རྫོང་སར་རྩོམ་རིག རང་མོས་སྙན་ངག ༣

    རྫོང་སར་རྩོམ་རིགརང་མོས་སྙན་ངག ༣ མྱི་འདྲེ།གྲོལ།མིག་གསུམ་པ།བྱང་དུར


རྫོང་སར་རྩོམ་རིག 
རང་མོས་སྙན་ངག ༣

མྱི་འདྲེ།  གྲོལ།  བེའུ་བསོད་ཆེན།  བྱང་དུར་འདྲེ། 
                      མཆོད་མེ།  ཁམས་པ་རག་སྨྱོན།  ཁྲག་གདོང་།  མྱི་གསར་བ། 

གསེར་ནུས་མེད
 
         བྱང་དུར་འདྲེ མངོན་པ་འོག་མ།
 
ངའི་སེམས་པ
ཁྱེད་ཀྱི་བདེ་སྡུག་གི་ཀློང་དུ་ཡོད་ཀྱང
གཡང་སར་ལྷུང་བའི་མུ་ཏིག་དང་མཚུངས
 
ངའི་སེམས་པ
ཁྱེད་ཀྱི་ཕྱིར་དུ་ཚང་ཚིང་རྒྱས་མོད
བྱ་ཁྱུ་དབེན་པའི་ནགས་ཚལ་དང་མཚུངས
 
ངའི་སེམས་པ
ཁྱེད་ཀྱི་ཆེད་དུ་སྐྱེད་ཚལ་བསྐྲུན་མོད
མེ་ཏོག་མི་སྐྱེ་བའི་ཐང་རྒོད་དང་མཚུངས
 
ངའི་སེམས་པ
ཁྱེད་ཀྱི་དོན་ལྔ་སྣོད་དྲུག་གི་འགྲམ་དུ་ཡོད་ཀྱང
ལྗོན་པ་ཁེར་སྐྱེས་ཞིག་དང་ཀུན་ཏུ་མཚུངས་ཨང
 
མི་རྟག་པ
 
དབྱར་ཟླ་དྲུག་པའི་མཛེས་ལྗོངས་ཀྱི་སྟེང་དུ
མི་རྟག་པའི་སེར་ཐིག་ལྷུང་དུས
ང་རང་མི་རྟག་པའི་གཏིང་དུ་འཁྱུག་བཞིན་མཆིས་མོད
སེམས་བསྐྱེད་ཀྱི་མེ་ལོང་ནང་དུ
མི་རྟག་པ་ནི་རྒྱང་རིང་གི་ས་སྲོད་ཅིག་ཏུ་འཆར
དེ་ལྟ་ན་ཡང
མི་རྟག་པ་ནི་ང་ཡི་གྲིབ་མ་དང་འདྲ་བ
ང་དང་གཏན་དུ་འབྲལ་མེད
དེ་ལྟ་ན་ཡང
ངས་རང་ཉིད་ཀྱི་ཀློང་ནས་མི་རྟག་པའི་སྙིང་པོ་མ་ཚོར

གལ་ཏེ།

        མྱི་འདྲེ། ཕར་ཕྱིན་བར་མ།
 
གལ་ཏེ  གདོན་འདྲེ་ཚོས
བདག་གི་ཁ་པར་ཞིབ་བཤེར་བྱས
སྙན་དེབ་སྔོག་བསློགས་བྱས
ཁ་ཏོན་གཏོར་བཤིགས་བཏང
དེ་ལྟར་བྱས  འདི་ལྟར་བྱས
མགོ་སྐེ་བར་ནས་མཇུག་རྐང་ཞབས་ཡན་དེ་ལྟར་ཞིབ་བཤེར་བྱས  
བརྟགས་དཔྱད་བྱས་མཐར   ཁོ་ཚོས་ཅི་ཞིག་རྙེད་སོང་ངམ
བདག་གི་མཇིང་པར་རལ་གྲི་བཞག་སྟེ་ན་རེ    
འདི་ཅི་ཞིག་   སུ་ཞིག   ཉར་ཚགས་བྱེད་དོན་ཅི་སོགས་བཤད་ཀྱིན
བདག་གི་སྲུང་འཁོར་ནས་གཞོན་དུས་ཀྱི་ལྷ་མོའི་འདྲ་པར་དེ་བཏོན་བྱུང་ན
 
ངས་ཨ་ཕས་གནང་བྱུང་མི་ཟེར  ཨ་ཕའི་ལྕེ་གཅོད་ངེས
ཨ་མས་བཏགས་ཐལ་མི་ཟེར   ཨ་མའི་ལག་པ་གཏུབ་ངེས
ཨ་ཁུ་དང་ཨ་ནེས་བསྐུར་བྱུང་མི་ཟེར    ཁོ་ཚོ་ཚང་མའང་དེ་ལྟར་རྩད་ནས་འཇོམས་ངེས
 
དེ་བས་ང་ཅིའང་མི་སྨྲ་བར་སྡོད་སྲིད
གང་ཡང་མི་བསམ་པར་ཁུམ་སྲིད   
ཅེར་རེ   ཁྲོག་གེར  ཧྲེང་ངེར་བསྲན་སྲིད
 
འོན་ཀྱང   གདོན་འདྲེ་ཚོས་གདུག་རྩུབ་དྲག་པོས
བདག་གི་འབྲམ་པ་ནས་བརྩམས་ཏེ་ཤ་དང་པགས་པ་རེ་རེ་བཞིན་གྲིས་གཤགས་ཏེ
ཨུ་ཚུགས་ཆེན་པོས་ཡང་དང་ཡང་དུ་འདྲི་ན    
 
ངས་ཟུག་རྔུ་དང་བཅས་སྐད་ཤུགས་ཆེན་པོས
འདྲ་པར་དེ་ནི་ཁྱོད་ཚོས་འདྲ་བཞིན་པའི་བདག་གི་གདོང་ལྤགས་རེད
ནང་གི་ལྷ་མོ་དེ་ནི་སུས་ཀྱང་གཞོམ་ཐབས་བྲལ་བའི་རང་དབང་གི་འདུ་ཤེས་རེད་ཅེས་འབོད་ངེས
 
དེ་ལྟར་འབོད་ངེས    ངེས་པར་དུ་འབོད་ངེས
ཡང་ནས་ཡང   ཡང་ནས་ཡང་དུའོ།
                ༢༠༢༠/༡༡/༨/


དུར་ཁྲོད
               
       གྲོལ  ཕར་ཕྱིན་འོག་མ། 
 
སྒྱུ་འཕྲུལ་གྱི་ཆས་སུ་སྤྲད་པའི་བྱ་རྒོད་ཀྱིས
སྣེ་མོ་ནགས་ཚལ་དུ་ཕོག་པའི་གྲིབ་གཟུགས་བརྐྱངས
 
ཆུ་ཡི་ངོ་གདོང་བརླན་པའི་སྐྱོ་ཡུལ་དུ
འཆི་བའི་རྒྱུད་སྐུད་ལྷོད་པའི་བརྩམས་སྒྲུང་བྲིས
 
ལག་ཏུ་མི་རྐང་སྣོམ་པའི་སྐྲ་ལོ་ཅན
ནགས་ཚལ་ཉུལ་ནས་སྐྱེལ་མའི་རི་བོ་འཚེལ
 
ལྷིང་འཇགས་ཤིན་ཏུ་དབེན་པའི་རི་གྲོང་དུ
འཆི་བས་རྨ་ཁ་བཀྱགས་ཏེ་ཟློས་གར་རྩེན
 
ཁང་རྙིང་སྒྲོན་མེ་འཚེར་བའི་དུར་ཁྲོད་དེ
གཉན” གྱིས་བྲིས་པའི་དགའ་ལྡན་དུར་ཁྲོད་རེད

ལས་སྐལ
 
 
འོད་སྣང་དང་མུན་པའི་བར་མཚམས་སུ
ལས་སྐལ་གྱིས་བཞེངས་པའི་གུར་ཁང་སྐྱ་བོ
 
སྐྱེ་འཆི་དང་དུས་ཚོད་གྲངས་མེད་རིང
ང་ཚོའི་ཡང་སྙིང་གི་དམིགས་ས་དེ་ཡིན་ཨང
 
མུན་པའི་ཁ་སྤྲོད་ཀྱི་ལྷིང་འཇགས་འདི་དབེན་དྲགས་པས
ངས་སེམས་པ་ཁོ་བོའི་འཁྲིས་སུ་བཞག་ཡོད
 
མུན་ནག་གི་བརྩེག་པའི་མཚན་མོ་དེ
ཕྱི་རོལ་ཏུ་ཐོན་ཐབས་བྲལ་བའི་རྒྱུ་སྐར་ག་ཙམ་ཡོད
 
སྨག་ནག་ལ་སྒྲོན་མེ་སྦར་བའི་མཚན་མོ་དེ
ང་ཡི་སྒུག་གིན་པ་དེ་ནི  ཉི་འོད་ཀྱི་ “གཟི་མིག་དགུ་པ” དང
དགའ་ལྡན་དུར་ཁྲོད་ཀྱི་ “རོ་ལངས” དེ་དག་ཡིན་ཨང
                                  2021/8/21

ཡུམ་ཆེན་ལགས།  ངའི་ཆེད་དུ་ཐུགས་སྐྱོ་མ་གནང་རོགས།
 
      བེའུ་བསོད་ཆེན། འདུལ་བ་གོང་མ། 
                                     
ཡུམ་ཆེན་ལགས། 
ང་འོན་པ་ཞིག་ཏུ་བསམ་ནས།
ཁྱེད་ཀྱིས་ཐུགས་སྐྱོ་མ་གནང་རོགས།
ནམ་མཁའ་ཉི་འོད་ཀྱིས་འབར་ཡང་།
ངས་རང་ཉིད་ལ་བསིལ་གྲིབ་ལྡན་པའི་སྤྱིལ་བུ་ཞིག་བསྐྲུན་ཡོད།
གངས་གྲོང་ལྷགས་རླུང་གིས་བསྡམས་ཀྱང་།
ངས་རང་སེམས་ལ་མེ་ཁ་སྒོང་ཤེས།
 
ཡུམ་ཆེན་ལགས། 
ང་གྲོགས་མེད་ཁེར་རྐྱང་དུ་བསམ་སྟེ།
ཁྱེད་ཀྱིས་ཐུགས་སྐྱོ་མ་གནང་རོགས།
མི་ཡུལ་གྱི་མཛེས་སྡུག་གི་སྐྱེ་མཆེད།
ངའི་མཛའ་གྲོགས་སུ་བཀུག་ཡོད།
རང་བྱུང་ཁམས་ཆེན་པོས་ཀྱང་།
ང་ལ་འཛད་མེད་ཀྱི་གླུ་སྐད་ཕུལ་ཡོང་།
 
ཡུམ་ཆེན་ལགས།
ང་དབུལ་པོ་དབུལ་རྐྱང་དུ་བསམ་ནས།
ཁྱེད་ཀྱིས་ཐུགས་སྐྱོ་མ་གནང་རོགས།
ང་ཚིག་དང་ཐ་སྙད་ཀྱིས་མགར་བའི།
གསེར་གྱི་ཕོ་བྲང་དུ་སྡོད་ཡོད་ལ།
སེམས་དང་སེམས་བྱུང་ལས་གྲུབ་པའི།
རླུང་གི་རྟ་ཕོ་ལའང་བཅིབས་ཡོད།
 
ཡུམ་ཆེན་ལགས།   ངའི་ཆེད་དུ་ཐུགས་སྐྱོ་མ་གནང་རོགས།
 
ཟུར་མཆན།(ཡུན་རིང་འོན་ནད་ཀྱིས་མནར་ཏེ་ཡུམ་ཆེན་ལགས་ཀྱིས་སེམས་ཁུལ་ཚད་མེད་གནང་བར་བརྟེན། སེམས་གསོའི་དོད་དུ་བྲིས་པ་ལགས།)
                  ༢༠༡༩/༢/༢༢  


ང་ཡི་སྙན་ངག

          མཆོད་མེ། ཚད་མ་གོང་མ། 

ང་ཡི་སྙན་ངག་ནི་ལྗོན་པ་ཞིག་རྒས་པའི་འདབ་མ་དེ་ཡིན
ལོ་ཟླས་སྦྲུམ་བཞིན་པའི་ཚོར་བ་ཕྲ་མོ་དེ་ཡིན
མར་མེ་ཟད་ལ་ཉེ་བའི་ཚག་སྒྲ་དེ་ཡིན
སྐོར་ལམ་བསྐོར་བཞིན་པའི་ཁྱི་གུ་ར་རོ་བ་དེ་ཡང་ཡིན
ཉིན་མོའི་གླུ་སྐད་ཟ་ཟི་དང
མཚན་མོའི་མུན་པ་རབ་རིབ་དེ་ཡིན
 
ང་ཡི་སྙན་ངག་ནི་རྒྱང་རིང་གི་གཙང་པོ་ཡིན
འོ་དོད་ཆེ་བའི་ཁེར་རྐྱང་གི་སུན་སྣང་ཡིན
ཕར་ལ་ལོག་བཞིན་པའི་ཁྲུང་ཁྲུང་ཁྱོ་ཤུག་དང
ལོ་ཟླས་གཙབ་བཞིན་པའི་འཇའ་ཚོན་སྣ་ལྔ་དེ་ཡང་ཡིན

ང་ཡི་སྙན་ངག་ནི་ཙི་གུ་དཀར་པོ་ཞིག་ཡིན
ཁྱོད་ཀྱི་སྒོ་ཁར་སོང་ནས་ཁོ་ཡི་སྒེའུ་ཁུང་བརྒྱུད
ང་ཡི་སྙན་ངག་ནི་ང་རང་ཡིན
ང་ཡི་འདས་མ་ད་གསུམ་གྱི་འཚོ་བ་རབ་རིབ་ཡིན
              ༢༠༢༠  ༧   ༢
གློ་རྡེག་ཏུ། 
 
གློ་རྡེག་ཏུ  ནམ་མཁའ་སྟོང་བར་གྱུར
གསའ་གཟིག་དང་སེང་གེ་ར་རོར་གྱུར་ནས་གངས་སུ་ཉལ
སྤྲིན་དཀར་ཡུག་གཅིག་ཁ་ཕྱོགས་བོར་བ་དང
དཔྱིད་ཀ་འདི་ནས་ཚར་འདུག
བསམ་བློ་གཏོང་ས་མེད་པར་ས་གཞི་སེར་ལམ་ལམ་དུ་གྱུར
 
གློ་རྡེག་ཏུ  གདུང་དབྱངས་བརྩམས
གནམ་ས་གཉིས་སུ་ང་རོ་དང་ཆོམ་སྒྲ་ཡང་ཡང་གྲགས
འགའ་རེས་གནམ་རྡིབ་བྱུང་ཟེར  དུ་སྤྲིན་ཆ་མེད་འགའ་ཡང་རྒྱུ
དོན་དུ་སྙན་ངག་པ་ཞིག་འཇིག་རྟེན་དང་གྱེས་སོང་བ་རེད
སྙན་རོ་ཁ་ཤས་འཁྱམ་པོ་བྱེད་ཀྱིན་སྐྱོ་སྐྱོ་གནང
 
གློ་རྡེག་ཏུ   ངུ་བྲོ་བ་ལ
སྐྱེ་འཆི་སྔ་ཕྱིར་འབྲོ་ཞིང་གར་སྟབས་བསྒྱུར
ང་ཡི་ཉོབ་གླུ་མང་པོོ་བླངས་ནས་འཚོ་བའི་སྙིང་པོ་འཚོལ
རླུང་དང་མེ་ནི་གཡུག་དང་གཡུག་བཞིན་དུ  
ང་རང་དུས་ཚོད་ལ་སྒུག་ནས་ས་མཐར་འཚོ་དགོས་པ་ཡིན་ནམ
གློ་རྡེག་ཏུ  གསོན་པར་དཀའ་བ་ལ
ཚེ་སྲོག་གི་དབུགས་ལྒང་དང་འཚོ་བའི་ཚེར་སྡོང་གི་འཕྲད་སྦྱོར་ལ་ལྟོས་དང
                      ༢༠༢༡/༨/༢༨   


སྟོན་ཀ་འདི་ཐོན་པས།

          ཁམས་པ་རག་སྨྱོན། དབུ་མ་གོང་མ།
 
སྙི་མོ་སྙི་མོ་ཡིན་པའི་མི་སེམས་སུ
གྲང་ཤུར་ཤུར་གྱི་བསིལ་རླུང་སྤར་གང་སྟོར་གྱིན
སྟོན་ཀ་འདི་ཐོན་སོང

སྟོན་ཀ་འདི་ཐོན་པས
མེ་ཏོག་དག་ཙག་རླུང་གིས་གཙེས་ཏེ
འདབ་སྟེང་གི་འཛུམ་མདངས་ཤོར་འདུག

སྟོན་ཀ་འདི་ཐོན་པས
ལྗང་མདོག་གིས་སྤམ་བཟོ་བྱས་པའི་ལྗོན་པའི་ཚལ་ནི
རིམ་བཞིན་གསེར་ལས་གྲུབ་པའི་དགའ་ཚལ་ཞིག་ཏུ་གྱུར

སྟོན་ཀ་འདི་ཐོན་པས
དྲོད་ཀྱིས་ཕྱུག་པའི་དབྱར་ཟླ་བོར་སོང་བས
མི་སེམས་ཀྱང་འཁྱག་ལྷང་ལྷང་དུ་གྱུར

སྟོན་ཀ་འདི་ཐོན་པས
རི་ཡི་ཟོམ་ན་སྨུག་པ་འཁྱིལ་ཞིང
སྨུག་པའི་ཁོག་ཏུ་མི་སེམས་ཀྱི་སྨྲེང་བ་སྦྲུམ་སོང
     2021 / 9  / 20 རྫོང་སར་ནས།

སྤྲོས་པའི་བདག
       

             ཁྲག་གདོང་། ཕར་ཕྱིན་འོག་མ།
 
སྙིང་པོ་ནས་སྙིང་པོ་འཚོལ་ཞིང
མཇུག་མ་གྲུབ་པའི་བདག་གི་སྨྲ་བ་ནི
སྡིག་སྒྲིབ་ཆགས་པའི་ངག་ཁོ་ན་དེའོ
 
སྲིད་པའི་རྨི་ལམ་སྣ་ཚོགས་དེ
ལོ་དང་ཟླ་བའི་མཚན་གུང་དུ
སྨག་ལ་འབྱར་བའི་སྙན་གླུ་རེ
ངག་རིག་ནང་གི་སྤྲོས་པ་ཞིག
སྒྱུ་མའི་གར་དང་འཁྲབ་སྟོན་ནི
སྙིང་དུ་སྡུག་པ་གཅིག་མ་མཐོང
 
འདི་ལྟར་དབང་ཞིང་དབང་ནའང
བག་ཆགས་ཀྱི་གཟེབ་ཏུ་བར་ཐག་མེད་པ
སྐྱི་གཡའ་བའི་ལོ་ཟླ་གཅིག་པུ་རུ་འཚོ་ཞིང་སྒུར
        ༢༠༢༡ ༦ ༢༨ མཚན་མོར།

བེམ་པོའི་བསྟན་བཅོས།


          མྱི་གསར་བ། ཕར་ཕྱིན་གོང་མ།
 
འདས་པའི་ལོ་ངོ་ཉེར་བཞིའི་རིང་ལ
ང་ཡིས་ཤི་གསོན་མ་ངེས་པའི་བེམ་པོ་ཞིག་དྲུད་ནས་འོང
བེམ་པོ་དེ་ནི་སྡུག་བསྔལ་དང་འཁྲུལ་སྣང་འབྱུང་བའི་རྒྱུ་རྐྱེན་རེད
བེམ་པོ་དེ་ནི་སྐྱེ་འགག་དང་ཆགས་སྒོ་སློང་བའི་འབྱུང་ཁུངས་རེད
བེམ་པོ་དེ་ལ་རྣམ་ཤེས་མེད   རང་དབང་མེད
བེམ་པོའི་རང་བཞིན་ནི་འཁྱག་པ་དང་སྲ་བས་བཟུང་ཡོད
བེམ་པོའི་རང་བཞིན་ནི་སྡུག་བསྔལ་དང་འགྱུར་ལྡོག་གིས་གྲུབ་ཡོད
 
འདས་པའི་ལོ་ངོ་ཉེར་བཞིའི་རིང་ལ
ང་ཡིས་མིག་གི་འཇིག་རྟེན་ལ་བལྟས   རྣ་བས་འཇིག་རྟེན་ལ་ཉན
རྐང་པ་ནི་རྨོངས་རྟུལ་གྱི་རྩ་བའོ   ལག་པ་ནི་མུན་ནག་གི་རྩེ་མོའོ  
 
ཉེས་པའི་བརྡ་རྟགས།
 
                  རང་གི་སྐྱེ་བ་སྔ་ཕྱི་ཀུན་ལ་ཕུལ།
ཁྱོད་ཀྱིས་ང་ལ་ཡིད་འོང་གི་རལ་གྲི་གནངས་ཡང
ང་ཡིས་ཁྱོད་ལ་ཁྲག་རས་སུ་གྲུབ་པའི་མེ་ཏོག་སྟེར་མ་ཐུབ
འཐབས་འཛིང་གི་མི་ཚེ་འདི་ལ
རེ་སྨོན་སྟོང་བའི་ལམ་ཡིག་ཅིག་ཁུར་ནས་ཕྱིར་ལོག་དགོས་པ་ཡིན་ནམ
 
ཁྱོད་ཀྱིས་རྫིང་བུ་མི་འདྲ་བ་བརྒྱ་ཕྲག་བསྐྲུན་པ་གོ་རྗེས
ང་ཡིས་འཇམ་མཉེན་གྱི་སོར་མོ་ནང་ལ་གུག་སྟེ་འདུག་ཐབས་བྲལ
གློ་བུར་དུ་ཉི་ནུབ་ཀྱི་འགོ་བརྩམ་ན
གཅེས་པའི་ཁོ་ལ་གནས་ལུགས་སྟོང་བའི་རེ་སྨོན་གྱི་འཚོ་བ་ཇི་ལྟར་འགྲེལ
 
སྨྲ་ལྕེ་ལུ་གུ་རྒྱུད་དུ་གྲགས་ཡོང་བ་ནི་ཁྱོད་ཀྱི་ཕུགས་བསམ་རེད
འོན་ཀྱང་ང་ཡི་སྙིང་རུས་ཀྱི་རྩ་བ་རུལ་ཞིང་རྙིད་པར་གྱུར
སྐྱོ་གར་གྱི་གཏམ་རྒྱུད་འདི་དག་འཆད་རྗེས
མ་འོང་པའི་བུ་ཕྲུག་ལག་ལ་ཤེས་རབ་ཀྱི་བརྡ་རྟགས་བརྒྱ་བ་དེ་འཇོག་པར་དཀའ
 
སྐབས་དེར་ཁྱོད་ཀྱིས་རྩོལ་སྒྲུབ་སྣ་ཚོགས་ལ་བརྟེན་པ་ཧ་ཅང་ལེགས
ངས་ད་ལྟ་གྲིབ་གཟུགས་དང་འཁྲུལ་སྣང་གི་དུས་ཚོད་ལ་རོལ་ཆོག
འོན་ཀྱང་སྣང་ལ་མ་ངེས་པའི་ལོ་ཟླ་འདི་བཞུད་ཚེ
དམིགས་མེད་སྟོང་རྐྱང་ངང་ལུས་པ་ནི་སྙིང་ཉེ་བའི་ཁོ་རང་མ་ཡིན་ནམ
                         རྩོམ་སྒྲིག་པ། མྱི་གསར་བ།

           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease