རྫོང་སར་རྩོམ་རིག རང་མོས་སྙན་ངག ༢

    མིག་གསུམ་པ། གྲོལ། མེ་ཁོལ། བྱང་དུར་འདྲེ། ངར་བ། མཆོད་མེ། མྱི་གསར་བ།

རྫོང་སར་རྩོམ་རིག རང་མོས་སྙན་ངག ༢

     མིག་གསུམ་པ། གྲོལ། མེ་ཁོལ། བྱང་དུར་འདྲེ། ངར་བ། མཆོད་མེ། མྱི་གསར་བ། 


       ང་རང་སྨྲེ་ངག་དང་སྐྱོ་གདུང་གིས་མནར་ཐེངས་རེར་སྙན་ངག་ནི་ནམ་རྒྱུན་ངའི་གམ་ན་འདུག་་་དེ་བས་སྙན་ངག་ནི་ངའི་བློས་ཐུབ་ཀྱི་གྲོགས་དེ་ཡིན་པར་འདོད
             བྱང་དུར་འདྲེ། མངོན་པ་འོག་མ། 
 
ཆིག་ལབ ཞར་བཀོད་གཅིག
 
ང་རང་འཁྲུལ་བ་མིན་ན
མེ་ཏོག་དེའི་འདབ་མ་ཁ་ཤས་ལས་རྙིང་དྲི་འཐིལ་ཞིང
འདབ་མ་ཁ་ཤས་ལས་ཚེར་མ་སྐྱེ་བཞིན་འདུག
གལ་ཏེ་དེ་ལྟར་ན
ངས་ཁེར་རྐྱང་ཞེས་པའི་དགུན་གྱི་གྲང་ངར་དེར་སེམས་པ་བཏོད་དེ
ང་རང་སྐྱོ་བའི་ཟོལ་གྱིས
སེམས་པ་ངུས་པའི་མིག་ཆུ་ཁོ་ན་འཐུང་ནས་སྡོད་དགོས་པ་འདྲ
 
ང་རང་འཁྲུལ་བ་མིན་ན
མེ་ཏོག་དེའི་འདབ་མ་ཁ་ཤས་ཀྱིས་ཁ་དོག་བརྗེ་ཞིང
འདབ་མ་ཁ་ཤས་ཀྱིས་གྱེས་བརྡ་གཏོང་བཞིན་འདུག
གལ་ཏེ་དེ་ལྟར་ན
ངས་རེ་ཆད་ཀྱི་སེམས་པ་སྙི་མོ་དེ་མདུན་དུ་བཤམ་སྟེ
ང་རང་སྐྱོ་བའི་ཟིལ་གྱིས
རྨས་མ་ལྟ་བུའི་འཕྲིན་ཡིག་ཁོ་ན་འབྲི་ནས་སྡོད་དགོས་པ་འདྲ
                        ༢༠༢༠-༡༢-༡༤
མིང་མེད
 
དུས་ཆད་སྟེང་གི་མཇལ་འཛོམས་དེ
གློ་བུར་བའི་ཐུག་འཕྲད་མིན་ཀྱང
གློ་བུར་བའི་ཚོར་བ་ཡོད་དོན་ཅི་རེད
 
གསོན་ཤུགས་མེད་པའི་སྐད་ཆ་ཁ་ཤས
ཆར་བ་ལྟར་ཤུགས་ཀྱིས་འབབ་ཀྱང
ལྡེམ་མྱུར་གྱི་ཐག་སྒྲ་མེད་དོན་ཅི་རེད
 
གྱེས་ཁའི་དར་སྐུད་ཀྱི་སྣེ་མོར
བརྩེ་བ་དང་ཕྱི་མིག་མེད་ཀྱང
གྱེས་པ་ལ་སེམས་ངལ་འཁོར་དོན་ཅི་རེད
                          ༢༠༢༡-༢-༡༧

       མི་ནི་ཆགས་སྡང་སྐྱེན་ཞིང་འདུ་འབྲལ་མྱུར་བས། ཁྱོད་ཀྱི་གཏན་གྲོགས་སུ་ནམ་ཡང་མི་འོས། དེས་ན་ཁྱོད་ཀྱིས་དགའ་དུས་དགོད་ས་དང་། སྡུག་དུས་ངུ་སའི་གཏན་གྲོགས་ཤིག་བཙལ་དགོས་ཚེ། མིའི་འཇིག་རྟེན་འདི་ན་རྩོམ་རིག་ལས་མེད་དོ། 
      ཚེ་སྲོག་ནི་རླུང་ཁའི་མར་མེ་བཞིན་དུ་རྟག་བརྟན་མེད་པས། ཁྱོད་རང་འཇིག་རྟེན་འདི་ནས་དུས་ངེས་མེད་དུ་ཁ་འབྲལ་སྲིད། དེའི་ཚེ་དེའི་དུས་ན། ཁྱོད་ཀྱིས་མི་ཚེ་གཅིག་ལ་བསགས་པའི་ཤེས་རབ་ཀྱི་བང་མཛོད་ནི། རྩོམ་རིག་མ་གཏོགས་སུས་ཀྱང་བདག་སྐྱོང་མི་ཐུབ།
            མིག་གསུམ་པ། འདུལ་བ་གོང་མ།

སྐྱ་ཀ་གྲག་བྱུང་།  མགྲོན་པོ་ཕེབས་མ་བྱུང་། 
སྐྱ་ཀ་ལྗོན་པའི་རྩེ་ལ་བབས་ཏེ།
མཚམས་འཇོག་མེད་པར་གྲག་ཐེངས་རེ་རེར།
ངས་ལག་མཐིལ་དཔྲལ་བར་བཀར་ནས།
རྒྱང་རིང་གི་གཞུང་ལམ་སྣེ་རུ་མིག་མྱུལ་བྱེད་པ་ཡིན།
རྒྱང་རིང་གི་མགྲོན་པོ་དེ་ཕེབས་སྒུག་བྱེད་པ་ཡིན།
 
སྐྱ་ཀ་གློག་ཀའི་ཟོམ་དུ་བབས་ཏེ།
ངུ་མ་དགོད་ཀྱི་གྲག་ཐེངས་རེ་རེར།
ངས་ལ་ཁའི་ཉག་ག་ལ་མིག་ཟུང་ཅེར་ནས།
རྨི་ལམ་དུ་ཡང་ཡང་མཇལ་བའི་མགྲོན་པོ་དེ།
ལོག་ཕེབས་ཡོང་བར་རེ་སྒུག་བྱེད་པ་ཡིན།
 
སྐྱ་ཀ་ར་བའི་གྱང་ཁ་ལ་བབས་ཏེ།
སྐྱིད་སྡུག་འདྲེས་མར་གྲག་ཐེངས་རེ་རེར།
ངས་མདུན་རི་འཕྲེད་དུ་བཅད་པའི་རྐང་ལམ་ལ་གཟས་ནས།
དཔེ་དེབ་ནང་ནས་ང་ཤེས་པའི་ཁེར་རྐྱང་གི་མགྲོན་པོ་དེ།
ཚུར་ལའང་གངས་རིར་བརྒལ་ནས་ཕེབས་སྒུག་བྱེད་པ་ཡིན།
 
སྐྱ་ཀ་ཤག་གི་ཉེ་འགྲམ་དུ་བབས་ཏེ།
རྒྱུས་ཡོད་ཀྱི་ཀི་སྒྲ་གྲག་ཐེངས་རེ་རེར།
ངས་ཕྱོགས་བཞི་མཚམས་བརྒྱད་ལ་བལྟས་ནས།
བྱིས་དུས་ནས་སེམས་སུ་འཁྱིལ་བའི་ཡུལ་གྱར་གྱི་མགྲོན་པོ་དེ།
གནའ་གྲོང་གི་ཕ་གཞིས་སུ་ཕེབས་པར་རེ་སྒུག་བྱེད་པ་ཡིན།
 
སྐྱ་ཀ་ཡང་ཡང་གྲག་བྱུང་།
 
མགྲོན་པོ་ད་དུང་ཕེབས་མ་བྱུང་།
 
" ཨ་མ།   སྐྱ་ཀ་གྲག་དུས།
མགྲོན་པོ་འདང་ཆེན་ཞིག་ཕེབས་ཡོང་བ་མ་ཡིན་ནམ།  "
                    ༢༠༡༨——༡༢—༨ ཉིན་སྐྱ་ཀ་གྲག་དུས།


       ངས་སྙན་ངག་ནི་ནང་སེམས་ཀྱི་རོལ་མོ་དཀྲོལ་སྟངས་ཤིག་ལ་ངོས་འཛིན་བྱས་ཡོད།  འདི་ལ་ཐུན་མོང་མ་ཡིན་པའི་ཆ་རྐྱེན་ཞིག་དགོས་པ་ནི།  མི་རང་ཉིད་ལ་ལྷན་སྐྱེས་ཀྱི་སེམས་ཁམས་ཤིག་དང་།  ཡང་ན།  ཁེར་རྐྱང་དང་།  སྐྱོ་སྣང་ཡི་ཆད་སོགས་ཀྱིས་རྐྱེན་བྱས་ཏེ།  དེ་དག་གི་བསྡུས་གཟུགས་ལས་བྱུང་བའི་ཁྱད་དུ་འཕགས་པའི་སྙན་ངག་ལེགས་པོ་རེ་གྲུབ་ཐུབ་པར་ངོས་འཛིན་བྱས་ཡོད།
               རི་སྤྱང་།  ཕར་ཕྱིན་འོག་མ།
སྙིང་ཉེ། ཞར་བཀོད་གཅིག
 
ཁྱེད་ཀྱི་ངག་གི་སྒོ་མོ་ལས།
ཤིན་ཏུ་གཙང་བའི་ཐ་སྙད་ཀྱི་ཆར་བ་བབ་བྱུང་།
ཟླ་བདུན་པའི་དབྱར་གཞུང་གི་ཆར་བ་ལས་ཀྱང་གཙང་།
སྐྱོ་གདུང་གིས་མནར་བའི་ང་ཡི་སྐོམ་པ་སེལ་རོགས་ཞུ། 
 
སྙིང་ཉེ།
ཁྱོད་ཀྱི་དྭངས་གཙང་གི་རྨི་ལམ་ནང་དུ།
ངས་མཇམ་མཉེན་གྱིས་ཕྱག་ཟུངས་བསྐྱང་འདོད།
འོན་ཀྱང་།  ཁྱེད་རང་སུ་ལའང་ཐུག་མྱོང་མེད་པའི་བྱེའུ་ཆུང་ལྟར
བར་སྣང་དུ་དལ་མོར་འཕུར་འགྲོ་བར་ང་ཧ་ཅང་སྐྲག
 
ཁོ་མོ།
 
ཁོ་མོ་ངའི་སེམས་ཀྱི་བང་རིམ་དུ།
ཡིད་འོང་གི་ཁ་བ་ལྟར་ལྷབ་ལྷུབ་ཏུ་བབ་བྱུང་།
ངའི་བྱང་ཁོག་ཏུ་ལོ་ངོ་དུ་མར་འཁྲིག་པའི་སྐྱོ་གདུང་གི་ན་བུན།
ཁྱོད་ཀྱིས་བརྩེ་འཛུམས་ཀྱི་འདབ་མ་ལྷུག་པོར་བཞད་པས།
རིམ་བཞིན་བར་སྣང་དུ་དལ་གྱིས་ཡལ་སོང་།
 
ཁྱོད་ཀྱི་སེམས་ནང་གི་བརྩེ་བ་དང་ལག་ཟུང་གི་མེ་ཏོག
ངའི་མིག་ལམ་དུ་ཚིག་དང་ཐ་སྙད་ཀྱིས་མཚོན་པར་མི་ནུས་པའི།
སྟོང་པའི་དབྱིངས་ཀྱི་ནམ་མཁའ་ཆེན་པོ་ཞིག་གོ  །
 
       སྙན་ངག་ནི་མཛེས་སྡུག་དང་མཚར་སྡུག་འཛོམས་པའི་འཇིག་རྟེན་གྱི་གཡུང་དྲུང་ཡིན་ཞིང་། གདུག་རྩུབ་དང་སྐྱོ་གདུང་གི་ཡི་མུག་མོད་པའི་འཇིག་རྟེན་ཁུ་སིམ་པའི་གནས་མལ་ཡང་ཡིན།
            མེ་ཁོལ། ཕར་ཕྱིན་གོང་མ།

སྒྱུ་འཕྲུལ།
 
ཁྱོད་ཉིད་ངས་ལག་པས་བསྙབས་ཀྱང་ཟིན་དུ་མེད་པའི་སྒྱུ་འཕྲུལ་དེ་གྱུར་སོང་།
                                
བདག་གི་སྣང་ངོར
ཁྱོད་ནི་བྱ་ཁྱུ་ཞིག
འབྱམས་ཀླས་ཀྱི་ནམ་མཁའ་ན་འཕུར
ཁང་བའི་བྱ་འདབ་ཏུ
ངས་ནགས་ཀླུང་གི་ལྗོན་ཚལ་བསྐྲུན
 
བདག་གི་སྣང་ངོར
ཁྱོད་ནི་ཟླ་འོད་ཀློང་གི་སྐར་འོད་ཕྲན་ཙམ་ཞིག
རྒྱང་རིང་ནས་འཛུམ་འཚེར་འཚེར
མཚན་སྨག་གི་སྒེའུ་འགྲམ་ནས
ངས་འདར་ཡོམ་དེ་སྙིང་ལ་སྐྱོམ་པར་བྱས
 
བདག་གི་སྣང་ངོར
ཁྱོད་ནི་གཙང་བོ་འཁྱུག་འབབ་ཅིག
ཞི་འཇམ་གྱིས་རྒྱང་དུ་བྱེར་ཅིང་བཞུར
ཁྱོན་ཆེ་བའི་ལུང་མདོ་དེ་རུ
ངས་གཙང་བོ་འགོག་པའི་ཁྱོ་བ་བསྲིངས
 
བདག་གི་སྣང་ངོར
ཁྱོད་ནི་དབྱངས་ཀྱི་རྣམ་ཤེས་ཤིག
ཚོར་འདུའི་རླབས་རྒྱུན་ལ་ངང་གིས་འདྲེས
ཡིད་ཁམས་རྒྱ་མཚོ་མཁའ་ནས
ངས་དབྱངས་ཀྱི་འཇུར་མིག་ཏུ་ཐོགས་འདོད་བྱས
 
བདག་གི་སྣང་ངོར
ཁྱོད་ནི་སྒྱུ་འཕྲུལ་ཞིག
བདག་གི་སྲོག་ལ་འཐམ་པའི་སྒྱུ་འཕྲུལ་དེ
འཆར་ཡན་དང་རྨི་ལམ་བར་ནས
ངས་སྒྱུ་འཕྲུལ་གྱི་འཁྲུལ་སྣང་ཁོ་ནར་རོལ
       སྙན་ངག་ནི་རང་གི་སེམས་ཀྱི་དགའ་མ་སྟེ  ཚོར་བ་དང་ཚོར་བས་སྦྲེལ་ནས་འདུག་གོ
              མཆོད་མེ། ཚད་མ་གོང་མ།

འཚོ་གཞེས།
 
ང་ཡིས་ས་མཐའ་དང་རི་གྲོང་གི་བཅོམ་པའི་འཚོ་གཞེས་ཤིག་རོལ
འཚོ་གཞེས་ལས་ཕྱིར་ཟློག་ཐབས་མ་རྙེད
 
འཚོ་གཞེས་དེས་ང་ཡི་དུས་ཚོད་ཁྱེར  
ན་ཚོད་ཁྱེར གཏིང་ཟབ་པའི་ཁེར་རྐྱང་གི་རྨི་ལམ་ཁྱེར
 
འཚོ་གཞེས་དེས་ལོ་ཟླའི་རྒྱབ་གཟུགས་འཇོག  
རྨི་ལམ་གྱི་ཤུན་པགས་འཇོག  བར་ཐག་འཇོག  འཇིག་སླ་བའི་ཁུ་སིམ་འཇོག
 
འཇག་ཐབས་མེད་ལ  སླར་ཡང་རོལ་བཞིན་པའི་འཚོ་གཞེས
བར་སྣང་གི་ཁ་གཏད་དུ་ཡང་ཡང་སྨོན་ས་མི་རྙེད་པའི་ཁ་ཕྱོགས
 
འཚོ་གཞེས་ནི་དུས་ཚོད་ཀྱི་ཆག་གྲུམ་ཤོར་བཞིན་པ་ལ་ཟེར
དབྱར་དགུན་སྟོན་དཔྱིད་ཡང་ཡང་མངོན་པའམ་མི་མངོན་པ་ལ་ཟེར
ན་གཞོན་གྱི་བསླུ་བྲིད་དང་སྒྱིད་ལུག་ཀྱི་རང་མདངས་ལ་ཟེར
འཚོ་གཞེས་ནི་གྱང་ཆག་གྲུ་བཞིའི་ནང་དུ་རྨི་ལམ་འཇོག་པ་ལ་ཟེར
དེ་མིན་མཐའ་ཡས་པའི་བསམ་བློ་དང་ཤོང་ཐབས་མེད་པའི་དོན་རྐྱེན་ལ་ཡང་ཟེར
                                      ༢༠༢༡ ༣ ༩

       ང་ལ་མཚོན་ན་རྩོམ་རིག་ནི། ནམ་ཞར་དུ་སྐྱོ་བའི་དུས་ན་མིག་ཆུ་གཏོང་རོགས་དང་།  དགའ་བའི་དུས་སུ་སྐྱིད་གླུ་ལེན་རོགས་ཤིག་ཏུ་འདོད་ཡོད། དེ་བས་རྩོམ་རིག་གི་གོམ་ཁ་སྔར་བཞིན་ལྷོད་ཐབས་མི་འདུག   

                   གྲོལ།  ཕར་ཕྱིན་འོག་མ། 
ཁེར་རྐྱང་གི་གཤོག་པ། ཞར་བཀོད་གཅིག
    
ང་རང་ལྷིང་འཇགས་ཀྱི་འཁོར་ཡུག་འདི་དང་ལྷན་དུ
ཉི་ནུབ་ཀྱི་སོ་ཁ་ནས   མུན་པར་ཕྱོགས་ཀྱིན་ཡོད
སེམས་ཀྱི་རེ་བ་དང་སྨོན་པ་ཡོད་ཚད་མུན་པར་གཏད་དེ
མུན་པའི་ནང་དུ་ལག་སྙོབ་བྱེད་བཞིན་ཡོད
 
གློ་བུར  གློ་བུར  ངའི་ནང་སེམས་སུ
སྐྱོ་བ་ཞིག་འཁོར་ཡོང  སྨྲེང་བ་ཞིག་ཀྱང་འཁོར་ཡོང
ངས་འདས་སོང་གི་དྲན་པ་རེ་རེ་ལག་པས་བྱིལ་བྱིལ་བཏང་སྟེ
སྙིང་ཉེ་བའི་ཐ་སྙད་དག་གིས 
གཉུག་གཤིས་མཚོན་བྱེད་ཀྱི་རི་མོ་ཞིག་བཏབ་པ་ཡིན
 
དེའི་རྗེས་སུ  ང་ལ་གཤོག་པ་ཞིག་ཐོགས་བྱུང
གཟུགས་མེད་ཀྱི་གཤོག་པ་ཞིག་ཐོགས་བྱུང
ངས་གཤོག་པ་དེ་ལ   ཁེར་རྐྱང་གི་གཤོག་པ་བཏགས
                       ༢༠༢༡  ༤  ༧མཚན་མོ།
མིང་མེད།
 
ཆང་དང་སྙན་ངག་པའི་མཚན་མོ
མགྲིན་པ་ཐལ་རྡུལ་གྱིས་འཚངས་རུང
ངས་རྒྱང་རིང་ཅེར་ཏེ  སྣ་གླུ་རེ་འཐེན་བཞིན
སྙན་ངག་ཅིག་འབྲི་བར་བློས་བསླངས་བྱས
 
གལ་ཏེ   ངའི་མགྲིན་པ་འདི
ཆང་རག་གི་ལན་གཅིག་བཙོས་པས
ངག་གི་སྒྲིབ་པ་མཐའ་དག་ལྷག་མེད་དུ་འདག་ན
ང་ཡིས་དབེན་སིམ་གྱི་རི་གྲོང་ཀུན་ཏུ
ཚེ་སྲོག་གི་གཉུག་གཤིས་མཚོན་པའི་སྙན་ངག་རེ་གྱེར་ངེས 
                            ༢༠༢༡  ༣  ༢༧


       ད་ལྟ་ངས་འཆི་བ་བརྗེད་ཟིན།  གསོན་པ་བརྗེད་ཟིན།  ཉི་འོད་བརྗེད་ཟིན།  གནས་ལུགས་བརྗེད་ཟིན།  འོན་ཀྱང་རྒྱང་རིང་དུ་ལུས་པའི་སྙན་ངག་གི་བརྩེ་བ་ཡང་ཡང་དྲན་དགོས་བྱུང་། 

               མྱི་གསར་བ། ཕར་ཕྱིན་གོང་མ།

མྱ་ངམ་ཐང་། 
 
འཚོ་བའི་ཕྱི་རོལ་ནི་མྱ་ངམ་ཐང་དང
འཚོ་བའི་ནང་ལོག་ནི་མྱ་ངམ་ཐང་རེད
སེམས་ཀྱིས་ཡང་ཡང་སྐོར་བའི་མྱ་ངམ་ཐང་འདི
སྐྱེ་བ་གཅིག་ལ་བརྒལ་ཐབས་དཀའ་བའི་འཚོ་བའི་གཏམ་རྒྱུད་ཙམ
 
མྱ་ངམ་ཐང་གི་སློབ་དཔོན་དང་སྨད་འཚོང་མ
མྱ་ངམ་ཐང་གི་ཕྱུགས་བདག་དང་དཔེ་ཆ་བ
ཨུ་ཚིགས་ཀྱིས་ངང་སང་ཉིན་གྱི་འོད་སྣང་ལ་སྒུག་པའི་བྱིས་པའོ
 
སྙན་ངག་པས་བཤད་ན
མྱ་ངམ་ཐང་གི་སྦྲུལ་ཁྲ་བོ་མྱ་ངམ་ཐང་གི་མཚོན་རྟགས་རེད
སློབ་དཔོན་གྱིས་བཤད་ན
མྱ་ངམ་ཐང་གི་སྦྲུལ་ཁྲ་བོ་མྱ་ངམ་ཐང་གི་བདག་པོ་རེད
 
འོན་ཀྱང་འཇིག་རྟེན་འདིའི་གནས་ལུགས་ཀྱི་ཚིག་མཛོད་ནང་དུ
མྱ་ངམ་ཐང་ལས་བརྒལ་བའི་ཐ་སྙད་ཅིག་མི་འདུག
                        ༢༠༢༡  ༡  ༢
                         རྩོམ་སྒྲིག་པ། མྱི་གསར་བ།

           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease