ལྷ་ཚོགས་ཀྱི་མཚན་མོ།

    རྩོམ་པ་པོ་། ལྷ་ཚོགས་ཚང་།


མ་ངེས་པའི་སྐྱོ་བ།

             ལྷ་ཚོགས།  མགོ་ལོག་ཆུ་ཐིགས།


དོ་ཞག་སེམས་ཀྱི་ནང་ལོག་ཏུ།།
སུན་སྣང་དང་བཅས་སྐྱོ་བ་ནི།།
གྲོང་ཁྱེར་ནང་གི་མཁའ་དབུགས་ལྟར།།
ངོས་ཀྱི་བར་སྣང་སྒྲིབ་ཀྱིན་འདུག།
ཡིད་དུ་འོང་བའི་མ་འོངས་པའང་།།
རིམ་བཞིན་སེམས་ནས་འབོར་གྱིན་འདུག།
 

ལས་ཀྱི་མཚན་མོ་ཚེས་པའི་ཚེ།།
ང་ཡིས་ཟླ་བ་མི་འཚོལ་ཞིང་།།
མཚན་མོའི་སྲང་ལམ་དག་ཏུ་ཡང་།།
ང་རང་གཏན་ནས་མི་འགྲོ་བར།།
དེ་དུས་ངོས་ཀྱིས་རྩྭ་ཐང་ནས།།
གངས་རི་ཁོ་ན་བསྲུང་བར་བྱ།།


བརྩེ་བའི་མེ་ཏོག་མི་སྐྱེ་བའི།།
བྱེ་མའི་ཐང་ཆེན་ཉུལ་ཏེ་འགྲོ།།
སྟོང་བར་ལུས་པའི་ལུང་བ་རུ།།
སེམས་ངལ་ཅུང་ཙམ་གསོ་བར་བྱ།།
ཁྱོད་ནི་སེམས་ནས་མི་དྲན་པར།།
ཆང་དང་ཐ་མག་ཅི་དགར་རོལ།།
 

མུན་ནག་མཐོང་བའི་ཕར་ནང་ན།།
སྙིང་དུ་སྡུག་པའི་ཞལ་རས་ཚེས།།
འཆི་བ་སྒུག་པའི་གོ་རིམ་ནི།།
རང་དབང་ཐོབ་པའི་བྱ་ཁྱུ་བཞིན།།
བྲེལ་བ་ཆེ་བའི་ནམ་མཁའ་ནས།།
ཐ་མའི་སེམས་ངལ་གསོ་བར་བྱ།།


ཟླ་བ་མི་མཐོང་བའི་དུས་སུ།
                              
ད་ནི་ངས་ཀྱང་འཇིག་རྟེན་དང་།།
ལྷན་ཅིག་མཚན་མོ་ནག་པོར་མཐོང་།།
འཚོ་གནས་བོར་བའི་རི་དྭགས་ཀྱི།།
ལག་པས་ནགས་ཚལ་འབྲི་ན་སྙམ།།
ཟླ་བའང་ཡང་ཡང་མཐོང་ན་བསམ།།
རེ་ཞིག་མཐོང་བའི་ནམ་མཁའ་ནས།།
སྐྱོ་གདུང་རོ་མ་ཆར་དུ་བབས།།
ཡུན་རིང་བསྒུག་པའི་རྗེས་སུ་ཡང་།།
གནམ་ན་སྔར་བཞིན་ཟླ་བ་མེད།།
ད་ནི་ཐ་མའི་དུས་ཚོད་ཀྱི།།
ཐག་སྒྲ་ཁོ་ནར་ཉན་ན་འདོད།།
        2018 ལོར་བྲིས།


དཀར་ནག

            ལྷ་ཚོགས།  མྱི་གསར་བ།


ད་ཆར་འཇིག་རྟེན་མུན་པའི་ནང་ལ་ལྷུང་སྟེ།།
འཛམ་གླིང་འཁྲུགས་ཆེན་གསུམ་གྱི་དབུ་ཡང་བསླངས་བྱུང་།།
དུས་རབས་མཐའ་དག་ཆུ་ཚོད་གསུམ་གྱི་ནང་དུ།།
རྡུལ་དང་རླུང་གི་འཕུར་མདའི་ནང་ལ་བཞག་སྟེ།།
སྲོག་གི་རོལ་རྩེད་ནམ་ཞིག་རྩེ་བར་གྱུར་ཡང་།།
འོ་སྐོལ་ཕན་ཚུན་འབྲེལ་བ་མེད་པར་འདྲ་བས།།
མི་རྣམས་སྐྲག་པའི་ཚུལ་དུ་ནམ་མཁར་བལྟས་འདུག །
ངས་ནི་མི་རྣམས་སྨྲེང་བའི་ཚུལ་ལ་བལྟས་འདུག །
 
མཛེས་སཱེ་མུན་པའི་ལྗོངས་ལ་སྐར་མདའ་རྒྱུ་ཡང་།།
མིག་གོང་ཉི་མའི་ནང་ལ་འཁྱིལ་བར་བྱུང་སྟེ།།
འཇམ་རྩུབ་ལག་པའི་གཟུགས་ནི་མཛེས་པའི་མེ་ལོང་།།
གསལ་སྒྲིབ་ལམ་གྱི་མཛེས་སྡུག་དྲན་ཡང་སྐྱིད་དོ།།
ངོས་ཀྱི་འཇིག་རྟེན་མཐའ་དག་ནམ་མཁས་ཁྱབ་འདུག །
དེ་བཞིན་ནམ་མཁའ་མཐའ་དག་བརྩེ་བས་ཁྱབ་སྟེ།།
ཨེ་མ་མི་རྣམས་འཛུམ་པའི་གདོང་ཡང་མངོན་བྱུང་།
ཨེ་མ་འཇིག་རྟེན་གསར་བའི་ངལ་ཡང་གསོས་བྱུང་།།
              2017  5  13


བར་ཐག
 
ཉི་མ་གསུམ་དང་རླུང་གི་དཀྱིལ་འཁོར་ནི།།
དགེ་སྡིག་ཆུ་ཡི་འཇའ་ཚོན་འཕྲོས་པ་བཞིན།།
ཡིད་སེམས་སྐྱིད་སྡུག་རླུང་གི་རྒྱ་མཚོ་ཡང་།།
མིག་དང་ཚེར་མ་བཞིན་དུ་ལྷུང་བར་བྱུང་།།
དགུན་ཟླ་ཙག་གི་མེ་ཏོག་གས་པའི་ཚེ།།
མ་ཅིག་ལབ་སྒྲོན་དྲན་ཡང་སྤྲོ་བྱུང་ཡེ།།
 
འཇིག་རྟེན་ཆེ་ཆུང་མི་རྟག་མཚོ་ཁ་ནས།།
སྐྱོ་དང་སྐྱིད་པའི་ཚུལ་འདི་ཨེ་མ་ཡག །
ངོས་ཀྱང་རོལ་རྩེད་བཞིན་དུ་རྩིས་པ་ན།།
སྙིང་པོ་ཆང་གིས་སྟོང་ཡང་འཚོ་བ་སྐྱིད།།
 
ཁེར་རྐྱང་མཚོན་པའི་དུས་ཚོད་སྣ་ཚོགས་ཀྱང་།།
མཚན་རྒྱབ་མི་ཀུན་གཉིད་པའི་རྗེས་སུ་རོལ།།
ནམ་ཞིག་ཁྱོད་ཉིད་དྲན་པས་སེམས་ཀྱང་སྐྱོ།།
ཨེ་མ་འདུ་འབྲལ་བསམ་ཡང་ཁྱོད་ཉིད་དྲན།།
 
ཁྱེད་ཅག་རྒྱང་དུ་ཡིབ་ཀྱང་རྒས་པར་ངེས།།
ཁྱེད་ཅག་གང་དུ་ཕེབས་ཀྱང་འཆི་བར་ངེས།།
       2017   3   31

 
 ཚོགས་དྲུག་གི་སྙན་ངག

               ལྷ་ཚོགས།  གུ་དཔལ་ཤིས།

 
སྒེའུ་ཁུང་བརྒྱུད་ནས་ཉི་ཐིགས་མལ་ཤག་ལྷུང་།།
བདེ་དྲོད་འཁྱིལ་བས་ལུས་ཚོར་བདེ་དབང་འདྲེན།།
 
བིམ་རབས་དྲུག་པའི་མཛེས་སྡུག་དགའ་སྟོན་གྱིས།།
སྤྱན་གྱི་དཔལ་ལ་འཁོར་བའི་དུས་བཞི་འཛུམ།།
 
རོལ་དབྱངས་ཟ་ཟི་ཨམ་ཅོག་དྲིལ་བ་ཡིས།།
སྙན་པའི་ཁུ་བྱུག་གྲགས་པའི་སྲོད་གཞས་བཏང་།།
 
བདུག་སྤོས་སྦར་བས་དུད་སྤྲིན་ལང་ལོང་ཚོགས།།
ཤངས་ལ་འཐིམས་པས་དྲན་པའི་རྟོག་གསར་འཆར།།
 
ཕོར་ཇའི་བྲོ་བ་མཆུ་སྒྲོས་བརླན་བརླན་གྱིས།།
ཞིམ་མངར་རོ་བརྒྱས་ལྕེ་དབང་གར་ལ་རྒྱུ།།
 
གསལ་གསལ་མཛེས་མཛེས་ཡོད་ཡོད་སྙན་སྙན་ལ།།
རེ་ཞིག་གཡེང་བས་ཡིད་གཞུང་དྲན་པ་བསོར།།
 
ཀུན་རྟོག་སྒྱུ་མས་བཞེངས་བའི་ཕོག་མིག་ཏུ།།
རྟག་བདེན་འཛིན་སྟངས་རེས་འགར་རྨི་ལམ་དྲོ།།
          ༢༠༡༨ ༣ ༣༠
 
རྣམ་རྟོག་བྱེ་བ་བརྒྱ་ཕྲག
 
དེ་དུས་ཞེ་འདྲིས་ཐོགས་པའི།།
རྨི་ལམ་གྲོང་གི་ཨ་ཅག།
དུས་ཀྱི་འཛུམ་བག་རྒོད་པས།།
ད་རུང་ཐུག་འཕྲད་མི་འདུག།
 
ཁྲ་ཁྲའི་ཚོམ་གྱི་རྒྱ་སེ།།
ང་ལ་དུད་པ་ཡིན་ནམ།།
ང་ལ་ཏོག་ཙམ་ཨེ་ཕྱོགས།།
གསང་དྲི་དམར་པོ་ཚོར་རམ།།
 
ནམ་འཆི་མེ་ཏོག་དཀར་པོ།།
སུ་ཡི་དུར་སྒྲོམ་ཉལ་བ།།
ལན་ཆགས་དཀར་སེར་དམར་ལྗང་།།
དེ་ལ་ཞེ་ཁྲལ་མི་འདུག།
 
སྲང་ནས་ཉོས་པའི་བླ་གཡུ།།
འདོགས་པ་སུ་ཞིག་བདོག་གམ།།
ཡང་ན་ཞེ་ཁྲལ་གནང་བའི།།
ཁྱོད་ཀྱི་མགུར་ལ་བདོག་གམ།།
 
ང་གཉིས་འཛོམས་ཡོང་ཞེས་པའི།།
གློག་དམར་འཚབ་འཚུབ་དེ་ཀོ།
ཡུལ་མཐར་རབ་ལ་མོག་པའི།།
ད་ནི་འཆར་ས་མ་རེད།།
 
རྣམ་རྟོག་རྟ་ཕོ་འཁྱུག་པས།།
སུ་ཡི་བློ་རྟ་ཉན་འགྲོ།།
ཆོས་ཉིད་ཟེགས་མ་བརྒྱད་ཅུ།།
སུས་ཀྱང་བགྲང་བར་དཀའ་ཁུ།།
      2018  3  5

 
                       རྩོམ་སྒྲིག་པ། མྱི་གསར་བ།