ཚད་མ་དང་མི་ཚེ།

    འདན་སྤྲུལ་སྨྲ་རྒོད་ཀྱིས་བརྩམས།


              ཚད་མ་དང་མི་ཚེ།
འདན་སྤྲུལ་སྨྲ་རྒོད་ཀྱིས་བརྩམས།


གང་ཞིག་མ་རིག་བཅོམ་པའི་དགྲ་བོ་ཆེ།།
མངོན་རྗེས་གཤོག་ཡངས་དཀར་པོས་སྲིད་གསུམ་མནན།།
རྫུན་དང་འཁྲུལ་བའི་གདེང་ཅན་འཇོག་པོོ་སོགས།།
སྙིང་ཁྲག་དམར་པོ་ཟས་སུ་སྤྱོད་མཛད་པ།།
ཡང་དག་ཤེས་ལ་ཡིད་སེམས་དྭངས་བས་འདུད།།

༄།ཡིད་ཁམས་རྒྱ་མཚོ་འཁྲུགས་པའི་མིག་ཆུ། སྔོན་འགྲོའི་གླེང་གཞི།

དུས་རབས་༢༡འགོ་ཚུགས་མ་ཐག་ཞིང་འབྲོག་ཕལ་བ་ནས་ཤེས་ཡོན་པའི་སྡེ་རུ་གཏོགས་པ་དག་གིས་གསར་པ་ཞིག་མ་ཤེས་ནའང་ཤེས་མདོག་མ་གོ་ནའང་གོ་ཁུལ་བྱེད་བཞིན་འདུག་ཀྱང་། ཁོ་བོ་ལ་དེ་འདྲའི་རྣམ་དཔྱོད་མེད་པས་གནས་ལུགས་དང་བདེན་པ་གང་ན་འདུག་འཚོལ་བཞིན་ཡོད། དེས་ན་ཁོ་བོས་ནང་པའི་གཏན་ཚིགས་རིག་པ་ལ་སྦྱང་བཞིན་གནས་ལུགས་ཟུར་ཙམ་རེ་མཐོང་བའི་ཉེར་ལེན་ལ་བརྟེན། གསར་པ་ལ་དགའ་བ་རྣམས་རྣ་བའི་བདུད་རྩི་རུ་ཕབ་པའི་ཨ་རག་མེད་ནའང་། དཔྱོད་ལྡན་གྱི་ཀློག་པ་པོ་རྣམས་ལ་སེམས་ཀྱི་གསོས་སུ་གྱུར་པའི་ལེགས་བཤད་འགའ་ཡོད་སྲིད་པས་གསར་པ་ཞིག་བྲི་མ་ཤེས་པ་དེའང་ངོ་གནོང་དགོས་པ་ཞིག་མ་རེད་སྙམ། འོན་ཀྱང་དེང་སང་ནང་ཆོས་ལ་རྒྱུས་རྟ་རྔ་ཙམ་ཡང་མེད་བཞིན་དུ། ད་དུང་ང་རྒྱལ་གྱི་དྲེགས་པ་རི་རབ་ལ་ཡང་འགྲན་བཟོད་ཅིང་། ཕྲག་དོག་གི་རྒྱ་མཚོ་མེ་མ་མུར་གྱི་འོབས་ལྟར་དུས་རྟག་ཏུ་འཁྲུགས་བཞིན། ལོག་སྨྲས་ཀྱི་སྡོམ་ཚིག་གནམ་ས་གཉིས་ན་མི་ཤོང་བ་འགའ་རེ་ཁེར་ལབ་བརྒྱབ་ནས་བསྡད་པར་མཐོང་། ད་དུང་ཁྱོད་ཤི་ང་གསོན་གྱི་དམག་འཐབ་དྲག་པོ་དབྱར་ཁའི་གྲོག་ཚང་རྡོལ་བ་ཇི་བཞིན་ཉིན་མཚན་ཀུན་ཏུ་ལང་ལོང་དུ་བརྡོལ་ཞིང་། གཞན་ལས་བདག་གཅེས་ཀྱི་ཡང་དག་མིན་པའི་ལྟ་བ་མཁྲེགས་པོ་ཞིག ནུབ་གླིང་བྱང་མའི་འཁྱག་སྒོང་གི་རི་བོ་ལྟར་བརྟན་པོར་ཆག་འདུག དེའི་རྐྱེན་པས་ད་ཆ་རྫུན་མ་བདེན་པར་རློམ་པའི་སྲིད་པ་ཞིག་ཏུ་གྱུར་བཞིན་འདུག་ལ། བདག་འཛིན་བདག་མེད་ཀྱི་གཉེན་པོར་སྒོམ་ཞིང་། སྦྱིན་པ་ལོངས་སྤྱོད་ཀྱི་གེགས་སུ་བལྟ་བར་བྱེད། ཞི་གནས་ཟང་ཟིང་དུ་གནས་པ་ལ་གོ་ཞིང་། ལྷག་མཐོང་ཉོན་མོངས་དམིགས་རྣམ་བྱེད་པ་ལ་བལྟས་ཡོད་ཚོད་འདུག དེ་ཙམ་གྱིས་ག་ལ་ཚད་དེ། འདོད་ཆགས་ཡིད་ལ་སྒོམ། ཞེ་སྡང་ཉམས་སུ་ལེན། གཏི་མུག་ཤེས་རབ་ལ་བསམ་སྟེ། སྲིད་པ་དེའི་ཕ་རོལ་ན་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཕྲེང་བ་ཇི་བཞིན་མི་ཚེའི་སྣང་བརྙན་གྲངས་མེད་པ་ལ་སྐྱིད་པའི་དགོད་སྒྲ་སྟོང་དང་། སྡུག་པའི་མིག་ཆུ་འབུམ་ཕྲག་གི་ཞབས་རྗེས་མངོན་ཡོད་པ་བསམ་པའི་གཏིང་ནས་བརྗེད་འདུག །ལྷག་པར་དུ་དྭངས་གཙང་ལྷད་མེད་ཀྱི་གསེར་གྱི་གཞོང་པ་འདྲ་བའི་གཞོན་ནུ་ང་དང་ང་ཚོ་ལ་མི་གཙང་འདམ་ཉོབ་ཀྱི་ཁེངས་པའི་སློབ་གསོ་རུལ་བ་དེ་དག་གིས་བཀང་བཞིན། མྱུར་མགྱོགས་ལྡན་པའི་རྩིས་འཕྲུལ་གྱི་མ་ལག་ཇི་བཞིན་ང་དང་ངའི་མཚོན་པའི་སློབ་བུ་གསར་པ་དག་ལ་དྲྭ་འབུ་དང་གད་སྙིགས་བསྲེས་བཞིན། ད་དུང་སྔོན་ཐོན་དང་གསར་གཏོད། སྙིང་སྟོབས་དང་སྒལ་ཚིགས། སྒེར་ཚུགས་དང་མི་གཞི། དགག་སྒྲུབ་དང་དོགས་སློང་གི་འདུ་ཤེས་ཡོད་དགོས་ཚུལ་སོགས་ནུབ་ཕྱོགས་ཀྱི་མཁས་པ་སྐོར་ཞིག་གི་ཚིག་ཕྲེང་འགའ་རེ་དང་རྒྱ་ཡི་རྩོམ་པ་པོ་འགའ་ཡི་ཚིག་དུམ་བུ་རེ་གཉིས་རེ་བླངས་ནས་ཧ་ཅང་གསར་པ་ཞིག་གླེང་གི་ཡོད་མདོག་བྱེད། ཁ་ཅིག་གིས་ནི་མཚར་སྡུག་འོད་སྟོང་འབར་བའི་ཆོས་ལུགས་ཀྱི་འཇིག་རྟེན་འདི་མུན་ནག་གཏིང་རུམ་ན་ལྷུང་བའི་གཤིན་རྗེའི་འཇིག་རྟེན་ཞིག་ཏུ་འགྲུབ་བཞིན་པ་ཡང་མཐོང་། དོན་དངོས་སུ་གསར་པ་ནས་རྙིང་པར་གྱུར་ཟིན་པའི་རིག་གནས་གསར་རྗེའི་ལྟ་བ་དང་དེའི་བགས་ཆགས། ད་དུང་སེམས་པ་ནས་བསམ་པ། རུས་པ་ནས་རྐང་གི་བར་དུ་མྱོང་བཞིན་དོན་དམ་པའི་བགས་ཆགས་རྙིང་པ་དེ་ཡལ་མེད་ཚོད་རེད། འོན་ཀྱང་བསམ་བློ་རྣལ་དུ་ཕབས་ཏེ་ཞིབ་འཇུག་གི་འཇུག་པ་དཀོན་པའི་རང་རེའི་ཅལ་འདྲོགས་ཀྱི་རྒྱུན་ཤེས་ཕབས་སུ་བྱས་པའི་རྒུན་ཆང་དམར་པོ་དེས་ཡོངས་སུ་བཟི་བའི་གཞོན་ནུ་སྐོར་ཞིག ར་རོའི་གདངས་ནས་མ་སད། མུན་པའི་གཏིང་ནས་མ་ཐར་བ་ད་དུང་དེ་མུར་ལུས་ནས་ཡོད་པ་མིག་གིས་མངོན་སུམ་དུ་མཐོང་བཞིན་འདུག་ན། ལྷོད་ཤིག་ཤིག་གི་འདུག་ག་ལ་བཟོད། བབ་ཆག་ཆག་གིས་གནས་ག་ལ་ཐུབ། དེས་ན་ནང་བསྟན་མཚན་ཉིད་རིག་པ་ལ་ཅུང་ཟད་ཐོས་བསམ་བགྱིས་པའི་སྟོབས་ཤུགས་ཀྱི་དྲོད་ཁ་ཞིག་ལས་ནང་པའི་མཚན་ཉིད་རིག་པ་ལས་བྱུང་བའི་བླང་དོར་གནད་ལ་སྨིན་པའི་རྟོག་འཆར་འགའ་ཞིག་ཚིག་ཟིན་གྱི་རྩོད་པ་ཙམ་ལ་མགོ་བོ་མ་འཁོར་བར་ང་ཚོ་གཞོན་ནུ་གསར་པའི་ཆེད་དུ་མི་ཚེ་ཆོས་ལ་སྦྱར་བའི་སྙིང་གཏམ་འགའ་ཞིག་བྲི་འདོད་ལ། ད་དུང་རྙིང་པ་གསར་པ་ཡིན་མདོག་གི་ལོག་བཤད་ཀྱི་གཉེན་པོར་རྡོ་རྗེ་ཟེགས་མ་ལྟ་བུའི་གཏན་ཚིགས་རིག་པ་དེ་དག་ལ་གཞིར་གཟུང་ཏེ་ང་ཚོ་ལོག་ལམ་གཅོད་པའི་གཉེན་པོ་ཚ་ཐག་ཐག་ཅིག་སྤྲོད་ཐུབ་པའི་རེ་བ་སེམས་ཁོངས་སུ་བཅངས་ཏེ་ཡིག་རིས་ཀྱི་བཀོད་པ་འགའ་བྱེད་དོ། །

གཞུང་དངོས། གཞལ་བྱའི་གནས་གསུམ་དང་གཞི་ལམ་འབྲས་གསུམ།

ཞོགས་དུང་གིས། {དོགས་སློང་སྙིང་སྟོབས་}ཞེས་པའི་དཔེ་དེབ་དེའི་ནང་འདི་ལྟར་བྲིས་འདུག་སྟེ། "ཚན་རིག་གི་གཞི་ནི་འཇིག་རྟེན་ཤེས་བྱ་ཡོད་རྒུ་འགྲོ་མིས་རྒྱུས་ལོན་པར་འདོད་ཅིང་ཆོས་ལུགས་ཀྱི་གཞི་ནི་སྲིད་ཞིའི་ཤེས་བྱ་ཡོད་རྒུ་ལྷ་དང་སངས་རྒྱས་ཀྱི་མ་གཏོགས་མི་ཤེས་པར་འདོད། ཚན་རིག་གི་ལམ་ནི་ཚད་མ་གང་ཞིག་ཚོད་ལྟ་དང་ལག་ལེན་གྱིས་བསྒྲུབ་པར་བྱེད་ཅིང་། ཆོས་ལུགས་ཀྱི་ལམ་ནི་གནའ་མིས་ཚད་མར་བཏགས་པ་གང་ཞིག་དད་པ་དང་སྒོམ་པས་ཉམས་སུ་ལེན་པར་བྱེད། ཚན་རིག་གི་འབྲས་བུ་ནི་ཆོས་ཉིད་གང་ཞིག་བདེན་པའི་ངོ་བོར་མངོན་སུམ་དུ་སྤྱོད་ཅིང་ཆོས་ལུགས་ཀྱི་འབྲས་བུ་ནི་ཤེས་པ་གང་ཞིག་མཐར་ཐུག་བྱང་ཆུབ་བམ་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་དེའོ།"ཞེས་ནང་ཚན་གཉིས་ཀྱི་གཞི་ལམ་འབྲས་གསུམ་ལ་སྦྱར་བའི་སྡོམ་ཚིག་སྟབས་བདེ་ཞིག་བྲིས་འདུག ཁོ་བོ་སྐབས་དེར་སླེབས་དུས་དབང་མེད་དུ་ཁ་ནས་"ཨ་ཁ། ཞོགས་དུང་ལགས་ནང་ཆོས་ལ་ཆ་རྒྱུས་དེ་ཙམ་མེད་པ་འདྲ་"ཞེས་ཁེར་ལབ་ཤོར་སོང་། དེས་ན་ཞོགས་དུང་དང་ཞོགས་དུང་འདྲ་བའི་བོད་ཀྱི་མཁས་པར་རློམ་པ་འགའ་ཞིག་དང། དེའི་རྗེས་འབྲང་གི་རྩོམ་པ་པོ་འགའ་ཞིག་གིས་དངོས་ཤུགས་གང་རུང་ནས་ནང་ཆོས་ཀྱི་གཞི་ལམ་འབྲས་གསུམ་ལ་འདི་ལྟར་སྡོམ་ཚིག་རྒྱབ་བཞིན་འདུག་པས་དོན་དམ་པར་དེ་འདྲ་ཡིན་ནམ་ཞེ་ན། ཚན་རིག་གི་སྡོམ་ཚིག་དེ་དེ་ལྟར་ཡིན་ཤེས་ཆེ་ནའང་ནང་ཆོས་ཀྱི་གཞི་ལམ་འབྲས་གསུམ་ནི་དེ་ལྟ་བུ་ཞིག་མ་ཡིན་ཏེ། སྤྱིར་རིགས་པ་དྲང་པོ་ཞིག་གིས་སྲིད་ཞིའི་ཤེས་བྱ་ལ་གནས་གསུམ་དུ་ཡོད་པར་གཏན་ལ་ཕབ་པས་སོ། །

༡༽ གཞི་མངོན་གྱུར་ལ་སྦྱར་ནས་འཆད།

དེ་ལ་དང་པོ་མངོན་གྱུར་གྱི་ཆོས་ནི་བེམ་པོ་དང་ཤེས་པ་གཉིས་སོ། །ད་དུང་ཅུང་ཟད་ཞིབ་ཏུ་བཤད་ན། བེམ་པོ་ལ་ནང་དོན་དང་ཕྱི་དོན་གཉིས་སུ་ཡོད་ལ་མ་དཔྱད་པའི་ཚེ་དོན་རིག་མངོན་སུམ་གྱིས་དོན་རྟོགས་པར་འདོད་ལ། དེར་མདོ་སྡེ་པའི་རང་ལུགས་སུ་མིག་ཤེས་དེ་ཉིད་དོན་གྱི་རྣམ་ལྡན་དུ་སྐྱེ་བ་ཙམ་ལ་ཕྱི་དོན་རིག་པའི་ཐ་སྙད་བྱེད། འོན་ཀྱང་དེ་ཉིད་ལ་དཔྱད་པ་ཅུང་ཟད་ཞུགས་པའི་ཚེ་རང་རིག་མངོན་སུམ་ཡིན་པ་ལས་ཕྱི་དོན་འཇལ་བའི་ཚད་མར་ཁས་མི་ལེན་ཏེ་དེས་རྟོགས་བྱའི་ཕྱི་དོན་ནི་དེའི་རྒྱུ་ཡིན་པས་རང་དུས་སུ་མེད་ཅིང་། རང་དུས་སུ་གསལ་བར་མཐོང་བ་ནི་གཟུང་རྣམ་དེ་ཉིད་ལས་མ་འདས། སྐབས་དེར་འཇིག་རྟེན་ན་གྲགས་པའི་ཀ་བ་དང་བུམ་པ་འཛིན་པའི་མིག་ཤེས་དེ་དག་གིས་ཀ་བུམ་སོགས་རྟོགས་པར་ཁས་མི་ལེན་ཏེ། རྡུལ་ཕྲན་ཁྱད་པར་བ་འགའ་ཞིག་འདུས་པ་ལས་མིག་ཤེས་དེ་དག་ལ་ཀ་བ་དང་བུམ་པ་སོགས་རགས་པའི་རྣམ་པ་འགའ་རེ་འཆར་དུ་འཇུག་ལ། མ་བརྟག་མ་དཔྱད་པར་བུམ་པ་མཐོང་ངོ་། །ཀ་བ་རྟོགས་སོ་ཞེས་པའི་འཁྲུལ་སྣང་གི་འཇིག་རྟེན་ལས་འཁྲུལ་གཏམ་གྱི་སྒྱུ་མའི་སྙན་ཚིག་འབུམ་ཕྲག་ལ་འཁྲུལ་ནས་བསྡད་ཡོད། དེར་རྣམ་པ་གཏོད་བྱེད་ནི་གཞི་རྡུལ་ཆ་མེད་ཟླ་དང་བཅས་པའམ་ཁྱད་པར་བ་ཡིན་ལ། དེ་ནི་ཕལ་ཆེར་ཚན་རིག་པ་རྣམས་ཀྱིས་ཁོན་ཊམ་དུ་འབོད་པ་དེ་ཉིད་ཡིན་པར་འདུག་སྟེ་ནུས་ཤུགས་དང་འགུལ་ཚད་ལྟ་བུ་ཆ་ཤས་སུ་བགོ་མི་ཐུབ་པའི་དངོས་པོའི་ཁྱད་ཆོས་ལྡན་ཡོད་པས་སོ། །འོན་ཀྱང་འདི་དང་གཞི་རྡུལ་གཉིས་ཐ་དད་ཡིན་མིན་ཁོ་བོས་མ་རྟོགས་སོ། །དེ་ཉིད་ཤིན་ཏུ་ཕྲ་བས་དེ་རྟོགས་པའི་ཐ་མལ་ཚུར་མཐོང་གི་རྒྱུད་ཀྱི་མངོན་སུམ་མེད་ནའང་དེ་མཐོང་ནུས་པའི་ཐབས་མེད་པ་མ་ཡིན་ཏེ་ནང་པས་ཏིང་ངེ་འཛིན་སྒོམ་པ་ལ་བརྟེན་ནས་རང་རྒྱུད་ཀྱི་མིག་དེར་དམིགས་གསལ་གྱི་ནུས་པ་མཐོ་རུ་གཏོང་ལ་ཚན་རིགས་པས་ཕྲ་མཐོང་རྒྱང་ཤེལ་སོགས་ལ་རྟེན་ནས་དབང་ཤེས་ལ་རམ་འདེགས་བྱེད་པ་ཙམ་གྱི་ཐབས་ལམ་ཡོད་དོ། །དེ་ནི་ཚད་མའི་ནང་དུ་ཚད་འབྲས་དང་པོ་ནས་གཉིས་པར་གྱུར་ཚུལ་ཡང་ཡིན་ཏེ་མདོ་སྡེ་པའི་ལུགས་སུ་མ་དཔྱད་དོན་རིག་ཚད་འབྲས་དང་དཔྱད་ན་རང་རིག་ཚད་འབྲས་ཡིན་ལ། སེམས་ཙམ་པས་འཇིག་རྟེན་སྒོ་བསྟུན་བྱེད་པའི་ཚེ་དོན་རིག་ཚད་འབྲས་ཁས་ལེན་ཀྱང་རང་ལུགས་ལ་ནི་མངོན་སུམ་ལ་གཉིས་སུ་གྲངས་ངེས་པར་འདོད་པས་རང་རིག་ཚད་འབྲས་ཙམ་ཞིག་ཁས་ལེན། འོན་ཀྱང་འབྲས་རྟོགས་དེའི་སྐབས་ཀྱི་གཞལ་བྱ་ཡིན་ན་ཚད་འབྲས་དེའི་གཞལ་བྱ་ཡིན་པའི་ནི་མ་ཁྱབ་བོ། །དེ་ལས་ཀྱང་དཔྱད་ན། རྣམ་འགྲེལ་ལས། སེམས་ཀྱི་རང་བཞིན་འོད་གསལ་བ། །དྲི་མ་རྣམས་ནི་གློ་བུར་བ། །ཞེས་གསུངས་པ་ལྟར་ཡུལ་ཡུལ་ཅན་གང་གི་ཡང་ཕྱོགས་སུ་མ་ཆད་ཅིང་རང་གི་ངོ་བོ་གསལ་ཙམ་དེ་ཉིད་ལས་གཞན་མེད་པས་ཚུར་མཐོང་གི་མངོན་སུམ་ཐམས་ཅད་གཉིས་སྣང་ནུབ་པའི་རང་རིག་མངོན་སུམ་ཡིན་པ་ལས་གཉིས་སྣང་དང་བཅས་པའི་མངོན་སུམ་ཐམས་ཅད་དགག་བྱར་འདོད་པ་སྡེ་བདུན་གྱི་གྲུབ་པའི་མཐའ་ཡི་ཡང་སྙིང་ཡིན་ནམ་སྙམ་སྟེ་དཔྱད་དོ། །ནང་དོན་བེམ་པོ་ནི་རྡུལ་ཕྲན་ཤིན་ཏུ་དྭངས་ཤིང་གསལ་བའི་རང་བཞིན་ཅན་དེ་ཉིད་ཉམས་ན་གཟུགས་སྒྲ་སོགས་གང་རུང་ཞིག་མཐོང་མི་ཐུབ་ཞིང་དེ་ཉིད་ནུས་པ་ཆེ་ཆུང་ལ་བརྟེན་ནས་གཟུགས་སོགས་འཛིན་པའི་ནུས་པ་ཆེ་ཆུང་ཡོད་པ་སྟེ་དཔེར་ན་ཁྱི་ལྟ་བུ་ལ་སྣ་དབང་ཤུགས་ཆེ་བས་དྲི་འཛིན་གྱི་ནུས་པ་ཆེ་ལ། གླག་དང་བྱ་རྒོད་ལྟ་བུ་ལ་མིག་དབང་གི་ནུས་པ་ཆེ་བས་གཟུགས་འཛིན་གྱི་ནུས་པ་ཧ་ཅང་ཆེ། དེ་བཞིན་དུ་ཕ་ཝང་ལྟ་བུ་ལ་སྒྲ་འཛིན་གྱི་ནུས་པ་ཆེ་བའང་དེ་ཉིད་དོ། །འདི་ལྟར་བཤད་སྐབས་རྡུལ་ཕྲན་དངས་མ་དེ་ནི་DNAའམ་ཚོར་རླུང་བྲལ་ཉིང་མངར་ཉིང་སྐྱུར་དུ་འབོད་པ་དེ་ཡིན་ནམ་སྙམ། དཔེར་ན་ཁྱི་ཡི་ཌི་ཨན་ཨེ་དེ་ཚན་རིག་གི་ལག་རྩལ་ལ་བརྟེན་ནས་མི་ཡི་ཌི་ཨན་ཨེ་དང་བསྲེས་ཚེ་སྐབས་དེར་མིས་ཀྱང་ཁྱི་ནང་བཞིན་དྲི་འཛིན་གྱི་ནུས་པ་ཆེན་པོར་འཐོན་པ་ལྟ་བུའོ། །འོན་ཀྱང་འདིར་དཔྱད་འོས་པ་ནི་ཤི་ཟིན་པའི་རོ་ལའང་ཌི་ཨན་ཨེ་ཡོད་པར་འདོད་ལ་ཆོས་འདི་པའི་ལུགས་སུ་ཤི་ཟིན་པའི་རོ་ལ་དབང་པོ་ཡོད་མེད་བརྟག་པ་ནི་བླུན་པོའི་རྣམ་ཐར་དུ་རྩི་བཞིན་འདུག་པས་ད་དུང་དཔྱད་འཚལ་ལོ། །ཤེས་པ་ནི་གསལ་ཞིང་རིག་པ་ཡིན་ལ་དེ་ཉིད་མི་རྣམས་རང་སྟོབས་ཀྱིས་ངེས་ནུས་པ་ཡིན་ཏེ་དཔེ་མཚོན་ཆུང་ཆུང་ཞིག་བཞག་ན། སོ་སོའི་བསམ་བློ་དང་དྲན་ཚུལ་སོ་སོར་ལྐོག་ཏུ་གྱུར་མེད་པ་ལྟ་བུ་སྟེ་གསང་བ་ཇི་ལྟར་ཆེ་ཡང་རང་གིས་རང་ལ་གསང་བ་ཞེས་པ་འཇིག་རྟེན་འདིར་གྲགས་མི་འདུག་པས་སོ། །དེས་ན་ནང་ཆོས་ཀྱི་གཞི་ཡི་གནས་ལུགས་ནི་རྡུལ་ཕྲན་ཆ་མེད་དང་ཤེས་པ་སྐད་ཅིག་ཆ་མེད་གཉིས་ཡིན་པས་དག་ཞིང་ག་གེ་མོ་ན་བཞུགས་པའི་སངས་རྒྱས་ཀྱིས་མ་གཏོགས་མཁྱེན་རྒྱུ་མེད་པ་དེ་འདྲ་མ་ཡིན་པར་ཁ་ཕྱི་ལ་ཕྱོགས་པའི་བློ་རིག་དག་གིས་བེམ་པོ་ལ་དཔྱད་པ་བྱེད་ཅིང་ཁ་ནང་དུ་ཕྱོགས་པ་དེ་དག་གིས་ནང་བསམ་བློའི་སྟེང་གི་སྒྲོ་འདོགས་གཅོད་བཞིན་ཡོད་པས། ཁྱོད་ཀྱི་རྣམ་དཔྱོད་ཀྱི་རྟ་ཕོ་ལ་གོམ་འགྲོས་ཀྱི་རྩལ་ཡོད་ན་ནང་ཆོས་ནས་བཤད་པའི་གཞི་ཡི་གནས་ནི་ཟད་མཐའ་མེད་པའི་རྩ་ཐང་ཞིག་དུ་འདུག་གོ དེ་ལས་ལྡོག་སྟེ། ཚན་རིག་གི་གཞི་ནི་གཟུགས་སོགས་ཕྱི་དོན་ལྔ་ལ་ཞིབ་འཇུག་གཙོ་ཆེ་ཞིང་ཁོང་ཚོས་ཕུགས་གཏུགས་སའི་ཚད་མ་ཨ་ཡོད་ནང་གི་ད་ཡོད་དེའང་དོན་རིག་མངོན་སུམ་དང་དེ་ལ་བརྟེན་ནས་སྐྱེས་པའི་ཚོར་བ་དང་བསམ་བློ་དེ་དག་ཡིན་འདུག་པ་སྤྱིའི་བརྒྱ་ཆ་༩༠ཙམ་ཁས་ལེན་ཐུབ་ལ་དེའི་དབང་གིས་ཁོང་ཚོས་བསྐྲུན་པའི་བདེ་སྐྱིད་ནི་མི་ཡི་ཕྱི་རོལ་གྱི་བདེ་བ་ཙམ་ཡིན་པས་སྒོར་མོ་དང་དབང་ཡོད་པ་དག་གིས་ཅི་དགར་སྤྱོད་ནུས། ཆོས་འདི་པའི་ལུགས་ལ་སོ་སོའི་གོ་རྟོགས་མ་རྙེད་ན་དབང་དང་ལོངས་སྤྱོད་ཅི་ཙམ་ཆེ་ཡང་ནང་སེམས་ཀྱི་དགའ་བདེ་ཡང་དག་པ་མྱོང་བའི་སྐལ་བ་མེད་དོ། །

༢༽ལམ་ལྐོག་གྱུར་ལ་སྦྱར་ནས་འཆད།

རྒྱུ་མཚན་དེས་ན་ནང་པས་དེ་དག་ལས་བརྒལ་ཏེ་སེམས་འདོད་ཡོན་ལ་གཡེང་བ་ནི་འདོད་ཡོན་གྱིས་བསླུས་པའམ་རང་ཉིད་ཉོན་མོངས་པའི་གཞན་དབང་དུ་གྱུར་པ་ཙམ་ལས་དེར་ཆོ་ལོའི་མེ་ཏོག་འཐོར་མི་སྲིད་ཅིང་། རང་ཉིད་ཀྱི་སེམས་རང་ཉིད་ལ་རང་དབང་མེད་པའི་གནད་ཡིན་པར་དངོས་སྟོབས་རིགས་པའི་ལམ་ནས་གཏན་འབེབས་བྱས་ཡོད། དེ་ཡང་དངོས་སྟོབས་རིགས་པའི་ལམ་ནས་བདེན་བཞི་གཏན་ལ་འབེབས་པའི་གོ་རིམ་པ་ལ་བལྟས་ན་ཤེས་ནུས་ཏེ། སྡུག་བསྔལ་ཤེས་དགོས་ཞིང་ཤེས་པའི་མི་ཚད་དེའི་རྒྱུ་ཀུན་འབྱུང་སྤང་དགོས། དེའི་ཐབས་གཅིག་པུ་ནི་རྒྱུ་ལམ་ལ་བརྟེན་ནས་འབྲས་བུ་འགོག་བདེན་ཐོབ་པ་དེ་རང་ཡིན་པར་གསུངས་ཡོད། དེ་ལྟར་བཤད་ཚེ་ཁམས་གསུམ་སྡུག་བསྔལ་གྱི་རང་བཞིན་ཡིན་པར་ཤེས་དགོས་ལ་དེའི་ཐོག་མར་རང་ཉིད་ཀྱི་མི་ཚེ་འདི་སྡུག་བསྔལ་གྱི་རང་བཞིན་ཡིན་པར་ཤེས་དགོས། འོ་ན་རང་ཉིད་ཀྱི་མི་ཚེ་འདི་སྡུག་བསྔལ་ཡིན་པའི་ཚུལ་ཇི་ལྟར་ཞེ་ན། འདི་ལྟ་སྟེ། རང་ཉིད་ཀྱི་མི་ཚེ། ཉེ་འབྲེལ། ཁོར་ཡུག ཅ་ལག། སོགས་ནམ་ཞིག་འཇིག་འགྲོ་བ་དང་ནམ་ཞིག་དེ་དག་དང་ཁ་བྲལ་དགོས་པ་ཙམ་ནི་ཤེས་ཀྱང་། དེ་དག་ལ་ད་དུང་རྟག་འཛིན་གྱི་སྒྲོ་འདོགས་མང་དག་ཞིག་གིས་ཕྲ་བའི་མི་རྟག་པ་བསྒྲིབས་ནས་ཡོད་པས་ནང་ཆོས་ནས་བཤད་པའི་མི་རྟག་པ་ཟེར་བའང་དཀར་ཡོལ་རྡོ་ལ་བརྒྱབ་ན་ཆག་འགྲོ་བ་དང་བུད་ཤིང་མེ་ལ་བསྲེག་ན་ཚིག་འགྲོ་བ་ལྟ་བུ་རྒྱུན་ལྡན་གྱི་སྐད་ཆ་སླ་མོ་དེ་འདྲ་བ་མ་ཡིན། དེ་ཡང་མི་རྟག་པའི་དོན་ནི་སྐད་ཅིག་མ་ཡིན་ལ་དེའི་དོན་ཡང་སྐྱེས་བུ་ཤུགས་ལྡན་ཞིག་གིས་སེ་གོལ་གཅིག་གཏོག་པའི་ཡུན་ཚད་ཆ་དྲུག་ཅུ་རེ་ལྔར་བགོས་པ་རེ་ལ་ཟེར། དེ་ཡང་བྱེ་བྲག་ལ་བཀར་ན་རང་ཉིད་ལ་དབང་བའི་ཅ་དངོས་དེ་དག་རེས་འགའ་དམིགས་པའི་གཏན་ཚིགས་ཀྱིས་མི་རྟག་པ་ཡིན་པར་འགྲུབ་ཡོད་དེ། དེས་མཚོན་དོན་བྱེད་ནུས་པ་དང་རྒྱུས་བྱས་པ་སོགས་གཏན་ཚིགས་ཀྱི་རིགས་འདྲ་མིན་བཀོད་ཆོག ལྷག་པར་རང་ཉིད་ཀྱི་ཕུང་པོ་འདི་མི་རྟག་པར་གཏན་ལ་ཕབ་དགོས་ཏེ་བྱིས་པ་ནས་གཞོན་ནུ་དེ་ནས་དར་མ་དེ་ནས་རིམ་བཞིན་རྒས་ཤིང་ཁོག་པར་གྱུར་པའི་རང་ཉིད་ཀྱི་ལུས་ཕུང་འདི་ལ་ཧ་ཅང་གི་ཆགས་འོས་པ་ཞིག་དང་གཅེས་འོས་པ་ཏིལ་འབྲུ་ཙམ་ཡང་མི་འདུག དེ་ཡང་སྐད་ཅིག་སྐད་ཅིག་གིས་འཇིག་པའི་ཚེ་སྲོག་དང་ཕུང་པོ་འདི་ནམ་ཞིག་བརླག་འགྲོ་བ་དང་ཞིག་འགྲོ་བ་སུས་གཏན་འཁེལ་བྱས་ནས་བཤད་ཐུབ། དེའི་མ་ཚད་དབུགས་ཕྲ་མོ་ཆད་ལ་ཁད་ཅིག་ཏུ་འདུག་པ་འདི་ལ་བློ་གཏད་བཅོལ་ནས་འཇིག་རྟེན་འདིར་འཚོ་རིན་ཅི་ཞིག་ཡོད་སོགས་སོ་སོའི་ཁམས་དབང་མོས་པ་དང་འཚམ་པའི་གཏན་ཚིགས་ཤིག་འཚོལ་ཏེ་སྒེར་ནས་སྤྱི་ཚོགས། རང་ཉིད་ནས་གཞན། ཕ་མ་སྤུན་མཆེད་ནས་སེེམས་ཅན་ཐམས་ཅད། བེམ་པོ་ནས་ཤེས་པ། རགས་པ་ནས་ཕྲ་བ། འཁོར་བ་ནས་རྣམ་སྦྱང་གིས་བསྡུས་པའི་ཆོས་ཡོད་དོ་ཅོག་མི་རྟག་གོ་ཞེས་རིགས་པའི་སྒྲོས་མ་ཡལ་ཞིང་ཉམས་མྱོང་གི་སེམས་ཚོར་གསལ་ཧྲིག་གེ་བའམ་དེ་ཙམ་མ་བྱུང་ཡང་རྒྱུན་ལྡན་སོ་སོའི་མི་ཚེའི་ཁ་ཕྱོགས་དེ་མི་རྟག་པ་ཞེས་པ་འདི་ལ་ཅུང་ཟད་སྐྲག་ཤེས་པ་ཞིག་ཏུ་སྒྱུར་ཐུབ་པར་དགོས་འདུག འདི་ནི་རྩོད་གྲྭར་འགྲིམ་སྐབས་ཁྱོད་སྒྲ་ཡར་སྦྱར་མར་སྦྱར་བྱས་ཤིང་ཁྱོད་ཕམ་ང་རྒྱལ་གྱི་ཀུན་སློང་ཞིག་རོ་དེ་འདྲ་ཁུར་ནས་ལག་པ་ཚ་ཚ་དང་སྐད་འགག་འགག་གི་བར་དུ། ཉི་མ་ཚིག་ནའང་ཚིག་ལྷག་པས་སད་ནའང་སད་སྙམ་པའི་ཚིག་སྙོག་གི་རྩོད་པའི་བསྒྲུབ་བྱ་ཞིག་མ་ཡིན་ལ། དཔྱད་ཚེ་མི་རྟག་པ་རེད་འདུག་བསམ་བསམ་གྱི་མགོ་བོའི་སྐྲ་སེར་ཁ་ཡི་སོ་མ་བུད་ཀྱི་བར་དུ་མི་ཚེ་གང་པོར་དོན་སྤྱིའི་གོ་བ་ཙམ་ལ་མགོ་འཁོར་བའི་རིས་ཆད་ཀྱི་རྟོག་གེ་བའི་བཤད་ཡམས་ཤིག་ཀྱང་མ་ཡིན་ནོ། །དེས་ན་རྒྱུན་ལྡན་ང་རང་ལ་མཚོན་ན། གཏན་ཚིགས་གྲངས་མེད་ཞིག་བཀོད་དེ་བུམ་པ་མི་རྟག་པ་ཡིན་རབ་དང་། སྒྲ་མི་རྟག་པ་ཡིན་ཚུལ་འཆད་ཅིང་། མཁས་གྲུབ་གཡག་པས་སྒྲ་རྟག་པར་ཁས་ལེན་ཚེ་ཧ་ལས་མདོག་བྱེད་ཀྱི་ཡོད་མོད། དོན་དུ་ངོ་མར་སོ་སོའི་མི་ཚེ་འདི་སྣུམ་ཟད་ཀྱི་མར་མེ་ཇི་བཞིན་ཤི་ལ་ཁད་ཅིག་ཏུ་ཡོད་པར་རྟོགས་མིན་འདུག གལ་སྟེ་དེ་ལྟར་རྟོགས་ཚེ་ང་འདི་ལྟར་འདུག་ག་ལ་བཟོད་དེ་ཨེ་ཙི་ནད་ན་ནས་སང་ཉིན་ཤི་ངེས་སོ་ཞེས་སྨན་པ་མཁས་པས་བཤད་ཚེ་ཞེད་སྣང་ཞིག་གིས་ལུས་འདར་ཁོག་འདར་བྱས་ཏེ་སྡོད་རྒྱུ་རེད། འོན་ཀྱང་ད་ལྟ་ང་ལ་དེ་ཙམ་བྲེལ་ཤ་ལང་མི་ཐུབ་པ་འདི་ཡང་ནང་པའི་གཏན་ཚིགས་རིག་པའི་སྙིང་བཅུད་མ་ལོན་པའི་རྟགས་སུ་མཐོང་ལ་ཞོགས་དུང་ཁྱོད་འདྲ་བ་ལ་དེ་བས་ཀྱང་རྟོགས་དཀའ་བའི་གནད་དུ་འདུག་པས་རྩོམ་ཐ་རེ་ཐོ་རེ་བྲི་ཤེས་པའི་ང་རྒྱལ་བྲག་རི་ཙམ་ཁུར་ནས་མར་གསར་པ་དང་འདྲ་བའི་སྡོམ་ཚིག་སྙི་མོ་དེ་འདྲ་མ་འབྲི་རོགས། འདིས་འཇིག་རྟེན་པས་འཇིག་རྟེན་སྐྱོང་བར་ཕན་ཐོགས་ཆེར་མེད་ཀྱང་འཇིག་རྟེན་པ་ཕྱི་མ་བར་དོའི་འཕྲང་ལམ་དུ་འཁྱམ་པའི་བྲོ་ཁ་ལེགས་པོ་ཞིག་ཏུ་འཁུམ། འོ་ན་མི་རྟག་པ་ཤེས་པས་འཚོ་བར་འགྱུར་ལྡོག་ཅི་འབྱུང་སྙམ་ན། སྔར་བཤད་པ་ལྟར་མི་རྟག་པའི་གོ་བ་ཅུང་ཟད་རེ་ཆགས་དུས་རང་བཞིན་གྱིས་སོ་སོའི་ཁོར་ཡུག་དང་མི་ཚེ་ལ་སྙིང་པོ་མེད་པའམ་སྡུག་བསྔལ་གྱི་རང་བཞིན་དུ་ཚོར་ཡོང་ལ། སྐབས་དེར་དེའི་རྒྱུ་གང་ཞིག་ཡིན་པ་རྩད་གཅོད་པའི་འདོད་བློ་ཞིག་སྐོམ་པ་ཆུ་འདོད་ལྟར་འོང་ངེས། འོ་ན་དེའི་རྒྱུ་ཅི་ཞེ་ན་ཀུན་འབྱུང་བདེན་པ་སྟེ་ལས་དང་དང་ཉོན་མོངས་པའོ། །ཉོན་མོངས་པས་ལས་བསྐྱེད། དེ་ལས་འཁོར་བ་འབྱུང་སྟེ་རྟེན་འབྲེལ་ཡན་ལག་བཅུ་གཉིས་དེ། ལོ་འཁོར་བཅུ་གཉིས་སམ་ཨངས་གྲངས་བཅུ་གཉིས་པོའི་སྟེང་འཁོར་བཞིན་པའི་ཆུ་ཚོད་ཀྱི་མདའ་མོ་ཇི་བཞིན་གདོད་མ་ནས་འཁོར། ད་ལྟ་ཡང་འགག་པ་མེད་ལ། ཕྱིས་ཀྱང་འགོག་པར་མི་འགྱུར་རོ། །འོན་ཀྱང་གང་ཟག་སྒེར་རེ་རེ་ནས་འཁོར་བ་བྱང་ཐང་གི་ས་གཤིས་རྩུབ་མོ་འདི་ལས་ཕ་རོལ་དུ་བགྲོད་པའི་ལམ་ཡོད་དེ། དེའི་ཐོག་མར་སྐྱེ་བ་སྔ་ཕྱི་ཡོད་པར་རྟོགས་དགོས། རྣམ་འགྲེལ་དུ་སྒྲུབ་བྱེད་ཐུགས་རྗེ་གོམས་ལས་དེ་ཞེས་པའི་རྩོད་སྤོང་ལས་འཕྲོས་སྟེ་སྐྱེ་བ་སྔ་ཕྱི་ཡོད་པ་རྒྱས་པར་གྲུབ་འདུག་ལ་དེང་གི་ཆར་ནུབ་ཕྱོགས་མཁས་པ་རྣམས་ཀྱིས་སྐྱེ་བ་དྲན་པ། མ་བསླབ་པའི་སྐད་ཤེས་པ། ཤ་མཚན་འདྲ་མིན་སོགས་ལ་དཔྱད་གཞིར་བྱས་སྟེ་སྐྱེ་བ་སྔ་ཕྱི་ཡོད་པ་རྒྱས་ཤིང་རྒྱས་པར་བསྒྲུབས་འདུག་པས། ཁོ་བོས་དེའི་སྐོར་ཡིག་ཚོགས་ཀྱི་སྤྲོས་པ་མི་བགྱིའོ། །གལ་ཏེ་ཡིད་མ་ཆེས་ན། ལོ་གསར་གྱི་གུང་སེང་སྐབས་སུ་www.reincarnation-past-lives-principles.comདྲ་ཚིགས་འདི་ཡི་ཐོགས་ལྷོད་ལྷོད་ངང་གཟིགས་ཏེ་དགོས་དགུ་(google)མཉེན་ཆས་ཐོག་རྒྱ་ཡིག་དང་དེང་སང་བོད་ཡིག་སྒྱུར་ཆོག་པའང་གསར་པ་སླེབས་འདུག་པས་དེ་ལྟར་བསྒྱུར་བར་མཛད་དེ་གཟིགས་ཤིང་དཔྱད་ན་ལེགས་ཏེ། དེའི་ཐོག་ལོ་རྒྱུས་དང་མི་སྣ། ས་ཆ། རྒྱུད་རིམ། དཔྱད་པ་བྱེད་ཚུལ་སོགས་རྒྱས་ཤིང་རྒྱས་པར་བཀོད་འདུག་པས་སོ། བོད་ཀྱི་རྩོམ་པ་པོ་འགས་སྐྱེ་བ་སྔ་ཕྱི་ཡོད་མེད་དོགས་པ་ཆེ་ཟེར་ནས་མར་ཁེས་ལྟ་བུ་ནུབ་ཕྱོགས་ཀྱི་མཚན་ཉིད་པ་རྙིང་པ་སྐོར་ཞིག་གི་བསམ་བློ་རུལ་པ་དེ་དག་ཡར་སློང་སྟེ་གསར་པ་ཞིག་གླེང་གི་ཡོད་མདོག་སྟོན་བཞིན་འདུག་པས་ངེད་བོད་ཀྱི་གཞོན་ནུ་དག་གིས་རང་ཉིད་ལ་དབང་བའི་རིག་གནས་འདིའི་ལྗིད་ཚད་ཇི་ཙམ་འདུག་ལེགས་པར་རྟོགས་ཡོད་ཞེས་ང་རང་ནས་མགོ་གཟུང་ནས་བཤད་པར་འདོད་ལ་རྩོམ་ཡིག་དང་དུས་དེབ་ཐ་རེ་ཐོ་རེ་དེ་དག་གི་ཆེད་དུ་རྡོ་རྗེ་ཕ་ལམ་ལས་ལྷག་པའི་མི་ཚེ་འདི་ཆུད་ཟོས་མ་གཏང་རོགས་ཞེས་རེ་བ་དང་ལྷག་བསམ་དཀར་པོའི་འོ་ཇ་དྲོན་མོ་ཞིག་ངལ་གསོའི་ཚབ་ཏུ་འབུལ་ལོ། ། དེ་ལྟར་སྐྱེ་བ་སྔ་ཕྱི་གྲུབ་ཟིན་པའི་རྗེས་འདི་ལྟར་ཤེས་དགོས་ཏེ། ཉོན་མོངས་པའི་རྩ་བ་ནི་གཏི་མུག་གམ་བདག་འཛིན་མ་རིག་པ་འདི་ཡིན་ལ་སྲེད་པའམ་ཆགས་པ་དེ་འཁོར་བའི་རྩ་བ་ཡིན་ཞེས་པའི་དོན་ཡང་འདི་ཡིན་ཏེ། ང་འཛིན་ཆེ་བས་ཐོག་མར་རང་ཉིད་ལ་ཆགས། དེ་ལ་བརྟེན་ནས་གཞན་ལ་སྡང་སེམས་དང་ཕྲག་དོག་སོགས་མི་དགེ་བའི་སེམས་བྱུང་རྣམ་པ་སྣ་ཚོགས་པ་བྱུང་བས་སོ། །འདོད་ཆགས་ཀྱི་གཉེན་པོར་མི་སྡུག་པ་དང་། ཞེ་སྡང་གི་གཉེན་པོར་བྱམས་པ་དང་སྙིང་རྗེ་སོགས་གཞུང་གི་གནས་སྐབས་སུ་རགས་པ་མགོ་གནོན་བྱེད་པ་ཙམ་ལས་མཐའ་དག་སུན་འབྱིན་བྱེད་མི་ནུས་པར་གསུངས་འདུག་ཀྱང་དོན་ངོ་མར་དེ་དག་སོ་སོའི་མི་ཚེ་ཆོས་ལ་སྒྱུར་བའི་ཐབས་ལམ་མེད་ན་མི་རུང་བ་ཞིག་ཏུ་འདུག ལྷག་པར་ཤེས་རབ་དམན་པ་དག་གིས་ཐོག་དང་པོར་བྱམས་པ་དང་སྙིང་རྗེ་སེམས་སུ་ལེགས་པར་སྦྱང་ན་འགྲོ་བའི་སྡུག་བསྔལ་སེལ་བའི་ཐབས་ལམ་གང་ཞིག་ངང་གིས་འབད་འོང་ལ་དེར་བརྟེན་སེམས་ཅན་ལ་འཚེ་བ་རང་ཤུགས་ཀྱིས་སྤང་འགྲོ། འོན་ཀྱང་ཉོན་མོངས་པ་དེ་དག་ས་བོན་དང་བཅས་པ་སྤོང་བར་ལམ་བདག་མེད་རྟོགས་པའི་ཤེས་རབ་ལ་བརྟེན་དགོས་ཏེ་འཁོར་བའི་རྩ་བ་བདག་འཛིན་དང་འཛིན་སྟངས་འགལ་བས་སོ། །དེའི་དང་པོ་བདག་མེད་རིགས་པས་གཏན་ལ་དབབ་དགོས། དེ་ཡང་བུམ་པ་རགས་པ་ནས་རྡུལ་ཕྲན་དུ་བཤིག་པ་ལྟར་སོ་སོའི་ཕུང་པོ་རགས་པ་ལིང་ལིང་པོ་འདི་ཡང་ལག་པ་རྐང་པ་སོགས་རེ་རེ་ནས་བཙལ་བས་མ་རྙེད་ཅིང་མཐར་ངས་ཁྱོད་མཐོང་བ་ནི་གདགས་གཞི་རྡུལ་ཕྲན་ཁྱད་པར་བ་འགའ་ཞིག་གིས་ངའི་མིག་ཤེས་ལ་རགས་པའི་རྣམ་པ་གཏོད་ནས་ཕྱིས་བཀྲིས་དང་ཉི་མ་སོགས་མིང་གཏགས་པ་ཙམ་ལས་དོན་ལ་གྲུབ་མེད་པར་སྒྲུབ། ཁྱད་གཞི་བདག་མེད་པས་དེའི་ཁྱད་ཆོས་གང་ཡང་མ་གྲུབ་ལ་དེ་ལ་དབང་བའི་དངོས་པོ་ཞིག་ཤེས་བྱའི་ཁམས་ལ་མི་སྲིད། དེ་ལྟར་ན་ངའི་ལག་པ་དང་རྐང་པ། ངའི་གཟན་དང་ཤམ་ཐབ་སོགས་བདག་གིར་བཟུང་བ་རིགས་པའི་གཤིས་ལུགས་སུ་མ་གྲུབ་པ་སོགས་དོན་སྤྱིའི་གོ་བ་ཙམ་ཞིག་ཐོས་བསམ་གྱིས་སྒྲོ་འདོགས་དཔྱིས་ཕྱིན་པ་བཅད་ནས། དེ་ཉིད་ཉིན་མོའི་ཟས་དང་མཚན་མོའི་གཉིད་ཀྱི་ཚབ་དུ་བཀོལ་སྟེ་ཡུན་ནས་ཡུན་དུ་གོམས་པར་བྱས་ལ། དེ་དག་ཐེག་ཆེན་སེམས་བསྐྱེེད་ཀྱི་རྩིས་ཟིན་ན་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་ལ། དེ་ལྟར་མ་བྱུང་ཚེ་ཉན་ཐོས་དང་རང་སངས་རྒྱས་ཀྱི་གོ་འཕང་ཙམ་འཐོབ་བོ། འདི་ཡི་ཐོབ་བྱའི་འགོག་བདེན་ནི་ཉོན་མོངས་བྲལ་བའི་བྲལ་ཆ་ལ་འདོད་དེ་ཉོན་མོངས་སྤངས་ཞིང་དེ་ཉིད་སླར་མི་སྐྱེ་བའི་ཆོས་ཅན་དུ་བྱས་པའི་རྣམ་གྲོལ་ལམ་མཐར་ཐུག་པ་ཐོབ་པ་ལ་ཟེར་རོ། །དེས་ན་ནང་ཆོས་ཀྱི་ལམ་དེའང་ཚོད་ལྟ་དང་ཞིབ་འཇུག་མི་ཚེ་ནས་མི་ཚེ་བསྐལ་བ་ནས་བསྐལ་བར་བྱས་ཤིང་དེ་ཉིད་ཉམས་སུ་ལེན་པའམ་དེ་ཉིད་མངོན་སུམ་དུ་མཐོང་བའི་ཐབས་སུ་འབད་པའི་ལམ་ཞིག་ཡིན་པས་གནའ་མིས་ཚད་མར་གཏགས་པ་མ་ཡིན་པར་ཚད་མར་དཔྱད་ཅིང་མཐར་ཡིད་ཆེས་པའི་དཔྱད་གསུམ་དག་པའི་གསུང་སྒྲོས་ཤིག་གི་རྗེས་སུ་འབྲང་བ་ཞིག་གོ། །ཚད་མ་མ་ཡིན་ཀྱང་དེར་ཚད་མར་སྒྲོ་གཏགས་པའི་སྐྱེས་བུ་ཞིག་གིས་སྟོན་པའི་ལམ་ལ་འཇུག་གོ་ཟེར་བ་ནི་རང་ཉིད་ནང་ཆོས་ལ་རྒྱུས་མངའ་མེད་པའི་རྫུན་རྐུབ་རྡོལ་བའི་རྟགས་སོ། །སྐབས་འདིར་སླེབས་དུས་ངས་ཁྱེད་ཚོར་དྲི་བ་ཞིག་དྲི་འདོད་དེ། ཁྱེད་ཚོས་དད་ཡུལ་དུ་གྱུར་པའི་ནུབ་ཕྱོགས་ཀྱི་དག་ཞིང་ཨ་རི་ལྟ་བུ་ལ་མཚོན་ན་ཁོང་ཚོས་ཚན་རིག་གི་ལག་རྩལ་ཇི་ལྟར་ཆེ་བ་དེ་ཙམ་གྱི་སྡུག་རྩུབ་ཀྱི་བྱ་འགུལ་སྤེལ་ཡོད་དེ་ཉི་ཧོང་དུ་རྡུལ་ཕྲན་མཚོན་ཆ་གཉིས་འཕངས་ཤིང་དོན་མེད་ཀྱི་མི་སེར་དཀྱུས་མ་བྱིས་པ་དང་བུད་མེད་སོགས་ས་ཡ་མང་པོར་བསད་ཅིང་དེ་འཕྲོར་དྭ་ཕྲུག་དང་དབང་པོ་སྐྱོན་ཅན་དེ་བཞིན་དུ་མུ་གེས་ཅི་ཙམ་ཤི་ཡོད། ལོ་ཤས་སྔོན་ཨི་རག་རྒྱལ་ཁབ་ཀྱི་རྡོ་སྣུམ་གྱི་གཏེར་ཁ་དེ་དག་ཨ་རི་ལ་དབང་བའི་ཆེད་དུ་༢༠༠༣ནས་༢༠༡༡བར་ཨི་རག་གི་རྒྱལ་ཁབ་དང་དམག་འཁྲུགས་བྱས་ཡོད་ལ་ལོ་དེ་དག་གི་ཁྲོད་དུ་མི་སེར་དཀྱུས་མ་ས་ཡ་གཅིག་ཙམ་བསད། དེ་མིན་དྭ་ཕྲུག་ཁྲི་༦༠ཙམ་སྲང་ལམ་དུ་ཡར་འགྲོ་མར་འགྲོ་བྱེད་ཅིང་ཨ་ཕ་དང་ཨ་མ་ཞེས་ངུ་འབོད་ཀྱི་ལྡིར་སྒྲས་ལུང་པ་གང་། བྱིས་པ་༩༣༥༠༠ཙམ་མི་བཙོང་ཇག་པ་དག་གིས་ལུང་པ་གང་སར་བཙན་ཁྲིད་བྱས། ལོ་༤ནས་༡༤བར་གྱི་བྱིས་པ་ཁྲི་༨༠ཙམ་གནས་དེ་གར་སློབ་གྲྭ་འཚོགས་རྒྱུ་མེད་པར་ལས་ཀ་འདྲ་མིན་བྱས་ཡོད། ནང་མི་སྟོང་ཕྲག་མང་པོ་ཐོར་ཞིག་སོང་ཡོད་ལ་བུད་མེད་སྟོང་ཕྲག་མང་པོར་བཙན་གཡེམ་བྱས་ཡོད། སྐབས་དེ་དུས་སྙན་གྲགས་ཆེ་བའི་ཨ་རིའི་སྲིད་འཛིན་དང་ཚན་རིག་གི་མཁས་པ་དེ་དག་གི་དྲང་བདེན་དང་འདྲ་མཉམ་གྱི་ལྟ་བ་གང་དུ་ཡོད། བྱམས་བརྩེ་དང་ལྷག་བསམ་དེ་དག་གང་དུ་སྦས་སམ། སྐབས་དེར་ཁོ་ཚོ་འདྲ་སྐུ་ནང་བཞིན་ཀྲོང་ངེར་འདུག་དོན་ཅི་ཡིན་་་། སྐབས་དེར་མི་དམངས་རྣམས་ཀྱིས་བསམ་འཆར་མ་གོ་ཁུལ་ཡང་ན་སྣང་མེད་བྱེད་དོན་ཅི་ཡིན། དེ་དག་སྔོན་ཐོན་དུ་སོང་བའི་བསམ་བློ་ཡིན་ནམ། དེ་དག་ཞིབ་འཇུག་དང་ཚོད་ལྟ་བྱས་པའི་འཇུག་འབྲས་ཡིན་ནམ། དེ་དག་ཁོང་ཚོའི་ལམ་དང་ཉམས་ལེན་ཡིན་ནམ། གལ་སྟེ་ཚན་རིག་གི་ལག་རྩལ་དེ་ཙམ་རྒྱས་མེད་ན་མི་དེ་ཙམ་ཕྱི་མའི་མངའ་ལམ་དུ་བརྫངས་མི་ཐུབ་ལ་གནམ་ནས་ཆར་བབས་པ་ལྟར་དབང་པོ་སྐྱོན་ཅན་དང་དྭ་ཕྲུག་དེ་ཙམ་གང་ནས་འོངས། གལ་སྟེ་ཁྱོད་ཚོས་ཡིད་མ་ཆེས་ན་པར་དང་གློག་བརྙན་ཀྱང་མང་པོ་ཞིག་མངོན་སུམ་གྱིས་མཐོང་རྒྱུ་འདུག་གོ །

༣༽འབྲས་བུ་ཤིན་ལྐོག་ལ་སྦྱར་ནས་འཆད།

གོམ་འགྲོས་ཀྱི་ཚུགས་ཀ་མ་ཤོར་བའི་འགྲིམ་འགྲུལ་ཆུང་ཆུང་ཞིག་གསེར་གྱི་སྐས་འཛེག་རིམ་པ་གཅིག་ནས་གཉིས་སུ་སྤོས་པས་ད་ལྟ་གཞི་ནས་ཤིན་ལྐོག་ལ་དཔྱད་པ་བྱེད་པའི་གོ་ས་ན་ཐོན་སོང་། དངོས་སྟོབས་ཀྱི་རིགས་པས་ཤིན་ལྐོག་ལ་དཔྱད་པ་བྱེད་པ་ནི་སྟག་འཛུམ་དྲུག་མཆོང་སར་འཐེན་ཝ་མོ་མཆོང་བའི་གནའ་གཏམ་དེ་དང་གཉིས་སུ་མ་མཆིས། འདིར་ཁ་བྱང་དུ་འབྲས་བུ་ཤིན་ལྐོག་ལ་སྦྱར་ནས་འཆད་ཅེས་བཤད་ཡོད་པ་འདི་ནི་ང་ཚོས་ཤིན་ལྐོག་གཏན་ལ་འབེབས་པ་འབྲས་བུ་སངས་རྒྱས་ཀྱི་བཀའ་ལ་བརྟེན་དགོས་པ་ཤེས་པའི་ཆེད་ཡིན་ལ་དེའི་ཤུགས་སུ་བཀའ་བདེན་པ་ཡིན་པའི་རྒྱབ་རྟེན་དུ་སྐྱེས་བུ་ཚད་མར་དྲང་བ་སྟེ་ཕ་ཡི་དཔང་པོར་བུ་བཞག་ལྟ་བུ་མ་ཡིན་པར་དེ་ལས་ལྡོག་སྟེ་ཤེས་སུ་བཅུག་ཡོད། ཇི་ལྟར་ཞེ་ན། དཔེར་ན་རྩོམ་པ་པོ་ཞིག་གི་རིན་ཐང་བཙལ་བའམ་ཁོང་ལ་ཕྱིར་རྟོག་བྱེད་ཚེ་ཁོང་གི་བརྩམས་ཆོས་དེ་དག་ལ་ཞིབ་འཇུག་བྱེད་དགོས་ལ། དེའི་སྟོབས་ལས་ཁོང་གི་བསམ་བློ་དང་ལྟ་བ། ཕུགས་བསམ་དང་རེ་འདུན། གཤིས་ཀ་དང་དད་ཡུལ་སོགས་མང་པོ་ཞིག་རྒྱུས་ལོན་བྱེད་ཐུབ་པ་ལྟར། དཔལ་ན་ལེཎྜའི་མཁས་གྲུབ་དེ་དག་ཀྱང་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་སྔལ་དུ་བྱས་ཤིང་སོ་སོའི་རྣམ་དཔྱོད་ཀྱི་རྩལ་ལས་བྱུང་བའི་ཤེས་རིག་གི་འོད་སྣང་ཉལ་གོས་སུ་ཀླུབ་པ་དག་གིས་ཀྱང་། མུ་སྟེགས་ཀྱི་མཁས་པ་དག་གི་གསུང་གསང་བ་དང་བཅས་པ་ལ་ཤེས་རྟོགས་དང་དཔྱད་བརྗོད་ཀྱི་འབད་པ་བརྒྱ་ཕྲག་རྔུལ་ཆུས་ཐིགས་པ་རེ་རེ་ནས་ལོ་རྒྱུས་ཀྱི་ས་གཞི་ཆེན་པོ་འདིར་གཏོར་ཞིང་། སྟོན་པ་ཤཱཀྱ་ཐུབ་པའི་བཀའ་ལུང་དེ་དག་གླང་ཆེན་སྨྱོན་པ་ལས་བཙན་ཀྱང་རུང་གཤིན་རྗེ་ཁྲོ་བ་ལས་ཞེད་ཀྱང་ཐང་བ་སྤུ་ཙམ་ཡང་གཡོ་འགུལ་མི་བྱེད་ཅིང་བསྲེག་བཅད་བརྡར་བའི་གསེར་བཞིན་དུ་ལེགས་པར་བརྟག་ཞིང་དཔྱད་འདུག དེ་ནས་ཁོང་ལ་དད་པ་དང་གུས་པ་ཐོབ་ཞིང་། ཁོང་གི་བྱམས་བརྩེ་དང་ཐུགས་ཁུར་ཚོར་འདུག ཁོང་གི་སྐྱེ་བ་ནས་སྐྱེ་བར་བཞག་པའི་གཏན་ཚིགས་ལ་གོ་བ་ལོན་པས་བཀའ་འཁོར་ལོ་གསུམ་གྱི་བཤད་པ་མི་འདྲ་བ་པོ་ཏི་བྲག་རི་ལྟར་གརྩིགས། དེ་ཉིད་རང་གི་ཉམས་སུ་བླངས་བས་གྲུབ་པ་ཐོབ་པའི་སྐྱེས་ཆེན་གྱི་རྣམ་པར་ཐར་པ་ཁྲི་ཕྲག་ལས་བརྒལ་བ་མ་འོངས་རྗེས་རབས་པ་རྣམས་ཀྱི་མིག་གི་དགའ་སྟོན་དུ་གཤམ་བྱུང་། དེས་ན་དགེ་བ་ལས་བདེ་བ་དང་སྡིག་པ་ལས་སྡུག་བསྔལ་འབྱུང་བ་ནི་སྟོན་པའི་ཅི་གསུང་ལ་ཉན་དགོས་པ་འདིའང་དོན་མེད་ཀྱི་རྨོངས་དད་ཅིག་རེད་མིན་འདུག་སྟེ། དེའི་སྔོན་དུ་ལྐོག་གྱུར་གྱི་གཙོ་བོ་འཕགས་པའི་བདེན་བཞི་ལ་དཔྱད་པ་སྔོན་དུ་སོང་བའི་ཡིད་ཆེས་པའི་ཤེས་རབ་ཞིག་གིས་རྒྱ་བཏབ་འདུག་པས་སོ། །དེས་ན་ཤིན་ལྐོག་ནི་བརྗོད་བྱའི་ཆ་ནས་ཤིན་ཏུ་ཕྲ་བའི་རྟེན་འབྲེལ་གྱི་ཆོས་ཉིད་དག་ཡིན་ལ། རྟོགས་ཚུལ་ནི་ཡིད་ཆེས་པའི་ལུང་རྟགས་སུ་བཀོད་པ་ལ་བརྟེན་ནས་རྟོགས་དགོས་ལ་ཡིད་ཆེས་པའི་རྟགས་ཡང་དག་ལ་དགག་རྟགས་ཡོད་པ་ནི་རིགས་པའི་གཤིས་སུ་གྲུབ་པར་སྣང་བའི་བདག་ཅག་རྣམས་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ་ཀུན་མཁྱེན་བླ་མ་ཆེན་པོས་དེ་ཡིན་ན་འབྲས་རྟགས་ཡིན་པས་ཁྱབ་པར་གསུངས་པར་འདི་དཔྱད་འོས་སོ། །འོན་ཀྱང་དེའི་ཚུལ་གསུམ་ནི་ཕལ་ཆེ་བ་དངོས་སྟོབས་ཀྱིས་གྲུབ་ལ་གཏན་ཚིགས་དེ་ཡིད་ཆེས་པའི་གཏན་ཚིགས་ཡིན་མིན་ཀྱང་ཚུལ་གསུམ་དངོས་སྟོབས་ཀྱིས་གྲུབ་མ་གྲུབ་ལ་ལྟ་རྒྱུ་མ་ཡིན་པར་དེའི་བསྒྲུབ་བྱ་ཡིད་ཆེས་ཀྱི་བསྒྲུབ་བྱ་ཡིན་མིན་ལ་བལྟ་དགོས་སོ། སེམས་ཀྱི་བདེན་པ་སེམས་ཀྱི་གཏིང་ནས་ཚོར།། ངག་གི་དྲང་གཏམ་ངག་གི་དབྱངས་སུ་གྱེར།། ལུས་ཀྱི་ཚུལ་འཆོས་ལུས་ཀྱི་དགྲ་རུ་སྒོམ།། འདན་སྤྲུལ་སྨྲ་རྒོད་སྨྲ་བ་རྒོད་པའི་རྟགས།།

༼མཇུག་གི་གཏམ།༽

ཐོག་དང་པོར་ང་དང་ངའི་དཔྱད་རྩོམ་གྱི་མིང་གཉིས་ཀྱི་བར་ལ་ཧེ་བག་ཆེན་པོ་འདུག་ལ་དེའི་རྐྱེན་པའི་མིང་དོན་མི་མཚུངས་པའི་དཔྱད་རྩོམ་ཞིག་ཏུ་འགྱུར་ཉེན་ཧ་ཅང་ཆེ་སྟེ། གནམ་ལ་ལྟ་ཆེ་ན་ས་ཐོག་ཏུ་འགྲོ་མི་ཤེས་པའི་དཔེ་ལྟར་རེ་བ་ཆེ་ས་ནས་གཟུང་ཀྱང་བསམ་བློའི་གོ་རྟོགས་དང་ཚོར་བའི་ཉམས་མྱོང་ཆུང་བས་གླེང་གཞི་བྲི་བཞིན་པའི་སྐབས་ཀྱང་ཁོ་བོའི་ཡ་ཐོད་ན་རྔུལ་ཆུ་དང་མ་གའི་འཛུབ་ཆུང་དེའང་འདར་སིག་སིག་བྱེད། འོན་ཀྱང་སྐྲག་སྣང་ནི་ཞིབ་ཚགས་ཀྱི་རྒྱུ་རྐྱེན་གཙོ་བོ་ཡིན་པའི་རྒྱུ་མཚན་ལ་བསམ་སྟེ་མུ་མཐུད་ནས་ལྕགས་སྙུག་ཆུང་ཆུང་འདིས་ཤོག་ལེ་ཁ་ཤས་འབྲི་བའི་སྤོབས་པ་བལྟས་སོང་ལ། ནེལ་སོན་མན་དྷི་ལས།(Nelson Mandela) "སྙིང་སྟོབས་ཞེས་པ་དེ་འཇིགས་སྐྲག་མེད་པའི་དོན་མ་ཡིན་པར་འཇིགས་སྐྲག་ལས་རྣམ་པར་རྒྱལ་རྒྱུ་དེ་ཡིན་པ་ངས་རྟོགས་སོང་། དཔའ་སྤོབས་ཆེ་བའི་མི་ལ་འཇིགས་སྐྲག་མེད་པ་མ་ཡིན་པར་ཁོས་འཇིགས་སྐྲག་ལ་དབང་སྒྱུར་ནུས་པ་དེ་རེད།"ཅེས་གསུངས་པའི་ལེགས་བཤད་སྙིང་གི་བདུད་བརྩི་རུ་བསམ་སྟེ་ཁོ་བོས་ཀྱང་གོམ་པ་གང་མདུན་དུ་སྤོ་བའི་ཁུལ་ཡིན། དེས་ན་དུག་གི་སྡོང་པོ་ལ་འབྲས་བུ་དུག་གི་ཡང་སྙིང་སྐྱེ་ངེས་པས་སྐྱོན་གྱི་ཆ་གང་མཆིས་པ་རྣམས་མཁས་དབང་རྣམས་དང་སློབ་གྲོགས་ཡོངས་ལ་བཟོད་གསོལ་ཞུ་བ་དང་དཔྱད་བརྗོད་གང་མང་གནང་རོགས་ཞུ། ཁོ་བོས་ལྷག་བསམ་གྱི་རི་མོ་ཆུང་ཆུང་ཞིག་རུམ་ནང་གི་སྙིང་གསོན་པོ་འདི་ལ་བཅུག་སྟེ། ང་ཚོ་གཞོན་གསར་དག་ལ་ཕན་པའི་གསོས་སུ་མ་གྱུར་ཀྱང་ཡར་བསྐུལ་ཅུང་ཟད་རེ་ཨེ་འོང་སྙམས་ཡོད། འདི་ལྟར་ཅུང་ཟད་བརྩོན་པ་བགྱིས་པའི་དགེ་བ་འདིས་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་གནས་སྐབས་བདེ་ཞིང་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པའི་བསྔོ་སྨོན་དང་འབྲེལ་འདན་ཤུག་ར་ཀུན་དགའ་འཇམ་དབྱངས་སམ་སློབ་གྲོགས་ཚོས་འདན་སྤྲུལ་སྨྲ་རྒོད་དུ་འབོད་པས་ཤིང་ཕོ་རྟ་ཡི་ལོ་ཧོར་ཟླ་༡༢པའི་ཚེས་༡༠ཉིན་གྱི་ཕྱི་མཐུན་སྐབས་རྫོགས་པར་བྱས་སོ། དགེའོ། དགེའོ།
                                                         
རྩོམ་སྒྲིག་པ། མྱི་གསར་བ།