རྫོང་སར་རྩོམ་རིག བཅད་རྩོམ་སྙན་ངག ༢

    མཆོད་མེ། འབར་བློ་དཀར། འདྲུ་བཀྲ་ཤིས་རྒྱལ། ཁྲག་གདོང་། ནག་པོ། མྱི་གསར་བ། ལྡན་མ་བསམ་དགའ།

རྫོང་སར་རྩོམ་རིག བཅད་རྩོམ་སྙན་ངག ༢

མཆོད་མེ། འབར་བློ་དཀར། འདྲུ་བཀྲ་ཤིས་རྒྱལ། ཁྲག་གདོང་།
                                   ནག་པོ། མྱི་གསར་བ། ལྡན་མ་བསམ་དགའ། 



                འབར་བློ་དཀར། ཕར་ཕྱིན་གོང་མ།

གཟེབ་ནང་གི་བྱེའུ།
 
འཁོར་བའི་གཟེབ་འདི་མི་ཆེ་མི་ཆུང་མོད།།
བྱེའུ་ཁྱེད་ཉིད་གནས་འདིར་ཡུན་རིང་ལུས།།
མུན་པའི་ནགས་ཚལ་སྐྱེས་ཤིང་འཇིག་པ་ལས།།
ཁྱེད་ཀྱིས་གང་ཡང་མ་མཐོང་མཐོང་མི་ཕོད།།
ཚེ་ཡི་སྐར་ཁུང་ནང་ནས་སྐབས་ལན་རེ།།
མངོན་ཆུང་ཚུལ་གྱིས་འཆར་བའི་ཟླ་བ་གང་།།
སྙིམ་པའི་མཐིལ་ལ་འཇོག་པར་འདོད་ན་ཡང་།།
བཟུང་ཙམ་བྱས་ཏེ་ཕྲལ་དུ་གཏོང་དགོས་བྱུང་།།
གློ་བུར་ཁྱེད་ཀྱི་གཟེབ་སྒོ་ཁྲོག་གེར་ཕྱེས།།
སྙིང་ལ་གཙེས་པའི་མུན་པ་རྒྱང་དུ་བྲོས།།
དེ་ལྟ་ན་ཡང་ཁྱེད་ཉིད་གང་ཞིག་ཏུ།།
འཕུར་དགོས་ཁ་ཚོན་མ་ཆོད་དེ་གར་ལྷག།
ཡུན་རིང་འཚོ་བའི་སྙིང་པོ་མ་རྙེད་པས།།
ཡུན་རིང་གསོན་པའི་འདུན་པ་མེད་པར་གྱུར།།
ཕྱི་རོལ་ལྟད་མོ་ཇི་ལྟར་མང་ན་ཡང་།།
ཁྱེད་ཀྱི་མིག་ཟུང་མུན་ནག་ལ་གོམས་པས།།
མུན་པའི་མཁར་གྱང་བརྒལ་ཏེ་འོད་སྣང་གི།
ཕྱོགས་སུ་བསྐྱོད་པའི་རེ་བའི་སེམས་ཤུགས་ཉམས།།
        2020 11 23
 

 
                ཚད་མ་གོང་མ། མཆོད་མེ། 


༡ གྲོགས་པོ།

ད་ནི་ཉི་འོད་འཕྲོས་པ་ཡི།།
དབྱར་ཀའི་ཡུལ་ལྗོངས་རོལ་བར་བྱས།།
ཆུ་བོ་ཅི་ཙམ་དྭངས་ནའང་།།
ང་རང་གྲོགས་པོ་ཁོ་ནར་དགའ།།

གྲོག་ཚང་རྡོལ་བའི་སྲབ་ཀ་རུ།།
བལྟ་བའི་ངལ་བ་ཁོ་ན་འདུག།།
རྔུལ་ཆུ་བཞུར་བའི་ངོ་གདོང་དང་།།
སེམས་ཉིད་དེ་ལྟར་ངལ་བར་གྱུར།།
 
དེ་ཚེ་མེ་ཏོག་ཚོམ་མེར་བཞད།།
འབྲུག་སྒྲ་དག་ཀྱང་རབ་ཏུ་སྒྲོགས།།
སྲོག་ཆགས་རིམ་གྱིས་འཕེལ་གྱུར་བས།།
གྲོགས་པོ་ཁོ་ནས་རང་ཉིད་སྲུང་།།
 
ལྕང་སྡོང་ཚང་ཚིང་རབ་རིབ་ཏུ།།
གྲིབ་མ་མཐུག་པོ་ཕུབ་གྱུར་ཀྱང་།།
རློན་པའི་ས་རྡུལ་ཆགས་པས་ན།།
ངལ་གསོའི་གནས་ནི་རྙེད་མ་གྱུར།།
 
མེ་ལྕེ་ལྟ་བུ་ཉི་འོད་འདི།།
ག་ས་གང་དུ་ཁྱབ་པར་གྱུར།།
བཏུང་བའི་ཆུ་དང་བྲལ་གྱུར་ན།།
འཆི་བའི་ཕྱོགས་སུ་ཆས་པར་ངེས།།
 
དེ་ལྟ་གྲོགས་ཁྱོད་འཛུམ་པ་གང་།།
གཏམ་གླེང་མང་པོ་མཛད་པས་ན།།
ངལ་བའི་ལུས་ནི་ངལ་མེད་གྱུར།།
སུན་པའི་བློ་ནི་མེད་པར་གྱུར།།
 
ཁྱོད་ནི་དེ་འདྲ་བླ་མེད་པ།།
བདེ་སྟེར་མཛའ་བརྩེ་ཕྱུགས་པས་ཅི།།
མཆོད་འོས་ཀུན་ལ་མཆོད་པར་བྱས།།
བསྔགས་འོས་ཀུན་ལ་བསྔགས་སམ་ཅི།།
 
ཡང་ན་རྒྱ་མཚོ་གཡོ་སྐྱོམ་བཞིན།།
ལྷད་མེད་སྤྲིན་པ་རུབ་པ་བཞིན།།
བདག་རང་མ་བཅོས་རང་མདངས་ཀྱི།།
མེ་ཏོག་གྲོལ་ལ་དགའ་བ་བཞིན།།
 
འདི་ཡི་ཕ་རོལ་རྒྱ་མཚོ་ལ།།
མི་ཤིགས་མཛའ་བརྩེ་ག་ཙམ་མཆིས།།
སྐྱེ་འཆི་མང་པོ་ཕྱིན་པའི་རྗེས།།
འུ་གཉིས་བསྐྱར་དུ་གང་ནས་འཕྲད།།
 
འདི་ནས་བརྒལ་བའི་ཕ་རོལ་དུ།།
སྲིད་པའི་གངས་རི་ཁོང་རང་བཞུགས།།
ཐལ་སྦྱར་བསྟོད་དབྱངས་དེ་ལ་མཆོད།།
མིག་ཆུ་ནང་དུ་བྱམས་བརྩེ་ལུད།།
              ༢༠༢༡/༥/༢༣

༢  གྲོགས་པོ།

ད་ཡང་ཁྱོད་ཉིད་གཉིད་སྟུག་ཆེན་པོ་ངང་།།
གོམ་པའི་འདེངས་འཇོག་ཞིག་ཀྱང་རྙེད་པར་གྱུར།།
མཛའ་བརྩེ་བློ་ནི་ཅུང་ཙམ་མ་ལྷོད་པར།།
བདག་རང་ཚོར་བ་ཞིག་གིས་ནོན་པར་གྱུར།།
 
མཁའ་ཡི་སྤྲིན་ནི་རྟག་ཏུ་མཁའ་རུ་རྒྱུ།།
ས་རྡུལ་རྩིགས་པའི་ས་ཡང་རབ་ཏུ་སྲ།།
དགའ་བའི་གླུ་ལ་ནམ་ཡང་སུན་པ་མེད།།
བདག་རང་དེ་འདྲའི་རྟག་པར་འཛིན་ལ་དད།།
 
ཞལ་མདངས་འཛུམ་པའི་བླ་མ་ཕེབས་པའི་རྗེས།།
མགོ་བོ་སྒུར་བའི་འུ་གཉིས་ཤིན་ཏུ་མཚུངས།།
བློ་ཡི་སྨུག་པ་འཁྲིག་པའི་རི་རབ་ལ།།
བདག་རང་ཇི་ལྟར་བགྲོད་པ་ཁྱོད་ཀྱིས་རྟོགས།།
 
སྲང་དུ་ཉུལ་བའི་བློ་ནི་ངལ་བས་མནར།།
གྲོགས་ཁྱོད་རྗེས་སུ་དབེན་པ་བསྟེན་ལ་བགྲོད།།
སྤྲིན་པ་རབ་རིབ་གསེང་གི་ཉི་འོད་ཀྱང་།།
ད་ནི་ནུབ་ཕྱོགས་བརྒལ་བའི་སྟ་གོན་བྱས།།
 
གཡེལ་དྲིལ་ཆུང་ཆུང་སྒྲ་ནི་བསམ་མི་ཁྱབ།།
གསེར་མདོག་འཕྲོ་བའི་འབྲོག་དགོན་ཤིན་ཏུ་མཛེས།།
བ་མོ་ལྟ་བུ་བུད་མེད་བགྲོད་གྱུར་ན།།
གྲོགས་ཁྱོད་ཅིའི་ཕྱིར་ཕྱིར་མིག་ཤོར་བ་ཡིན།།
 
མཁས་པ་སློབ་པའི་དུས་ནི་རིམ་གྱིས་འདས།།
སྟོང་བསམ་ཡང་ཡང་འཆོར་བཞིན་ན་ཚོད་རྫོགས།།
འུ་གཉིས་གདོང་ལ་གདོང་གཏད་དགའ་སྐྱོ་གླེང་།།
རེས་འགའ་སྙན་ངག་རེ་ལ་སྣང་བ་བཅོལ།།
                  ༢༠༢༡/༥/༢
 


                  འདྲུ་བཀྲ་ཤིས་རྒྱལ། འདུལ་བ་གོང་མ། 


མི་རྟག་པ།
 
དགའ་སྐྱོ་རླུང་བཞིན་གཡོ་བའི་མོད། །
འཁོར་བའི་རྒྱ་ལ་མཆན་ཞིག་བཏབ། །
རྣམ་གཡེང་གཤིས་ནི་རྨོངས་ན་ཡང་། །
འཆི་བ་མེ་ཏོག་རྙིད་པ་བཞིན། །
 
ཉི་ཟླའི་འཆར་ནུབ་ཟད་པའི་མཐར། །
སྣང་བའི་རིས་ནི་མུན་པས་བསྒྲིབས། །
གཤོག་པ་དབེན་པའི་སྲིན་འབུ་ཡང་། །
ཆུ་བོའི་རླབས་ལ་རྒོལ་བར་བྱེད། །

སྒྲ་ལ་ཉན་པ།                 
 
དུས་ལ་མེ་ཏོག་བཞད་པ་ཨ་རེ་མཚར། །
མི་ནི་ཆུ་བཞིན་འཁྱིལ་བ་ཡོད་རེ་སྐན། །
འཇིག་རྟེན་སྙིང་པོ་ཁྲ་ལེར་འཆར་བ་ན། །
བདག་གི་སྙིང་ལ་ཆུ་ཡི་ཟེགས་མ་ལྷུང་། །
 
 
འཛུམ་ཙམ་གྱིས་ན་སེམས་པ་ཡམ་ཡོམ་སྐྱོམ། །
རྣ་བའི་ངོས་སུ་འདྲིས་པའི་མི་ལྟར་འཁྱུད། །
            ༩༩༥/༣/༢༡ཉིན།


                 ཕར་ཕྱིན་འོག་མ། ཁྲག་གདོང་། 


 མེ་ལོང་དུ་བཞད་པའི་གར།

 
ལས་རླུང་གར་དུ་རྩེན་པའི་སྒྲ་དབྱངས་ཚོགས།།
གཡོ་ལྡེམ་རླབས་ཀྱིས་འཁུམ་པའི་ངག་རིག་ནི།།
སྒྱུ་འཕྲུལ་ཚོགས་སུ་བཏབ་པའི་སྨིན་གྲོལ་ཀུན།།
ཡང་དག་བརྗོད་པས་བརླན་པའི་ཡིད་འོང་རེ།།
ལྷན་སྐྱེས་གཤིས་སུ་ཆགས་པའི་དགའ་བ་དེས།།
ཚུགས་ཀའི་གྲིབ་མ་འབོར་བ་ལྷུན་སྟུག་པའི།།
བསླུ་མེད་དབྱངས་ཀྱི་མཆོད་པ་སེམས་སུ་འཛུམ།།
ལེགས་ལྡན་ངག་གི་ཕྲེང་བ་མདངས་ཀྱིས་ཕྱུག།
 
བདེ་དགའི་སྣང་བ་བཏེགས་པའི་ཡུལ་གྲུ་ནས།།
ཞེན་ཆགས་ཚོགས་སུ་སྤུངས་ཏེ་ཡིད་དུ་བཟུང་།།
བརྩེ་བའི་མཆོད་སྡོང་བཀོད་པའི་སྤྲིན་པ་བཞིན།།
རྨད་བྱུང་ཚོར་འདུ་ཁྲོད་ནས་དལ་གྱིས་འཕགས།།
དགེ་མཚན་སྟོང་གི་དབྱངས་འགྲོས་ངང་དུ་དེད།།
ཞལ་འཛུམ་པད་མའི་དཀྱིལ་དུ་ཕུན་ཚོགས་རྒྱས།།
བདེ་ལེགས་གཡང་གི་གཟི་མདངས་གང་དུ་ཐོཊ།།
ལེཊ་སྨོན་བརྒྱ་ཕྲག་བརྡལ་བའི་བྱིན་རླབས་ཆཊ།།
 
དགེ་བའི་ངོ་མཚར་བལྟམས་པ་འཁོར་བའི་ཁྲོད།།
ཕུན་ཚོགས་གངས་རླུང་ཐན་ཐུན་དགའ་བས་རྩེ།།
མཛེས་པའི་རྒྱན་དུ་འཆང་བ་དཔལ་ཞིང་བརྗིད།།
ལེགས་བྱས་སྟོང་གི་འཆར་ཡན་གཟུགས་སུ་གྲུབ།།
རྣན་དག་དུངས་བརྗོད་རེ་ཁར་མཛེས་སྡུག་ཀླུབ།།
མ་བཅོས་ཉམས་སྣང་དེ་ལས་རྟོག་བཏགས་བྲལ།།
ཕུལ་བྱུང་མཚམས་སྤྲིན་བཞིན་དུ་མངོན་སྒེག་ཅིང་།།
ཚོར་བྱུང་ཨ་འགྲིག་ཆ་འགྲིག་ལེགས་པས་དཔྱངས།།
                  2021 4 17 རྒོངས་མོར།
 
སྨྲེང་ཞེན་ནང་གི་སྒྲ།
 
ངོ་མཚར་ལས་ཀྱི་བཀོད་པ་གང་ནས་རྙེད།།
འཆར་ཡན་ཀློང་དུ་སྦང་པའི་རྩྭ་ལྡུམ་རེར།།
འཕྱོང་རྒྱས་མེ་ཏོག་ཚོགས་སུ་སྨྲེང་བ་དེས།།
ཡོད་མེད་སྒྲོ་སྐུར་མཐའ་ཡི་གཟེབ་ཏུ་ཚུད།།
གླེང་མོལ་བརྒྱ་ཕྲག་བརྒལ་བ་ཡིན་ན་འང་།།
བརྩེ་བའི་མིག་ཟུང་གཉོམ་པའི་ཡིད་དེ་སྐྱིད།།
 
ཡིད་འཕྲོག་ཟླ་བའི་འཛུམ་པ་འོད་དུ་འཚེར།།
རྣམ་འགྱུར་རེས་གསལ་རེས་མོག་ཅི་ཞིག་སྟེ།།
ཕུལ་བྱུང་ཚོར་འདུ་འབབ་པའི་ལོ་ཟླ་ལས།།
ངག་རིག་གང་དུ་འཕྲོ་བ་ལས་ཀྱིས་བསྒྲིགས།།
 
ཟག་མེད་ཆོ་འཕྲུལ་དེ་ལས་སྣ་ཚོགས་དྲན།།
མཚན་མོའི་སྙན་ངག་བྲིས་ཀྱང་བརྗོད་བྱ་ནི།།
སྙིང་ཤ་ཀླད་དུ་འཁུན་པའི་ཚོར་བའི་རླབས།།
ཡུན་རིང་ལས་སྐལ་འོག་གི་སྨྲེང་ཞེན་ལས།།
ཕན་ཚུལ་ངོས་ལྐོག་བྲལ་བ་གཟོད་ནས་ཚོར།།
རྟོག་འཆར་ལང་ཚོའི་ཟིན་པ་དགེ་བར་སྨིན།།
                2021 4 25 མཚན་མོར།

                       ཕར་ཕྱིན་འོག་མ། ནག་པོ། 

མིང་མེད། 
 
ཡིད་ཀྱི་རྟ་མཆོག་འགྱེལ་བའི་ངང་ཚུལ་ལས། ། 
ཕྱི་ཡི་རྫོང་ལ་སྟོན་ཁ་ཆ་ཚང་འཆར། ། 
སེམས་པ་ཚོན་རྩིའི་ཕྱུག་པའི་ཐང་གཞུང་ལ། ། 
མེ་ཏོག་མང་བ་བརྒྱན་པའི་བསིལ་རླུང་ཡན། ། 
གཞུག་མར་སེམས་ཀྱི་ངོགས་ལ་བུ་ག་བཏོལ། ། 
ཚིག་གི་བུང་བ་དངན་པའི་རི་ལ་ཡན། ། 
ངག་གི་བྲག་ཅ་སེམས་ཀྱི་རྒྱ་མཚོར་ལྕེབ། ། 
 
སྣང་བ་ཡན་པོ་རྒྱུ་མའི་གར་ལ་མཆོང་། ། 
གར་མའི་ཁྱོན་ཡང་སྣང་བ་བན་བུན་ལྡག ། 
བདག་གི་ཇ་ཕོར་ཁ་ལ་འབོག་པ་ནི། ། 
ཁེར་རྐྱང་རྒྱ་མཚོ་བཀྱག་པའི་རླབས་ཕྲན་མོག ། 
སྨེང་བ་གདོང་ལ་འཕྱུར་བའི་ཚིག་ཀ་ནས། ། 
མཚན་མོ་ཡོལ་བའི་ངོགས་ལ་འཕྲོ་བ་ཡི། ། 
ཟླ་འོད་དེས་ཀྱང་ཁེར་རྐྱང་ཆ་ཚང་འཆད། ། 
             ༢༠༢༡/༥/༢༢
 


                 ལྡན་མ་བསམ་དགའ། ཕར་ཕྱིན་གོང་མ། 

བཅོམ་ལྡན་འདས།།
 
མི་ཡི་ཚེ་ལོ་བརྒྱ་པའི་དུས།།
འདུ་ཤེས་མི་གཡོ་བཅོམ་ལྡན་འདས།།
རྒྱུ་སྐར་ས་ག་འཆར་བའི་ཉིན།།
སྐུ་ཡི་འོད་ཟེར་འཕྲོ་བ་ནི།།
སྐར་མ་སྟོང་ཕྲག་ཤར་བ་བཞིན།།
ཁྱེད་ནི་སྡོང་པོ་གཅིག་གི་དྲུང་།།
ཞབས་ཀྱི་མདུད་པ་མ་བཀྲོལ་བ།།
ཐར་བའི་ས་མཁན་ཉག་གཅིག་གྱུར།།
 
དམིགས་མེད་ཐུགས་རྗེའི་བདག་ཉིད་ཅན།།
གནས་ལུགས་དོན་གྱི་ལྷ་ཆེན་པོ།།
རླབས་ཆེན་མཁྱེན་པའི་རྩིབས་སྟོང་ལྡན།།
སྒྲིབ་གཉིས་སྐྱོན་རྣམས་མ་ལུས་སྤངས།།
ཇི་ལྟ་ཇི་སྙེད་མཁྱེན་པའི་བློ།།
མ་བཅོས་ལྷུན་གྲུབ་དཔལ་མངའ་བ།།
ཤེས་བྱའི་མཁའ་ལ་རབ་བགྲོད་དེ།།
མི་འཇིགས་བཞི་ཡི་ཆོས་འཁོར་བསྐོར།།
 
བདག་རྒྱུད་ཉོན་མོངས་ཡོངས་སྒྲིབ་པས།།
རིག་པའི་ལང་ཚོ་ཕྲ་བའི་ངས།།
ཁྱོད་ཞབས་པད་མོ་སྤྱི་བོས་གུས།།
མ་རིག་སྨག་རིམ་སྟུག་པོའི་ཁྲོད།།
བདག་བློའི་རྨོངས་པ་བསྒྲལ་བའི་ཕྱིར།།
ཤེས་རབ་རི་མཚོན་འཕྱར་ནས་ཤོག།
བདག་གི་སྤྱི་བོར་མྱུར་བར་བྱོན།།
མེ་ཏོག་པད་མའི་ཁྲི་ལ་བྱོན།།
        2021/5/24


              ཕར་ཕྱིན་གོང་མ། མྱི་གསར་བ།


ཡུལ་བྱེ་བྲག་པའི་ངོ་བོ།
 
ཡུལ་འདིའི་ནམ་མཁའ་སྔོ་ཐག་མི་ཆོད་ལ།།
ཡུལ་འདིའི་ཉི་མ་དམར་ཐག་མི་ཆོད་མོད།།
ཡུལ་འདི་མཚོ་བྲག་གཉིས་ཀྱི་བར་ན་ཡོད།།
ཡུལ་འདི་སྨུག་སྤྲིན་གཉིས་ཀྱི་ཀློང་ན་ཡོད།།
ཡུལ་འདི་ཆུ་སྲིན་བཞིན་དུ་ཉལ་ཡོད་ཅིང་།།
ཡུལ་འདི་ཉ་མོ་བཞིན་དུ་འཁྱུག་ཡོད་པས།།
ཡུལ་འདི་བྱང་ཤར་མཚམས་ཀྱི་རི་མོ་ཡིན།།
ཡུལ་འདི་རྒྱ་མཚོའི་འགྲམ་གྱི་སྐྱ་ཐིགས་ཡིན།།
 
ཡུལ་འདིའི་མཛེས་པ་སེམས་ཀྱི་ན་ཚ་དང་།།
ཡུལ་འདིའི་དྲན་པ་སྨྲེང་བའི་རོལ་མོ་བཞིན།།
ཡུལ་འདི་གྱེས་བྲལ་བྱུང་བའི་ཁྲུང་ཁྲུང་ཡིན།།
ཡུལ་འདི་འཆི་བར་ཕྱོགས་པའི་ཉི་ནུབ་ཡིན།།
ཡུལ་འདི་རྨི་ལམ་རབ་རིབ་མཚོན་བྱེད་དང་།།
ཡུལ་འདི་དུས་ཚོད་སྟོང་བའི་ཉིན་མཚན་ལྟར།།
ཡུལ་འདི་སྐྱེ་འཆི་འཚོལ་བའི་དུས་ཚུགས་ཏེ།།
ཡུལ་འདི་མཇུག་མཐའི་མི་ཡི་མཛེས་པ་ལགས།།
 
ཡུལ་འདི་རི་ཁྲོད་འགྲིམ་པའི"མི་ལ"ཡིན།།
ཡུལ་འདི་སྙན་ངག་འཁྲུངས་བའི་ཨ་མ་ཡིན།།
            རྩོམ་སྒྲིག་པ། མྱི་གསར་བ།

           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease