རྫོང་སར་རྩོམ་རིག ལྷུག་རྩོམ། ༡

    བོད་ཁམས་པ། འདྲུ་བཀྲིས་རྒྱལ། མིག་གསུམ་པ། མྱི་གསར་བ།

རྫོང་སར་རྩོམ་རིག  ལྷུག་རྩོམ།

       བོད་ཁམས་པ།  འདྲུ་བཀྲ་ཤིས་རྒྱལ།  མགར་པདྨ།  མྱི་གསར་བ།  

མནོ་བསམ་བཏང་བའི་རིས།

                           འདྲུ་བཀྲ་ཤིས་རྒྱལ།  
      མེ་ཏོག་ཅིག་འདབ་བརྒྱ་ལྷུག་པར་གྲོལ་བ་ལྟར་དུ།  ཁྱེད་ཅག་གི་འཛུམ་ཞལ་མངོན་པར་བཞད།  རེ་དོགས་ཀྱི་འཚོ་བའི་གཞི་མ་ནས།  རྣམ་རྟོག་གི་བུ་ག་ཇེ་ཆེར་རྒྱས་ཏེ།  གཏན་དུ་ཐ་སྙད་ཀྱིས་མཚོན་ཐབས་བྲལ་བ་གང་དག་རྣམ་པར་སྤུངས།  རྩོལ་བས་ཁྱེད་ཅག་ལ་བསྙད་བསམ་པ།  ངའི་སེམས་པའི་ཕྱི་ནང་དུ་དོད་པའི་རི་མོ་སྣ་ཚོགས་པ་དེའོ། །
 
      གསལ་པོར་མི་མངོན་པའི་རྒྱབ་གཟུགས་གཅིག་ལྟར།  ངས་སུ་ཞིག་ལའང་རེ་སྒུག་མ་བྱས་པར།  ཧ་ཅང་ཉམ་ཐག་ནའང་།  རང་ཉིད་ཀྱི་ལམ་སྣེ་ཡངས་པོར་ཕྱེ་སྟེ།  འབད་པས་དཀའ་བ་གང་དག་དང་དུ་བླངས།  བརྗེད་པར་དཀའ་བའི་འཚོ་བའི་ངོ་རིས་རེ་རེར།  ངས་མི་ཚེའི་མདུན་མ་གྲབས་སུ་བཤམས་བཞིན།  དེ་དང་བར་ཐག་ཉེ་བའི་ས་ཚིགས་སུ་བཅར།  ནམ་པར།  ངས་རང་ཉིད་ལ་གོ་སྐབས་གཏད་པ་གྲངས་སུ་དཀའ།
 
      ཉིན་ཞག་ནི་རིམ་པར་འདས་ནའང་།  བགྲོད་བྱའི་ལམ་གྱི་མཐར་མ་གསོན།  ཕྱིར་ལ་བཤོལ་ཏེ་ཐོག་མའི་གནས་མལ་དུ་ལོག་པར་རྩོམ་ཚེ།  ཐ་ན་ངས་རང་ཉིད་ཀྱི་མེས་པོའང་བརྗེད་ལ་ཉེ།
 
      ཧམ་སེམས་ཀྱིས་མི་ལ་དལ་བ་མ་གཏད།  མནོ་བསམ་གྱི་བར་ཚིགས་རེ་རེར།  མི་ནི་དཀའ་བ་དང་དུ་ལེན་པར་ཇི་མི་སྙམ།  ཧ་ཅང་སྒམ་ལྷིང་གི་ངང་དུ།  མིས་རང་ཉིད་ཀྱི་བགྲོད་ལམ་ལ་ཞིབ་འདང་བརྒྱབ།  འཁྲུག་ཏུ་མི་རུང་བའི་གོ་རིམ་ཞིག་ནས།  མིས་དཀའ་སྤྱད་ཀྱི་འབྲས་བཟང་ལོ་ཏོག་ཇི་བཞིན་བཏུས།  རྫོགས་ལྡན་གྱི་དུས་ཚིགས་ཤིག་ཏུ།  མི་རྣམས་དགའ་བདེའི་དཔལ་ལ་རོལ།
 
      རེ་བའི་འཇིག་རྟེན་ན།  ངེད་ཅག་ནི་ཕུན་ཚོགས་དཔལ་གྱིས་མྱོས་ཏེ།  ཟེའུ་འབྲུ་རྣམ་པར་རྒྱས་པའི་ཆུ་སྐྱེས་ཀྱི་ཕང་བར།  རྐང་དྲུག་དག་ནི་དལ་གྱིས་སྦྲང་རྩི་འཐུ་བ་དང་ཀུན་ཏུ་མཚུངས།  ཕྲ་རགས་ཀྱི་ངོས་ཐད་གང་དུ་ཡང་།  ངེད་ཅག་ཟླ་བ་འཛུམ་པའི་འདབ་བརྒྱའི་ཀུ་མུད་ཅིག་ཏུ་རྣམ་པར་འཁྲུལ།  དེ་ལྟར་ནའང་།  པདྨ་དང་ཀུ་མུད་དག་ནི་ཟུམ་ངེས་ལ་ཟླ་བ་ཡང་ནུབ་རིའི་ཕང་བར་ཡིབ་སྲིད།
 
      མུན་པའི་ཡོལ་བ་དལ་གྱིས་ཕྱེ་བའི་གནས་སྐབས་ཤིག་ཏུ།  ཕ་སྐད་ནི་ངེད་ཅག་གི་ཁ་རྒྱན་དུ་གྱུར་ཏེ།  མིའི་རིགས་ཀྱི་ཤུལ་འཛིན་རྣལ་མའི་གནས་བབས་བཟུང་བར་བྱས།  དེ་དང་མཚུངས་པར།  ངེད་ཅག་གི་ཐ་སྙད་དག་ཀྱང་གཅིག་མཐུན་དུ་གྱུར་ཏེ།  མཐོ་སྒང་ནི་སྐད་ཡིག་གིས་མཛེས་སྡུག་སྤུད་པའི་ཐ་མཇུག་གི་དག་ཞིང་ཞིག་ཏུ་ངོས་བཟུང་བར་བྱས།  དེ་ནི་སྐལ་བ་བཟང་པོའི་གནས་སྐབས་ཤིག་གི་ཚེ་ནའོ། །
 
      འཇིག་རྟེན་གྱི་ཀློང་ཡངས་ནས།  འཇའ་ཚོན་ལྟ་བུའི་ངེད་ཅག་གི་ཕུགས་བསམ་ལམ་དུ་མ་ལྷོངས།  ལམ་ནི་ཕྱིར་ལ་བཤོལ་དགོས་པའི་ནམ་ཟླ་དེ་དག་མ་ཡིན་ནའང་།  ངེད་ཅག་གཏན་དུ་མདུན་ཕྱོགས་ན་བསྙེག་ཐབས་བྲལ།

འཚོ་བ་དང་རེ་སྙེག

                     བོད་ཁམས་པ།
          ལོ་ངོ་ག་ཙམ་འགོར་རྗེས་ཀྱི་དེ་རིང་།  ང་རང་སྔར་བཞིན་བྲེལ་ཚུབ་དང་འུར་ཟིང་གི་ཁྱབ་པས་དོ་མི་མཉམ་པའི་འཇིག་རྟེན་འདི་ནས་འཚོ་བའི་སྐྱིད་སྡུག་རྩེག་ཡོད།  མ་གཞི་འཚོ་བ་ནི་ཇི་ལྟར་རོལ་ན་དེ་ལྟར་རོལ་སྙིང་འདོད་པའི་བ་ཚྭའི་རྒྱ་མཚོ་ཞིག་འདྲ་བའང་ཡེ་ནས་ཤེས་ཡོད།  ཡིན་ཡང་འཚོ་བའི་ལམ་སྣེ་གང་ལ་འདྲེན་རྒྱུ་ཡིན་མིན་དང་།  མི་ཚེའི་ཁ་ཕྱོགས་གང་ན་སྐོར་མིན་ནི་འུ་ཅག་ཀུན་ལ་དབང་བའི་སྒེར་དབང་ཞིག་ཡིན་པ་མགྲིན་པ་གཟེངས་སུ་བཏེགས་ནས་བརྗོད་པར་སྤོབས།  དེར་བརྟེན་འཚོ་བ་དང་འཚོ་གནས་བརྩོན་ལེན་བྱེད་པའི་དབང་ཆ་འུ་ཅག་ལ་རང་ཆས་སུ་ཡོད་སྟབས།  སྐྱེ་བོའི་མཐོ་དམན་སུ་ཡིན་ཡང་རང་གི་མིག་སྔར་གྱི་འཚོ་བ་འདི་ཇེ་ལེགས་ཇེ་རྒྱས་སུ་འགྲོ་ཐབས་ལ་ཐབས་བརྒྱ་ཇུས་སྟོང་གིས་འབད་འབུང་བྱེད་ངེས་ལ།  དེ་ལྟར་བྱེད་པ་ནི་འོས་འཚམས་ཤིག་ཀྱང་ཡིན་ཏེ།   འགྲོ་བ་མིའི་ཆེས་རྩ་བའི་བདེ་སྐྱིད་ལ་འབྲེལ་བ་དམ་ཟབ་ཏུ་ཡོད་པས་མ་ཡིན་ནམ།  འོན་ཀྱང་འཚོ་བའི་བརྒྱུད་རིམ་རབ་དང་རིམ་པའི་གཙང་འགྲམ་བརྒལ་རྗེས། ང་ནི་མུ་ནས་འཚོ་བ་རོལ་བར་ཞེད་སྣང་སྐྱེས་བྱུང་།

         འཚོ་བའི་མྱོང་བ་གང་མང་ཞིག་བསགས་མཐར།  འཚོ་བ་ནི་བླ་ཆེན་སྐུ་ཆེན་ཚོས་ཁ་ངོ་སྐྱོང་ཆེད་དུ་མ་ཡིན་ལ།  ཁྱེད་དང་ང་ཡི་རྩམ་ཁུག་བསྲུང་ཆེད་དེ་ལས་ཀྱང་མ་ཡིན།    དགོས་སུ་སྐྱེས་བུ་སྒེར་རེ་རེས་ཁ་ངོ་དང་ལྟོ་རྒྱབ་བསྒྲུབ་ཕྱིར་ལྕེ་གཉིས་ཅན།  གདོང་གཉིས་ཅན།  ངོས་སྣ་ཚོགས་སུ་བསྒྱུར་བཞིན་པའི་ཡ་ང་བའི་སྣང་ཚུལ་འདི་དག་མཐོང་ཐེངས་རེར།  ཡིད་སེམས་འཁྱག་ལྷང་ངེར་འགྱུར་བ་དང་དྲོད་ཆི་ལེ་འགྱུར་བ་སོགས་ཚོར་འདུ་མཐའ་ཡས་པ་ཞིག་གིས་དམག་འཁྲུག་འཐབ་ཀྱིན་འདུག་ལ།  སྐྱོ་གར་འཁྲབ་ཀྱིན་འདུག།  སྐབས་ལན་རེར།   ཚུལ་འཆོས་དང་གཡོ་སྒྱུ་ལ་གོམས་པ་ནི་མཐའ་ཡས་པའི་སྤྱི་ཚོགས་འདིའི་གོམས་གཤིས་ཤིག་ཏུ་འགྱུར་མི་འདུག་གམ་སྙམ་པའི་སེམས་ཁུར་ལྷག་མ་ཞིག་ཀྱང་འགོག་མེད་དུ་སྐྱེས་བྱུང་།

         བསམས་ཤིང་བསམ་ན།    ང་ཡི་མི་ཚེའི་སྣང་བ་དགུང་ལ་སྤུར་མྱོང་བའི་གཞོན་པའི་གཙང་པོ་བཞུད་ཟིན་ལ།  མི་ལོ་ཉེར་ལྔ་དང་ཁ་འབྲལ་མ་མྱོང་བའི་ཆེས་དྭངས་གཙང་གི་གཞོན་པའི་རྒྱལ་ཁམས་ཉི་ཟེར་རི་ལ་ཡིབ་པ་ནང་བཞིན་བདག་དང་རིང་དུ་གྱེས་ཟིན།   རེད་ཨང་།   འདས་པའི་ལོ་ངོ་འདི་དག་གི་རིང་ལ།   བདག་གི་འཚོ་བ་དང་རེ་སྙེག་གི་ལངས་ཕྱོགས་མཛེས་སྡུག་གི་མ་འོངས་པ་ལ་ཁག་དཀྲི་ནས་བར་སྣང་ན་སྟོང་བསམ་གྱི་འཇིག་རྟེན་སྣ་ཚོགས་བཞེང་འདོད་ཀྱི་བྱིས་བློ་ལས་བརྒལ་མ་ནུས།    ཞིབཏུ་བཤད་ན།   ང་ནི་ང་ཡི་ཕུགས་བསམ་དང་། འཚོར་སྙེག  ལངས་ཕྱོགས། རེ་སྙེག   མ་འོངས་པ་ཟེར་བའི་ཚིག་ཚོགས་གང་མང་ཞིག་གི་བསླུ་ཁྲིད་འོག་ནས་ཐར་མ་ཐུབ་པར་གནམ་རྒྱང་གང་ལ་ལག་པ་བསྲིང་ནས་ཅི་ཞིག་ཐོབ་ཡོང་བ་དང་གང་ཞིག་བསྒྲུབ་འདོད་ཀྱི་འཚོ་བའི་རྒྱབ་ལོག་ནས་ཟློག་མེད་དུ་ལུས་ཡོད།   རེས་གསར་རེས་མོག་གི་འཚོ་བའི་ནང་ལོགས་ཀྱི་གཞོན་ནུ་ལགས།  ཁྱེད་ཀྱང་ཁྱེད་ཀྱི་བསླུ་ཁྲིད་འོག་ནས་འཚོ་བ་དང་འགན་འཁྲི་ལ་རྒྱབ་འགལ་བྱས་ནས་བཞུག་ཡོད་དམ།  ཡང་ན་ཡུན་རིང་བསྙལ་བསྙལ་བའི་ཕུགས་བསམ་མངོན་གྱུར་བྱུང་ནས་ཞབས་བཏེགས་བརྒྱག་པར་རེ་སྒུག་བྱས་ཡོད་པ་མ་ཡིན་གྲང་།

         མདོར་བསྡུས་ན། འཚོ་བ་ནི་ཕ་མཐའ་མི་ཟིན་པའི་རྒྱང་རིང་རྒྱང་རིང་ཞིག་ན་ཡོད་པས་ལག་པ་གནམ་ལ་བསྲིང་ནས་རེ་དོགས་དང་འཁང་ར་མི་བྱེད་རོགས།  འཚོ་བ་ནི་བཟང་ངོ་ངན་ངོ་མི་ཤིས་པའི་མི་ཞིག་ཡིན་པས་སུ་ལའང་ལེ་བདའ་བྱེད་པར་ཐོབ་དབང་མེད།  འཚོ་བ་ནི་བསྐྱར་ཟློས་དང་ཡང་ཟློས་ཀྱི་གྲུབ་པའི་འཁོར་བའི་ས་ཆེན་དེ་ཡིན་པས་སུན་སྣང་དང་དཀའ་སྡུག་ལ་མི་འཛེམ་རོགས། འཚོ་བ་ནི་གཡུལ་ས་ཞིག་དང་ཆ་ཤིན་ཏུ་འདྲ་བས་ཁྱོད་ཤི་ང་གསོན་གྱི་འཐབ་ར་ལས་མགྱོགས་མྱུར་དུ་རྒྱལ་ཁའི་རྟགས་མ་ལེན་དགོས།  འཚོ་བ་ནི་མི་ཚེའི་སྐྱོ་གར་ཞིག་ཡིན་པས་སྡུག་བསྔལ་ཐོད་ལ་ལེན་ནས་མདུན་ནས་མདུན་དུ་བསྐྱོད་དགོས།  འཚོ་བ་ནི་རྙོག་འཛིང་དང་འགལ་འདུ་ཡི་རྩོད་ར་ཞིག་ཡིན་པས་ཞི་བདེ་དང་བརྟན་འཇགས་ཀྱི་ཆེད་དུ་ངོ་རྒོད་བྱ་ཐུབ་དགོས། 
རི་མོ་འབྲི་བ།
 
                        མགར་པདྨ།                        
         དྲི་མེད་ཀྱི་ཞེན་པ་དཀར་པོ་ཞིག་ཡིད་ལ་དཔྱངས་ནས།   སེམས་ཀྱི་ཟབ་ས་ནས་ལུས་པའི་འཆར་རིས་ཞིག   དྭངས་གཙང་གི་མེ་ལོང་དུ་ཕབ་སྟེ།   ནམ་ཡང་མཐོང་འདོད་པའི་རི་མོའི་གསེབ་ཀྱི་འཇའ་ཚོན་དེ། ཉི་མ་བཞིན་ཀུན་གྱིས་མཐོང་སྣང་དུ་བཤམ་པར་བྱ།
 
          ངས་སྨུག་སྤྲིན་གྱི་བར་རུམ་དུ་འགྲེང་བའི་གངས་རི་ལ། འགྱིང་ངེར་གནས་པའི་སེང་གེ་ཞིག་འབྲི།  དེ་ལ་གཤོག་པ་འབྲི།  དེའི་རྩེ་ན་དྲི་མེད་ཀྱི་མེ་ཞལ་མཐོན་མཐིང་ཞིག་འབྲི།  ད་དུང་། དེའི་དཀྱིལ་ན་འཕུར་ལམ་ཞིག་བྲི་དགོས།  འདི་ནི་ངས་ནམ་རྒྱུན་ཆེས་བྲི་འདོད་པའི་རི་མོ་དག་ཡིན།
 
          མེས་པོ་ཁྲི་ཕྲག་གི་ཟུངས་ཁྲག་ལས་གྲུབ་པའི་གཟི་འོད་རྣམ་པར་འཕྲོ་པའི་ཕོ་བྲང་དཀར་པོ།  ཀུན་གྱི་སྐྱིད་སྡུག་ལ་བསམ་གཞིགས་བྱས་པའི་མེས་པོ།  ངེད་ཅག་གི་མེས་པོ་ནི།  སེམས་སུ་ངལ་གསོ་དང་དྲོད་ཁོལ་བྱིན་པའི་ཡིད་དཀྱིལ་དུ་བརྐོས་བའི་སྒམ་བརླིང་པའི་སྐྱ་རིས།  ང་དང་ཁྱེད་ཀྱིས་རེ་བས་བྲིས་པའི་རི་མོ་ཁྲ་བོ།

         ངས།   ད་དུང་མུ་མཐུད་ནས།  གངས་འདབས་ཀྱི་དུར་ཁྲོད་དང་དུར་ཁྲོད་ཀྱི་བདག་པོ།  དེའི་ཉག་གར་དད་པས་གྱ་གྱུར་གཡོ་བའི་དར་ལྕོག་ཟད་པོ།  ལོ་དང་ཟླ་བར་ལྡང་བའི་ལྷགས་རླུང་རྩུབ་པོ།   དེ་དག་རྐྱང་ཞིབ་མོར་འབྲི་དགོས།   
 
          རི་མོ་འབྲི་བ་ནི།  ནམ་ཡང་མཐོང་འདོད་ཆེ་བའི་རི་མོའི་གསེབ་ཀྱི་འཇའ་ཚོན་དྲན་ཚུལ་ཞིག་ཡིན།  དེ་དྲན་ཚེ་རང་ཉིད་ཀྱི་བྲིས་པའི་རི་མོ་དག  ཡིད་ཀྱི་རྒྱ་མཚོ་ནོར་གྱིས་གཏམས་པའི་མཛེས་སྡུག་ཤིག་རེད།  དེ་བས་ང་རང་དུས་ཚིགས་ནམ་ཡང་རི་མོ་འདི་དག་གི་ལམ་ནས་འཇའ་ཚོན་དེ་བྲི་ན་འདོད།
                                       ༢༠༢༠-༦-༡༧ཉིན་རྫོང་སར་དུ་བཏབ།

མར་ངོའི་ཟླ་བ།
 
                     མྱི་གསར་བ། 
             དུས་ཚོད་ཀྱི་རླུང་བུ་གཡུག་ཐེངས་གཅིག་གིས་གྲངས་འཁྱག་གིས་དགུན་ཟླ་ཕར་ལ་འདས་སོང་།   དཔྱིད་ཚུགས་ཀྱི་ཉི་གཞོན་དྲོ་བསིལ་གྱིས་ཚུལ་དུ་སྟོང་ཞིང་ཡངས་བའི་ཨ་སྔོན་གྱི་དབྱིངས་སུ་ཚེས།   རྡུལ་འཚུབ་ཀྱི་མཁའ་དབུག་དྭངས་བར་གྱུར་ཞིང་ལྗོན་ཤིང་གི་ལོ་འདབ་ཚོན་ལྗང་གིས་གཡོས།   སྨྱུག་གསར་གྱི་ལང་ཚོ་རེ་བའི་ཁེངས་ཤིང་ངོ་མཚར་རང་བྱུང་གི་ཆོས་ཉིད་སྐྱེ་ཞིང་འགག       ཆུ་རྒྱུན་གྱི་ལང་ཚོ་སྟོབས་ཤུགས་ཀྱིས་ཁེངས་ཤིང་བསིལ་འཇམ་དཔྱིད་རླུང་གི་རྒྱུ་བ་ཡིད་དུ་འོང་།   གནམ་ས་སྨུག་སྤྲིན་གྱི་རྫོང་ཆེན་དུ་གྱུར་ཞིང་སྡོད་ཁང་གི་གྲམ་ཁ་ཆར་ཐིག་གིས་ཡང་ཡང་རྡུང་།   ཚང་དུ་ཉལ་བའི་གཡུ་འབྲུག་གི་སྒྲ་དབྱངས་ལྡིར་མགོ་བརྩམས་ཤིང་།   ལྷོ་བཞུད་ཁུ་བྱུག་གིས་དཔྱིད་དཔལ་བསུ་བའི་རེ་སྨོན་གྱི་འཕྲིན་གསར་དབྱངས་ལ་འགུག   དེ་ལྟ་ནའང་།   ད་ནི་མཐོང་བར་དཀའ་བའི་དུས་ཚོད་ཀྱི་བཞུར་རྒྱུན་ཁྲོད་དུ་རྒྱུག་ཅིང་འདུར་བ་ནི་རྣམ་ཤེས་ཀྱི་སྐྱེ་འགག་རེད་ལ་ངོ་མཚར་ཚེ་སྲོག་གི་རྒུད་པ་ཡིན་ནོ།།
 
             ད་ནི།    རྫོགས་མཐའ་བྲལ་བའི་དུས་ཚོད་ཀྱི་ལང་ཚོར་འགྱུར་བ་མེད་པ་བཞིན་དུ།   བརྗོད་པར་དཀའ་བའི་རྩི་ཤིང་གི་སྐྱེ་འགག་མཛེས་ཤིང་སྡུག་པ་ལྟར་དུ།    ནང་སེམས་རང་དབང་གི་ཡུལ་ལྗོང་དེ་དང་ནང་སེམས་རེ་སྨོན་གྱི་དཔྱིད་ཚུགས་དེ་རུ་ཕྱིར་ལ་ལོག་འདོད་སྐྱེས།    ཡིན་ནའང་ལོ་ངོ་འདི་གའི་རིང་ལ་ང་ཡིས་ཉམས་ལེན་དང་བློ་སྦྱོང་གི་དབུལ་བའི་སློབ་སྦྱོང་བྱས་ཤིང་།   འུར་ཟིང་དང་བཅོས་མའི་བསླད་པའི་འཚོ་བ་རོལ།    ང་ཡིས་སྒེར་སེམས་དང་ཤེས་རབ་འཆལ་བའི་རྣམ་རྟོག་བསླང་ཞིང་།   སྒེར་ཚུགས་དང་གཏན་འཇག་མེད་པའི་བྱ་བ་བསྒྲུབས།   དེ་ནི་འཇིག་རྟེན་རྫུན་མའི་སྐྱོ་གར་གྱི་ཁ་དོག་རེད་ལ།   དུས་རབས་གསར་བའི་རྨོངས་རྟུལ་གྱི་འཚོ་བ་རེད།   ཁྱེད་རང་དགའ་ཡང་ཆོག་ལ་སྡུག་ཀྱང་ཆོག་པའི་མི་ཚེ་འདི་ནི་སྒྲུང་གཏམ་དང་གློག་བརྙན་གང་གིས་ཀྱང་མཚོན་ཐབས་བྲལ་བའི་ལྕེ་ཐོག་ཏུ་འཁྱིལ་བའི་མཆི་མ་རློན་པ་དེ་རེད་ཨང་བསམ།   དེ་ལྟ་ནའང་།   སྙན་ངག་པས་རང་གི་བསམ་གཞིག་དང་ཚོར་བ་གཟུགས་མེད་ཀྱི་ངག་སྒྲོས་ལ་བརྟེན་ནས་མཚོན་པར་བྱས་ཤིང་།   རི་མོ་བས་རང་གི་མཐོང་སྣང་དང་གཤིས་ལུགས་དབྱིབས་དང་ཁ་དོག་ལ་བརྟེན་ནས་མཚོན་པར་བྱས།   གཞས་མཁན་གྱིས་རང་གི་རེ་སྨོན་དང་ཕུགས་བསམ་གྲིམ་ལྷོད་རན་པའི་གདང་དབྱངས་ལ་བརྟེན་ནས་མཚོན་པར་བྱས་ཤིང་།   འཁྲབ་སྟོན་པས་རང་གི་གཤིས་རྒྱུད་དང་སྐྱོ་གར་རྣམ་འགྱུར་དང་ཀུན་སྤྱོད་ལ་བརྟེན་ནས་མཚོན་པར་བྱས།   འུ་ཅག་འཇིག་རྟེན་གྱི་གྲུ་ཟུར་མི་འདྲ་བ་རེ་ནས་འགྲེང་སྟེ།   རང་གི་གནས་བབས་དང་ཕུགས་བསམ་མཚོན་པར་ལྷན་སྐྱེས་ངང་མོས་མཐུན་ཧ་ཅང་ཆེ་ཞིང་།   མ་གཞི་དེ་ནི།  འགལ་འབྲེལ།  ཐེ་ཚོམ།   འཁྲུལ་སྣང་།   ཁེར་རྐྱང་།   དྲན་གདུང་སོགས་ཀྱིས་གྲུབ་པའི་གཏིང་མཐའ་མི་མངོན་པའི་འཚོ་བ་དང་འབྲེལ་བ་ཡོད་དེ།   འཚོ་བའི་བཙུར་གནོན་དང་རང་ཉིད་བོར་བ་སོགས་ལ་གཏིང་ནས་རྒོལ་ལན་སྤྲད་འདོད་པའི་རྣམ་འགྱུར་ཙམ་བསྟན་པ་ལགས།   གཞི་ནས་ཤེས་པ་ཞིག་ལ།   ང་ཡི་ལྷག་བསམ་གྱིས་མེ་ལོང་སྟེང་དུ་འཇིག་རྟེན་གྱི་སྐྱེ་འགྲོ་མཐའ་དག་ཤོང་ཐབས་བྲལ་ཡང་།   གཅེས་སེམས་དང་སེར་སྣའི་ཁྲོད་དུ་འཚར་ལོང་བྱུང་བའི་མཛེས་པའི་ཚེ་སྲོག་དག་ལ་ནི་ཅེས་ཀྱང་བརྩེ་དུང་གི་མདོ་དང་འཁོར་བའི་གཏམ་རྒྱུད་འཆད་དགོས་འདུག་ཅིང་།   དུས་ལྟ་བ་ནི་རང་ཉིད་ཁོ་ནར་དབང་བའི་ཞི་བའི་སེམས་ཀྱི་རྒྱལ་ཁབ་དེ་རེད་དོ།།
 
             འཇིག་རྟེན་ངལ་དུབ་ཀྱི་ནམ་མཁའ་སྟོང་བར་གྱུར་ན་བསམ་པའི་དུས་ཚིགས་འདི་ལ།  ང་ཡི་རང་གཤིས་ཀྱི་སྣང་བ་སད་ཀྱིས་བཅོམ་མཁན་གྱི་མི་དེ་རྙེད་ཐབས་བྲལ་ཡང་།   འཚོ་གཞིས་ཀྱི་སྙིང་པོ་ནི་འབྱོར་ཕྱུགས་ཀྱི་ཁ་དོག་མ་རེད་ལ།   ཐ་སྙད་ཀྱི་ཐོབ་ཐང་ཡང་མ་རེད།   རྣམ་རྟོག་གི་ཆང་རག་ཡང་ཡང་བཏུང་བའི་མི་ཚེའི་སྐྱིད་སྡུག་གི་རྒྱུད་སྐུད་སྒྲ་ལས་རྒྱང་རིང་གི་བདེ་སྐྱིད་དཀྲོལ་བར་དཀའ་མོད།   མཐའ་མཇུག་གི་མཚན་མོ་མཐའ་དག་ལྷིང་འཇགས་དང་ཞི་བའི་ཚུལ་དུ་ང་ཡི་སེམས་སུ་ཡང་ཡང་ལྷུང་དགོས་བྱུང་།   ཕྱིར་ལ་ལོགས་དང་།   འདས་པའི་ན་ཆུང་གི་ལོ་ཟླའི་ཁྲོད་དུ་རང་དབང་གི་རང་གཤིས་ལྡན་ཞིང་།  རྟུལ་ཕོད་ཀྱི་སྤྱོད་ལམ་མངའ།   འདས་པའི་དྭངས་གཙང་གི་འཚོ་བའི་ཁྲོད་དུ་ཆོག་ཤེས་ཀྱི་ཕུགས་བསམ་ལྡན་ཞིང་།  སྤྲོ་སྣང་གི་ཉི་མ་རྟག་ཏུ་འཆར།   དེ་ནི་སྙན་ངག་གིས་མཚོན་ཐབས་མི་འདུག་ལ།   ནང་སེམས་ཡང་ཡང་འཚོལ་བའི་དྲན་ཤེས་ཀྱི་རོལ་དབྱངས་ལས་རྙེད་ཐབས་མ་བྱུང་།   ང་ཡིས་ཐ་སྙད་ཀྱི་གཙང་བོ་བརྒལ་ནས་རེ་ཐག་ཆད་པའི་དམུས་ལོང་གི་འཇིག་རྟེན་ཧྲིལ་གྱིས་བརྒལ་བ་ཁྱེད་ཀྱིས་མཐོང་ངམ།   ང་ཡིས་ཐོས་བསམ་གྱི་གཡོར་གྲུ་བསྐོར་ནས་གཡོ་ཁྲམ་ཆེ་བའི་ལྐོག་གྱུར་གྱི་མི་ཚོགས་དང་བར་ཐག་རྒྱང་དུ་བགྱེད་པ་ཁྱེད་ཀྱིས་ཤེས་སམ།   ཧི་ཧི་་་་  དེ་ནི་ཁྱེད་ཀྱིས་མ་ཤེས་ཀྱང་སྐྱོན་མི་འདུག་སྟེ།   ང་རང་འཇིག་རྟེན་འདིར་འཚོ་ཞིང་གནས་པ་ནི་ཁྱེད་ཀྱི་མིག་ལམ་དུ་གནས་པའི་ཆེད་དུ་མ་ཡིན་ལ།   ཁྱེད་ཀྱི་བདེན་པའི་སྟོང་བའི་འཛུམ་ཞལ་གྱིས་སྲུང་བའི་ཆེད་དུའང་མ་ཡིན་ནོ།།    ཕྱི་རོལ་གྱི་ཉི་མ་གཞོན་ནུ་དྭངས་བསིལ་གྱི་ཚུལ་དུ་མཁའ་ལ་འཕགས་ཤིང་།   གྲང་ཞིང་འཁྱག་པའི་འཇིག་རྟེན་གྱི་སྒེའུ་ཁོང་ནང་དུ་ཡང་ཡང་ལྷུང་།   འོན་ལྐུག་གི་མི་སེམས་ཁྲོད་དུ་བཙོ་སྦྱང་མ་ཐུབ་པའི་རྣམ་རྟོག་གི་རྟ་ཕོ་རྒྱང་རིང་ལ་རྒྱུག་ཀྱང་།   ཁྱེད་ཀྱིས་ཤེས་རབ་ཀྱི་འཚོ་བ་རོལ་ཞིང་།   ཤེས་རབ་ཀྱིས་ལང་ཚོ་སྲུང་དགོས་ཨང་། 
 
        ཅེས་ཀྱང་འཚོ་བའི་གནས་ལུགས་རྟོགས་མཁན་གྱི་གཞོན་ནུ་དག་ལ་ང་ཡིས་རྒྱང་ལྟ་ཐེངས་གཅིག་བྱས་རྗེས།   "ང་ཚོས་གདམ་ག་ནི་སྙིང་ལ་རལ་གྲི་བཅུག་པའི་འཚོ་བའི་ལག་དམར་བྱ་རྒྱུ་དེ་མ་ཡིན་པར་སྙིང་རྗེ་དང་ཆོག་ཤེས་ཀྱི་རོལ་མོ་དཀྲོལ་བའི་མཇུག་མཐའི་གཞས་པ་དེ་བྱའོ"ཞེས་ཡང་ཡང་འབོད་དགོས་བྱུང་།    
                          རྩོམ་སྒྲིག་པ། གསར་བ།

           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease