མྱོས་འགྱུར་ཆང་ལ་དཔྱད་པ།

    ཚེ་དབང་གིས་བརྩམས།

       མྱོས་འགྱུར་ཆང་ལ་དཔྱད་པ་ལུང་གི་རྣམ་གཞག་པདྨའི་དགའ་ཚལ་
                  ཞེས་བྱ་བ་བཞུགས་སོ།།

 

ཚེ་དབང་གིས་བརྩམས།
 


 

ཀུན་ཀྱི་གཙུག་ཏུ་མངོན་པར་བཏེགས་ཤིང་གདུག༵ས་ལྟར་ངོ་མཚར་རྨད་དུ་བྱུང་བ་གང་ལ་གསོལ་བ་གདབ་པའི་ཡུལ་ངོས་གཟུང་བ་དང་གསོལ་བ་འདེབས་པའི་ཚིག་བརྗོད་པ།
 

ཡེ་སྟོང་རྩ་བྲལ་གཞི་དབྱིངས་ཟབ་མོ་གདོད་མའི་གཤིས་ངོར་ཀ་ནས་དག

འགགས་མེད་འོད་གསལ་རང་གྲོལ་ལམ་མཆོག་ལྷུན་གྲུབ་སྣང་བ་ཐོད་ཀྱིས་བརྒལ།

ཉམས་རྟོགས་མངོན་གྱུར་འབྲས་བུ་མཐར་ཕྱིན་སྐུ་གསུམ་རྒྱལ་བའི་སར་བརྙེས་ཏེ།

སྙིགས་དུས་འགྲོ་ལ་ཐར་བའི་ལམ་མཆོག་རིམ་དགུའི་ཐེག་པ་མཐར་ཐུག་བསྟན།

འཇིག༵ས་མེད༵་མཁྱེན་པའི་སྟོབས་ལ་དབང་འབྱོར་རྒྱལ་དབང་པདྨ་ཀ་རའི་འཕྲུལ།

ཕུན༵་ཚོག༵ས་གཏད་རབས་བཀའ་གཏེར་མཛོད་འཛིན་ཟབ་རྒྱས་གདམས་པ་འབྱུང༵་བའི་གན༵ས།

ངག༵་གི་དབ༵ང་ཕྱུག་བློ་གྲོས༵་མཚུང༵ས་མེད༵་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ།

འདྲེན་མཆོག་ཤཱཀྱའི་སྲས་པོ་གང་དེས་དགོངས་པའི་ཀློང་ནས་བདག་སྐྱོངས་ཤིག
 

འགྱུར་མེད་བརྟན་པའི་རུ་མཚོན་མཁའ་རུ་བསྒྲེངས་བའི་རྒྱལ༵་མཚ༵ན་བཞིན་གང་ལ་དཔྱད་པར་དམ་བཅའ་བ།
 

གསུང་རབ་རིན་ཆེན་གཏེར་གྱི་ཕྲེང་བ་ལས། 

མྱོས་བྱེད་ཆང་ལ་བཅས་རང་མི་མཐུན་པའི། 

བཞེད་ཚུལ་རྒྱ་མཚོའི་རླབས་ཀྱིས་དཀྲུགས་པ་དག 

ལུང་རིགས་པད་ཚལ་དབུས་ནས་ཅུང་ཟད་དབྱེ། 
 

 མཆོད་རྫས་ཡིད་འོང་པདྨ༵འི་མདངས་འཛིན་ལྟར་ཆེད་དུ་བརྗོད་པའི་གླེང་སློང་བ།
 

སྤྱིར་བགྲང་བྱ་དུ་མའི་ཐེམ་སྐས་ལས་བརྒལ་ཏེ། ལྟ་གྲུབ་ཀྱི་དཔྱད་ཤེས་ཕྱི་བཤོལ་གྱིས་ཁྱེར་ཞིང་། སྡིག་གཤིས་མ་རུང་བས་མི་ཚེའི་ཕྱེད་ཀ་འཕྲོ་བརླག་ཏུ་བཏང་སོང་ཞེས་སྨྲ་བ་ལ་ཐལ་བར་མི་འགྱུར་ཏེ། སྐྱེས་ཆེན་དུ་མས་ཐེག་པ་མཐོ་དམན་ལ་ཕྲིན་ལས་ཀྱི་གླེགས་བམ་བརྩིགས་པའི་གསེབ་ནས་ལང་ཚོའི་འདབ་མ་བསགས་མོད་ཀྱང་། དེ་ནི་རྒྱུད་ལ་བྱིན་བརླབས་མ་ཞུགས་པའི་མཇལ་ཁ་ཙམ་ལས་རྩོད་རྙོག་གི་འགལ་འདུ་ལ་ངེས་ཤེས་ཀྱི་རོ་མྱོང་ཞིག་ལར་ནས་ཐོབ་མྱོང་མེད་པ་ལ་ཀུན་ཀྱིས་ངེས་ཤེས་ཀྱི་གནས་སོ།། ལར་དཔྱད་རྩོམ་གྱི་མཚན་ཉིད་མི་ཚང་བའི་ཟིན་བྲིས་ཀྱི་ཤོག་ལྷེ་ཟུར་མ་འགའ་ཞིག ཤེས་བྱའི་མུ་ཁྱུད་རིང་མོའི་དཀྱིལ་ནས་ངེས་ཤེས་ཀྱི་གསང་བ་ཁྲག་ཁྲིག་དུ་མའི་དྲི་རོ་ལ་མྱངས་ཟིན་པའི་བློ་ལྡན་སྐྱེ་བོའི་ཁྲེལ་དགོད་འཆོར་བར་ཐེ་ཚོམ་ཅི་དགོས། འོན་ཀྱང་། འདི་ནི་ཐོས་བསམ་པའི་ལམ་ལུགས་ཤིག་དང་གླེགས་བམ་གྱི་ཁྲོད་དུ་འཕུར་སྐྱོད་ཀྱི་ཟིན་ཐོ་ཞིག་ལས་ཤེས་རབ་དང་ཤེས་རབ་བརྡར་བའི་ངེས་ཤེས་རྣལ་མ་དེ་མ་ཡིན་པ་གསལ་དགོས་སོ།།
 

 གསང་བ་གསུམ་གྱི་ཆོས་ཀྱི་སྒྲ་དབྱངས་གཅིག་ཏུ་འདུས་པ་ཆོས༵་དུང༵་བཞིན་གླེང་བྱའི་དོན་བསྡུས་ཏེ་བསྟན་པ།
 

སྲིད་པའི་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་མཐོ་བའི་རྒྱལ་བ་ཤཱཀྱ་སེངྒེ་གཉིས་པ་རུ་གྲགས་པ། སློབ་དཔོན་ཆེན་པོ་དབྱིག་གཉེན་ཞེས་མཚན་སྙན་གྱི་བ་དན་དཀར་པོ་སྲིད་གསུམ་གྱི་བླ་ན་མངོན་པར་མཐོ་བ་འདི་ཉིད་ཀྱི་ཐུགས་དབུས་སུ་ཆུ་གཏེར་གྱི་བུམ་བཟང་ལས་འཁྲུངས་བའི་ངོ་མཚར་རྨད་དུ་བྱུང་བའི་བསྟན་བཅོས་ཆེན་པོ་མངོན་པ་མཛོད་ལས། བཅས་པའི་ཁ་ན་མ་ཐོ་བ། །མྱོས་འགྱུར་ལས་གཞན་བསྲུང་ཕྱིར་རོ། །ཞེས་པའི་སྐབས་ནས་བསྟན་པའི་མྱོས་འགྱུར་ཆང་འདི་བཅས་པའི་ཁ་ན་མ་ཐོ་བ་ཡིན་མིན་དཔྱད་པ་ལུང་གི་རྣམ་བཞག་ཉུང་ངུ་བསྟན་པ་ལ། གཏེར་གྱི་བུམ་བཟང་ལྟར་ཕྲིན་ལས་རྒྱུན་ཆད་མེད་པ་གཞན་གྱི་འདོད་པ་དགོད་པ་དང་། ནམ་མཁའི་འཁོར་ལོ་བཞིན་རྟག་ཁྱབ་ལྷུན་གྱིས་གྲུབ་པའི་རང་ལུགས་འཇོག་པ། དགག་རྐྱང་རང་ལུགས་པའི་ཕྲིན་ལས་མ་དར་བར་འགལ་མེད་གཅིག་ཏུ་སྦྲེལ་བ་དཔལ་བེའུ་བཞིན་རྩོད་པ་སྤང་བ་དང་གསུམ་གྱིས་རྟོགས་པར་བྱའོ།།
 

 གཏེར་གྱི་བུམ༵་བཟ༵ང་ལྟར་ཕྲིན་ལས་རྒྱུན་ཆད་མེད་པ་གཞན་གྱི་འདོད་པ་དགོད་པ། 
 

གཞན་དོན་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་སྐད་ཅིག་ཙམ་ལ་དོར་མ་མྱོང་བའི་མཁས་གྲུབ་ཁ་ཅིག་གིས། ཆང་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་པར་གསུངས་ལ། དེ་ཡང་གང་ཞེ་ན། ལུང་རྣམ་འབྱེད་ལས། དགེ་སློང་དག་ང་སྟོན་པའོ།། ཞེས་ཟེར་བ་དག་གིས་མྱོས་པར་འགྱུར་བ། ཐ་ན་རྩྭའི་རྩེ་མོས་ཀྱང་བཏུང་བར་མི་བྱ་ཞིང་། བླུད་པར་ཡང་མི་བྱའོ།། ཞེས་པ་དང་། དེ་བཞིན་མདོ་ལས་ཀྱང་། ཤཱཀྱ་ནད་པ་རྣམས་ལ་ཡང་མྱོས་པར་འགྱུར་བ་འཐུང་བར་མ་གནང་བའི་ཕྱིར། ཞེས་དང་། དྲན་པ་ཉེར་བར་གཞག་པ་ལས། བདག་ལ་འདི་ཡིས་མི་གནོད་ཅེས། །བློ་ལྡན་ཆང་ལ་ཡིད་མ་རྟོན། །མྱོང་ཚེ་བསིལ་ཡང་རྣམ་སྨིན་ཚ། །ཆང་གིས་དམྱལ་བར་འགྲོ་བར་བྱེད། །གཞན་ཡང་ཆགས་མེད་བདེ་སྨོན་ལས། མི་ཚངས་སྤྱོད་དང་ཆང་འཐུང་ལ་སོགས་པ། །རང་བཞིན་ཁ་ན་མ་ཐོ་སྡིག་པ་སྟེ། །ཞེས་པ་དང་། འདུལ་བ་ཚིག་ལེའུར་བྱས་པ་ལས་ཀྱང་། ཁ་ཡི་ནད་ལ་འཁུར་ཕུག་ཏུ། །སྲེལ་པ་ཙམ་ལ་ཉེས་པ་མེད། །སྨན་པའི་ངག་གིས་འཐུང་བར་ནི། །སྲོག་ལ་བབ་ཀྱང་འདོད་མི་བྱ།། ཞེས་སོགས་གསུངས་པའི་ཕྱིར་ན་ཆང་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་པར་གྲུབ་པ་ཡིན་ནོ།། ཞེས་མི་འགྱུར་བའི་གཡུང་དྲུང་བཞིན་དུ་འཕགས་བོད་ཀྱི་མཁས་གྲུབ་དུ་མས་མཛད་ཕྲིན་གཅིག་ཏུ་བཟླུམས་ཏེ་བཅས་པའི་ཁ་ན་མ་ཐོ་བ་རྣམས་ནི་སྲོག་དང་ཚངས་སྤྱོད་ལ་བར་ཆད་ཡོད་ཚེ་གནང་བ་ལ་ཆང་མ་གནང་བའི་ཕྱིར་རོ་ཞེས་འདོད་པ་མཐར་ཆགས་སུ་བཀོད་དོ།།
 

 ནམ་མཁའི་འཁོར༵་ལོ༵་བཞིན་རྟག་ཁྱབ་ལྷུན་གྱིས་གྲུབ་པའི་རང་ལུགས་འཇོག་པ། 
 

མྱོས་འགྱུར་འཐུང་བ་བཅས་པའི་ཁ་ན་མ་ཐོ་བ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བཀག་པ་ལ་བརྟེན་ནས་ལྟུང་བར་འགྱུར་བའི་ཕྱིར་དང་། བཅས་པའི་ཁ་ན་མ་ཐོ་བའི་མཚན་ཉིད་དང་ལྡན་ལ། རང་བཞིན་གྱི་ཁ་ན་མ་ཐོ་བའི་མཚན་ཉིད་དང་མི་ལྡན་པའི་ཕྱིར། རང་བཞིན་གྱི་ཁ་ན་མ་ཐོ་བ་ནི་བཅོམ་ལྡན་འདས་ཀྱིས་མ་བཀག་ཀྱང་སྡིག་པར་འགྱུར་བ་ཡིན་ཏེ། སེམས་ཉོན་མོངས་ཅན་ཁོ་ནས་སྤྱོད་ཅིང་གང་ཟག་བསླབ་པ་བཅས་མ་བཅས་ཐམས་ཅད་ལ་སྡིག་ཏུ་འགྱུར་བ་སྲོག་གཅོད་པ་ལྟ་བུ་ཞིག་དགོས་པ་ལ།དེ་ལྟ་ནི་མ་ཡིན་ཏེ། འདི་ནི་རེས་འགའ་གཉེན་པོའི་བློས་ཀྱང་སྤྱད་དུ་རུང་ཞིང་བསླབ་པ་བཅས་པ་ཁོ་ན་ལ་སྡིག་ཏུ་འགྱུར་བ་ནི་དགེ་སློང་དག་གིས་རྩྭ་སྔོན་གཅོད་པ་ལྟ་བུ་ཡིན་པར་གྲུབ་ལ། དེའང་རིག་པའི་གནས་མ་ལུས་པ་ཐུགས་སུ་ཆུད་ཅིང་རང་དང་གཞན་གྱི་གཞུང་ལུགས་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་སློབ་དཔོན་དབྱིག་གཉེན་གྱི་མཛོད་རང་འགྲེལ་ལས། ཇི་ལྟར་ན་མྱོས་པར་འགྱུར་བ་འཐུང་བ་བཅས་པའི་ཁ་ན་མ་ཐོ་བ་ཡིན་པར་ཤེས་ཤེ་ན། རང་བཞིན་གྱི་ཁ་ན་མ་ཐོ་བའི་མཚན་ཉིད་མེད་པའི་ཕྱིར་ཏེ། རང་བཞིན་གྱི་ཁ་ན་མ་ཐོ་བ་ནི་སེམས་ཉོན་མོངས་པ་ཅན་ཁོ་ནས་སྤྱོད་པ་ཡིན་ན་ཆང་ནི་ཇི་སྲིད་མྱོས་པར་མི་འགྱུར་བར་གཉེན་པོའི་བློ་ཁོ་ནས་བཏུང་བར་ནུས་སོ།། གང་མྱོས་པར་འགྱུར་བ་ཡིན་པར་ཤེས་ནས་འཐུང་བའི་སེམས་དེ་ཉིད་ཉོན་མོངས་པ་ཅན་ཡིན་ནོ།། གང་མྱོས་པར་འགྱུར་བའི་དྲོད་རིག་ནས་འཐུང་བ་དེ་ནི་ཉོན་མོངས་པ་ཅན་མ་ཡིན་ནོ།། ཞེས་པས་སོ།། ཆང་རང་གི་ངོ་བོ་ལ་བསམ་ན་ཡང་བཅས་པའི་ཁ་ན་མ་ཐོ་བ་ཡིན་ཏེ། ཆང་ལ་འབྲུའི་ཆང་དང་། བཅོས་པའི་ཆང་གཉིས་ལས། འབྲུའི་ཆང་གང་ཞེ་ན།ཕབས་དང་།  འབྲས་ཕྱེ་དང་། ཟན་གྱི་ཚོགས་ཀྱི་རྣམ་འགྱུར་གྱི་བྱེ་བྲག་ལས་སྐྱེས་པ་འཇིག་རྟེན་པ་དག་གི་བཏུང་པའི་ཁྱད་པར་གང་ཡིན་པ་དེ་ནི་འབྲུའི་ཆང་ཞེས་བྱ་བ་དང་། སྡོང་བུ་དང་། མེ་ཏོག་དང་། འབྲས་བུ་དང་། རྩ་བ་དང་། འདབ་མ་རྣམས་ཀྱི་ཁུ་བ་རྣམས་ནི་ནུས་པ་ཡོངས་སུ་གྱུར་ནས་མྱོས་བྱེད་ཀྱི་ནུས་པ་ཅན་དུ་གྱུར་པ་ནི་བཅོས་པའི་ཆང་ཞེས་འདོད་དེ། རྣམ་འབྱེད་ལས། འབྲུའི་ཆང་ཞེས་བྱ་བ་ནི། ཆན་གྱི་བཏུང་བ་དང་། ཕབས་ཀྱི་བཏུང་བའོ།། བཅོས་པའི་ཆང་ཞེས་བྱ་བ་ནི། རྩ་བའི་བཏུང་བ་དང་། སྡོང་བུའི་བཏུང་བ་དང་། འདབ་མའི་བཏུང་བ་དང་། མེ་ཏོག་གི་བཏུང་བ་དང་། འབྲས་བུའི་བཏུང་བའོ།། ཞེས་གསུངས་པ་ལྟར་རོ།། མྱོས་བྱེད་ཀྱི་ནུས་པ་དང་ལྡན་པར་ཟོས་ན་ལྟུང་བར་འགྱུར་བ་ལ། དེ་དག་ཡན་གར་བ་རེ་རེ་ཟོས་པས་ལྟུང་བར་མི་འགྱུར་ཏེ། མྱོས་བྱེད་ཀྱི་ནུས་པ་དང་མི་ལྡན་པའི་ཕྱིར། མེ་ཕྲེང་འགྲེལ་བ་ཚིག་དོན་རབ་ཏུ་གསལ་བ་ལས། ཕབས་དང་ཟན་ཆང་བསྲེས་པ་དག་ཟོས་ན་འགལ་ཚབས་ཅན་དུ་འགྱུར་རོ།། ཞེས་གསུངས་པས་ཡན་གར་ཟོས་ན་ལྟུང་མེད་དུ་རྟོགས་པར་སླའོ།། གལ་ཏེ་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་ན་མྱོས་པའི་ནུས་པ་ཉམས་ཀྱང་སྡིག་ཏུ་འགྱུར་བ་ལ་དེ་ལྟར་མི་འགྱུར་ཏེ། ཡང་དེ་ཉིད་ལས། ནུས་པ་ཉམས་ནས་སྐྱུར་བོར་སོང་བ་ཡིས་ནི་མྱོས་བྱེད་ཀྱི་ནུས་པ་ཟད་པས་ན་དེའི་ཚེ་འཐུང་ཡང་ཉེས་པ་མེད་དེ། ཆང་གི་རྒྱུ་མཚན་སྤངས་བའི་ཕྱིར་རོ།། གཞན་ཡང་སུ་ལུ་ཀ་དང་ཞོའི་ཁ་ཆུ་དང་སུ་ག་ཏ་སོགས་སྐྱུར་པོར་གྱུར་པ་དག་བཙགས་ནས་ཆུ་བསྲེས་ཏེ་བཏུང་པའི་དོན་དུ་བྱེད་པ་ནི་དུས་མ་ཡིན་པར་ཕྱི་དྲོ་ཡང་བཀག་པ་མེད་དོ།། གཞན་ཡང་དགྲ་བཅོམ་པ་ལ་རང་བཞིན་གྱི་སྡིག་པ་མི་འབྱུང་སྟེ། ཉོན་མོངས་ཅན་གྱི་མུན་པ་སྤངས་ཟིན་པས་འཕགས་པ་ཡིན་པའི་ཕྱིར། དེ་ཡིན་ན་ཡང་ལེགས་འོངས་ལ་ཆང་འཐུང་བའི་ཉེས་པ་འབྱུང་བའི་ཕྱིར་ན་ཡང་བཅས་པའི་ཁ་ན་མ་ཐོ་བ་ཡིན་པར་གྲུབ་བོ།། རྣམ་འབྱེད་ལས། དགེ་སློང་དག ཇི་སྙམ་དུ་སེམས་དགེ་སློང་ལེགས་འོངས་འདིས་ད་ལྟར་སྦྲུལ་ཕྲུག་ཀྱང་ཐུལ་བར་ནུས་སམ། བཙུན་པ། རྔོ་མི་ཐོགས་སོ།། དགེ་སློང་དག དེ་ལྟར་ན། ཉེས་དམིགས་འདི་དང་། གཞན་དག་ཀྱང་མྱོས་པར་འགྱུར་བ་འཐུང་བ་ལས་འབྱུང་བས། ཞེས་དང་། ཡང་འདུལ་ལུང་སྡེ་བཞིའི་སྙིང་པོའི་གསང་བ་གཅིག་ཏུ་བསྡུས་པ་མཚོ་སྣ་བའི་ཊཱི་ཀ་ལས། གལ་ཏེ་ཆང་འཐུང་པ་ལ་རང་བཞིན་གྱི་སྡིག་པ་འབྱུང་ན་ནི། ལེགས་འོངས་འཕགས་པ་དགྲ་བཅོམ་པ་ཆང་གིས་མྱོས་པར་གྱུར་པ་དང་འགལ་ལོོ།། ཞེས་དང་།སྲིད་གསུམ་གྱི་གདུང་བ་དུང་ནས་དཀྲུག་ཆེད་སེམས་བསྐྱེད་དང་ཚོགས་བསགས་ཀྱི་ལམ་ཆེན་བཙུགས་ཤིང་། ཆོས་འཁོར་རིམ་པས་གདུལ་བྱ་ལ་གྲུ་ཆར་ཕབས་ཏེ་མངོན་པར་སངས་རྒྱས་པའི་ཚུལ་དུ་གཤེགས་པ་འདྲེན་མཆོག་བཞི་པ་ཤཱཀྱ་སེངྒེའི་དྲིན་ལན་བསབ་པའི་མདོ་ལས་ཀྱང་། གསོལ་བ། དགེ་བསྙེན་གྱི་ཁྲིམས་ལྔ་ལས་དུ་ནི་རང་བཞིན་གྱི་སྡིག་ལགས། དུ་ནི་བཅས་པའི་སྡིག་ལགས། བཀའ་སྩལ་པ། བཞི་ནི་རང་བཞིན་གྱི་སྡིག་ལགས། ཆང་འཐུང་བའི་ཁྲིམས་གཅིག་ནི་བཅས་པའི་སྡིག་གོ། ཆང་འཐུང་བས་ནི་བག་མེད་པ་ལེ་ལོའི་གནས་ཡིན་པ་སྟེ། སྡིག་པ་བཞིའི་གྲོགས་སུ་འགྱུར་རོ།། ཁྲིམས་ལྔ་ལས་ཆང་འཐུང་བ་ནི་བག་མེད་པའི་གཞི་ཡིན་པས། ཁྲིམས་བཞི་ཡང་ཉམས་པར་བྱེད་ཞེས་པ་དང་། གཞན་ཡང་ཆང་འཐུང་བས་བ་གླང་མྱོས་པ་ལྟར་མྱོས་ཤིང་འཁྲུག་པར་འགྱུར་ཏེ། ཆང་གིས་མྱོས་ན་ཡང་དག་པའི་ལས་སུ་བྱ་བ་བསམ་གཏན་དང་། མདོ་སྡེ་ཀློག་པ་དང་། འདོན་པ་དང་། དགེ་འདུན་གྱི་ལས་བྱ་བ་རྣམས་ཤོར་བར་འགྱུར་ཏེ། རང་བཞིན་གྱི་སྡིག་པ་མ་ཡིན་མོད་ཀྱི་རང་བཞིན་གྱི་སྡིག་པ་དང་འདྲའོ།། རྒྱལ་སྲས་གྲགས་བཤེས་ཀྱིས། བཅོམ་ལྡན་འདས་ཀྱི་ཐུགས་ལ་རང་བཞིན་གྱི་སྡིག་པ་ཡིན་ནོ་སྙམ་དུ་དགོངས་ནས་དེ་ཡོངས་སུ་སྤངས་བར་བྱ་བར་གསུངས་པ་ནི་མ་ཡིན་ནོ།། འོ་ན་ཅི་ཞེ་ན་ཐལ་བའི་ཉེས་པར་འགྱུར་བའི་ཕྱིར་ཞེས་བསྟན་པ་ཡིན་ནོ།། ཞེས་པ་དང་། བཤེས་འགྲེལ་དོན་གསལ་ལས། ཆང་ནི། མི་དགེ་བ་མཐའ་དག་གི་རྒྱུ་ཡིན་པས། ཉེས་དམིགས་ཆེ་བའི་ཕྱིར་དང་། བཅས་པའི་ཁ་ན་མ་ཐོ་བ་ཡིན་པས་ལས་ཀྱི་ལམ་རྣམས་ཀྱི་ནང་དུ་མ་འདུས་པས་དེའི་ཕྱིར་ཆང་སྤོང་བ་དང་ཞེས་སོགས་གསུངས་སོ།། དེ་བས་ན་ངོ་ཚ་དང་ལྡན་ཕྱིར་མི་འཐུང་བར་ཟད་ཀྱི་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་པའི་ཕྱིར་ནི་མ་ཡིན་ཏེ། བློ་གྲོས་བརྟན་པའི་མཛོད་འགྲེལ་ལས། མདོ་ལས་སློབ་པའི་སྟོབས་ལྔ་འབྱུང་སྟེ། དད་བརྩོན་ངོ་ཚ་ཁྲེལ་ཡོད་ཤེས་རབ་ཀྱི་སྟོབས་ཞེས་བྱ་བ་ཡིན་ནོ།། དེའི་ཕྱིར་ངོ་ཚ་དང་ལྡན་པའི་ཕྱིར་མི་འཐུང་བར་འཐད་དོ།། ངོ་ཚ་དང་ལྡན་པ་དག་གིས་བཏུང་བར་བྱ་བ་མ་ཡིན་ནོ་ཞེས་བྱ་བ་ལ་རྒྱུ་མཚན་ཅི་ཡོད་ཅེ་ན། དེའི་ཕྱིར་དེས་ཀྱང་དྲན་པ་ཉམས་པར་བྱེད་པའི་ཕྱིར། ཞེས་སོ།། ཡང་བསིལ་ལྗོངས་བོད་ཡུལ་གླིང་གི་འགྲོ་བ་རྣམས་གཏན་བདེ་བྱང་ཆུབ་མཆོག་གི་ལམ་ལ་དཀྲི་བའི་སླད་དུ་བཤེས་གཉེན་དམ་པའི་ཟོལ་དུ་བསྒྱུར་བ་ཀུན་མཁྱེན་མི་ཕམ་རྒྱ་མཚོའི་བཤེས་སྤྲིང་གི་མཆན་འགྲེལ་པདྨ་དཀར་པོ་ལས། རང་བཞིན་གྱི་ཁ་ན་མ་ཐོ་བ་མིན་ཡང་དབང་པོའི་མཐུ་ཉམས་པར་བྱེད་པ་ཆང་གི་བྱེ་བྲག་རྣམས་ལས་ལྡོག་པར་མཛད་པའོ།། ཞེས་དང་། མཛོད་འགྲེལ་མངོན་པའི་རྒྱན་ལས་ཀྱང་། ཅིའི་ཕྱིར་བཅས་པའི་ཁ་ན་མ་ཐོ་བ་དག་ལས་ཆང་སྤོང་པ་ཁོ་ན་དེའི་ཡན་ལག་ཏུ་བརྗོད་ཅེ་ན། སངས་རྒྱས་ཀྱིས་བཀག་ཅིང་བཅས་པའི་ཁ་ན་མ་ཐོ་བ་མྱོས་པར་འགྱུར་བ་སྤོང་བ་ནི་དེ་སྤངས་པས་དེ་ལས་གཞན་སྲོག་གཅོད་སྤོང་བ་ལ་སོགས་པའི་བསླབ་པ་སྲུང་བའི་ཕྱིར་རོ།། མྱོས་པར་འགྱུར་བ་མ་སྤངས་ན་ནི་བསླབ་པ་གཞན་དེ་དག་ཉམས་པར་འགྱུར་ཏེ། བདེན་གཉིས་ཤིང་རྟ་ལས། ཆང་བཏུང་བས་འདུ་ཤེས་འཁྲུལ་བར་གྱུར་ནས་མཚམས་མེད་པ་བཞི་དང་། ལྟུང་བ་དང་ཉེས་སྤྱོད་ཐམས་ཅད་ཀྱི་རྒྱུར་འགྲོ་བས་སོ་སོར་ཐར་པའི་དུས་ན་བསླབ་པའི་གཞི་འདི་ནི་ཁ་ན་མ་ཐོ་བ་ཆེན་པོར་བཅས་པ་ཡིན་ནོ།། ཞེས་པ་ལྟར་དུ་མདོར་ན་པདྨ་དཀར་པོ་ལྟར་སྐྱོན་གྱིས་མ་གོས་པའི་རྒྱ་བོད་པཎ་གྲུབ་དུ་མའི་བཞེད་ཚུལ་དང་། འབྱུང་བཀའ་བ་ཨུ་དུམ་ཝཱ་ར་ལྟར་ཤེས་རབ་ཀྱིས་བརྐོས་པའི་ཡིད་བཞིན་ནོར་བུ་ལས་ལྷག་པའི་གསུང་རབ་དེ་དག་བདེན་ཚིག་འགྲུབ་པའི་རྒྱུགས་དཔང་དུ་བཞུགས་པས་འཕྱང་མོ་ཉུག་དགོས་མི་འདུག
 

 དགག་རྐྱང་རང་ལུགས་པའི་ཕྲིན་ལས་མ་དར་བར་འགལ་མེད་གཅིག་ཏུ་སྦྲེལ་བ་དཔ༵ལ་བེའུ༵་བཞིན་རྩོད་པ་སྤང་བ། 
 

མྱོས་འགྱུར་བཅས་པའི་ཁ་ན་མ་ཐོ་བ་ཡིན་པར་གྲུབ་ན། རང་བཞིན་གྱི་ཁ་ན་མ་ཐོ་བར་གསུངས་པའི་ལུང་དེ་དག་དང་འགལ་ལོ་ཞེ་ན། མི་འགལ་ཏེ། དགེ་སློང་དག་ང་སྟོན་པའོ།། ཞེས་ཟེར་བ་དག་གིས་མྱོས་པར་འགྱུར་བ། ཐ་ན་རྩྭའི་རྩེ་མོས་ཀྱང་བཏུང་བར་མི་བྱ་ཞིང་། བླུད་པར་ཡང་མི་བྱའོ།། ཞེས་གསུངས་པ་ནི་སྤྱིར་འགོག་པའི་དབང་དུ་བྱས་ཏེ་གསུངས་པ་ཡིན་ལ། ཤཱཀྱ་ནད་པ་རྣམས་ལ་ཡང་མྱོས་པར་འགྱུར་བ་འཐུང་བར་མ་གནང་བ་ནི། བྱེ་བྲག་དམིགས་བསལ་གྱིས་དབང་དུ་བྱས་ནས་གསུངས་པ་ཡིན་ཏེ།ལུང་རྣམ་འབྱེད་ལས།  དགེ་སློང་དག ཇི་སྙམ་དུ་སེམས་དགེ་སློང་ལེགས་འོངས་འདིས་ད་ལྟ་སྦྲུལ་ཕྲུག་ཀྱང་ཐུལ་བར་ནུས་སམ། བཙུན་པ། རྔོ་མི་ཐོགས་སོ།། དགེ་སློང་དག དེ་ལྟར་ན། ཉེས་དམིགས་འདི་དང་། གཞན་དག་ཀྱང་མྱོས་པར་འགྱུར་བ་འཐུང་བ་ལས་འབྱུང་བས། དགེ་སློང་དག་ང་སྟོན་པའོ།། ཞེས་ཟེར་བ་དག་གིས་མྱོས་པར་འགྱུར་བ། ཐ་ན་རྩྭའི་རྩེ་མོས་ཀྱང་བཏུང་བར་མི་བྱ་ཞིང་། བླུད་པར་ཡང་མི་བྱའོ།། དེའི་དོན་ནི་ཆང་འཐུང་བས་ཉེས་པ་གཞན་དག་འབྱུང་བའི་ཕྱིར་ན་རྩྭའི་རྩེ་མོ་ཙམ་ཡང་བཏུང་བར་མི་བྱ་བའོ།། ཞེས་དགག་པ་ཡིན་གྱི་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་པས་ནི་དགག་པ་མ་ཡིན་ཏེ། བཤེས་སྤྲིང་གི་རྒྱ་ཆེར་བཤད་པ་ཚིག་གསལ་ལས། ཆང་ནི་ཁ་ན་མ་ཐོ་བ་ཆེན་པོའི་རྒྱུ་ཉིད་ཡིན་མོད་ཀྱང་། སྤྱད་པ་ཁོ་ནས་མི་དགེ་བ་ཉིད་མ་ཡིན་པས་ལས་ཀྱི་ལམ་རྣམས་ཀྱི་ནང་དུ་མ་བཤད་པས་ལོགས་ཤིག་ཏུ་སྟོན་ཏོ།། ཞེས་གསུངས་པ་དང་། རྒྱལ་སྲས་ཀྱིས་ཀྱང་། བཙུན་པ་ཇི་ལྟར་ཞེས་བྱ་བ་རྒྱས་པར་ཆང་འཐུང་བ་སྤྱིར་སྨོས་པ་ནི་སྤྱིར་བསྟན་པ་ཡིན་ནོ།། ཤཱཀྱ་ནད་པ་རྣམས་ལ་ཆང་འཐུང་དུ་མ་གནང་བ་ཞེས་བྱ་བ་ནི་དམིགས་ཀྱིས་བསྟན་པ་ཡིན་པས་ཞེས་སོགས་གསུངས་པ་ལྟ་བུའོ།། མ་གནང་བ་ཙམ་གྱིས་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡང་ཡིན་མི་དགོས་ཏེ། མཚོ་ཊཱིཀ་ལས། གནང་བ་མེད་པ་ལ་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་པའི་ཁྱབ་པ་མེད་དེ།ཆང་འཐུང་བའི་ཁ་ན་མ་ཐོ་བ་བཞིན། ཞེས་པའོ།། སྤྱིར་བཀག་དགོས་པ་དང་། དམིགས་ཀྱིས་བསལ་བའི་སྒོ་ནས་བཀག་དགོས་པས་རྒྱུ་མཚན་ཅི་ཞེ་ན། ཆང་འཐུང་བས་བྱ་བ་མ་ཡིན་པ་ལ་འཇུག་པའི་ཕྱིར་ན་བཀག་པ་དང་། ཆང་ནི་ལན་གཅིག་འཐུངས་པས་ཀྱང་སྲེད་པ་ཆེན་པོ་འཕེལ་བར་འགྱུར་ཏེ། རྒྱལ་སྲས་ཀྱིས། ཆང་ནི་ལན་གཅིག་འཐུངས་པས་ཀྱང་ཆགས་པར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་ཀྱང་གནས་གསུམ་པོ་ཆང་དང་མི་ཚངས་པར་སྤྱོད་པ་དང་རྨུགས་པ་དང་། གཉིད་བསྟན་པ་ནི་ངོམས་པའམ་ཆོག་པའམ་ཚིམ་པ་མེད་དོ་ཞེས་གསུངས་སོ།། ཊཱི་ཀ་ལས།  སྡིག་པ་ཐམས་ཅད་ཀྱི་སྒོར་གྱུར་པ་ཡིན་པའི་ཕྱིར་ན་དེ་ལ་དམིགས་ཀྱིས་བསལ་བ་མེད་དོ།། མདོ་རྩ་ལས། རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་ལས་གཞན་པ་ཐམས་ཅད་ལ་གསོ་བའི་དོན་མ་གཏོགས་སོ་ཞེས་བྱ་བའི་ལྷག་མའོ།། ཞེས་སོགས་གསུངས་པ་ལྟར་དུ་ཤེས་པར་བྱའོ།། མི་ཚངས་སྤྱོད་དང་ཆང་འཐུང་ལ་སོགས་པ། །རང་བཞིན་ཁ་ན་མ་ཐོ་སྡིག་པ་སྟེ། །ཞེས་གསུངས་པ་ནི། རང་གི་ངོ་བོ་སྡིག་པ་མིན་ཡང་བྱེད་ལས་ལ་དགོངས་ནས་བཞག་པ་ཡིན་ཏེ།  འོད་ལྡན་ལས། ཆང་འཐུང་བ་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་ཡིན་ཡང་ཤིན་ཏུ་ན་སྨད་པར་བྱ་བ་དེ་བཞིན་དུ་ཞེས་པ་དང་། ཐར་ལམ་སྣང་བྱེད་ལས། ཆང་འཐུང་བ་ལ་བརྟེན་ནས་མནའ་ཟ་གཏམ་སྣོག་རྫུན་དང་ངག་འཁྱལ་སྲོག་གཅོད་མི་ཚངས་སྤྱོད་སོགས་མི་དགེ་བ་མང་པོ་འབྱུང་བ་ཡིན་ཏེ། བཅོམ་ལྡན་འདས་ཀྱི། ཆང་ནི་ཉེས་པ་ཐམས་ཅད་ཀྱིས། །རྩ་བ་ཡིན་པར་རྣམ་པར་བཤད། །ཅེས་པ་དང་། མཛོད་རང་འགྲེལ་ལས། ཡང་ཅིའི་ཕྱིར་བཅས་པའི་ཁ་ན་མ་ཐོ་བ་ལས་འདིར་བསླབ་གཞིར་རྣམ་པར་མ་བཞག་ཅེ་ན། བཅས་པའི་ཁ་ན་མ་ཐོ་བ། མྱོས་འགྱུར་ལས། རྣམ་པར་བཞག་གོ། ཅིའི་ཕྱིར་མྱོས་པར་འགྱུར་བ་ཁོ་ན་ལས་ཡིན་གྱི་གཞན་ལས་ནི་མ་ཡིན་ཞེ་ན་གཞན་སྲུང་ཕྱིར་ཞེས་གསུངས་སོ།། མྱོས་པར་འགྱུར་བ་འཐུང་ན་ཡན་ལག་གཞན་སྲོག་གཅོད་པ་དང་མ་བྱིན་པ་ལེན་པ་དང་འདོད་ལོག་སོགས་མི་དགེ་བ་གཞན་དག་ཀྱང་མི་སྲུང་བར་བག་མེད་ཀྱི་དབང་གིས་དེ་རྣམས་ལ་འཇུག་པའི་ཕྱིར་ན་དེ་ལྟར་དུ་བཀག་པ་སྟེ། དེ་ཉིད་ལས། མྱོས་པར་འགྱུར་བ་འཐུང་ན་ཡན་ལག་གཞན་དང་གཞན་དག་ཀྱང་མི་སྲུང་བར་འགྱུར་རོ།། ཐར་ལམ་སྣང་བྱེད་ལས་ཀྱང། འདིར་ཁྱིམ་པ་ལའང་རང་བཞིན་གྱི་སྡིག་དུ་འཇོག་པ་ནི། ཁྱིམ་པ་རྣམས་ཀྱང་སྟོན་པའི་བཀའ་བརྩི་དགོས་པ་དང་། མདོ་ལས་ཀྱང་། ཆང་འཐུང་བ་ལ་མངོན་པར་དགའ་བའི་མི། །བདག་ལ་ཕན་དང་གཞན་ལ་བདེ་མི་ནུས། །རྨོངས་དང་མདོག་ངན་བྱེད་པ་ཆང་ཡིན་ཏེ། །ཇི་ལྟར་ཧ་ལའི་དུག་བཞིན་དེ་མི་བཏུང་། །ཞེས་སོགས་གསུངས་པ་བཞིན་ནོ། །བདག་ལ་འདི་ཡིས་མི་གནོད་ཅེས། །བློ་ལྡན་ཆང་ལ་ཡིད་མ་རྟོན། །མྱོང་ཚེ་བསིལ་ཡང་རྣམ་སྨིན་ཚ། །ཆང་གིས་དམྱལ་བར་འགྲོ་བར་བྱེད། །ཅེས་པའི་དོན་ནི། ཆང་གིས་མྱོས་པར་བྱས་ནས་གཞན་བྱ་བ་མ་ཡིན་པ་སྲོག་གཅོད་པ་ལ་སོགས་པ་ལ་འཇུག་པའི་དབང་གིས་དེ་ལྟར་དུ་གསུངས་པ་ཡིན་གྱི། རང་བཞིན་གྱི་སྡིག་པ་ཡིན་པས་ནི་མ་ཡིན་ཏེ།མཛོད་འགྲེལ་ལས། ཧ་ཅང་ཀུན་ཏུ་བརྟེན་པས་ངན་འགྲོར་འགྲོ་བར་གསུངས་པ་ནི་དེའི་ཞར་ལ་མི་དགེ་བའི་རྒྱུན་ཡང་དང་ཡང་དུ་འཇུག་པས་ངན་སོང་བའི་ལས་འཕེན་པའམ་འཇུག་པ་ཐོབ་པའི་ཕྱིར་རོ་ཞེས་བཤད་དོ།། ཁ་ཡི་ནད་ལ་འཁུར་ཕུག་ཏུ། །བསྲེལ་པ་ཙམ་ལ་ཉེས་པ་མེད། །སྨན་པའི་ངག་གིས་འཐུངས་པར་ནི། །སྲོག་ལ་བབ་ཀྱང་འདོད་མི་བྱ། །ཞེས་གསུངས་པའི་དོན་ནི། འགའ་ཞིག་ནི་ཉུང་ངུས་ཀྱང་མྱོས་པར་འགྱུར་བས་ན། བག་མེད་པའི་དབང་གིས་བྱ་བ་དང་བྱ་བ་མ་ཡིན་པར་མི་ཤེས་པས་ཡིན་གྱི།རྒྱལ་སྲས་ཀྱིས། ཆང་འཐུང་ན་བྱ་བ་དང་བྱ་བ་མ་ཡིན་པའི་དྲན་པ་ཉམས་པར་འགྱུར་བ། དེའི་ཕྱིར་ཅུང་ཟད་ཀྱང་མི་གསོལ་ཏེ་ཞེས་བྱ་བ་སྨོས་ཏེ། དུག་བཞིན་དུ་མ་ངེས་པའི་ཕྱིར་རོ་ཞེས་བྱ་བ་ནི་དཔེར་ན་དུག་ཆུང་ངུ་ཡང་དུས་དང་རང་བཞིན་དང་མཐུ་དང་ལྡན་པས་རེས་འགའ་འཆི་བར་བྱེད་པ་དེ་བཞིན་དུ་ཆང་གིས་ཀྱང་མྱོས་པར་བྱེད་དོ།། ཞེས་གསུངས་པའི་ཕྱིར་རོ།། མདོར་ན་མ་གནང་བ་ཙམ་གྱིས་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་མི་དགོས་ཏེ། མཚོ་ཊཱིཀ་ལས། གནང་བ་མེད་པ་ལ་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་པའི་ཁྱབ་པ་མེད་དེ། ཆང་འཐུང་བའི་ཁ་ན་མ་ཐོ་བ་བཞིན་ནོ།། ཆང་འཐུང་བ་དེ་བཅས་པའི་ཁ་ན་མ་ཐོ་བ་ཡིན་ཡང་། དགག་བྱ་ཚོད་མི་ཟིན་པའི་ཕྱིར་ན་འདི་དང་འདི་ལྟ་བུ་འཐུང་ན་མྱོས་པར་འགྱུར་ལ། འདི་དང་འདི་ལྟ་བུ་འཐུང་ཡང་མྱོས་པར་མི་འགྱུར་རོ།། ཞེས་ལུང་དེ་དག་གི་བབ་དང་པཎ་གྲུབ་དག་གིས་བཞེད་ཚུལ་ལ་ལྟོས་ན་བཅས་རང་གཉིས་ལས་སྔ་མ་ལྟར་དུ་འདོད་པ་ནི་བདེ་བར་སྙམ་མོ།།   
     

 མ་དག་རླུང་སེམས་ཀྱི་རྒྱུ་བ་དབྱིངས་སུ་དག་པ་བཙོ་སྦྱང་གསེར༵་གྱི་ཉ༵་མོ་བཞིན་མཇུག་ཏུ་སྨྲས་པ། 
 

ཀུན་རྟོག་རིག་པའི་ལང་ཚོ་ཕྲ་ན་ཡང་། 

དམ་པའི་ལས་ལ་བག་ཆགས་འཇོག་ཕྱིར་དུ། 

གོང་མའི་གསུང་རབ་རིན་ཆེན་བང་མཛོད་དུ། 

འཇུག་པའི་སྐལ་བཟང་ཐོབ་སྟེ་ཞལ་མཇལ་ཙམ། 

གཞན་ལ་ཕན་པའི་སླད་དུ་འགྱུར་བཀའ་ཡང་། 

འདིར་འབད་ལེགས་བྱས་ཕྲ་ཙམ་མཆིས་སྲིད་ན། 

བཅས་རང་སྡིག་འདི་སྤང་བ་མཐར་སོན་ནས། 

སྐྱེ་ནས་སྐྱེ་བར་འགྲོ་བའི་དོན་བྱེད་ཤོག 

ཅེས་བོད་རབ་བྱུང་བཅུ་བདུན་པའི་ཤིང་ལུག་ལོའི་མངོན་པ་ལོ་རིམ་དང་པོའི་སློབ་གཉེར་པའི་གྲལ་དུ་གཏོགས་པ་བླང་དོར་གྱི་གནད་ལ་རྨོངས་པ་ཅན་ཚེ་དབང་ནས་ལོ་མཇུག་གི་དཔྱད་རྩོམ་རྒྱུགས་སྤྲོད་ཀྱི་ཆེད་དུ་བོད་ཟླ་༡༡པའི་ཚེས་༢༨ཉིན་བྲིས་ཏེ་༢༩ལ་ཕུལ་བའོ།།  །།
                   
     རྩོམ་སྒྲིག་པ། འཕགས་མི།