མཐའ་མཇུག་གི་འཕྲིན་པ་ཁག་བདུན།

    ལྷ་ཚོགས། མགོ་ལོག་ཆུ་ཐིགས།


མཐའ་མཇུག་གི་འཕྲིན་པ་ཁག་བདུན།


                མགོ་ལོག་ཆུ་ཐིགས།



དང་པོ།
ཐན་པ་བྱུང་བའི་ལུང་པ་འདི་ནས
ངའི་ལས་དབང་གི་མེ་ཏོག་སོས་ཐབས་བྲལ་སོང

ལོ་ཟླ་དུ་མའི་རྗེས་སུ
ངའི་བརྩེ་དུང་གི་ལྗོན་པ་ཡང་ས་རུ་འགྱེལ་ཟིན

དེའི་རྗེས་སུ
ང་རང་རྡོ་བ་བཞིན་ནང་སེམས་སྟོང་སྲིད


གཉིས་པ།
ཉིན་འདི་དག་ཏུ
ངས་དུས་ཚོད་ཀྱི་ལོག་ལམ་མཐོང་བྱུང

སྲང་མདོ་དང་ལམ་ཕྲན་དེ་དག་གིས
ངའི་ནང་སེམས་ལ་དུག་དང་མཚོན་གྱིས་གཙེས་བྱུང

ང་ད་དུང་རྨི་ལམ་དུ་ལུས་ཡོད་པ
ཁྱོད་ཀྱིས་ཤེེས་སམ


གསུམ་པ།
ཆང་བཏུང་བཏུང་བའི་རྗེས་སུ
ངས་རང་གི་གྲིབ་མ་བོར་སོང་བ་ཚོར

རྨ་ཁ་ཁོ་ནའི་གྲུབ་པའི
ངའི་རྐང་འོག་གི་ལམ་ཕྲན་འདིའི་ཐོག་ནས
ང་གཏན་དུ་ཕྱིར་ལོག་ཐབས་མེད་པའང་ཤེས

ཞིབ་ཏུ་བསམ་ན
ང་ཡི་ནང་སེམས་བོར་སོང་བ་འདྲ


བཞི་བ།
རྨི་ལམ་ནང་ནས
ངས་སྔར་བཞིན་སྙིང་ལགས་ཞེས་ཁྱོད་ཀྱི་མིང་ནས་བོས་བྱུང

ཞེན་ཆགས་ཀྱི་དབང་གིས
ང་རང་ད་དུང་ཁྱོད་ཀྱི་ཐང་སྟོང་དུ་ཉུལ་གྱིན་འདུག

ལས་དབང་གི་ལོག་ལམ་གཏན་དུ་བོར་རྗེས
ང་ཡང་གཞི་ནས་གཉིད་ལས་སད་དགོས་ཐུག


ལྔ་བ།
ཧ་ཅང་རྒྱུས་མངའ་ཡོད་པའི
སྲང་ལམ་དང་ཚོང་ཁྲོམ་འདི་ནས

ངས་མི་ཞིག་གི་རྒྱབ་གཟུགས་དང
རང་གི་ཉམས་ཆག་ཐེབས་པའི་ལས་དབང་དྲན་བྱུང

ད་ལོའི་ཟླ་༡༠ཚེས་༡༩ཉིན་འདི
ང་གཅིག་པུ་ངག་སྡོམ་དགོས་པའི་དུས་ཚོད་དུ་ལུས་ཡོད


དྲུག་པ།
ཁེར་རྐྱང་གི་གླིང་ཕྲན་འདི་ནས
ངས་ཉི་ནུབ་ཀྱི་མཛེས་སྡུག་བརྗེད་ཟིན

མཐའ་མཇུག་གི་རྒྱབ་གཟུགས་ངོས་ནས
ངས་བརྩེ་དུང་གི་ས་བོན་ཚིག་སོང་བ་རྟོགས

ད་ལྟའི་དུས་སུ
སེམས་འདི་དགུན་ཁའི་ཆུ་བཞིན་དུ་ཧ་ཅང་འཁྱག

བདུན་པ།
ཁྱོད་ཀྱིས་ང་ལ
མཐའ་མཇུག་གི་སྐྱོ་གར་བསྟན་ཡང

ངས་ད་དུང
ཁྱོད་ལ་ལེ་བདའ་བྱས་མྱོང་མེད

སེམས་འདི་སྐྱོ་སྐྱོ་བའི་མཐའ་མར
ང་སྔར་བཞིན་རབ་ཏུ་སྐྱོ་བྱུང


             
རྩོམ་སྒྲིག་པ། མྱི་གསར་བ།


           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


 

Signature is customized by Netease