རྫོང་སར་རྩོམ་རིག ཚིག་བཅད་སྙན་ངག

    བོད་ཞེན། བཞག་ཚ། བཞད་དཀར། སྲབ། ཐུབ་གཞོན། ཁྲག་གདོང་།

རྫོང་སར་རྩོམ་རིག  ཚིག་བཅད་སྙན་ངག

       བོད་ཞེན།  བཞག་ཚ།  
ཁྲག་གདོང་།  བཞད་དཀར།  སྲབ།  ཐུབ་གཞོན།  

རྩོམ་རིག་ནི་ངའི་འཚོ་བ་དང་ཚེ་སྲོག་ལས་བརྒལ་ཏེ་ཐུན་མོང་གི་འཆར་སྒོ་སྣ་ཚོགས་ཤིག་ཏུ་གྲུབ་པས། ཡིག་འབྲུ་རེ་རེས་ཀྱང་མཚོན་ཐུབ་དཀའ་བའི་སྲིད་ཞིའི་ངོ་གདོང་གཞན་ཞིག་ཡིན་ཆོག
            སྲབ།  ཕར་ཕྱིན་འོག་མ།
 
མདོག་མི་གཅིག་པའི་སྤྲིན་པ།
 
སྔ་དུམ།
ཆར་བ་བཞག་སྟེ་ཁ་བ་བབས་ཚུལ་འབྲི།།
དབྱར་ཁ་བསྐྱལ་ནས་སྟོན་ཁར་ལོག་པ་འབྲི།།
དྲོད་དང་གནམ་གཤིས་གཞི་ནས་མི་འདྲ་བའི།།
མི་སེམས་སྟོན་ཁ་ཚེས་པའི་མཚན་མོ་འབྲི།།
རི་གཞུང་དག་གི་ལོ་འདབ་སྐམ་པ་འབྲི།།
བ་མོ་ལྷུང་བས་མེ་ཏོག་འཆི་བ་འབྲི།།
བྱང་རླུང་ངར་ཁ་ཆེ་བའི་ཡུལ་ཁམས་ནས།།
བྱམས་པའི་ངོ་མདངས་ཤོར་བའི་ཚུལ་དེ་འབྲི།།
འབྲོག་པས་སྟོན་ལ་དགུན་ཁ་བསུ་བ་འབྲི།།
རི་ལམ་མང་པོ་ལས་ཀྱིས་བརྒལ་བ་འབྲི།།
ཞེན་ཆགས་འདྲེས་པའི་ཕལ་བའི་འཚོ་བ་ན།།
རང་སྣང་སྤྲིན་དང་ཉི་འོད་འགྲོགས་པ་འབྲི།།
མདོ་དབུས་མཐོ་སྒང་སྙིང་དུ་དུངས་བ་འབྲི།།
ཧ་ཅང་ཉེ་བའི་ཕ་ཡུལ་དྲན་པ་འབྲི།།
ཁེར་རྐྱང་ཞིག་གི་གནམ་སའི་གནས་ལམ་ན།།
རང་དང་འཚམ་པའི་ལམ་དེའི་ཕར་ངོགས་འབྲི།།
ཆུ་ཕྲན་འབབ་པའི་ཤག་སྒྲ་སྙན་པ་འབྲི།།
ཆུ་དེའི་ནང་གི་གཟུགས་དང་རྣམ་འགྱུར་འབྲི།།
ལུས་དང་ངག་གི་ལྗོན་པ་དྲང་ས་ནས།།
བྱེའུ་ཆུང་སྐོར་ཞིག་ཡུལ་ལ་ལོག་པ་འབྲི།།
སྟོན་གྱི་མཚན་མོར་སྐར་ཚོགས་མང་པ་འབྲི།།
སྣང་བའི་སྐར་ཚོགས་བདག་གི་གྲོགས་སུ་འབྲི།།
གནམ་མཐར་སྐོར་ཡང་འཕྲད་པར་མ་གྱུར་པའི།།
ཟླ་བའི་ཕྱེད་ཀ་ཐང་ནས་རྙེད་ཚུལ་འབྲི།།
ཕ་ཡུལ་ཆེ་ཆེ་ཉི་ཟླའི་སྟེང་དུ་འབྲི།།
སེམས་པ་དཀར་དཀར་འོ་མའི་ཚུལ་དུ་འབྲི།།
ལ་ཐོག་ཉི་མ་རི་རྩེར་ནུབ་པ་འབྲི།།
ནུབ་ནས་སྔར་བཞིན་མགོ་ཐོག་འཆར་བ་འབྲི།།
དཔའ་བོས་མཛེས་མ་སྐྱོབས་པའི་རྣམ་ཐར་འབྲི།།
མཛེས་མས་དཔའ་བོར་འཆང་བའི་ཡིད་ཆེས་འབྲི།།
སྲོག་གི་ཁེབ་མ་གནང་བའི་ཐབ་ཞོལ་ན།།
སྲིད་པ་འཇིག་རྟེན་འཁོར་ལོའི་བར་ཐག་འབྲི།།
 
ཕྱི་དུམ།
ཆུང་ནས་ད་བར་བྱིས་པའི་འཚོ་བ་དྲན།།
དྲན་ནས་ང་ཉིད་བྱིས་པའི་གཟུགས་ལ་འཕྲུལ།།
སྣང་བའི་ཉི་མ་སྤྲིན་གྱི་འདབ་དཀྱིལ་ནས།།
ང་ལ་དགོད་པའི་ཚུལ་དེ་ཡང་ཡང་དྲན།།
རྒས་དུས་གཉེར་མ་ཐོག་པར་ལུག་པ་དྲན།།
མིག་ནས་འགྲམ་པའི་སྟེང་དུ་ཐོན་པ་ན།།
ལང་ཚོའི་མེ་ཏོག་འཆི་བའི་ས་ཤུལ་དུ།།
སེམས་ཀྱི་རྒྱ་མཚོ་སྔར་བཞིན་དྭངས་ཚུལ་དྲན།།
ཆུང་དུས་ཨ་ཕ་གཞོན་པའི་ཉམས་དེ་དྲན།།
རྒྱལ་ཁམས་སྐོར་ནས་ཡང་བསྐྱར་ཕ་ཡུལ་གྱི།།
སྲོག་གི་དར་སྣེ་ཚིག་གིས་མཐུད་པ་ཡི།།
སྣང་བས་གནམ་མཐའ་སྐོར་བའི་ཉམས་དེ་དྲན།།
མཛེས་མའི་ལུས་ཚིག་ལོ་ཟླས་གཏོར་བ་དྲན།།
ལང་ཚོ་ཤོར་བས་སེམས་སྐྱོ་གནང་ཚུལ་དེས།།
སེམས་པ་སེམས་པས་མཚོན་ཐུབ་ཡེ་བྲལ་བའི།།
ཆོས་ཉིད་ལས་ཀྱི་བུ་མོ་ངུ་ཚུལ་དྲན།།
སྐྱེ་བ་འདི་ཡི་དབྱར་ཁ་བཞད་པ་དྲན།།
རི་རྩེར་སྨུག་ཅིང་རང་ལམ་མག་མོག་གི།
ཆུང་གྲོགས་འདྲིས་པའི་རྫ་རི་གན་ཕག་ན།།
རྟ་ཕོ་སྐོར་ཞིག་རྒྱང་རིང་འདྲོགས་པར་དྲན།།
ད་ནི་རང་གི་འཚོ་བའི་ས་ལམ་དྲན།།
སྐྱིད་སྡུག་འདྲེས་མའི་ཚེ་ཡི་འདི་ངོགས་སུ།།
གསལ་སྟོང་རིག་པའི་སྣང་བ་གཅིག་ཅར་ཀུན།།
ཡེ་གྲོལ་འཁོར་འདས་མཉམ་ཉིད་བརྒལ་ཚུལ་དྲན།།

ངའི་ལྷན་སྐྱེས་ཚོར་འདུ་ཡོད་ཚད་སྙན་ངག་དང་འབྲེལ་ཡོད་པས་ང་ནི་རྟག་ཏུ་རྩོམ་རིག་གི་ལམ་ཁར་བཞུད་ན་འདོད། ཕྱི་ནང་གི་གསང་བ་ལས་བརྩེ་བ་དང་གདུང་བ་དག་ཀྱང་སྙན་ངག་གི་ས་ལམ་ནས་ར་སྤྲོད་བྱེད་ཐུབ་པ་ཡིད་གཉིས་རྫོགས།
             ཁྲག་གདོང་།  ཚད་མ་གོང་མ།
 
ལས་ཀྱི་རྟ་ཕོ།
 
སྣང་བ་སྟོང་གི་ཁ་ཆད་ཐང་དུ་ཁྱབ།།
སྒྱུ་འཕྲུལ་རླུང་གི་ང་རོ་ལས་ལ་དུངས།།
ཕྱི་ནང་མཛེས་སྡུག་ཁྲ་བོ་ཞེ་ནང་ཉུལ།།
འོད་ཀྱི་ལུང་པའི་མཐའ་རུ་རྟ་ཕོ་དྲན།།
 
ཚོར་བྱུང་ལྷ་མོའིི་མགུར་ལ་ཞེ་འདང་ཕབ།།
མདོ་རིགས་རྟ་ཕོའི་འཚེར་བ་ཡིད་དུ་འཁོར།།
རྒྱང་བཞུད་རྣམ་ཤེས་དེས་ཀྱང་རེ་བས་སྒུག།
འཆར་ཡན་གསོན་པོ་ལས་ཀྱི་རྟ་ཕོ་ཡིན།།
 
སྔོ་ལྗང་གཡུ་ལོའི་མེ་ཏོག་ཁྲ་ལམ་ལམ།།
དབྱར་ཁའི་ཆུ་བོ་ལྷན་དུ་རྩྭ་ཐང་འཚོ།།
ལས་ཀྱི་རྟ་ཕོར་སྲོག་གི་བརྩེ་འདང་ཡོད།།
སྲིད་པའི་ལང་ཚོ་སྙིང་གི་དཀྱིལ་དུ་རོལ།།
 
འཚོ་བའི་ཆོ་འཕྲུལ་མེ་ལོང་ནང་དུ་འཚེར།།
ཞིབ་མོའི་དབྱངས་ལ་གློ་སྙིང་ལྷོད་དུ་ཕབ།།
ནམ་ཟླ་རིང་པོ་ཚེ་ཡི་བཀྲག་མདངས་ན།།
ཅང་ཤེས་རྟ་ཕོ་སེམས་ཀྱི་འཚོ་བརྟན་ཡིན།།
 
རྟོག་འགྱུ་ངང་དུ་སྐྱིད་ཀྱི་ཚོར་འདུ་དཀྲོལ།།
བག་ཕེབས་ལས་ལ་གཙང་མའི་སྨྲ་ལྕེ་འདར།།
དགའ་སྐྱོ་ཟུང་གིས་སྒྱུ་མའི་རྒྱལ་ཁམས་སུ།།
རྟ་ཕོ་ངེད་གཉིས་འཁོར་བའི་བདེ་སྡུག་བསམ།།
 
དགུན་ཟླ་སྐྱ་བོར་ཕྱི་ལུས་ཙག་གིས་སྡོམ།།
རླུང་བུ་འཁྱག་པས་སྤུ་ཡི་མདོག་ཁ་སྒྱུར།།
གྲང་ངར་ནང་གི་འཚོ་བའི་རྨ་ཟབ་ཀྱང་།།
ང་དང་རྟ་ཕོར་ནང་སེམས་དྲོད་ཀྱིས་གང་།།
 
ངང་ཚུལ་སྟོང་གི་མཚོན་མདོག་ཁེ་རུ་མིན།།
ལམ་གྱི་འཁྱམ་མཐུན་ཇ་དང་ཇ་ལོ་བཞིན།།
འགྲུལ་བཞུད་ངོས་སུ་ང་དང་རྟ་ཕོ་གཉིས།།
འཁྲུལ་གྱི་མེ་ཏོག་ཡལ་ཁར་བཞི་ཚིག་འབྲི།།
 
ཡུན་རིང་ལམ་གྱི་ཇ་ཆང་ལྷན་དུ་རོལ།།
དྭངས་མོ་ཚིག་གིས་སྙན་ངག་སྣ་མང་བྲིས།།
རྟ་ཕོའི་འཚེར་སྐད་ཞེ་ཡི་ང་རོ་སེམས།།
ཚོར་བའི་ཞེན་ཆགས་ལས་ཀྱི་རྟ་ཕོ་ཡིན།།
 
སྣ་བརྒྱའི་མེ་ཏོག་ཤ་ཡི་མིག་ལ་མངོན།།
རྒྱང་གི་མགུར་གླུ་ཐོལ་བྱུང་ངག་ཏུ་ཐོས།།
འདོད་ཡོན་ཚོགས་ཀྱང་སྒྱུ་མའི་རྣམ་པ་ན།།
རྟ་ཕོ་ངེད་གཉིས་མཛའ་བརྩེ་སྔ་ལས་ཟབ།
མི་ལོ་༢༠༡༧ལོ་ནས་སྙན་ངག་ཅེས་པའི་ཡིག་འབྲུ་གཉིས་པོ་འཛུམ་གྱིས་བསུས་ཏེ་སྙན་ངག་ཡིན་མིན་མི་ཤེས་ཀྱང་བཅད་མ་དང་ལྷུག་རྩོམ་སོགས་ལ་འབད་པར་འཚལ་བའི་གྲྭ་རྐྱང་དཀྱུས་མ་ཞིག་ཀྱང་ཡིན།  
                 བཞག་ཚ། དབུ་མ་གོང་མ།

དགུན་གཞུང་གི་མཚན་མོ།
           
གྲང་བའི་རླུང་བུ་འུར་འུར་ལྡང་བ་ན།།
ལས་ཀྱི་བ་སྤུ་དལ་བུ་གཡོ་ཙམ་འགུལ།།
གླིང་བུ་བུས་པའི་དབྱངས་ལ་སྐྱོ་བ་འཁོར།།
གསལ་ཙམ་མི་གསལ་མཚན་གྱི་རུམ་ཁུག་ན།།
དོ་ནུབ་ཟླ་བ་སྤྲིན་གྱི་རུམ་ནས་ཚེས།།
འོད་དང་མུན་པའི་བར་ནས་ཉ་རྒྱས་གསལ།།
རི་བོང་གཟུགས་ཀྱི་རི་མོ་ནང་དུ་ཉལ།།
བདག་གི་སྒེའུ་ཁུང་རྒྱབ་ཏུ་ཁ་བ་འབབ།།
ཟླ་བའི་འོད་དང་ལྷན་དུ་གཉིས་ཀ་འབབ།།
དགུན་གྱི་གྲང་རླུང་རྒོད་པོ་ཤུགས་ཀྱིས་ལྡང་།།
གྲང་རླུང་རྒོད་པོ་དེ་ལ་སྐྱོ་གཞས་འཁོར།།
ཤི་མ་གསོན་གྱི་ཁོ་བོ་དགོད་ཅིང་ངུ།།
ཁ་བ་སིམ་སིམ་རི་ལ་འབབ་པ་ཡག།
རི་བོ་ལ་སོགས་དཀར་བའི་རང་མདངས་མངོན།།
རི་ལ་མཐོ་དམའ་ཁ་བས་གངས་རི་འདྲ།།
ཆུ་ལ་ཆེ་ཆུང་ཆབ་རོམ་མེ་ལོང་ཅན།།
རླུང་བུ་བསིལ་ཙམ་བསིལ་ཙམ་ལྡང་བ་ན།།
ཤ་དང་ཁྲག་གི་ལུས་ལ་གྲང་ངར་རྒོད།།
བདག་གི་སྒེའུ་ཁུང་རྒྱབ་ཏུ་དགུན་གཞུང་ཡིན།།
དུ་མ་ཞིག་གི་རིང་ལ་ཆེས་ཞེན་ཆགས་འཇོག་ས་གཞི་སྟེ་རྩོམ་རིག་གི་ལམ་དུ་གནས།    རང་ཉིད་ཀྱི་ཚོར་བ་ཇི་ཙམ་ཇེ་མཐོ་ཐུབ་མིན་དེ་ཡང་རྩོམ་རིག་དང་རྩོམ་རིག་གི་དཔྱད་ཞིབ་ལ་འཇུག་སྟེ་ཕྱིན།    རྩོམ་རིག་གི་ལམ་ནས་མི་ལོ་དུ་མའི་ཡུན་དུ་མེད་དུ་མི་རུང་བའི་ལྷག་བསམ་ཞིག་བརྐྱངས་ནས་རོལ་བ་དེའོ།།
               བཞད་དཀར།  ཕར་ཕྱིན་འོག་མ།
 
ཁ་དོག་ཡལ་ཀྱང་ཞེན་པ་མ་འཐོར།
 
ལོ་ཟླ་གཟེབ་ཀྱི་དྲ་བའི་ནང་།།
ཡུན་ཙམ་མུན་དོང་ཐང་དུ་རྒྱུ།།
ད་ལྟ་དབྱར་ཟླ་ཚེས་པ་ཙམ།།
ཡུལ་གྱི་ཁ་དོག་སྔོ་བ་ཙམ།།
ཉི་མ་ནུབ་ཁའི་ཆར་ཆུའི་འོག།
ཆ་མེད་ཅིག་ཏུ་ནེམ་པ་ལ།།
སྐྱེས་པའི་མི་རྟག་སྒང་ལ་ཤར།།
 
དཔྲལ་བའི་སྟེང་གི་སྤྲིན་ནག་ལ།།
ནམ་མཁའི་སེམས་པ་དུབ་སྟངས་ཤིག།
སྡིག་པའི་མིག་གིས་ལོངས་སྤྱོད་ཅིང་།།
སྒེའུ་ཁུང་ཤེལ་གྱི་ཕྱི་རོལ་ཏུ།།
ས་གཞི་ཆུ་ལ་འབྱར་བའི་ཚོགས།།
འགྲམ་གྱི་ལྗོན་པ་ཐར་ཐོར་ནང་།།
སྣང་བས་གསོད་དེ་ཤི་བ་བྱས།།
 
བྱེ་ཐང་རྡུལ་གྱིས་རུབ་པ་ཡིས།།
མྱ་ངན་ནམ་མཁར་འཁྲིགས་པ་ཡིས།།
ནམ་གུང་མཚན་མོ་གླིང་ཁ་ལ།།
སྒོ་ཁྱིས་ལྟོ་སྐོམ་ཟུག་པ་དེས།།
སད་ཀྱང་རྨི་ལམ་བསམ་པ་ཡིས།།
རི་བོང་ཅན་གྱི་མཚན་སྨད་དུ།།
རྣམ་ཤེས་བོར་བའི་བེམ་པོ་ལུས།།
 
གསོན་པ་འཆི་བ་རེད་སྙམ་སྟེ།།
མུན་པའི་དུད་དྲི་ཁྱབ་པའི་ནང་།།
སྙིང་ལ་འཁྱུག་པའི་གློག་ཞགས་དེ།།
མི་རྟག་དྲ་བའི་ལྕགས་ཐག་ཅིག།
སྒོ་ཡི་འགྲམ་གྱི་སྒེའུ་ཁུང་ནས།།
གློ་བུར་སྲོག་ལ་ལྷུང་བ་ཡིས།།
བྲང་ཁོག་སྲེག་པའི་སྙིང་སྡུག་ངུ་།།
      2020   5   4
གང་ལྟར་ང་རང་ཉིད་རྒྱུན་དུ་རྩོམ་རིག་ལ་དགའ་ཞེན་ཡོད་པའི་རྒྱུ་མཚན་ནི་རང་ཉིད་ཀྱིས་གང་བཤད་འདོད་པ་དེ་ཡིག་ཐོག་ཏུ་བཅད་ལྷུག་སྣ་ཚོགས་ཀྱི་སྟེང་དུ་བཀོད་ཐུབ་པ་དེ་ཁོ་བོས་རྩོམ་རིག་ལ་བཅངས་བའི་དུངས་ཞེན་ཡིན། རྩོམ་རིག་ནི་ངའི་མི་ཚེ་ནང་གི་དགའ་གྲོགས་དང་སྐྱོ་གྲོགས་གཉིས་ཀ་ཡིན་པས་ནམ་ཡང་ངའི་འཚོ་བ་ནང་རྩོམ་ཡིག་ཀློག་རྒྱུ་དང་འབྲི་རྒྱུ་ལ་སྤྲོ་བ་དམིགས་བསལ་བ་ཞིག་ཡོད་དོ།། 
                ཐུབ་གཞོན། འདུལ་བ་གོང་མ།
 
ཅོལ་ལོ།
 
ཚིག་གི་མི་རྣམས་བསླུས་པ་དང་།། 
སྒོར་གྱི་ཡོད་ཚད་བཀུག་པ་ནི།།
རང་མགོ་སྐོར་བའི་ལས་ཙམ་ལས།།
བྱ་བའི་མཐའ་རུ་འཁྱོངས་བར་ཉུང་།།
 
དཔལ་འབྱོར་དཔོན་ས་བཞག་པ་དང་།།
རང་ཉིད་དེའི་གཡོག་རྒྱུག་པ་ནི།།
སྐབས་ཤིག་སྙིང་རླུང་མཚངས་པ་ལས།།
དོན་གོ་ཆོད་པའི་དུས་མི་སྲིད།།
 
མཛེས་མ་གཅེས་ལངས་ཤོར་བ་དང་།།
གྲོགས་ངན་ནང་མཐུན་བྱེད་པ་ནི།།
སྡུག་བསྔལ་འདྲེན་པའི་རྒྱུ་ཡིན་པས།།
གནས་སྐབས་དེ་དག་རིང་དུ་སྤོངས།།
 
མདོ་མེད་གྲོང་འཁྱེར་འགྲིམ་པ་དང་།།
རྒྱུས་མེད་ལས་ལ་འབད་པ་ནི།།
ཐུར་དུ་གུད་པའི་རྟགས་ཡིན་པས།།
བྱ་བ་ཀུན་ལ་གཟབ་དགོས་ཨང་།།
 
དོན་མེད་ཁ་འཆལ་སྨྲ་བ་དང་།།
ཕ་མར་ཚིག་མཚོན་འདེབས་པ་ནི།།
བརྙས་བཅོས་ཉོ་བའི་རྒྱུ་ཡིན་པས།།
ཁ་འཇམ་ལག་འཇམ་མ་འཆུག་ཅིག།
 
བརྩེ་བ་རྫུན་མ་སྤྲོད་པ་དང་།།
གཞན་གྱི་བགྲོད་ལམ་དཀག་པ་ནི།།
བསམ་ཤེས་མེད་པའི་ལས་ཡིན་པས།།
རང་དཔེ་གཞན་ལ་ལེན་རྒྱུ་གལ།།
 
དགེ་རྒན་བཟང་པོར་གུད་པ་དང་།།
ཉམས་ཆུང་སེམས་ཅན་སྐྱོང་བ་ནི།།
མི་གཞི་མཛེས་པའི་རྒྱུ་ཡིན་པས།།
ཚུལ་མཐུན་སྤྱོད་ལམ་བསླབ་རྒྱུ་རེམ།།
 
རིག་པའི་ཀླད་ཁམས་གྲུང་བ་དང་།།
དཔྱོད་པའི་ཤེས་རབ་ཆེ་བ་ནི།།
མཁས་པ་དག་གི་ལམ་ཡིན་པས།།
ལམ་དེ་ནམ་ཡང་བརྩི་སྲུང་དགོས།།
 
ཤེས་མེད་སྡར་མས་ཕྱོགས་རིས་དང་།།
མི་དགོས་པ་ལ་ཚིག་མཚོན་ནི།།
མདུན་ལམ་བརླག་པའི་ཉེར་བསྡོགས་ལས།།
བསམ་པའི་དོན་ཀུན་འགྲུབ་ཐབས་དབེན།།
 
བླ་མས་ཁྱིམ་ཐབ་བཟུང་བ་དང་།།
སྙིང་རྗེ་བོར་ཞིང་ཁྲོ་ཚིག་ནི།།
སྟོན་པའི་ལམ་ལས་གོལ་འདུག་པས།།
ཞི་བའི་ལམ་བཟང་འབད་པ་དགེ།།
 
རང་གི་རིག་གཞུང་ལེགས་མོད་ཀྱང་།།
གཞན་གཞུང་མེ་རུ་བསྲེགས་པ་ནི།།
སྡུག་ཏུ་ཐུག་པའི་ལས་ཡིན་པས།།
བསམ་བློའི་གོ་རྟོགས་སད་རྒྱུ་བརྩོན།།
 
བོད་ཁམས་ས་ཆ་ཆེ་བ་དང་།།
མཁས་པ་དུ་མ་བྱོན་མྱོང་ཡང་།།
དེ་ཉིད་རྒྱུ་མཚན་འདྲོངས་བ་ལས།།
ད་ལྟའི་ལས་ལ་འབད་ན་དགའ།། 
 
རིག་པའི་རལ་གྲི་བརྡར་བརྡར་ཡང་།།
གནད་འགག་སྐབས་སུ་བློ་རྨོངས་ནས།།
ཕྱིན་ཅིའི་ལོག་པའི་ལམ་ཞུགས་ན།།
བསླབ་པའི་བྱ་བ་དོན་མེད་ཡིན།།
 
རང་ལམ་རང་གིས་འདེད་བསམ་ཡང་།།
ངོ་སྲུང་དོར་བའི་སྤོབས་པ་ཞུམ།།
དེ་འདྲའི་ཅོལ་ཆུང་ནུས་མེད་ལ།།
མགོ་བོ་དགྱེ་བའི་དུས་ཚོད་མེད།།
 
རང་ངོ་རང་གི་མི་ཤེས་པའི།།
བོད་པའི་ཡུལ་ལ་དཔའ་བོ་མང་།།
དཔའ་དེ་རང་རིགས་ཕུ་ནུ་ལས།།
གཞན་གྱི་ཕྱོགས་སུ་སྐད་གསང་ཤོར།།
 
མི་ཡི་མི་ཚེ་མགོ་མཇུག་ཀུན།།
རེ་དོགས་གཉིས་ལ་གཡེང་དྲག་ནས།།
ཐོབ་ཤོར་མ་གཏོགས་དྲན་རྒྱུ་མེད།།
དོན་དེ་བསམ་ན་སྙིང་རེ་རྗེའོ།། 

རྩོམ་རིག་ནི།  འཇིག་རྟེན་ཕྱི་ནང་གི་ངོས་ཟུར་མི་འདྲ་བར་ལྟ་བའི་ཤེས་སྟོབས་ཀྱི་སྤྱན་ཟུང་ཆ་གཅིག་ཡིན་པས།  ཕྲན་གྱིས་རྩོམ་རིག་ལ་རང་གི་མིག་འབྲས་ལྟ་བུའི་གཅེས་འདང་ཡོད།  
                 བོད་ཞེན།  རྒྱུད་སྡེ་འོག་མ།
 
སེམས་སུ་སྒྲོན་པའི་སློབ་བུ་དག
 
ཀྱེ་ཀྱེ་སེམས་སུ་སྒྲོན་པའི་སློབ་བུ་དག།
ན་ཚོད་གཞོན་ལ་རིག་པ་རྣམ་པར་གསལ།།
གཤིས་སྤྱོད་ལྷད་དང་བཅོས་བག་མ་གོས་ཤིང་།།
ཕན་ཚུན་འདྲེས་པའི་འདུན་པ་ཤིན་ཏུ་དཀར།།
 
ཕྲན་ང་ཤེས་འཇོན་ནུས་པའི་རྒྱན་དབེན་ཡང་།།
ལོ་དང་ཟླ་བར་ངལ་བས་བསགས་པའི་འབྲས། 
ཆུ་ཡི་ཐིགས་པ་ཟེགས་པའི་ཆ་ཤས་རེས།།
ཕན་དུ་རེ་བ་འདི་ཀོ་སེམས་འདུན་གཙང་།།
 
ཁྱེད་ཅག་འདུན་པའི་ལམ་ཐག་རྒྱང་རིང་ཞིང་།།
སྣ་ཚོགས་ཁུར་གྱིས་ངལ་བ་ཟབ་དྲགས་ཀྱང་།།
གཞོན་དུས་འབད་པའི་རེ་ཐག་མ་ལྷོད་དང་།།
བརྒྱ་ཕྲག་རེ་བའི་ཀློང་གི་འོད་ཟེར་ཡིན།།
 
སྔོན་བྱུང་མེས་པོས་བསྐྲུན་པའི་ཆོས་ནོར་མཛོད།།
ཕ་དམ་གསེར་གྱིས་བྲིས་པའི་གཞུང་བྱང་ཡིན།།
ཕྱིས་འབྱུང་བགྲོད་པ་གསར་བའི་བཞུད་ལམ་ན།།
ཁྱེད་ཅག་བློ་གཏད་ཁེལ་བའི་ས་བོན་ཡིན།།
 
ད་ལྟ་རིག་པ་སྦྱོང་བའི་ན་ཚོད་དང་།།
ཤེས་རབ་འོད་དུ་སྒྲོན་པའི་བསྐལ་བཟང་ལགས།།
ཕྱིས་འབྱུང་ལྗང་སྨྱུག་གསར་བའི་འབྲས་བུ་རེ།།
ཆོས་དང་རིགས་ལ་ཕན་པའི་གྲིབ་བསིལ་ཡིན།།
 
ཕལ་བས་མི་རྣམས་རང་བཞིན་ངང་དུ་འདས།།
སྐྱེ་བ་ལས་ཀྱི་མེ་ཏོག་སད་ཀྱིས་ཁྱེར།།
ལྟོ་གོས་གཏམ་ལ་ངལ་བ་ཆེར་བསགས་ཀྱང་།།
གཅེས་དགུའི་རྟེན་ལ་སྙིང་བོ་མ་བྱུང་ཨང་།།
 
ཁྲི་ཕྲག་སྨོན་པའི་དེང་རྩེ་རེ་བའི་སྙིང་།།
རིགས་གཟུགས་མ་ཡིན་རྒྱུ་འབྱོར་ལང་ཚོ་མིན།།
བློ་དང་ལྡན་ཞིང་གཤིས་འཇམ་ཁོག་ཡངས་པ།།
དམ་པའི་ངང་ཚུལ་འཛོམས་པ་བཟང་པོའི་བརྒྱན།།
 
ཕ་དམ་གསེེར་གྱིས་བྲིས་པའི་རེ་བཞག་དང་།།
ཕྱིས་འབྱུང་རྗེས་རབས་སེམས་ཀྱི་རྨི་ལམ་སྟེ།།
རྨད་བྱུང་ཆོས་རིག་ཟུང་གི་གཤོག་རྩལ་དག།
རྒྱལ་ཁམས་ཕྱོགས་མེད་སྒྲོན་པ་འདི་ཀོ་ལགས།།
 
གཅེས་ཤིང་ཕངས་བའི་སློབ་བུ་བཞིན་བཟང་དག།
ཁྱེད་ཅག་སྐྱེས་པ་དོན་གྱི་སྙིང་པོ་ཆེ།།
ཕལ་བའི་མི་ལས་ཤེས་འཇོན་ཟབ་དྲགས་པས།།
རིགས་ཀྱི་སྙིང་གི་འཕར་རྩ་རེ་རེ་ཡིན།།
 
གཏམ་འདི་རིན་ཆེན་སེམས་ཀྱི་དཀྱིལ་དུ་ཞོག།
སྣ་ཚོགས་འགྱུར་བ་རླུང་གི་རླབས་བདོ་ཡང་།།
ཕ་དམ་གསེར་གྱི་དོད་འདི་མ་འབོར་དང་།།
གཞི་ཁྱིམ་གངས་ཀྱི་གཟི་འོད་ད་དུང་འཚེར།།
 
ད་ནི་རེ་བའི་མེ་ཏོག་དེ་ཙམ་ཡིན།།
སྔ་རྗེས་ཀུན་ཏུ་ལྷག་ཆད་ནོར་སོ་དག།
གཅེས་པའི་སློབ་བུ་དག་གི་སྤྱན་སྔར་འཆགས།།
ལེགས་པའི་ཆ་དག་སེམས་གཞུང་དཀར་པོ་ཡིན།།
༢༠༡༧  / ༢ / ༥ཡི་གེར་བཏགས། ༢༠༢༠/ ༡༠ /༡༤དག་བཅོས་བྱས།
                     རྩོམ་སྒྲིག་པ། གསར་བ།

           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease