གཞི་ལམ་འབྲས་བུའི་ལྟ་གྲུབ།

    ཀརྨ་འཕྲིན་སྟོབས་ཀྱིས་གསུང་།

རྒྱུད་སྡེ་ཆེན་པོ་རྣམས་ལས་བྱུང་བའི་དཔལ་ལྡན་ས་སྐྱ་པའི་ལུགས་ཀྱི་གཞི་ལམ་འབྲས་བུའི་ལྟ་གྲུབ་ཀྱི་བཞེད་སྲོལ།

   དྲུང་རམས་པ་ཀརྨ་འཕྲིན་སྟོབས་ཀྱིས་གསུང་།  ཕབ་ཞུས་པ་ལྕང་བྲག་རིན་རྣམ
 



           འོ་ལགས་སོ། ད་དེ་རིང་ཀིརྟིའི་ནང་བསྟན་གཙུག་ལག་སློབ་གཉེར་ཁང་དུ་བོད་ཀྱི་ཆོས་རྒྱུད་ཁག་གི་མཁས་པའི་བགྲོ་གླེང་དང་པོ་འདིའི་ཐོག་ལ་ཞབས་སོར་འཁོད་པའི་དཔལ་ལྡན་མཁས་དབང་རྣམ་པར་འཚམས་འདྲིར་གུས་བསྐུར་ཞུ་བ་དང་ཆབས་གཅིག་ཏུ། ང་རང་ཡང་ཚོགས་པ་འདིའི་ནང་ལ་ཞུགས་ཐུབ་པ་ཙམ་དུ་མ་ཟད། སོ་སོའི་སློབ་སྦྱང་གི་དོན་སྙིང་དང་འབྲེལ་བའི་སྐད་ཆ་ཁ་ཤས་ཤིག་ཞུ་རྒྱུའི་བསྐལ་བཟང་བྱུང་བ་འདི་དང་བསྟུན་ནས། རང་གི་སློབ་གཉེར་གྱི་རྒྱུད་རིམ་ཁྲོད་ནས་དཔལ་ལྡན་ས་སྐྱ་པའི་གསུང་རབས་ཁག་དང་། ལྷག་པར་དུ་གསང་སྔགས་རྡོ་རྗེ་ཐེག་པའི་གཞུང་ལུགས་རྣམས་སུ་བྱུང་བའི་ཡུལ་ཅན་ལམ་དང་འབྲེལ་བའི་ལྟ་གྲུབ་ལ་གོ་བ་བླངས་ཚུལ་གྱི་ཐད་ནས་མདོར་བསྡུས་ཤིག་ཞུ་རྒྱུ་ཡིན།  དེ་ལ་བརྒྱད་ཁྲི་བཞི་སྟོང་གི་ལྟ་གྲུབ་ཀྱི་སྙིང་པོ་གཅིག་ཏུ་བསྡུས་ཏེ་སྟོན་པར་བྱེད་པའི་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་བརྗོད་དོན་གཙོ་བོ་མཐར་གཏུག་ན། གཞི་ཡི་ལྟ་གྲུབ། ལམ་གྱི་ལྟ་གྲུབ། འབྲས་བུའི་ལྟ་གྲུབ་སྟེ། གཞི་ལམ་འབྲས་གསུམ་གྱི་ལྟ་གྲུབ་ཀྱི་ཐོག་ནས་ཞུ་ཐུབ་ཀྱི་ཡོད་ས་རེད།

 

ཐོག་མར་གཞི་དང་འབྲེལ་བའི་ལྟ་གྲུབ་ཟེར་ན།

 

ཤེས་བྱ་གང་དང་གང་གི་གནས་སྟངས་ལ་གོ་རྒྱུ་ཡིན་དུས། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་གཞི་ཡི་ཤེས་བྱ་ཐམས་ཅད་མཚན་ཉིད་གསལ་བ།  རང་བཞིན་སྟོང་པ། ངོ་བོའམ་མ་བཅོས་པར་བཞག་ན་ཟུང་དུ་འཇུག་པའི་གསལ་སྟོང་ཟུང་འཇུག་གསུམ་གྱི་བདག་ཉིད་དེ།  འདི་ལ་གཞི་ལྷན་སྐྱེས་ཀྱི་ཆོས་གསུམའང་ཟེར་གྱི་ཡོད་རེད།  དེ་ལ་གཞི་ཤེས་བྱ་གང་དང་གང་ཞིག་ཡིན་ཡང་ཐོག་མར་ཚང་དགོས་རྒྱུའི་རྩ་བའི་ཆ་རྐྱེན་གཅིག་ནི་རང་བཞིན་གྱི་ཆ་ནས་ནམ་ཡང་ལྷུན་འགྲུབ་ཡིན་མོད་ཡོན་ཏན་གྱི་སྒོ་ནས་མ་འོངས་པར་རིམ་གྱིས་གནས་འགྱུར་རྒྱུ་ཡོད་པ་ཞིག་ངེས་པར་དུ་འདོད་དགོས་ཀྱི་ཡོད་དུས།  དེས་ན་ཤེས་བྱ་མ་ལུས་པའི་ཐོག་གི་གསལ་བ་སེམས་ཀྱི་མཚན་ཉིད་ཡིན་པར་ངོས་བཟུང་།  སྟོང་པ་སེམས་ཀྱི་རང་བཞིན་ཡིན་པར་ཐག་གཅོད།  གསལ་བཞིན་དུ་སྟོང་པ།  སྟོང་བཞིན་དུ་གསལ་བའི་གསལ་སྟོང་ཟུང་འཇུག་ཆུ་ལ་ཆུ་གཞག་པ་ལྟ་བུ་དེ་ཉིད་ངོ་འཕྲོད་པའི་ཆེད་དུ་སྦྱོར་དངོས་རྗེས་གསུམ་ཚང་བའི་ཐོས་བསམ་གྱིས་སྒྲོ་འདོགས་ལེགས་པོར་བཅད་དེ།  གཞི་ལྷན་སྐྱེས་ཀྱི་ཆོས་གསུམ་པོ་ལམ་ལྷན་སྐྱེས་ཀྱི་ཆོས་གསུམ་གྱིས་ཉམས་སུ་བླངས་པ་ལ་བརྟེན་ནས་འབྲས་བུ་ལྷན་སྐྱེས་ཀྱི་ཆོས་གསུམ་མངོན་དུ་འགྱུར་དགོས་པ་རེད།   

དེ་ལ་ལམ་གྱིས་ཉམས་སུ་ལེན་པ་ལ་གཏན་ནས་མེད་དུ་མི་རུང་བ་དེ་ནི་བྱིན་རླབས་ཐམས་ཅད་ཀྱི་འབྱུང་ཁུངས།  དངོས་གྲུབ་ཐམས་ཅད་ཀྱི་གཞི་མ།  དམ་ཚིག་ཐམས་ཅད་ཀྱི་རྩ་བ་སྨིན་བྱེད་དབང་གི་སྡོམ་པ་དེ་ཡིན།འོ་ན་སྨིན་པར་བྱེད་པའི་དབང་མཚན་ཉིད་པ་ཞིག་ལེན་དགོས་ན། དབང་གནང་མཁན་གྱི་བླ་མ་དང་ཞུ་མཁན་གྱི་སློབ་མ་ལ་ཁྱད་ཆོས་ཅི་འདྲ་ཞིག་ལྡན་དགོས་རེད་ཟེར་ན། ཐོག་མར་དབང་གནང་མཁན་གྱི་བླ་མའི་ངོས་ནས་བདེ་མཆོག་སྡོམ་འབྱུང་སོགས་ནས་གསུང་པ་དེ་དག་རྗེ་བཙུན་གོང་མ་རྣམས་ཀྱིས་བསྡུས་སྟེ་སྟོན་པ་བཞིན་དུ།  བླ་མ་གོང་མའི་བྱིན་རླབས་མ་ཉམས་ཞིང་། ཆོ་ག་འཁྲུགས་པ་ལ་སྤྱོད་ཀྱི་མེད་པ།  ཕྱི་ནང་གི་རྟེན་འབྲེལ་བསྒྲིག་པའི་མཁྱེན་པ་མངའ་ཞིང་།  ཕུང་ཁམས་སྐྱེད་མཆེད་ལ་སྐུ་བཞིའི་ས་བོན་ཐེབས་ནུས་པ།  ད་དུང་སངས་རྒྱས་ཀྱི་གསུང་བཞིན་བྱེད་པའི་བླ་མ་དེ་འདྲའི་མདུན་ནས་དབང་ལེན་དགོས་པ་སྟེ།    

དེ་ཡང་འཇན་མགོན་ས་པཎ་གྱིས། བླ་མ་བྱིན་རླབས་མ་ཉམས་ཤིང་།། ཆོ་ག་འཁྲུགས་པ་མ་གྱུར་པ།། ཕྱི་ནང་རྟེན་འབྲེལ་བསྒྲིག་མཁྱེན་ཅིང་།།  སྐུ་བཞི་ས་བོན་ཐེབས་ནུས་པ།།  སངས་རྒྱས་གསུང་བཞིན་བྱེད་པ་ཡི།།  བླ་མ་བཙལ་ལ་དབང་བཞི་བླངས།། ཞེས་གསུང་པའི་སྐབས་ཀྱི་ཁྱད་ཆོས་དེ་དག་ཚང་བའི་བླ་མ་ཞིག་དགོས་ཀྱི་ཡོད་རེད།  དེ་བཞིན་དུ་བླ་མ་ཚད་དང་ལྡན་པ་དེ་འདྲ་ཞིག་གིས་བསྐུར་བའི་དབང་གི་གདུལ་བྱ་དེ་ལ་ག་འདྲ་ཞིག་དགོས་རེད་ཟེར་ན། འདི་ལ་རང་བཞིན་རྒྱུད་ཀྱི་ཁྱད་པར།  ཞི་དུལ་ལྡན་ཞིང་གཡོ་སྒྱུ་མེད་པ། རྣམ་རྟོག་ཉུང་ཞིང་བཟོད་སྲན་ཆེ་བ།  བློ་དང་ལྡན་ཞིང་གཟུར་བོར་གནས་པ།  བླ་མར་བསྐུར་ཞིང་གསང་སྔགས་ལ་དད་པ། སྦྱིན་སོགས་ལ་དགའ་ཞིང་ཕ་རོལ་ཏུ་མངོན་པར་འདོད་པ་སོགས་བདེ་མཆོག་སྡོམ་འབྱུང་ནས་གསུང་པའི་ཁྱད་ཆོས་བཅུ་གསུམ་པོ་དེ་དག་ངེས་པར་དུ་ཚང་དགོས་ཀྱི་ཡོད། འོ་ན་རང་བཞིན་རྒྱུད་ཀྱི་ཁྱད་པ་དེ་མི་ལྡན་པར་དེའི་ཟློག་ཕྱོགས་ཚང་བའི་སློབ་མ་དེ་ཚོ་དུས་ནམ་ཡང་གསང་སྔགས་ཀྱི་གདུལ་བྱ་དུ་མི་རུངས་ཟེར་དགོས་ཨེ་རེད་ཟེར་ན། དེའང་ཡིན་གྱི་མ་རེད།  རྒྱུན་མཚན་ནི།   

རྩ་རྒྱུད་བརྟག་གཉིས་ལས།  མཚམས་མེད་ལྔ་ནི་བྱེད་པ་དང་།། སྲོག་ཆགས་གསོད་ལ་དགའ་བ་དང་།། གཞན་ཡང་སྐྱེ་བ་དམན་གང་དང་།། རྨོངས་དང་མ་རུངས་ལས་བྱེད་དང་།། གཟུགས་ངན་ཡན་ལག་མ་ཚང་བ།། བསམ་པས་དེ་ནི་འགྲུབ་པར་འགྱུར།། ཞེས་མཚམས་མེད་ལྔ་ལ་སོགས་པའི་ལས་ངན་ཚབ་ཆེན་བསགས་བཞག་པ་དེ་ཚོ་ཡང་གསང་སྔགས་ཀྱི་སྣོད་ལྡན་ཉིད་དུ་འགྱུར་རྒྱུ་ཡོད་པར་གསུང་ཡོད་དུས། དེས་ན་རྒྱུད་གཞུང་ཚད་ལྡན་རྣམས་ལས། རང་བཞིན་རྒྱུད་ཀྱི་ཁྱད་པར་མི་ལྡན་པ་དེ་ཚོས་བྱེ་བྲག་སྨྲ་བ་ནས་བཟུང་སྟེ་ཀྱེ་ཡི་རྡོ་རྗེའི་བར་དུ་རིམ་གྱིས་སློབ་དགོས་པར་གསུང་པ་བཞིན་དུ་གྲུབ་མཐའ་བཞི་དང་རྒྱུད་སྡེ་བཞི་ལ་རིམ་གྱིས་སློབ་པའམ་གལ་ཏེ་དེ་ཚད་མ་ནུས་ཀྱང་དེ་དག་ལ་ཐོས་བསམ་གྱིས་སྒྲོ་འདོགས་ལེགས་པོར་བཅད་ན་དེ་ཚོ་ཡང་གསང་སྔགས་ཀྱི་སློབ་མ་ཚད་ལྡན་ཞིག་ཏུ་འགྱུར་རྒྱུ་ཡོད་ས་རེད། དེ་འདྲའི་བླ་མ་ཚད་དང་ལྡན་པས་སློབ་མ་ཚད་དང་ལྡན་པ་ལ་བསྐུར་བྱའི་དབང་གི་ངོ་བོ་ག་འདྲ་རེད་ཟེར་ན། ཆོ་ག་ཁྱད་པ་ཅན་ལ་བརྟེན་ནས་སློབ་མའི་ཕུང་ཁམས་བསྐྱེད་མཆེད་ལ་སངས་རྒྱས་ཀྱི་ས་བོན་བཏབ་པའི་སྒོ་ནས་རྒྱུད་ཡོངས་སུ་སྨིན་པར་བྱེད་པའི་ངོ་བོ་ཞིག་སྟེ།མདོར་ན་སྔར་མ་རིག་འཁྲུལ་བའི་གཞན་དབང་དུ་གྱུར་པ་ད་རང་ངོ་ཤེས་ནས་རང་དབང་ཐོབ་པ་ངོ་སྤྲོད་པའི་དོན་ཞིག་ལ་བཞག་ཡོད།  ད་དེ་འདྲའི་དབང་དེ་མ་ཐོབ་ན་ཉེས་དམིགས་དང་ཐོབ་ན་ཕན་ཡོན་གྱི་ཐོག་ནས་ཅུང་ཟད་ཅིག་ཞུས་པ་ཡིན་ན།མ་ཐུབ་པའི་ཉེས་དམིགས་ནི།  གལ་ཏེ་རང་ལ་དབང་མ་ཐོབ་བཞིན་དུ་རྒྱུད་ཀྱི་ལུང་ང་རྒྱལ་གྱིས་འཆད་པ་བྱས་ན་སློབ་དཔོན་དང་སློབ་མ་གཉིས་ཀ་དམྱལ་བར་འགྲོ་དགོས་པ་ཕྱག་ཆེན་ཐིག་ལེའི་རྒྱུད་དང་།  སངས་རྒྱས་ཐོད་པའི་རྒྱུད། བཤད་རྒྱུད་རྡོ་རྗེ་ཕྲེང་བ་སོགས་ནས་གསུང་པ་ལྟར་རེད་ལ།    

དེ་བཞིན་དུ་བདེ་མཆོག་རྩ་རྒྱུད་ལས་ཀྱང་།  སྔགས་པ་དཀྱིལ་འཁོར་མ་མཐོང་བར།། གང་ཞིག་རྣལ་འགྱུར་པ་རུ་འདོད།།  མཁའ་ལ་ཁུར་ཚུར་བསྣུན་པ་བཞིན།། སྨིག་རྒྱུའི་ཆུ་ནི་འཐུང་དང་མཚུངས།།  ཞེས་པའི་སྒོ་ནས་གལ་སྲིད་དབང་མ་ཐོབ་ན་རྣལ་འབྱོར་པ་ཚད་ལྡན་ཞིག་ཏུ་གཏན་ནས་འགྱུར་རྒྱུ་མེད་པར་གསུང་ཡོད། ད་དབང་དེ་ཐོབ་པ་ཡིན་ན་ཕན་ཡོན་ཅི་ཞིག་ཡོད་ཀྱི་ཡོད་རེད་ཟེར་ན།  སྤྱིར་གཏོང་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་ས་རེད་དེ་དབང་ཚད་ལྡན་ཞིག་ཐོབ་པའི་ཉིན་མོ་ནས་བཟུང་སྟེ་རང་ཉིད་སྐྱེ་བ་བདུན་ནམ་བཅུ་དྲུག་ཚུན་ཆད་དུ་སངས་རྒྱ་ནུས་པ་དང་།  ད་དུང་ལམ་ལེགས་པོ་སྒོམ་ན་ཚེ་འདི་ལའང་སངས་རྒྱ་འགྲོ་བའི་རྟེན་འབྲེལ་ཁྱད་པར་ཅན་ཞིག་སྐབས་དེར་འགྲིག་སོང་བ་དེ་ཕན་ཡོན་གྱི་གཙོ་བོ་རེད་འདུག། དེ་འདྲའི་ཁྱད་པར་དང་ལྡན་པའི་སྨིན་བྱེད་ཀྱི་དབང་ཆེན་ཐོབ་ཟིན་པའི་རྗེས་སུ་ཚེ་འདིར་གྲོལ་བྱེད་ཀྱི་ལམ་མ་སྒོམ་པ་དམ་ཚིག་སྲུང་བ་ལ་བརྟེན་ནས་ལམ་མཐའ་དག་བགྲོད་ཚུལ་གཅིག་དང་། ཡང་གྲོལ་བྱེད་ཀྱི་ལམ་རིམ་པ་བཞིན་དུ་སྒོམ་པ་ལ་བརྟེན་ནས་ལམ་མཐའ་དག་བགྲོད་ཚུལ་གཅིག་སྟེ་གཉིས་ཡོད་པ་ལས།  ད་རེས་ཕྱི་མ་རིམ་གྱིས་པའི་དབང་དུ་བྱས་ནས་བཤད་ན།  དེ་ནས་དབང་ཚད་དང་ལྡན་པ་ཞིག་ཐོབ་ཚར་བའི་རྗེས་སུ་གསལ་བ་མངོན་དུ་གྱུར་པའི་གེགས་ཐ་མ་སྣང་ཞེན་གྱི་རྣམ་རྟོག་གི་གཉེན་པོར་བསྐྱེད་རིམ་ལྷ་ཡི་རྣལ་འགྱུར་དང་། སྟོང་པ་མངོན་དུ་གྱུར་པའི་གེགས་གྱ་ནོམ་ལྷར་ཞེན་གྱི་རྣམ་རྟོག་གི་གཉེན་པོར་རྫོགས་རིམ་བདེ་ཆེན་གྱི་རྣལ་འགྱུར་གཉིས་རིམ་པ་བཞིན་དུ་སྒོན་དགོས་ཀྱི་ཡོད་དུས།  དང་པོ་བསྐྱེད་རིམ་ལྷ་ཡི་རྣལ་འགྱུར་སྒོམ་པའི་སྐབས་སུ། སྦྱང་གཞི་མ་དག་པའི་ཕུང་ཁམས་མ་ལུས་པ་ཐམས་ཅད་དག་པ་ལྷ་ཡི་ངོ་བོ་ཉིད་དུ་གསལ་གདབ་དགོས་པ་རེད་མ་གཏོགས།   ཁ་ཤས་ཤིག་ལྷ་ཡི་ངོ་བོར་སྒོམ་པ་དང་ཁ་ཤས་ཤིག་མ་སྒོམ་ལྟ་བུ་བྱས་ན་ནི།  རྩ་ལྟུང་གི་གཞུང་དང་འགལ་བ་དང་འདོན་ཡོན་ལན་བྱེད་དང་འགལ་བ།   ད་དུང་དག་སྣང་ཕྱོགས་མེད་དུ་འཆར་བར་མི་སྲིད་པ་སོགས་ལུང་དང་རིགས་པ་དུ་མ་ཞིག་གིས་གནོད་སྡད་ཡོད་རེད།  དེས་ན་བསྐྱེད་རིམ་ཉམས་སུ་ལེན་པའི་རྣལ་འགྱུར་པའི་ཉམས་ལེན་ཚད་ལྡན་གྱི་ངོར་གཞི་གྲུབ་ན་ལྷ་ཡིན་པས་ཁྱབ་པ་གྲུབ་པའང་ཁས་ལེན་ཆོག་གི་འདུག།  དེ་འདྲའི་བསྐྱེད་པའི་རིམ་པ་ལེགས་པོར་སྒོམ་ཟིན་པའི་འོག་ཏུ་གྱ་ནོན་ལྷ་ཞེན་གྱི་རྣམ་རྟོག་གི་གཉེན་པོ་ལ་རྫོགས་རིམ་བདེ་ཆེན་གྱི་ངོ་བོར་སྒོམ་དགོས་པ་རེད། རྫོགས་རིམ་གྱི་གོ་བ་འདི་ལ་མཁས་པ་རྣམས་ཀྱིས་བཞེད་ཚུལ་མི་འདྲ་བ་དུ་མ་ཡོད་ས་རེད་དེ།  དཔལ་ལྡན་བིར་ཝ་པ་རྗེས་འབྲང་དང་བཅས་པས་ལུས་ངག་ཡིད་གསུམ་རྫོགས་པར་གསལ་འདེབས་ནས་རང་བྱིན་རླབས་དང་དཀྱིལ་འཁོར་འཁོར་ལོ་བསྒོམ་པའི་རྣལ་འགྱུར་ཞིག་སྟེ། མདོར་ན་ལུས་སེམས་ལ་བདེ་ཆེན་ཡེ་ཤེས་བསྐྱེད་ཅིང་གྱ་ནོམ་ལྷར་ཞེན་གྱི་རྣམ་རྟོག་གི་གཉེན་པོར་འགྲོ་ཐུབ་པ་ཞིག་དགོས་ཀྱི་ཡོད་རེད།  དེ་ནས་རྒྱས་པ་བྱས་ན་རྩ་རླུང་ཐིག་ལེ་ལ་གནད་དུ་བསྣུན་ནས་སྒོམ་ཚུལ་དང་།  དེ་ལས་གཏུམ་མོ་འབར་འཛག་བྱེད་སྟངས།  དེ་ནས་དགའ་བཞི་ཡེ་ཤེེས་ཉམས་སུ་མྱོང་ཚུལ་སོགས་ཟབ་མོའི་གནད་ཧ་ཅང་མང་པོ་ཡོད་ནའང། གསང་བ་ལས་ཀྱང་ཆེས་ཤིན་ཏུ་གསང་བ་ཡིན་པའི་ངོས་ནས་རེ་ཞིག་ཞུ་ཕོད་ཀྱི་མི་འདུག།  དེ་ལྟར་གཞི་ལྷན་སྐྱེས་ཀྱི་ཆོས་གསུམ་པོ་དེ་ལམ་ལྷན་སྐྱེས་ཀྱི་ཆོས་གསུམ་གྱིས་ཉམས་སུ་བླངས་པ་ལ་བརྟེན་ནས་འབྲས་བུའི་སྐབས་སུ། ཤེས་བྱའི་སྣང་བ།  སངས་རྒྱས་ཡེ་ཤེས།  གནས་ལུགས་སྟོང་པ་གསུམ་དབྱེར་མེད་མངོན་དུ་གྱུར་ནས་ཆུ་ལ་ཆུ་གཞག་པ་ལྟ་བུ་དེ་ཉིད་ལ་འབྲས་བུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཟེར་གྱི་ཡོད་རེད།   དེ་ལྟར་འབྲས་བུའི་སྐབས་ཀྱི་ལྟ་གྲུབ་ཡིན་ནའང་རང་བཞིན་གྱི་ཆ་ནས་གཞི་འབྲས་ཀུན་ཏུ་ལྷུན་འགྲུབ་ཡིན་ཡང་།  སྟོབས་བཅུ།  མི་འཇིགས་པ་བཞི། ཡེ་ཤེས་ལྔ། མ་འདྲེས་པ་སོགས་ཡོན་ཏན་མ་ལུས་པ་གནས་འགྱུར་གྱི་འབྲས་བུ་ཞིག་ཏུ་འདོད་པ་སྟེ།  རང་བཞིན་ཡིན་བཞིན་གནས་འགྱུར་ཡིན་པ་དང་།  གནས་འགྱུར་ཡིན་བཞིན་ལྷུན་གྲུབ་ཡིན་པར་མི་འགལ་བའི་གནད་འདི་ནི།  རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་འཁོར་འདས་དབྱེར་མེད་ཀྱི་རྩ་བའི་ནང་དུ། རང་བཞིན་རྒྱུ་ལ་བསམ་ན་ལྷུན་འགྲུབ་སྟེ།། མཐའ་ཡས་ཡོན་ཏན་ཚོགས་ནི་གནས་འགྱུར་ཉིད།།  དེས་ན་ལྷུན་འགྲུབ་གནས་འགྱུར་མི་འགལ་བ།། འདི་ནི་འབྲས་བུ་འཁོར་འདས་དབྱེར་མེད་ཡིན།། ཞེས་པས་སྟོན་པའི་འབྲས་དུས་ཀྱི་འཁོར་འདས་དབྱེར་མེད་ཐོག་ལ་སླེབས་སྡད་ཡོད་རེད། འདི་ནི་རྗེ་བཙུན་རིན་པོ་ཆེས་གསུང་པ་ཙམ་མ་ཡིན་པ། གྲུབ་ཆེན་བིར་ཝ་པའི་ལམ་འབྲས་རྡོ་རྗེའི་ཚིག་རྐང་ལས་ཀྱང་སྔོན་བླ་མས་རྒྱུ་དུས་སུ་བསྟན་པའི་འཁོར་འདས་དབྱེར་མེད་དེ་ཙམ་ན་རྟོགས་ཞེས་གསུང་ཡོད་ལ།

དེ་དག་གི་བཤད་གཞི་ཀྱེ་རྡོར་རྩ་རྒྱུད་ལས་ཀྱང་། འདི་ཉིད་འཁོར་བ་ཞེས་བྱ་སྟེ།། འདི་ཉིད་མྱ་ངན་འདས་པ་ཡིན།། འཁོར་བ་སྤངས་ནས་གཞན་དུ་ནི།། མྱ་ངན་འདས་པ་རྟོགས་མི་འགྱུར།། ཞེས་དང་།  དེ་བཞིན་དུ། རྣམ་དག་ཡེ་ཤེས་གཟུགས་ཅན་དང་།། འཁོར་བ་རྣམ་པ་རྟོག་པ་ལ།། ཁྱད་པར་ཅུང་ཟད་ཡོད་མ་ཡིན།།  ཞེས་སོགས་མང་དུ་གསུང་ཡོད།

 

དེ་ལྟར་གཞི་ལམ་འབྲས་གསུམ་གོ་རིམ་དང་ལྡན་པའི་ལྟ་གྲུབ་དེ་བརྗོད་བྱའི་གཙོ་བོ་བྱས་ནས་སྟོན་པའི་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་འདི་ཉིད་ཕར་ཕྱིན་ཐེག་པའི་གྲུབ་མཐའ་དེ་ཚོ་ལས་ཡུལ་ཅན་ལྟ་བའི་སྒོ་ནས་ཁྱད་པ་གཞན་དུ་གྱུར་ཡོད་ཚུལ་མདོར་བསྡུས་ཤིག་ཞུས་ན།  སྤྱིར་སྟངས་ཕར་ཕྱིན་ཐེག་པའི་སྐབས་སུ་ཡང་གཞི་ལམ་འབྲས་གསུམ་གྱི་གོ་བ་རེ་བཤད་རྒྱུ་ཡོད་རེད་དེ། རྣམ་ཀུན་ཏུ་གཞི་ལམ་འབྲས་གསུམ་དབྱེ་བ་དང་བཅས་པ་ལས་བཤད་ཐུབ་ཀྱི་ཡོད་མ་རེད་ལ།གསུང་ངག་གི་སྐབས་སུ་གཞི་འབྲས་ཀུན་ཏུ་གཞི་ལམ་འབྲས་གསུམ་དབྱེར་མེད་དུ་འཆད་ཀྱིན་ཡོད་པ་དེའི་སྒོ་ནས་ཕར་ཕྱིན་ཐེག་པ་ལས་ཁྱད་པར་གཞན་དུ་གྱུར་ཡོད།  དེ་ལྟར་གཞི་ལམ་འབྲས་གསུམ་དབྱེར་མེད་དུ་བཤད་ཐུབ་མ་ཐུབ་དེའི་དབང་གིས་ཕར་ཕྱིན་ཐེག་པ་བ་རྣམས་ཀྱིས་སྤང་གཉེན་གྱི་གོ་བ་རེ་བཤད་འོང་དུས་མ་རིག་པ་སོགས་སྤང་བྱ་མཐའ་དག་གཞི་མེད་རྩ་བྲལ་དུ་བྱས་ཏེ་ལོག་ཅིག་ནས་འབྲས་བུ་ཡེ་ཤེས་ཐོབ་ཀྱི་ཡོད་པར་བཤད་མོད།  གསུང་ངག་པས་འདོད་ཡོན་ལྔ་དང་ཉོན་མོངས་གསུམ་ལ་སོགས་པའི་སྤང་བྱ་མཐའ་དག་ཐད་ཀར་འབྲས་བུ་སངས་རྒྱས་ཀྱི་ངོ་བོར་མཇལ་རྒྱུ་ཡོད་པར་འདོད་པའི་རྒྱུ་འབྲས་བུ་དང་བཅས་པའི་གདམས་ངག་དང་།  འབྲས་བུ་རྒྱུ་དང་བཅས་པའི་གདམ་ངག་གི་སྒོ་ནས་ཁྱད་པར་གཞན་དུ་གྱུར་ཡོད།  དེ་ལྟར་སངས་རྒྱས་ཀྱི་ངོ་བོར་མཇལ་བྱེད་ཀྱི་ཐབས་ལམ་དབང་ཆེན་བཞི་དང་རིམ་པ་གཉིས་ལ་སོགས་པ་ཕར་ཕྱིན་ཐེག་པའི་སྐབས་སུ་ཐ་སྙད་ཙམ་ཡང་མ་བྱུང་མོད། གསང་ངག་ལམ་འབྲས་ཀྱི་སྐབས་སུ་རྒྱས་ཤིང་རྒྱས་པར་གཏན་ལ་ཕབ་ཡོད་པ་དེས་ཀྱང་ཁྱད་པ་གཞན་དུ་གྱུར་ཡོད།  དེ་འདྲའི་ཐབས་མཁས་ཁྱད་པ་ཅན་ཡོད་མེད་ཀྱི་དབང་གིས་ཕར་ཕྱིན་ཐེག་པའི་སྐབས་སུ་གནས་ལུགས་ངོ་སྤྲོད་དུས་དཔེ་དང་གཏན་ཚིགས་སྣ་ཚོགས་པས་ཉུབ་བོ་ཉུབ་བོ་བྱེད་དེ་བཤད་དགོས་ཀྱི་ཡོད་རེད་དེ།   གསུང་ངག་གི་སྐབས་སུ་མངོན་སུམ་མཛུབ་སྟོན་གྱི་ཚུལ་དུ་མཚོན་བྱེད་དཔེ་ཡི་ཤེས་ཀྱིས་ཐད་ཀར་ངོ་སྤྲད་འགྲོ་བ་དེའི་སྒོ་ནས་ཁྱད་པར་གཞན་དུ་གྱུར་ཡོད་རེད།   དེ་ལྟར་གནས་ལུགས་ངོ་སྤྲོད་པ་ལ་ཐབས་མཁས་ཡོད་མེད་ཀྱི་དབང་གིས་ཕར་ཕྱིན་ཐེག་པའི་རང་ལམ་ལ་བརྟེ་ནས་ཕར་ཕྱིན་ཐེག་པའི་དབུ་མ་པ་རྣམས་ཀྱིས་ཀྱང་དངོས་པོ་སྨྲ་བ་ཡིན་བཞིན་དུ་དབུ་མའི་ལྟ་བ་རྒྱུད་ལ་སྐྱེས་རྒྱུ་མེད་པར་ལབ་ཀྱི་ཡོད་རེད་དེ།   གསང་སྔགས་རང་ལམ་ལ་བརྟེན་ནས་རང་ཉིད་དངོས་སྨྲ་སེམས་ཙམ་པ་ཡིན་བཞིན་དུ་དབུ་མའི་ལྟ་བ་མངོན་དུ་གྱུར་ཆོག་པའི་ཟབ་ཁྱད་ཀྱི་སྒོ་ནས་ཁྱད་པར་གཞན་དུ་གྱུར་ཡོད།  དེ་ལྟར་ཟབ་ཁྱད་དུ་མ་ཞིག་གི་དབང་གིས་ཕར་ཕྱིན་ཐེག་པའི་རང་ལམ་ལ་བརྟེན་ནས་སངས་གཏན་ནས་རྒྱ་རྒྱུ་མེད་པའམ།   ཡང་ན་གྲངས་མེད་གསུམ་གྱི་བར་དུ་སངས་རྒྱ་མི་ཐུབ་པར་བཤད་དགོས་ཐུག་ཀྱི་ཡོད་རེད་དེ།   གསུང་ངག་གི་ལམ་ལ་བརྟེན་ནས་ཚེ་གཅིག་ལུས་གཅིག་ལ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་འགྱུར་རྒྱུ་ཡོད་པའི་སྒོ་ནས་ཁྱད་པར་འཕགས་ཡོད།   དེ་ལྟ་བུའི་ཁྱད་ཆོས་དུ་མས་ཁྱད་པར་འཕགས་ཡོ་པ་དེ་ང་དང་ང་འདྲ་བ་ཞིག་གིས་ཐག་བཅད་པ་ཙམ་མིན་པར།  རྒྱལ་བ་རྡོ་རྗེ་འཆང་ཉིད་ཀྱིས་ཞལ་བཞེས་གནང་བཞག་ཡོད་པ་སྟེ།   ཐོག་མར་ཁོང་གིས་རྒྱུ་མཚན་ཉིད་ཐེག་པའི་ཆོས་འཁོར་བསྐོར་ནས་དེའི་འོག་ཏུ་འབྲས་བུ་རྡོ་རྗེ་ཐེག་པའི་ཆོས་འཁོར་བསྐོར་སྐབས།སྐལ་དམན་གདུལ་བྱ་མང་པོ་གྲོལ་མ་ནུས་པ་དེའི་དབང་གིས།  རྡོ་རྗེ་སྙིང་པོས།  གང་གིས་འདུལ་བར་འགྱུར་བ་ལགས།།

ཞེས་ཞུས་པའི་ལན་དུ་བཅོམ་ལྡན་འདས་ཀྱིས། དང་པོ་གསོ་སྦྱངས་སྦྱིན་པར་བྱ།། དེ་རྗེས་བསླབ་པའི་གནས་བཅུ་སྤྱོད།། དེ་ལ་བྱེ་བྲག་སྨྲ་བ་བསྟན།། མདོ་སྡེ་པ་ཡང་དེ་བཞིན་ནོ།། དེ་རྗེས་རྣལ་འབྱོར་སྤྱོད་པ་ཉིད།། སྔགས་ཀྱི་རིམ་པར་ཀུན་ཤེས་ནས།། དེ་རྗེས་ཀྱེ་ཡི་རྡོ་རྗེ་རྩོམ།། ཞེས་ཐེག་པ་ཐམས་ཅད་ཀྱི་གོང་མ། གྲུབ་མཐའ་ཐམས་ཅད་ཀྱི་ཡངས་རྩེ།  བླ་མེད་རྡོ་རྗེ་ཐེག་པའི་བསྟན་པ་འདི་ཡིན་པར་ཞལ་བཞེས་གནང་བཞག་ཡོདརེད།  དེ་འདྲའི་གཞི་ལམ་འབྲས་གསུམ་སོགས་ཀྱི་སྒོ་ཁྱད་པར་དུ་འཕགས་པའི་གསུང་ངག་རིན་པོ་ཆེ་ལན་འབྲས་བུ་དང་བཅས་པས་གཏན་ལ་དབབ་བྱའམ། ཆེད་དུ་ཐོབ་བྱ་ནི་རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འདི་ཉིད་ཡིན་ལ་འདི་ཡི་ངོ་བོ་ཡང་།  

རྒྱུད་ཀྱི་རྒྱལ་པ་བརྟག་གཉིས་ལས། རང་རིག་ཡེ་ཤེས་ཉིད་དུ་འགྱུར།། རང་གཞན་ཡང་དག་རིག་པ་སྤངས།། དངོས་དང་དངོས་མེ་བདག་ཉིད་ཆེ།། མཁའ་མཉམ་རྡུལ་བྲལ་སྟོང་པ་ཉིད།། ཅེས་གསུང་པ་བཞིན་དུ་སོ་སོར་རང་རིག་པའི་ཡེ་ཤེས་ཡང་དག་པའི་དབང་དུ་བྱས་ན་རིག་བྱ་རིག་བྱེད་གཉིས་སུ་མེད་པ།  ནམ་མཁས་ཁྱབ་པའི་ཤེས་བྱ་མ་ལུས་པའི་གནས་ལུགས་ལ་ཁྱབ་།  རང་གི་ངོ་བོ་སྤྲོས་པ་གང་ཡང་མ་གྲུབ་པའི་བདག་ཉིད་ཞིག་ཡིན་འདུག་པས།  སྨིན་གྲོལ་གཉིས་ལས་བྱུང་བའི་ཡེ་ཤེས་ཀྱང་འདི་ཉིད་རེད་ལ།སངས་རྒྱས་ཟེར་ནའང་འདི་རེད།  དེ་བཞིན་སེམས་ཅན་གྱི་ཐོབ་བྱ་ཟེར་ནའང་འདི་ལས་གཞན་ཞིག་མངོན་དུ་འགྱུར་བྱ་ཅི་ཡང་མེད་པ་སྟེ།

རྡོ་རྗེ་གུར་གྱི་རྒྱུད་ལས། རིན་ཆེན་སེམས་ལས་ཕྱིར་གྱུར་པའི།། སེམས་ཅན་མེད་ཅིང་གང་ཟག་མེད།། རྣམ་པར་ཤེས་པའི་གནས་དོན་ནི།། ཕྱི་རོལ་གྱུར་པ་ཅུང་ཟད་མེད།། ཅེས་གསུང་པ་དང་། དེ་བཞིན་བླ་མེད་ཡང་གངས་སྙིང་པོའི་རྒྱུད་ལས་ཀྱང་། དུས་བཞི་ཕྱོགས་བཅུ་གང་ནས་ཀྱང་།།  རྫོགས་པའི་སངས་རྒྱས་རྙེད་མི་འགྱུར།། སེམས་ཉིད་རྫོགས་པའི་སངས་རྒྱས་སྟེ།།  སངས་རྒྱས་གཞན་ནས་མ་འཚོལ་ཞིག། ཅེས་བཀའ་ཡིས་བཅའ་བ་མཛད་ཡོད། འདི་འདྲ་ཟེར་ནས་བཤད་དུས་ང་རང་གི་བསམ་བློ་བཏང་བ་ཡིན་ན། ནང་པ་སངས་རྒྱས་པའི་ཆོས་ཞེས་པའི་ཐ་སྙད་འདི་ལའང་གོ་བ་ཞིག་ལེན་རྒྱུ་ཡོད་པར་རེད་འདུག།  ང་ཚོའི་ནང་པ་སངས་རྒྱས་པའི་ཆོས་ཟེར་བ་དེ་འཇིག་རྟེན་ཐོག་གི་ཕྱིའི་དགྲ་དང་ནང་གི་གྲོགས་ལྟ་བུའི་ཐོག་ནས་བཞག་པ་མ་ཡིན་པར་འཇིག་རྟེན་ཁམས་ཀྱི་ཆོས་ལུགས་གཞན་པ་དེ་ཚོས་ཡུལ་གྱི་གནས་ལུགས་བཙལ་བའི་ཚེ་ན།  ཡུལ་དང་ཡུལ་ཅན་ཁ་བྲལ་དུ་བྱས་ནས་འདིར་སྣང་ཡུལ་གྱི་སྤྲོས་པ་དང་འཇིག་རྟེན་གྱི་བཀོད་པ་འབའ་ཞིག་རྩལ་བཏོན་བྱས་སྟེ་བཤད་ནའང་། ང་ཚོའི་སྟོན་པ་སངས་རྒྱས་ཀྱི་རིངས་ལུགས་དྲི་མ་མེད་པ་འདི་ནི་དེ་ལས་བརྒལ་ཏེ་ནང་སེམས་ཀྱི་རིན་ཐང་དང་ནང་སེམས་ཀྱི་གནས་ལུགས་གཏན་ལ་འབེབས་བྱེད་ཀྱི་རིག་གཞུང་གི་ལྟ་གྲུབ་ཆ་ཚང་བ་ཞིག་བསྐྲུན་པ་ནས་བཟུང་ནང་པ་སངས་རྒྱས་པའི་ཆོས་ལུགས་ཞེས་པའི་ཐ་སྙད་འདི་དབུ་བརྙེས་སོང་བ་རེད། འདིའི་སྐབས་སུ་ཕར་ཕྱིན་ཐེག་པའི་གཞུང་ལུགས་ལ་ཆ་རྒྱུས་ཡོད་ཅིང་རྡོ་རྗེ་ཐེག་པའི་གཞུང་ལ་ཆ་རྒྱུས་མེད་མཁན་དག་གིས་དགོངས་སྲིད་པ་རེད།  འདི་ནི་སེམས་ཙམ་པའི་ལྟ་གྲུབ་དང་ཡེ་ཤེས་བདེན་གྲུབ་སྨྲ་བའི་ལུགས་སོགས་ལས་ཁྱད་པ་ཅི་ཡང་ཡོད་ས་མ་རེད་སྙམ་ན།  ཁྱད་པར་གནམ་ས་ལྟ་བུ་ཡོད་པ་སྟེ།མ་གཞི་འདི་ནས་ཀྱང་སྣང་བ་སེམས་སྒྲུབ་ཀྱི་གོ་བ་ཙམ་ཞིག་བཤད་ཡོང་གི་ཡོད་རེད་དེ།   ཕྱིར་རོལ་གཟུགས་ཀྱི་རྣམ་པ་དེ་གཟུགས་འཛིན་མིག་ཤེས་ཀྱི་བདག་ཉིད་དུ་སྒྲུབ་པའི་སྣང་བ་སེམས་སྒྲུབ་རགས་པ་ཙམ་མིན་པར།  ཐོག་མར་སྣང་བ་ཐམས་ཅད་གང་ལ་སྒྲུབ་དགོས་པའི་སེམས་དེ་ངོས་བཟུང་དུས། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་གསུང་པ་བཞིན་དུ། 

སེམས་དང་པོ་སྐྱེ་བ་མེད་པ་ལ།། གནས་པ་དང་འགག་པའང་ག་ལ་ཡོད།། སྐྱེ་འགག་མེད་པར་བསམ་པ་ཡང་།། རྣམ་རྟོག་ཡིན་གྱི་ཞོགས་ལ་ཐོངས།།  ཞེས་གསུང་པ་བཞིན་ཐོག་མ་སྐྱེ་བྱེད་ཀྱི་རྒྱུ་མེད། བར་དུ་གནས་སའི་གཞི་མེད། མཐའ་མ་འགག་པའི་དུས་མེད་པས་སྐྱེ་འགག་གནས་གསུམ་དང་བྲལ་བའི་ཤེས་པ་རང་རིག་རང་གསལ།  འདས་པའི་རྣམ་རྟོག་གི་རྗེས་ལ་མ་སོང་།  མ་འོངས་པའི་རྣམ་རྟོག་གི་མདུན་དུ་མ་རྒྱུགས།ད་ལྟའི་རིག་པ་སྐད་ཅིག་མ་དེ་ཉིད་ཀྱི་སྟེང་དུ་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཤེས་བྱ། ཡོད་མེད་ཡིན་མིན་གཉིས་འཛིན་འཛིན་གྱི་སྤྲོས་པ་མཐའ་དག་བསྡུ་བ་འདི་ནི་སྣང་བ་སེམས་སྒྲུབ་ཕྲ་ཞིང་ཕྲ་བའི་གོ་བ་ཡིན་ལ།འདི་འདྲའི་སྣང་བ་སེམས་སྒྲུབ་ཀྱི་གོ་བ་འདི་ནི་དངོས་སྨྲ་བའི་ལུགས་ལྟ་ཞོགས།ཕར་ཕྱིན་ཐེག་པའི་དབུ་མ་བའི་སྐབས་སུ་ཡང་མ་བྱུང་བའི་གསང་ངག་ལམ་འབྲས་ཀྱི་ཁྱད་ཆོས་གཅིག་རེད།  འདི་ནས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྩལ་དུ་བཏོན་ནས་འཆད་པའི་སྐབས་སུ་རྣམ་ཤེས་དང་ཡེ་ཤེས་ཀྱི་ཁྱད་པ་ཞིག་ཀྱང་ཞུ་དགོས་ཀྱི་ཡོད་རེད།དེ་ཡིན་དུས་རམ་ཤེས་ཟེར་ན་ཀུན་གཞིའི་སྟེང་གི་བགས་ཆགས་སད་སྟོབས་ཀྱིས་གནས་སྐབས་ཀུན་རྫོབ་ཀྱི་རྣམ་པ་སྣ་ཚོགས་པ་ཤར་བའི་ཤེས་པ་ཞིག་ལ་འདོད་དགོས་རེད་ལ།ཡེ་ཤེེས་ནི་ཀུན་གཞིའི་བགས་ཆགས་སད་སྟོབས་ཀྱིས་མིན་པར་ཡེ་ནས་གནས་ལུགས་ཀྱི་ངོ་བོར་གྱུར་པ་ལ་ཁ་ཕྱོགས་པའམ་མངོན་དུ་གྱུར་པ་ཞིག་ལ་ཟེར་གྱི་ཡོད་རེད།  དེས་ན་རྣམ་ཤེས་ཡིན་བཞིན་ཡེ་ཤེས་ཡིན་པ་དང་།  ཡེ་ཤེས་ཡིན་བཞིན་རྣམ་ཤེས་ཡིན་པ་དེ་འདྲ་མི་སྲིད་ཀྱང་རྣམ་ཤེས་ཀྱི་རང་བཞིན་ལས་ལོགས་སུ་ཡེ་ཤེས་མི་རྙེད་ལ།ཡེ་ཤེས་ཀྱི་ངོ་བོ་ལས་གཞན་དུ་རྣམ་ཤེས་མ་འདས་པ་ཞིག་ལ་ངེས་པར་དུ་གོ་དགོས་པ་སྟེ། དཔེར་ན།  འཁྱགས་རམ་ཡིན་བཞིན་ཆུ་ཡིན་པར་མི་སྲིད་ལ་ཆུ་ཉིད་འཁྱགས་རམ་དུ་མི་འདོད་ཀྱང་དེ་གཉིས་ཀའི་ངོ་བོ་རླན་གཤེར་གྱི་བདག་ཉིད་ལས་མ་འདས་པ་བཞིན་དུ་རེད་ཀྱི་ཡོད་པས། མདོར་ན་རྣམ་ཤེེས་ནི་གནས་འགྱུར་གྱི་རྒྱུ་དང་ཡེ་ཤེས་ནི་གནས་འགྱུར་གྱི་འབྲས་བུ་ཞིག་རུ་འདོད་དགོས་ཤིང་། དེ་ཡང་གཞི་དུས་ཀྱི་སྒོ་ལྔའི་རྣམ་ཤེས་འབྲས་དུས་ཀྱི་བྱ་གྲུབ་ཡེ་ཤེས་སུ་གནས་འགྱུར།   ཡིད་ཀྱི་རྣམ་ཤེས་མཉམ་ཉིད་ཡེ་ཤེས་སུ་གནས་འགྱུར།ཉོན་ཡིད་སོར་རྟོག་ཡེ་ཤེས་སུ་གནས་འགྱུར།   ཀུན་གཞིའི་རྣམ་ཤེས་མེ་ལོང་ཡེ་ཤེས་སུ་རིམ་བཞི་་གནས་འགྱུར་འགྲོ་བ་སྟེ།  དཔེར་ན།   ལྕགས་ཀྱི་གོང་བ་ལ་གསེར་འགྱུར་གྱི་རྩི་ཡིས་ལེགས་པར་བྲན་ཏེ་གསེར་བཟང་པོ་རུ་བསྒྱུར་བར་བཞིན།   གཞི་རྒྱུ་རྒྱུད་ཀྱི་རྣམ་ཤེས་སོགས་ཕུང་ཁམས་སྐྱེད་མཆེད་ལྕགས་ལྟ་བུ་དེ་ཉིད་ལམ་ཐབས་རྒྱུད་དབང་དང་རིམ་གཉིས་གསེར་འགྱུར་གྱི་བརྩི་ལྟ་བུས་སྦྱང་པ་ན་འབྲས་རྒྱུད་ཀྱི་སྐབས་སུ་གསེར་བཟང་པོ་དང་འདྲ་བའི་ཡེ་ཤེས་མངོན་དུ་འགྱུར་འོང་བའི་གནད་འདི་ཤེས་དགོས་ཀྱི་ཡོད་རེད།  སྐབས་འདིར་ཐོབ་བྱའི་གནད་ཐམས་འབྲས་བུ་ལྷན་སྐྱེས་ཀྱི་ཡེ་ཤེས་ལ་བསྡུས་ཏེ་སྟོན་པ་ལ།  འོ་ན་རང་བྱུང་ལྷན་གཅིག་སྐྱེས་པའི་ཡེ་ཤེས་ཁོ་རང་ག་འདྲ་བྱས་ནས་གནས་ཡོད་ཅེས་པའི་དྲི་བ་འདི་ཏན་ཏན་གྱིས་འོང་གི་ཡོད་རེད་དུས།  དེས་ན་རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ངོས་བཟུང་དགོས་རེད།  དེ་ལ་རང་བྱུང་ལྷན་གཅིག་སྐྱེས་པའི་ཡེ་ཤེས་ནི་ཅི་ཡང་མ་ཡིན་ཞིང་གང་དུའང་མེད་དོ་ཞེས་བཤད་དགོས་ཀྱི་ཡོད་རེད།  དེའི་རྒྱུན་མཚན་ཡང་།  ཡོད་མེད་ཡིན་མིན་སོགས་ནི་བློ་སྤྲོས་པ་འབའ་ཞིག་གིས་ཡུལ་དུ་བྱས་པ་ལས་ཡུལ་གྱི་གནས་ལུགས་སུ་ཅི་ཡང་གྲུབ་མེད་པས་སོ།  འདི་ལྟར་བྱས་ནས་བཤད་པ་ནི།  དཔལ་ལྡན་ས་སྐྱའི་གསུང་རབས་ཁག་ལས་སྣང་བ་སེམས་སུ་བསྒྲུབ་པ་ལ་དཔེ་བརྒྱད། སེམས་རྒྱུ་མར་བསྒྲུབ་པ་ལ་དཔེ་བརྒྱད།  རྒྱུ་མ་རྟེན་འབྲེལ་དུ་བསྒྲུབ་པ་ལའང་དཔེ་བརྒྱད།རྒྱུ་མ་རང་བཞིན་མེད་པར་བསྒྲུབ་པ་ལ་དཔེ་བརྒྱད་གསུང་ཡོད་པ་དེའི་ཐོག་ཏུ་སླེབས་སྡད་ཡོད་རེད།  དོན་འདི་ཉིད་བླ་མེད་རྒྱུད་སྡེ་ཆེན་པོ་དག་གི་དགོངས་པའང་ཡིན་པ་སྟེ།རྩ་རྒྱུད་བརྟག་གཉིས་ཀྱི་ལྟ་བ་བསྟན་པའི་ལེའུ་སྐབས་སུ་འདི་ལྟར་གསུང་ཡོད།

ངོ་བོ་གཟུགས་མེད་མཐོང་བ་པོ།། སྒྲ་མེད་ཐོས་པ་པོ་ཡང་མེད།། དྲི་མེད་སྣམ་པ་པོ་ཡང་མེད།། རོ་མེད་མྱོང་བ་པོ་ཡང་མེད།། རེག་མེད་རེག་པ་པོོ་ཡང་མེད།། སེམས་མེད་སེམས་ལས་བྱུང་བའང་མེད།། ཅེས་དང་། དེ་ཉིད་སྒོམ་པ་ཉམས་ལེན་ལ་སྦྱར་བའི་སྐབས་སུ་ཡང་། སྒོམ་པ་པོ་མེད་སྒོམ་པའང་མེད།། ལྷ་མེད་སྔགས་ཀྱང་ཡོད་མ་ཡིན།། སྤྲོས་པ་མེད་པའི་རང་བཞིན་ལ།། སྔགས་དང་ལྷ་ནི་ཡང་དག་གནས། ཞེས་ཅི་ཡང་མ་གྲུབ་ཅིང་གང་དུའང་མེད་པར་གསུང་ཡོད་ལ། དེ་བཞིན་རྒྱུད་སམ་ཊ་ལས་ཀྱང་།  རྡོ་རྗེ་སྙིང་པོས་བཅོམ་ལྡན་འདས་ལ་ཁྱེད་ཀྱིས་དབང་པོ་ལྔ་ལ་སོགས་པ་ཐམས་ཅད་བདེན་མེད་དུ་གསུང་ན་འབྲས་བུ་རྣམ་པ་ཤེས་པ་ཇི་ལྟར་གནས་པ་ལགས་ཞེས་ཞུས་པའི་ལན་དུ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། རྟོག་གེ་མེད་ཅིང་རྣམ་ཤེས་མེད།། དེ་བཞིན་རྟོག་གེ་པས་མི་རྟོགས།། སངས་རྒྱས་ཀུན་གྱི་གསང་བ་ནི།། ནམ་མཁའ་ལྟ་བུའི་མཉམ་པ་ཉིད།།  ཞེས་གསང་བའི་མཉམ་ཉིད་རྟོག་གེ་པས་ཡུལ་དུ་བྱེད་མི་ཐུབ་པ་ཞིག་གསུང་ཡོད་པ་སྟེ།དོན་འདི་དག་རྒྱས་པར་བྱས་ན་ཡུལ་གྱི་ལྟ་བ་མཐའ་བྲལ་ཐོག་ཏུ་འགྲོ་དགོས་ཀྱི་ཡོད་པས།ཡུལ་མཐའ་བཞི་སྤྲོས་བྲལ་གྱི་ངོས་ནས་མདོ་སྔགས་གཉིས་ལ་ཁྱད་མེད་པར་ས་སྐྱ་པའི་ལུགས་ཡིན་ཞིང་། མདོ་ནས་བྱུང་བའི་སྤྲོས་བྲལ་ཁོང་གིས་སང་ཉིན་གསུང་འོང་གི་ཡོད་པས་དེ་ལས་ལྷག་པར་ཞུ་དགོས་ཀྱི་ཡོད་མ་རེད། འོན་ཀྱང་།  ཐབས་ལ་གསང་སྔགས་ཁྱད་པར་འཕགས།།  ཞེས་གསུང་པ་བཞིན་དུ་ཡུལ་མཐའ་བྲལ་དེ་ཉིད་གཏན་ལ་ཕབ་པའི་ལམ་རིམ་དང་།  དེ་ལས་ཐོབ་པའི་འབྲས་བུའི་ངོས་ནས་ཁྱད་ཡོད་པ་བཞིན་དུ་ངས་དེ་རིང་ཡུལ་ཅན་ཡེ་ཤེས་ཀྱི་ཆ་ནས་རྩལ་བཏོན་བྱས་ཏེ་ཞུས་པ་ཡིན།རྒྱབ་རྟེན་གཞུང་ལུགས་ཀྱི་ངོས་ནས་ཀྱང་རྗེ་ས་ཆེན་ཞབས་ཀྱིས་མཛད་པའི་ལམ་འབྲས་ཀྱི་རྣམ་འགྲེལ་བཅུ་གཅིག་དང་།  རྗེ་བཙུན་གོང་མ་དག་གིས་མཛད་པའི་ཀུན་ཏུ་དགོས་པའི་གཞུང་བདུན་དང་དེ་བཞིན་དུ་ངོར་རྫོང་ཚལ་གསུམ། གཡག་གཞོན་རང་གསུམ། གོ་ཤཱཀ་སྟག་གསུམ་གྱི་གཞུང་ལུགས་སོགས་ཧ་ཅང་མང་མོད་དུས་ཚོད་ཀྱི་དབང་གིས་བསྡུས་ཏེ་ཞུས་པ་ཡིན།   དེ་དག་གི་གནད་དོན་གཙོ་བོ་ནི།དཔལ་ལྡན་ས་སྐྱའི་གསུང་རབས་རྣམས་སུ།  མྱོང་བ་མཚན་ཉིད་བཞི་ལྡན་དུ་ཤར་ཚུལ།  རྟོགས་པ་ཟབ་མོ་བརྒྱད་ལྡན་དུ་ཐོབ་ཚུལ།  འཁོར་འདས་ཡུལ་གྱི་འཛིན་པ་ལས་གྲོལ་ཚུལ་སོགས་ཀྱི་སྒོ་ནས་མང་དུ་གསུང་པ་དེའི་ཐོག་ཏུ་སླེབས་འོང་གི་འདུག་ལ།  དེ་བཞིན་དུ།  འཇམ་མགོན་ས་སྐྱ་པཎྚི་ཏས།སེམས་རྟོགས་ན་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་དོན་ཚང་བར་བརྩི་གཏུབ་གསུང་པ་དང་།  སེམས་རྟོགས་ན་དཀོན་མཆོག་གསུམ་ཡང་ཚང་སྡད་ཡོད་གསུང་པའི་སྟེང་དུའང་སླེབས་སྡད་ཡོད་རེད།  དེ་ལྟའི་ལམ་མཆོག་གི་རིམ་པ་འདི་ནི་རྒྱ་གར་གྱི་གྲུབ་ཐོབ་ཆེན་པོ་བིར་ཝ་པ་དང་།  ནག་པོ་པ། ཌ་མ་རུ་པ།  ཨ་བ་བྷུ་ཏི།  ག་ཡ་དྷ་ར་ལ་སོགས་པ་དང་། བོད་ཀྱི་རྣལ་འབྱོར་པ་འབྲོག་མི་ལོ་རྩ་བ་སོགས་དང་།ཞང་དགོན་པ་བ།འཁོན་དཀོག་མཆོག་རྒྱལ་པོ། རྗེ་བཙུན་གོང་མ་སོགས་གྲུབ་ཐོབ་གྱི་སྐྱེས་བུ་མང་པོ་གཤེགས་ཤུལ་གྱི་ལམ་མཆོག་རིན་པོ་ཆེ་དེ་འདི་ཉིད་ཡིན་པ་སྟེ།

མདོར་ན།  སངས་རྒྱས་ཐམས་ཀྱི་དགོངས་པ།གཞུང་ལུགས་ཐམས་ཅད་བསྟན་དོན།  གྲུབ་ཐོབ་ཐམས་ཀྱི་གཤེགས་ཤུལ།མཁས་པ་ཐམས་ཅད་གྱི་གཞེད་དོན་དེ་ནི། བླ་མ་ཚད་མ་དང་ལྡན་པས་དབང་གི་ཆུ་བོ་མ་ནུབ།  ཉམས་མྱོང་ཚད་མ་དང་ལྡན་པས་བྱིན་རླབས་ཀྱི་རྒྱུད་པ་མ་ཉམས།བསྟན་བཅོས་ཚད་མ་དང་ལྡན་པས་གདམ་ངག་གི་སརྒ་མ་ལོག   ལུང་ཚད་མ་དང་ལྡན་པས་མོས་གུས་ཀྱིས་བསམ་པ་འཚིམ་པ་སོགས་སྙན་རྒྱུད་ཚད་མ་བཞི་དང་ལྡན་པའི་འཇིག་བྲལ་རྣལ་འབྱོར་གྱི་དབང་ཕྱུག་དཔལ་ལྡན་བིར་ཝ་པའི་གསུང་ངག།  མདོ་རྒྱུད་ཀུན་གྱི་བཅུད་ཕྱུང་བ། རྒྱུད་གསུམ་གནད་ཀྱི་གོ་བ། དཔལ་བརྩེ་བ་ཆེན་པོ་ཡབ་སྲས་ཀྱི་རིང་ལུགས་དྲི་མ་མེད་པ་འདི་ཡིན་ཟེར་ཞུ་གི་ཡོད་རེད་ལགས།  དོན་འདི་དག་གི་ཐད་ནས་རྒྱ་བོད་ཀྱི་མཁས་གྲུབ་དག་གིས་ཙག་ཙིག་གི་དགག་སྒྲུབ་དང་ཕྲན་ཚིགས་ཀྱི་བཤད་པ་མི་འདྲ་བ་ཅུང་བྱེད་རེ་བྱས་ཡོད་ནའང་།  མདོར་ན་ཆོས་ལུགས་དང་ཆོས་ལུགས་བར་དང་གྲུབ་མཐའ་དང་གྲུབ་མཐའི་བར་གྱི་དགག་སྒྲུབ་ཆེན་པོ་དེ་ཚོ་དང་འཕྲད་སྐབས་ནང་པ་སངས་རྒྱས་པའི་ཆོས་ཀྱི་ཚབ་མཚོན་ནུས་པའི་ངེས་པ་དོན་གྱི་ལྟ་གྲུབ་ཅིག་པུ་དེ་གསང་སྔགས་རྡོ་རྗེ་ཐེག་པའི་གཞུང་ལུགས་ཁོ་ན་ལས་བྱུང་འདུག་ཟེར་ནས་ཞུ་རྒྱུ་ཡིན།  ལྟ་བ་ཡུལ་གྱི་ངོས་ནས་མདོ་སྔགས་གཉིས་ཀར་མཐའ་བྲལ་གྱི་གོ་དོན་ལ་ཁྱད་པ་ཅི་ཡང་མེད་མོད།ཡུལ་ཅན་ཐབས་དང་སྦྲེལ་ན་བསྐྱེད་རྫོགས་གཉིས་དང་དབང་ཆེན་བཞི།བསྲེ་བ་བཞི་དང་ལམ་བྱེད་བཞི་ལ་སོགས་པའི་སྒོ་ནས་གསང་སྔགས་ཀྱི་གྲུབ་མཐའ་གྲུབ་མཐའ་ཐམས་ཅད་ཀྱི་ཡང་རྩེར་སླེབས་ཀྱི་ཡོད་པ་རེད་ལགས།  དེ་ནས་ང་རང་ཡིན་ན་ཁོར་ཡུག་དང་སློབ་གསོའི་ཤུགས་རྐྱེན་འདྲ་ཅི་ཡིན་ན་རྒྱུན་ཆོས་རྒྱུད་གཅིག་གི་ཆེ་བ་དམིགས་བསལ་གྱིས་བརྗོད་དེ་གཞན་པ་དག་སྣང་མེད་དུ་བཞག་རྒྱུ་ལ་དགའ་པོ་རྩ་བ་ནས་མེད།   རེད་དེ་དེ་རིང་ཁམས་བྱེའི་རྫོང་སར་བཤད་གྲྭས་དཔལ་ས་སྐྱའི་ཆོས་རྒྱུད་ཀྱི་སྐུ་ཚབ་ཏུ་ཆེད་མངགས་མཛད་འོང་བ་ཞིག་ཡིན་དུས་དཔལ་ལྡན་ས་སྐྱ་པའི་ལྟ་གྲུབ་བཤད་མཁན་གྱི་འགན་ཞིག་ཡོད་པའི་ངོས་ནས་དཔལ་ས་སྐྱ་པའི་གསུང་རབས་ཆེན་པོ་རྣམས་ལས་བྱུང་བའི་ཡུལ་ཅན་ལམ་གྱི་ལྟ་གྲུབ་དེ་རྩལ་དུ་བཏོན་ནས་གཅིག་ཞུས་པ་ཡིན།  དེ་ཡང་གོང་ནས་ཞུས་པའི་སྐད་ཆ་དེ་ཚོ་གཞུང་བཤད་དང་འབྲེལ་བའི་སྐད་ཆ་ཞིག་རེད།  གཞུང་བཤད་དང་འབྲེལ་བའི་ཐོག་ནས་སངས་རྒྱས་ཀྱི་དགོངས་པ་འཆད་པ་ལ་དཀའ་ངལ་དང་འཇིག་སྐྲག་དེ་ཚད་འོང་གི་མི་འདུག།  ཡིན་ཡང་མན་ངག་གི་དབང་དུ་བྱས་པ་ཡིན་ན་བཤེས་གཉེན་དམ་པའི་མན་ངག་ཅི་ཞིག་ཡོད་པ་དེ་མ་གཏོགས་རང་གི་ཐུན་མོངས་མ་ཡིན་པའི་མན་ངག་ཚིག་གཅིག་ཀྱང་ཞུ་རྒྱུ་མེད་ཟེར་ནས་ཉམས་མྱོང་གི་སྟེང་ནས་ཐག་ཆོད་ཀྱི་ཡོད།  དེས་ན་དེ་རིང་ངས་བཤད་པའི་སྐད་ཆ་ལ་འགལ་འཁྲུལ་ཉེས་པ་སྣ་ཚོགས་པ་ཞིག་ཡོད་སྲིད་པ་དེ།  འདི་ན་བཞུགས་པའི་དགེ་བའི་བཤེས་གཉེན་རྣམ་པ་ཡོངས་རྫོགས་དང་འདིར་ཕེབས་མ་ཐུབ་པའི་དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་གྱི་སྐྱེས་བུ་ཡོངས་ལ་མཐོལ་བཤགས་བཟོད་གསོལ་དགོངས་དག་བཅས་ཞུ་རྒྱུ་ཡིན། རྒྱུན་མཚན་ནི།  སྤྱིར་ན་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་།  བྱེ་བྲག་ཏུ་དཔལ་ལྡན་ས་སྐྱ་པའི་ཆོས་ལུགས་ཀྱི་ཚབ་བྱེད་ཐུབ་པའི་ཚད་གཞི་ལྡན་ཡོད་མེད་མ་ངེས་པས་རེད།  གལ་སྲིད་གང་གི་དེ་དང་འབྲེལ་བའི་རྣམ་དཀར་གྱི་དགེ་བ་གང་ཞིག་ཡོད་པ་དེ། འགྲོ་ལ་བདེ་སྐྱིད་འབྱུང་བའི་སྒོ་ཅིག་པུ་ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ་འདི་ཉིད་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་།  དེ་འཛིན་གྱི་སྐྱེས་བུ་གང་ན་སུ་བཞུགས་པ་དེ་དག་ཞབས་པད་སྲིད་མཐའི་བར་དུ་བརྟན་པའི་ཆེད་དུ་བསྔོ་བ་དང་སྨོན་ལམ་ལྷན་ཅིག་ཏུ་གནོངས་རོགས་གནང་། ཐུགས་རྗེ་ཆེ།

 

གཏམ་བཤད་པ་རྫོང་སར་ཁམས་བྱེའི་བཤད་སྒྲུབ་དར་རྒྱས་སློབ་གླིང་གི་དྲུང་རམས་པ་ཀརྨ་འཕྲིན་སྟོབས་ཀྱིས།  ཕབ་ཞུས་པ་ལྕང་བྲག་རིན་རྣམ།

                              རྩོམ་སྒྲིག་པ། མྱི་གསར་བ།