང་གིས།  ཡང་ན་ལོ་མགོ་འདིའི་རྟེན་འབྲེལ་གྱི་དོད་དུ། དེ་མིན་ནང་གྲོགས་ཚོས་ཚབ་བྱས་ཏེ།  ཆེས་སྙིང་ཉེ་བའི་འཕྲིན་ཆུང་འདིའང་འཚམས་འདྲི་ཞིག་གི་དོད་དུ་མཇུག་གྲུབ་ན། ཁྱོད་ཀྱི་མི་ཚེ་ལ་བར་ཆད་ཀྱི་རྐྱེན་ཕྲན་ཙམ་མི་འབྱུང་བར།  ཉིད་ཀྱི་འདོད་མོས་ལྟར་འཚོ་གཞིས་གནང་ཐུབ་པའི་སྨོན་ལམ་འདེབས་སོ།།
           ༢༠༢༡/ ༡/ ༥/ ཉིན་རྫོང་སར་ནས་ནང་གྲོགས་ཁོང་ལ་སེམས་ཐག་ཉེ་བོས་བྲིས།
 

           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


Signature is customized by Netease