ངག་བསྡམས་པའི་ལྷ་ཡུལ།

    རྩོམ་པ་པོ། སྲིན་པོ།

ངག་བསྡམས་པའི་ལྷ་ཡུལ།
 
             རྩོམ་པ་པོ།  སྲིན་པོ། 




གཤོག་པ་བཟོ་བྱེད་དུ་སྙུ་གུ་འཆང་བ་ཡིན་ནམ།
ཡང་ན། གནའ་བོའི་གླེགས་བམ་གྱི་གསེབ་ཏུ་གཉིད་ལ་ཤོར་བའི་དབྱངས་ཅན་མའི་རྨི་ལམ་
དཀྲོག་འདོད་པས་ཡིན། ཁྱེད་ཚོའི་སྣང་བའི་རབ་ཁ་ན་འཁྱག་རེངས་སུ་གྱུར་པའི་ཟླ་བ་
འཚེར་ཞིང་སྐོམ་གདུང་གི་དྲེག་པའི་མཆི་མ་འཐོར།
 

ཀྱེ་མ། སྙུ་གུའི་ཕོ་བྲང་ན་གཡུ་བྱུར་གྱི་རྒྱན་ཆས་བཀང་ཞིང་།ང་ཚོས་དེ་དག་རྟོག་བཏགས་ཀྱི་
སེམས་པས་ཕྱིར་རང་ཁྱིམ་དུ་འཁྱེར་འོང་དགོས། ལྷ་ཚོགས་བཞིན་ཁ་མི་གྲག་པའི་མྱ་ངམ་
ཐང་ཆེན་མོ་ཨ།གཡུལ་ལ་སོང་མྱོང་བའི་དུས་རབས་འདིའི་ལག་པ།དེ་ཡིས་ཚག་ཚག་གིས་
སྦར་གྱིན་པའི་སྒྲོན་མེ་ནག་པོ།དོན་དུ་དུས་རབས་འདིར་ང་ཚོ་གང་ལ་བུད་སོང་། ཡེ་ནས་མཐོང་རྒྱུ་མི་འདུག
 

སྤུན་ཟླ། ནམ་ཞིག་ན་ལུང་རིགས་ཀྱི་གཙང་བོའི་རབ་ཁ་བཅད་དེ་ཕྱིར་ཕ་ཡུལ་ལ་འབྱོར་དགོས་ཤིང་།ཆགས་སྡང་གིས་བཟི་བའི་དམར་ཧྲང་ཧྲང་གི་སེམས་པ་བསྐྱོར་ནས་རང་གི་གཞིས་ཁྱིམ་དུ་ཡོང་དགོས། གནས་གང་ལ་ཡང་གཏན་ཚིགས་དང་འཆང་ཐག་བྲལ་ཞིང་ནམ་ཞིག་ན་བྱེ་རླུང་གི་རི་བོས་ཉི་མ་བསྒྲིབ་འགྲོ་བའང་གཏན་ཚིགས་ཉིད་དོ།།

ཀྱེ་མ།དུས་རབས་འདིའི་ཆེས་མཐའ་མའི་དྭངས་གཙང་གི་ཁོར་ཡུག་དེ་སྙན་ངག་མ་ཡིན་ནམ།སྙན་ངག་གི་ཁྲོད་དུ་བདེ་ཐང་ངང་ནར་སོན་གྱིན་པ་དེ་སེམས་པ་མ་ཡིན་ནམ།
 

བྱ་གླག་གི་གཤོག་འགྱུར་ལ་ཟིལ་ཤུགས་ཀྱིས་ཁེངས་ཤིང་།ནམ་ཞིག་ན་གསེར་མདོག་གི་མཚོ་མོའི་རླབས་ཕྲེང་ཅི་དགར་གཏོར་དུས།ཁྱེད་ཚོས་རྟོག་བཏགས་ཀྱི་དྲོད་དུ་བསྙལ་བའི་སྙུ་གུ་ནི་ལྷ་ཡུལ་གྱི་ལྡེ་མིག་མ་ཡིན་ཀྱེ།
 
2015.6.7ཉིན་(སྙུ་གུ་འཆང་བའི་ལྷ་ཚོགས་)ཞེས་པའི་སྙན་ངག་གི་དཔུང་སྡེ་གསར་བའི་ཚོགས་མི་དག་གི་རེ་སྐུལ་ལྟར་རང་ཤག་ཏུ་སྦྱར།
 ཟུར་ཞུ།  རྩོམ་ཐུང་འདི་ནི་སྙན་ངག་ལ་བློ་དཀར་ཞིང་སྙན་ངག་གི་ཆེད་དུ་སྐྱིད་སྡུག་བཞེངས་པའི་མི་སྐོར་ཞིག་གི་རེ་བ་ལྟར་སྦྱར་བ་ཡིན།ལྷག་དོན་ཁོ་ཚོའི་རྟོག་བཏགས་ཀྱི་འཆར་སྒོ་ཇེ་ཡངས་དང་སྙན་ངག་གི་མདུན་ལམ་ཇེ་དགའ་སོགས་ཀྱི་འདུན་མ་ཞིག་གིས་ཀུན་ནས་བསླངས་ཏེ་བྲིས་པ་དགེ་གྱུར་ཅིག

                                         རྩོམ་སྒྲིག་པ། འཕགས་མི།