རྫོང་སར་རྩོམ་རིག རང་མོས་སྙན་ངག

    སྲོད། ཆང་། རྣལ། དཔལ་འབར། མྱི་འདྲེ།

རྫོང་སར་རྩོམ་རིག རང་མོས་སྙན་ངག

          རྩོམ་པ་པོ།  སྲོད།  ཆང་།  རྣལ།  དཔལ་འབར།  མྱི་འདྲེ། 


     ང་ཚོས་ཅི་ཞིག་འབྲི་བར་ངལ་བ་རྟེན་ཞེས་ན། དེ་ནི་ནམ་རྒྱུན་གྱི་འཚོ་བ་འབྲི་བའོ།  འཚོ་བ་གང་ཞིག་ཅེ་ན། དེ་ནི་ཁྱོད་དང་ཁྱོད་ཀྱི་འཇིག་རྟེན་གྱི་སྐྱེ་འཆི་བར་དོའི་ངོ་བོ་རང་བཞིན་ཁ་དོག་སྣ་ལྔ་བཅས་སོ།

             མྱི་འདྲེ། ཕར་ཕྱིན་འོག་མ།

ཧིན།
 
 
ཤ་སྦྲང་དེ་དག
གླུ་ལེན་ཞོར་སེམས་ཅན་ཟ
 
སྐྱ་ཀ་དེ་དག
སྐྱོ་བཞིན་དུ་ཚག་ཚག་ཏུ་དགོད
 
སྤྱང་ཀི་དེ་དག
གྲོད་ཀོག་རྒྱག་བཞིན་དུ་ངུ་
 
ཁྭ་ཏ་དེ་དག
མ་བོས་ཀྱང་ཨ་ལན་སྟེར
 
མི་དེ་དག
མཆུ་ཤོ་བཞིན་དུ་འཕྱ་སྨོད་བྱེད
 
སྤྲུལ་སྐུ་དེ་དག
སྡོམ་པ་ཤོར་རུང་དབང་ལུང་གནང་
 
དཀོན་མཆོག་དེ་དག
ཞུ་བ་ག་ཙམ་འཕུལ་ཡང་འབྱོན་ཡོང་བ་མི་འདུག
 
འཁོར་བ་འདི་ན
ཇི་ལྟར་བསྡད་ཀྱང་སྐྱོ་བ་ཁོ་ན་རེད
 
ཧིན་་་་་
           ༢༠༡༨  ༡༡  ༡༨

མི། 
 
མི་ཟེར་བ་འདི་ཤ་ཚ་མོ་ཞིག་རེད
སུ་ཡིན་ཡང་   ཉིན་མཚན་མེད་པར་རྒྱུག་གིན་འདུར་གྱིན
རབ་ཅིག་ལས་རབ་ཅིག་བཤད་པ་རེད
 
ཚེ་ཡི་ཉི་མ་ནུབ་རིར་སླེབས་ཀྱང་  
ད་དུང་དེ་འདྲ་རེད    རྨི་ལམ་གྱི་ཐག་སྣེ་མ་བཏང་ནས
བྱ་བ་རེ་མུ་མཐུད་དུ་འགོ་རྩོམ་པར་བྱེད
 
ཡིན་ཡང་སྐབས་ཞིག  ཁྱོད་ཀྱི་ལས་མཚམས་ཞོགས་མེད་ནའང་
ཁྱོད་ཀྱི་རྨི་ལམ་གྱི་མདོ་རྫོགས་མེད་ནའང་
ཡོད་ཚད་སྐྱུར་ཞིག་   ད་ནི་འགྲོ་རན
 
ངུ་སྐད་ཀྱི་དུང་སྒྲ་ལྷང་ལྷང་དང་འགྲོགས་ཏེ
དམྱལ་ཡུལ་འགྲོ་ངེས་ཀྱི་སྤྱི་སྤྱོད་རླངས་འཁོར་ནང་འགྲོ་ཞིག
ཕྱིར་མིག་གི་ཕྱག་རྗེས་འཇོག་གིན་འཇོག་གིན་ཁེར་རྐྱང་ངང་འགྲོ་ཨོ་་་་་་་་་
                    ༢༠༡༧:༧:༢༥


     གུས་པས་རྩོམ་རིག་ལ་བཅང་པའི་དུང་ཞེན”ནི།   གྲོགས་པོ་ཞིག་ལ་མཛའ་བརྩེའི་རྨུ་ཐག་རིང་དུ་དཀར་བ་ལྟར་སྙིང་ཆུང་དག་གཙང་གི་ཕུལ་ཚུལ་དེ་ཡིན་ལ།“ང་དང་རྩོམ་རིག་གི་འཚོ་བའི་འབྲེལ་བ”ཀྱང་།  ནམ་ཞར་མིག་ཆུ་དངའཛུམས་མདངས་ལྷན་དུ་བསུ་མཁན་གྱི་ལས་མཐུན་གང་དེ་བཞིན་འཚོ་བའི་དབུགས་དབྱུང་ས་ཞིག་ལས་མ་འདས་པས།  དོན་དུ།  ང་དང་རྩོམ་རིག་གི་ཡང་སྙིང་ནི་བློས་ཐུབ་ཀྱི་གྲོགས་པོ་ཞིག་གི་ཡང་སྙིང་ལགས་ན།  སྔར་བཞིན་འཇིག་རྟེན་འདིའི་ཆེས་ཡིད་འོང་དུ་བརྡ་རུ་མཐོང་ཆོག་པར་ཞུས་ཡོད་དོ།།

 
               སྲོད། ཚད་མ་གོང་མ།
 
མིང་མེད།
 
ཉི་ནུབ་ཀྱི་རྒྱབ་གཟུགས་རེ་རེས
མི་རྟག་པའི་གཏམ་རྒྱུད་འཆད
 
སྲོད་ཀྱིས་ལྷིང་འཇགས་ཁྲིད་རྗེས
ཁེར་རྐྱང་གི་དྲན་གཞིག་བསྩལ
 
མུན་པའི་ནགས་ཚལ་ནང་དུ
སྐྱོ་གར་གྱི་ཡོ་ལངས་རྩེན
 
རྨི་ལམ་ནང་གི་སྔངས་སྐྲག
དུར་ཁྲོད་ཀྱི་རོ་སྒྲུང་དུ་གྱུར
         2020  10  5
 
ཕལ་བའི་ངག
 
འཕྲིན་ཕྲན་ལ་འཁོར་བའི་མིག་ཟུང་དེ
སྣ་ཚོགས་ཟློས་གར་གྱིས་བསླུས་ཡོད
 
རང་འདོད་ཆེ་བའི་སེམས་འགྱུ་དེ་ཡང
སྐྱོ་གར་ལ་ཡིད་ཆད་ཀྱང་ལྡོག་ཐབས་མ་བྱུང
 
ཉམ་ངའི་རྣམ་འགྱུར་ལ་ང་རྒྱལ་གྱི་སྨིན་མ་སྡུད་པ་ནི
ཆགས་སྡང་གི་ཁྲག་རྒྱུན་མ་འགག་པས་ལན་སོང
 
སྐད་ཆའི་གཏིང་ན་སྐྱེས་པའི་སྙིང་གཏམ
འདོད་ལྷའི་མདའ་རྩེས་རྨས་ཀྱིན་པ་མ་ཚོར
 
རྒྱང་རིང་ཞེས་པར་ཅི་ཡང་སྨོན་མྱོང་བ་བཞིན
ཉི་ནུབ་ཀྱི་ཕང་བར་ལུད་པ་མ་མཐོང
 
རང་ལ་མ་དབང་བ་དེ་དག
ལས་དབང་ལ་འཁང་ར་བྱས་པས་ཕན་ཨང་བསྙམ
 
ཟོ་ཆུན་འཁོར་ལོའི་དཔེ་འཇོག་རྙིང་པ་འདིས
དོན་དུ་མཚོན་དོན་ཅི་ཡང་གོ་བར་མ་གྱུར
     2020.10.14  རྫོང་སར་ནས།


     ནམ་མཁའ་ཇི་ལྟར་གསལ་ཡང་སྤྲིན་ཕུང་ཇི་ལྟར་དག་ཀྱང་ཉི་འོད་མེད་ན་སྙིང་པོ་གང་ཡང་མེད་་་དེ་བཞིན་ངའི་འཚོ་བ་ཇི་ལྟར་ཕུན་སུམ་འཚོགས་ཀྱང་སྙན་ངག་མེད་ན་སྙིང་པོ་གང་ཡང་མི་འདུག

                          བྱང་དུར་འདྲེ།  ཕར་ཕྱིན་བར་མ།
 
ནང་མི་ཞིག་ལ་སྙིང་གཏམ་ལབ་པ
 
ཁྱོད་ཀྱིས་རང་གི་ནམ་མཁའ་ལ་རི་མོ་ནག་པོ་མ་འབྲི་རོགས
བྲིས་བཞག་ན
ཁ་བ་བསྟུད་མར་དབབ་འོང
འབབ་བྱུང་ན
འཚོ་བའི་ཕྱི་ནང་དག་དར་གྱིས་བཟུང་འགྲོ
 
ཁྱོད་ཀྱིས་རང་གི་ལག་པ་ལ་ལྕགས་ཀྱི་ལག་ཤུབ་མ་སྐོན་རོགས
སྐོན་བཞག་ན
ལག་པ་ནུས་མེད་འགྱུར་འགྲོ
གྱུར་སོང་ན
སེམས་ཀྱི་བདེ་སྡུག་དག་གཟུགས་སུ་ཕབས་མི་ཐུབ
 
ཁྱོད་ཀྱིས་རང་གི་མདུན་ལམ་ལ་མི་སྡུག་པའི་ས་བོན་མ་བཏབ་རོགས
བཏབ་བཞག་ན
མ་རུང་པའི་མྱུ་གུ་སྐྱེས་འོང
སྐྱེས་བྱུང་ན
མདུན་ལམ་གྱི་མཛེས་པ་མཐའ་དག་བཅོམ་འགྲོ
                   2020/10/12

     རྩོམ་རིག་ནི།  ནང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་གི་ཚོར་བའི་རི་མོ་འབྲི་ས་ཞིག་དང་།  སྐྱིད་སྡུག་མཉམ་དུ་ཁུར་བའི་ཚེ་གཅིག་གི་སྐྱ་ཡ་ཞིག་ཏུ་སྒོམ་ཡོད།  རྩོམ་རིག་ནི་ཁེར་རྐྱང་གི་མི་ཚེའི་བརྒྱུད་རིམ་ཁྲོད་ནས་དགའ་སྡུག་གཉིས་ཀྱི་དྲན་པ་འཕྱོ་ས་ཡིན།།  
 
                                       རྣལ།  ཚད་མ་འོག་མ།
 
རྩྭ་ཐང་།
 
འདས་པ། 
 
ནམ་མཁའི་ལྭ་བ་གྱོན་པའི་ལྗང་མདོག་གི་འཇིག་རྟེན
ལོ་ཟླ་ཧྲིལ་བོ་ཉི་ཟླའི་འོད་ལས
དྲི་ནག་གིས་གབ་པའི་ཁྱོད་ཀྱི་ངོ་གདོང་
བྱིས་པ་སྣབ་ལུགས་ཚོས་ཡང་ཡང་བཀྲུ་དོན
འབག་བཙོག་གིས་བསླད་པའི་འཇིག་རྟེན་གཞན་ཞིག་ཏུ་མི་འགྱུར་ཆེད་ཡིན
 
ད་ལྟ། 
 
དུག་རླངས་ཕོག་པའི་འཇིག་རྟེན་གྲུ་གསུམ་མ
རལ་གྲིས་གཏུབ་པའི་ལྭ་བ་དྲལ་བོ་ཞིག་ལྟར
རྫས་སྦྱོར་འདྲེས་མའི་བྱུག་རྫས་རེ་བྱུགས་ཏེ
ངོ་གདོང་རྨས་ནས   སྲན་ནད་ཕོག་ཅིང་
འཆི་ལ་ཉེ་བའི་འུ་ཅག་གི་རྟེན་གཞི
 
མ་འོངས་པ། 
 
སྔོ་ལྟེམས་ལྟེམས་ཀྱི་མཚོ་མོས་སྨྲེང་ཚིག་གྱེར་ཞིང་
རང་རློམ་ཆེ་བའི་ཞི་ལ་ཚོས་ཡིད་ཆད་ལ་འགྱོད་ཚིག་བསྣན་ནས
ད་ལྟ་   དྭངས་གཙང་གི་ཆུ་བོ་ཞིག་དང་
ལྷད་མེད་ཀྱི་རྩྭ་ཐང་ཞིག་ཡོད་པས་ཆོག
ཅེས་སྨྲ་བའི་<< ཡིད་ཆད་ >>ཀྱི་དུས་ཤིག་ཏུ་འགྱུར་ན་ཐང་
                                             2020  10   5


     ངས་སྙན་ངག་ལ་རྟ་ཕོ་ཞིག་གི་འདུ་ཤེས་བཞག་ཡོད།  
 
              ཆང་།  ཚད་མ་གོང་མ།
 
ཉམ་ང་བའི་གླུ།
 
ང་ལ་དབུལ་ཕོངས་དང་སྡུག་བསྔལ་མ་གླེང་།
དུས་ཚོད་ནི་སྐྱེ་འཆི་ཁོ་ནས་གྲུབ་པ་ཞིག
ཐ་མག་རྐང་གཅིག་པོ་འདི་ཟད་རྗེས།
ངས།   རང་ཉིད་ལ་ཅིས་ཀྱང་ལ་གྱེས་ཕྱག་ཞུ་འོས།
 
འབྱུང་འགྱུར་ནི་དུས་ཚོད་ལ་དབང་བས།
ང་ལ་གནས་ལུགས་དང་འགན་འཁྲི་མ་འདྲི།
ངས་རང་ཉིད་ལ་ལྷིང་འཇགས་ཀྱི་དུར་ས་ཞིག་ལས།
ཅི་ཡང་འཐོབ་པར་རེ་བ་འདོན་མི་སྲིད།
 
མི་ཚེ་སྐྱིད་སྡུག་གི་ཚང་དུ་གནས་པས།
ཁྱོད་ཀྱིས་མ་འོངས་པའི་སྟོང་སེམས་མ་བཅང་རོགས།
དབྱར་ཟླ་ཧྲིལ་པོ་འདི་ཟད་རྗེས།
ཁྱོད་ལ།    ཆང་ཕོར་སྟོང་པ་ལྟ་བུའི་ཕྱིར་དྲན་ཞིག་ལས་ཅི་ཡང་ཐོབ་མི་སྲིད།
 
ཝེ་གྲོགས་པོ།    
སྟོང་སེམས་ཀྱི་གླུ་ཞིག་ལོང་དང་།
གཞས་ཚིག་ང་ཡིས་འབྲི་ཆོག།
དུས་ཚོད་སྐྱེ་མཆིའི་གྲུབ་ཅིང་།། མི་སེམས་རླུང་པོ་གཡོར་འདྲ། །
                     2020.9.15ཉིན་རྫོང་སར་ནས།
                                 རྩོམ་སྒྲིག་པ། གསར་བ།

           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


Signature is customized by Netease