ལྷ་མི།

    རྩོམ་པ་པོ། རྨ་འོད།

    ལྷ་མི།

           རྩོམ་པ་པོ། རྨ་འོད།



མི་ལ་གཤོག་པ་ཞིག་ཡོད དེའི་མིང་ལ་ལྷ་ཟེར
ལྷ་ལ་ལག་པ་ཞིག་ཡོད དེའི་མིང་ལ་མི་ཟེར
ཀ་གཅིག་གིས་གནམ་འདེགས་པར་བྱས་ཡོད
དེ་མིའི་བློ་གྲོས་ཡིན འོད་གཅིག་གིས་ས་སངས་པར་བྱས་ཡོད
དེ་ལྷའི་དངོས་གྲུབ་ཡིན
གནམ་ས་ཁད་ཀྱིས་ཕྱེས་པ་ནས
མིས་གཤོག་པ་སྤང་ལ་གདིང་མགོ་དང་
ལྷས་ལག་པས་རི་ཆུ་སྐྱོར་མགོ་ཚུགས
གནམ་ས་ཁད་ཀྱིས་ཕྱེས་པ་ནས
མིའི་གཤོག་སྟེང་ལ་ལྷ་བཞུགས་ཤིང
ལྷའི་ལག་མཐིལ་ནས་མི་འགུལ་ཙམ་འགུལ་ཙམ་བྱས
དེ་ནི་གཤོག་པ་ཐང་ལ་མ་ཆད་པ་དང་
ལག་པའང་ཐང་ལ་མ་ལྷུང་བའི་རྟེན་འབྲེལ་ཡིན
མི་ཞིག་གིས་ལྷ་མཆོད་ཚུལ་དེ་
ལྷ་ཞིག་གིས་མི་གཅེས་ཚུལ་དང་འདྲ་ལ
དེ་ཡང་མི་ངོ་ལྷ་ངོ་འཕྲོད་པ་ནས
གཤོག་པ་དང་ལག་པ་སྡེབ་པའི་བྱུང་བ་ཡིན
མི་ཚོགས་དང་ལྷ་ཚོགས་འདྲེས་ཚུལ་ལ་ཡང་འགྲེལ་སྟངས་
གཞན་མེད་པ་འདྲ
ནམ་ཞིག་རི་ཞོལ་ན་གཤོག་པ་རེ་ཟགས་པ་མཐོང་ན
ནམ་ཞིག་གཙང་འགྲམ་ན་ལག་པ་རེ་ཟགས་པ་མཐོང་ན
ནམ་ཞིག་སྒྲོ་ཡི་ཐིག་ལེ་དང་མཆིང་གི་རི་མོ་ཟགས་པ་བྱུང་ན
དེ་ནི་གཤོག་པ་ཅན་གྱི་མི་འཚུབ་ཀྱིས་གཟིམ་པ་དང་
ལག་པ་ཅན་གྱི་ལྷ་ལྷོད་ཀྱིས་ཐུན་ལ་བཞུགས་པ་ཡིན


                   ༢༠༡༥  ༥  ༢༠