རིགས་པའི་འཕར་ལྡིང་།

    ངག་དབང་བཟོད་པས་བརྩམས།

བསྟན་བཅོས་མངོན་རྟོགས་རྒྱན་གྱི་དཀའ་བའི་གནས་འགའ་ཞིག་ལ་དཔྱད་པ་དོགས་སློང་རིགས་པའི་འཕར་ལྡིང་ཞེས་བ་བྱ་བཞུགས་སོ།།

 

                             དྲན་གསལ་གྱིས་བརྩམས།


 

ལྷུན་འགྲུབ་སྟོང་བའི་ངང་ཉིད་ལས།།

བརྩེ་ཆེན་སྙིང་རྗེ་མ་འགག་པར།།

ཞི་བསིལ་ཆོས་ཀྱི་དཔལ་སྟེར་བ།།

ཐབས་མཁས་རྒྱལ་བའི་ཞབས་ལ་གུས།།

 

རྒྱལ་ཡུམ་ཤེར་ཕྱིན་འོ་མའི་མཚོ་ཆེན་ལས།།

བཤད་ཐབས་མན་ངག་གསེར་གྱི་སྲུབ་ཤིང་གིས།།

སྦས་དོན་མར་གྱི་ཉིང་བཅུད་གསལ་མཛད་པ།།

བྱམས་མགོན་ལྷ་ཡི་བླ་མས་དགེ་ལེགས་སྩོལ།།

 

རྒྱལ་བསྟན་གངས་ཀྱི་ལྷུན་པོ་བརྩེགས་པའི་དབུས།། 

ཟླ་བྲལ་རྣམ་དཔྱོད་རལ་བས་སྐུ་བརྗིད་ཅིང་།།

འགྲན་མེད་དངོས་སྟོབས་རིགས་པའི་མཆེ་སྡེར་ཅན།།

རབ་འབྱམས་སྨྲ་བའི་སེངྒེ་ཕྱག་གི་ཡུལ།།

 

ལྟ་བ་རྣམ་དག་འཁོར་འདས་དབྱིངས་སུ་ཤར།།

སྤྱོད་པ་དྲི་མེད་འདུལ་བའི་ཁྲིམས་དང་མཐུན།།

ལྟ་སྤྱོད་ཟུང་འབྲེལ་རྒྱལ་བའི་བཀའ་བཞིན་འཇུག།

རྒྱས་སྲས་པདྨ་དམ་ཆོས་སྤྱི་བོས་བཀུར།།

 

གང་གི་ཐུགས་བརྩེ་ཉི་མའི་དཀྱིལ་འཁོར་ལས།།

རབ་རྣོ་མཁྱེན་པའི་འོད་ཟེར་སྟོང་འཕྲོས་པས།།

བདག་བློའི་ཤེས་རྩལ་མེ་ཏོག་རྒྱས་པའི་གཉེན།།

ཡོངས་འཛིན་ཟླ་བ་ནོར་བུའི་བཀའ་དྲིན་དྲན།།

 

དཔྱད་ན་དོན་གྱི་གོ་བ་མི་ཆུང་ཞིང་།།

བཀླག་ན་ཚིག་གི་སྡེབ་སྦྱོར་མི་དམན་པ།།

བདེན་པ་དཔང་ལ་བཅོལ་བའི་ཡི་གེ་འདི།།

ཕལ་བའི་སྐད་ཆ་ཞིག་གི་དོ་ཟླ་མིན།།

 

ཟོལ་དང་བཅོས་མས་ངོ་གདོང་མ་གཡོག་ཅིང་།།

ཁྲམ་དང་གཡོ་སྒྱུས་ཀུན་ནས་མ་བསླང་པ།།

བློ་དཀར་དྲང་བོའི་གཏམ་གྱི་ཚོམ་བུ་འདི།།

མི་ཡུལ་བྱེ་ཐང་འགྲིམ་པའི་རྐང་རྗེས་ཡིན།།

 

སྔོན་བྱོན་དམ་པ་གོང་མའི་ལེགས་བཤད་ལ།།

ཕྱི་རབས་མཁས་པའི་གསུང་གི་སྒྲོས་བསྣན་ཏེ།།

ཕྲ་ཞིབ་རིགས་པའི་མིག་ཟུར་གཡོ་སྟངས་འདི།།

དཔྱོད་ལྡན་གཞོན་རབས་དགའ་བའི་སྐྱེས་སུ་སྤྲིང་།།

 

ཡིན་ལུགས་སོར་བཞག་བྱས་ནས་བཤད་པའི་གཏམ།།

ཕྲག་དོག་ཚིག་གི་སྤར་མོ་མ་འགེབ་དང་།།

བདེན་པའི་ཞལ་ངོ་གསལ་བའི་མེ་ལོང་འདི།།

ཝ་མོ་སྟག་ལ་རྫུས་པའི་རྣམ་ཐར་མིན།།

 

བདེན་ཐུབ་ལུང་དང་རིགས་པ་དཔང་དུ་བཞག།

གཡོ་ཅན་ཚིག་འཕྲིའི་ཐལ་རོ་རྒྱང་དུ་བོར།། 

བླུན་རྨོངས་ཝ་ཚོགས་སྙིང་རྩ་གཏོར་བའི་མདའ།། 

ཤེས་རབ་གཤིན་རྗེ་འཁྲོས་པའི་གད་བརྒྱངས་ཡིན།། 

 

                     ༼༡

དེ་ཡང་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་བྱིན་རླབས་སྙིང་ལ་ཞུགས་པ་ས་ལོ་ཙཱ་བ་ཀུན་དགའ་རྒྱལ་མཚན་གྱི་ཞལ་ནས། སྔོན་ཆད་གཞན་གྱི་ཡིད་ལ་མ་ཤར་བ།། དེ་འདྲ་གང་གིས་མཐོང་ན་བློ་གྲོས་ལྡན།། ཞེས་གསུངས་པ་ལྟར་སྔོན་གྱི་རྒན་པོ་དག་གིས་རྣམ་པར་དཔྱོད་པའི་བློ་གྲོས་ཀྱིས་མ་བརྙེད་པའི་ཤེས་བྱའི་རྣམ་གྲངས་གསར་བ་རེའི་འཕར་སྒོ་འབྱེད་ཐུབ་ན། དེ་ནི་ཆེས་ལེགས་པའི་གནས་སུ་མཆིས་ནའང་། སྐྱེས་སྦྱངས་ཤེས་རབ་ཀྱི་སྟོབས་དམན་པའི་ཁོ་བོ་ལ་ནི་དེ་འདྲའི་དམིགས་བསལ་ཐོད་རྒལ་གྱི་ཁྱད་ཡོན་རྩལ་དུ་འདོན་པའི་གདེང་ཚོད་བྲལ་ཞིང་། ཝ་མོ་སྟག་རྫུས་ཀྱི་རྣམ་ཐར་བསྐྱང་བའི་ཧམ་སེམས་ཀྱང་ཁྱོན་ནས་མེད་སྟབས། ཐོག་མརསྔོན་ཆད་མ་བྱུང་བ་ཡང་འདིར་བརྗོད་མེདཔའི་གསལ་བཤད་ཀྱི་སྐད་ཆ་སྔོན་དུ་བཏང་བར་བྱ།

ཁོ་བོའི་རྩོམ་ཐུང་འདི་ནི་མིང་དང་གྲགས་པ་ཁེ་དང་རྒྱལ་ཁ་སོགས་ཅི་ཡང་འཐོབ་འདོད་ཀྱི་སྡིག་སེམས་ཀྱི་དྲི་མས་མ་གོས་ཤིང་། ཕྲག་དོག་དང་འཁེང་སེམས་ང་རྒྱལ་དང་འགྲན་སློང་སོགས་མ་རུང་པའི་བསམ་བློ་གང་གིས་ཀྱང་བཟོ་བསྐྲུན་མ་བྱས་པས་རྣམ་གཙང་རྣམ་དཀར་གྱི་ཤེལ་གོང་རིལ་བུ་ཞིག་ཅིས་ཀྱང་ཡིན་འོས་པར་འདོད་ཡོད། ད་དུང་དཔྱད་རྩོམ་འདི་ལ་བཀའ་འདྲི་གནང་བའི་སྐུ་ཞབས་སྐུ་དྲག་ཚོས་ཀྱང་གཅིག་གཅིག་ལ་དགག་པ་བྱས་སོང་ཉིག་ཉིག་ལ་སུན་འབྱིན་བརྗོད་སོང་ཟེར་ནས་ཞལ་ངོ་དམར་ཧྲང་ངེར་ལོག་ཅིང་འགྲམ་ཤ་འདར་ལྷུག་ལྷུག་གིས་བཀའ་བཀྱོན་དྲག་པོ་འདྲ་གནང་བར་མི་རིགས་ཏེ། འདི་ནི་ཉམ་ཆུང་བའི་སློབ་མ་ཞིག་གི་ཤེས་རྩལ་ལས་འཁྲུངས་པའི་དོགས་ཚོམ་ཉུང་ངུ་ཞིག་ཡིན་པ་ལས་ཁྱོད་ཤི་ང་གསོན་གྱི་རྒྱལ་ཕམ་རྩོད་པ་འདྲ་བའི་གཡུལ་ཁ་བཤམས་མེད་ལ། ང་ཆེ་ཁྱོད་རྫིག་གི་འཁེང་ར་བྱེད་པའི་བསྒྲགས་གཏམ་ཡང་མ་ཡིན་ནོ།།མ་གཞི་ཉེ་བའི་སྔར་ལོ་དག་གི་རིང་ལ་ཕྱི་ལུས་ཚུལ་འཆོས་ཀྱིས་གཡོག་ཅིང་ནང་སེམས་སྡིག་རྩུབ་ཀྱིས་ཁེངས་པའི་སྐྱེ་བོ་ཁ་ཤས་ཀྱིས་ཕྱོགས་ལྷུང་དང་ཞེ་སྡང་མཁྲེགས་འཛིན་དང་ཨུ་ཚུགས་ཀྱི་མགོ་བོ་མ་ནོན་པར་། རང་མཚང་ལྷང་ལ་ཕུད་པའི་རྣམ་ཐར་འཇིགས་ཡེར་བ་དག་ལ་ཕྱིར་དྲན་རེ་བྱས་ཚེ་སེམས་ཆུང་ཁོ་བོ་འདྲ་བ་དག་ནི་ད་ལྟའང་སྔངས་སྐྲག་གིས་སྙིང་ཤ་འདར་འོང་བ་ཞིག་གི་གནས་སུ་བསྐྱལ་ཡོད། དེ་ལྟ་ནའང་ད་ནི་སེམས་ཡོད་ཅིག་ཡིན་ན་རང་ངོ་ཟིན་རན་པའི་ཚོད་དུ་སླེབ་ཡོད་པས་དགོད་བྲོ་ཞིང་ངུ་རྐྱེན་པའི་སྨྱོ་རྟགས་དེ་འདྲ་མི་ཕུད་པའི་རེ་བ་ཅིས་ཀྱང་ཞུའོ།།དོགས་སློང་ནི་ནམ་ཡང་དོགས་སློང་ཡིན་པས་སློང་བ་པོ་རང་ཉིད་ཀྱི་རྣམ་དཔྱོད་དང་ཤེས་རྩལ་གྱི་གོམ་འགྲོས་རེ་རེ་དང་བཤིབ་ནས་ཡོད་པ་ལས་ཐུན་མོང་ཡོངས་ཁྱབ་ཀྱི་དོགས་སློང་ནི་འདིའོ་ཟེར་བའི་གཏན་ཁེལ་རང་བཞིན་ཞིག་གཞལ་ཡང་ཡོད་མི་སྲིད། དེས་ན་ཁོ་བོའི་རྩོམ་ཐུང་འདིའི་ནང་དུའང་མཁས་པའི་མདུན་ས་རུ་གླེང་རི་བའི་གཞུང་ལུགས་ཀྱི་དོགས་སློང་ནི་གཏན་དུ་དབེན་ནའང་། རང་གི་བློ་ཡུལ་དུ་ཤར་བའི་འཁྲུལ་སྣང་ཁ་ཁེར་རེ་ཉར་ཚགས་བྱས་ནས་ཡིག་ཐོག་ཏུ་འགོད་ཅི་ཐུབ་ཀྱི་འབད་བརྩོན་ལྷུར་བླངས་པ་ཞིག་ལས། བྲག་རི་ལྟར་བརྩིགས་པའི་གླེགས་བམ་འཐུག་པོ་དག་གི་ཁྲོད་ནས་དུམ་བུ་དུམ་བུ་རེ་འབྲི་བཤུ་ཅི་ཐུབ་བྱས་པའི«བརྐུས་རྩོམ་གཅེས་བཏུས»དེ་འདྲ་ནི་ལར་ནས་མིན་པས། རང་ས་ནས་རང་ལ་འོས་ཤིང་འཚམ་པའི་རིན་ཐང་མི་དམན་པ་ཞིག་ཅིས་ཀྱང་ཡོད་ཆོག་ཆོག་ཡིན། དེ་མིན་ཁ་ཕོ་རེས་དང་མིང་གྲགས་པ་འདི་ཡི་ཆེད་དུ་དཔེ་བཤུ་དང་རྩོམ་རྐུ་བྱས་པའི་ལོ་མཇུག་གི་དཔྱད་རྩོམ་ནི་འུ་ཚོའི་ཁོར་ཡུག་འདི་འདི་རུ་ཁ་བ་བཞིན་འབབ་ཅིང་ཆུ་ཀླུང་བཞིན་རྡོལ་གྱིན་པ་ནི་མ་བརྟགས་མངོན་གསལ་དུ་གྱུར་འདུག་ནའང་། དོན་འདི་ལ་འགན་འཁྲི་ཆེ་བའི་ལས་འཛིན་གོང་མ་དག་གིས་ཀྱང་མགོ་ལྕོགས་ལྡེམ་ལྡེམ་གྱི་དགའ་བསུ་ལས་ཅི་ཡང་མེད་པ་འདྲ་བས་། ཁོ་བོ་སྒེར་ངོས་ནས་བཤད་ན་མགོ་མི་ཐར་ས་རུ་ལུས་འཚང་དགོས་པའི་སྙིང་ནད་ཅིག་གཏན་ནས་མེད་ནའང་། བདེན་པ་དང་གནས་ལུགས་ཀྱི་མདུན་ནས་གཡོ་གཟུར་མི་བྱེད་ཅིང་རྫུན་པ་དང་བསླུ་བྲིད་ཀྱི་འོག་ནས་མགོ་མི་བསྒུར་པ་ནི་གུས་པས་རྩོམ་ཐུང་འདི་ཉིད་འབྲི་བའི་ཆེས་ཐོག་མའི་སེམས་བསྐྱེད་དུ་བཟུང་ཡོད་པས། རྟ་རྒྱུག་ཞོར་དུ་མེ་ཏོག་འཐུ་བའི་དཔེ་ལྟར་ཁོ་བོ་དྲང་བདེན་ཀྱི་ལམ་དུ་ཞུགས་སྐབས་སུ་ཁྱེད་ཅག་གི་གདོང་འབག་རྫུན་མ་དེ་ལ་མཚང་འབྲུ་ནན་པོ་ཞིག་གི་མིག་ལོག་འཕེན་པའོ།།  སྐབས་འདིར་དོན་མེད་ཁ་འཁྱམ་ཀྱི་སྐད་ཆ་མང་དྲགས་ན་སྐབས་དོན་བོར་ཤིང་ཚིག་ཚོགས་ཀྱང་ཉོབ་འགྲོ་བས་ད་ནི་གཞུང་དངོས་ལ་འཇུག་པར་བྱའོ།། 

 

                 ༼༢༽

དེ་ཡང་དང་པོ་རྒྱན་གྱི་བཤད་བྱ་རྩ་བའི་མདོ་ངོས་བཟུང་བའི་སྐབས་སུ་བོད་ཀྱི་འཇམ་དབྱངས་སུ་གྲགས་པ་ཆོས་རྗེ་ཀློང་ཆེན་པ་དང་འཇུ་མི་ཕན་ཕྱོགས་ལས་རྣམ་རྒྱལ་སོགས་གངས་ཅན་ན་མིང་དུ་གྲགས་པའི་མཁས་དབང་ཕལ་མོ་ཆེ་དག་གིས་ཡུམ་སྲས་བཅུ་བདུན་གྱི་རྣམ་བཞག་མཛད་པ་དང་། ཀུན་མཁྱེན་གོ་རམས་དང་། སེ་ར་རྗེ་བཙུན་པ་སོགས་ས་སྐྱ་དང་དགེ་ཕྱོགས་ཀྱི་ཕྱི་རབས་ཀྱི་མཁས་པ་རྣམས་ཀྱིས་ཡུམ་སྲས་བཅུ་བདུན་གྱི་ཐ་སྙད་མི་འཐད་པ་དང་གྲངས་ངེས་མི་འཐད་པའི་དགག་སྒྲུབ་ཀྱི་ཐལ་ཕྲེང་བཤམས་པའང་མང་དུ་མཆིས་སོ།། དེ་ལྟ་ནའང་དྲང་ཕྱོགས་སུ་བསྡད་ནས་བཤད་ན་ཡུམ་སྲས་བཅུ་བདུན་གྱི་ཐ་སྙད་ནི་ཀོ་ཤི་ཀའི་གཤགས་མདོ་ལས་དངོས་སུ་བྱུང་ཡོད་པ་མ་ཟད་། རྒྱ་གར་གྱི་པཎྚི་ཏ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་ཀ་ཐང་རྒྱས་པ་ལས་ཀྱང་། ཕ་རོལ་ཕྱིན་པ་ཡུམ་སྲས་བཅུ་བདུན་དང་།། ཤེར་ཕྱིན་སྟོང་ཉིད་གཙོར་སྟོན་མདོ་མང་འགྱུར།། ཞེས་ཡུམ་སྲས་བཅུ་བདུན་གྱི་ཐ་སྙད་དངོས་སུ་གསུངས་པ་ལ་གཞིགས་ན། ཡུམ་སྲས་བཅུ་བདུན་གྱི་ཐ་སྙད་འདི་ནི། སྔོ་རབས་འཕགས་བོད་ཀྱི་མཁས་པ་ཀུན་ལ་ཡོངས་སུ་གྲགས་པའི་ཐ་སྙད་དོན་མཐུན་ཞིག་ཡིན་པའང་ཆ་མ་མཚལ། གལ་ཏེ་ཆོས་རྗེ་ས་པཎ་གྱིས་སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བ་ལས། ཀོ་ཤི་ཀའི་མདོ་བོད་ཀྱིས་སྦྱར་བའི་མདོ་སྡེ་རྫུན་མ་རུ་གསུངས་པས་ཁུངས་མེད་དོ་ཟེར་ན། ཡུམ་སྲས་བཅུ་བདུན་གྱི་ཐ་སྙད་བྱུང་བའི་ཀོ་ཤི་ཀའི་གཤགས་མདོ་དང་། ས་པཎ་གྱིས་མདོ་སྡེ་རྫུན་མ་རུ་གསུངས་པའི་ཀོ་ཤི་ཀའི་མདོ་གཉིས་མདོ་གཅིག་ཡིན་པའི་རྒྱུ་མཚན་ཁྱོད་ལ་དྲིས་ནའང་ཚིག་གཅིག་ཀྱང་སྨྲ་རྒྱུ་མེད་པས་དེའི་རིགས་ལ་ཁུངས་མེད་ཀྱི་གཏམ་ཟེར་བ་རེད། ཀོ་ཤི་ཀའི་གཤགས་མདོཞེས་དངཀོ་ཤིའི་ཀའི་མདོཞེས་པ་ཚིག་ཟུར་ཙམ་ལས་མིང་ཡང་མི་འདྲ་བས་མདོ་དེ་གཉིས་གཅིག་ཡིན་པས་ཕུགས་ཐུབ་ཀྱི་གཏན་ཚིགས་ཞིག་ཁྱོན་ནས་ཡོད་དཀའ་ཨང་། ལར་མདོ་དང་རྒྱ་འགྲེལ་དག་ལས་ཡུམ་སྲས་བཅུ་བདུན་གྱི་ཐ་སྙད་མ་བྱུང་བ་ཙམ་རྒྱུ་མཚན་དུ་བཀོད་ནས་ཡུམ་སྲས་བཅུ་བདུན་གྱི་ཐ་སྙད་འགོག་པའི་དགག་སྒྲུབ་ཀྱི་གཡུལ་ལ་ཞུགས་པ་ནི་བྱིས་པས་སྦྲང་མ་གསོད་རློམ་གྱིས་རང་མགོ་ལ་སྟ་རེ་བཞུས་པའི་རྣམ་ཐར་བསྐྱང་བ་ཡིན་ཏེ། བྱམས་པའི་ཆོས་སྡེ་ཉི་ཤུ་ཞེས་པའི་ཐ་སྙད་འདིའང་རྒྱ་གར་གྱི་མདོ་དང་བསྟན་བཅོས་གང་ལས་ཀྱང་མ་བྱུང་བས་ཐ་སྙད་མི་འཐད་པར་ཐལ་བ་དང། ཐོགས་མེད་ཀྱིས་མཛད་པའི་རྒྱུད་བླའི་འགྲེལ་བ་དང་། དབྱིག་གཉེན་གྱིས་མཛད་པའི་ཆོས་ཉིད་རྣམ་འབྱེད་ཀྱི་འགྲེལ་བ་གཉིས་མ་ཚང་པས་གྲངས་ངེས་མི་འཐད་པར་ཐལ་ལོ་ཞེས་པ་འདི་ལ་ལན་ཅི་ཡོད། འདོད་ལན་འདེབ་ན་ཁྱེད་ཅག་གིས་སྤྱིར་བྱམས་པ་དང་འབྲེལ་བའི་ཆོས་སྡེ་ཉི་ཤུའི་རྣམ་བཞག་ཅེས་པའི་ས་བཅད་བཞག་སྟངས་རྫིག་ཐག་ཆོད་པ་ཞིག་བྱས་ཡོད་པ་དེ་དང་འགལ་ཞིང་། རྟགས་དང་ཁྱབ་བ་ནི་གཞན་ལ་སྐྱོན་བརྗོད་པའི་སྐབས་སུ་ཁས་བླངས་ཟིན་པས་ད་ནི་ཅི་ཡང་སྨྲ་རྒྱུ་མེད་པའི་རྟུལ་ཞུགས་ལ་བཀོད་པ་ཨེ་མིན་འགྲོ། དེས་ན་བྱམས་པ་དང་འབྲེལ་བའི་ཆོས་སྡེ་ཉི་ཤུའི་ཐ་སྙད་ཁས་ལེན་བཞིན་དུ་ཡུམ་སྲས་བཅུ་བདུན་གྱི་ཐ་སྙད་འགོག་པ་ནི་བླུན་རྟགས་མིན་པའི་དབང་དུ་བཏང་ན་འང་སྨྱོ་རྟགས་ཡིན་པ་ཐག་གིས་ཆོད་དོ།། དེ་ལྟར་དགག་སྒྲུབ་ཀྱིས་མཐའ་ཅུང་ཙམ་དཔྱད་ནས་མདོ་ཧྲིལ་ཏེ་བཤད་ན་རྒྱན་གྱི་བཤད་བྱ་རྩ་བའི་མདོ་ངོས་འཛིན་ཚུལ་ལ་འཕགས་པ་རྣམ་གྲོལ་སྡེས་ཉི་ཁྲི་སྣང་བ་རུ་བཞེད་པ་དང་། སློབ་དཔོན་བཟང་བོའི་ཞབས་ཀྱིས་ཤེས་རབ་ནར་སོན་པའི་སྐབས་སུ་ཡུམ་གསུམ་ཆར་ལ་སྦྱར་བ་སོགས་འཕགས་ཡུལ་དུ་བཞེད་སྟངས་མི་འདྲ་བ་མང་ནའང་། གངས་ཁྲོད་ཀྱི་དགེ་སྦྱོང་ཆེན་མོ་ཀུན་མཁྱེན་མཁས་པའི་སེངྒེ་དེས་ཤེར་ཕྱིན་གྱི་མདོ་ཀུན་ལ་མཛད་པ་དེ་ཉིད་དཔྱོད་ལྡན་ཡིད་དབང་འགུག་པའི་ལེགས་བཤད་དུ་སེམས་སོ།།  གསལ་བཤད<སྐབས་འདིར་རྒྱན་གྱི་དགོངས་པ་དབུ་མར་གནས་པ་སོར་བཞག་བྱས་ནས་བཤད་པ་ཡིན>

 

                 ༼༣༽

མདོ་བཤད་ཐབས་ཀྱི་མན་ངག་ལྔ་ཡི་སྐབས་སུ།  རྟོག་དཔྱོད་ཞུགས་ཀྱང་གནད་མ་ཁྲོལ་བའི་སྐྱེ་བོ་ཁ་ཤས་ཀྱིས་བཤད་ཐབས་ཀྱི་མན་ངག་ལྔ་ཡི་ནང་ཚན་དུ་གྱུར་བའི་དགོས་དོན་ལ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མཐར་ཐུག་དང་།  རང་དོན་མཁྱེན་གསུམ་གྱི་རྟོགས་པ་མཐར་ཐུག་བརྙེས་ཏེ་གཞན་དོན་རིགས་ཅན་གསུམ་ལ་ཆོས་འཁོར་སྐོར་བ་སོགས་བརྗོད་བྱ་དོན་གྱི་དགོས་དོན་ལ་ངོས་འཛིན་བྱེད་པ་ནི།  ཆོས་རྗེ་གོ་རམས་པའི་གཞུང་ལུགས་ཀྱི་ཚིན་ཟིན་ཙམ་ལ་འཁྲུལ་ནས་དོན་གྱི་གཏིང་མ་ལོན་པ་རང་དུ་ཟད་དེ།  བཤད་ཐབས་ཀྱི་མན་ངག་ལྔ་ཡི་ནང་ཚན་དུ་གྱུར་བའི་མན་ངག་ཡིན་ན་རྗོད་བྱེད་ཚིག་གི་མན་ངག་ཡིན་དགོས་པའི་ཕྱིར་ཏེ། དེ་ཡིན་ན་མདོ་བཤད་པའི་ཐབས་སུ་གྱུར་བའི་མན་ངག་ཡིན་དགོས་པའི་ཕྱིར། དེས་ན་བཤད་ཐབས་ཀྱི་མན་ངག་ལྔ་ཡི་དང་པོ་ལ་དགོས་དོན་ཞེས་པའི་བརྡ་བཏགས་པ་ནི་བརྗོད་བྱའི་མིང་རྗོད་བྱེད་ལ་བཏགས་པ་སྟེ།  དཔེར་ན་རྒྱས་འབྲིང་སྡུས་གསུམ་ལ་ཡུམ་ཞེས་བཏགས་པ་འམ་མངོན་རྟོགས་རྒྱན་ལ་ཤེར་ཕྱིན་ཞེས་བཏགས་པ་དང་འདྲའོ།།  གཞན་ཡང་མཚམས་སྦྱར་ངོས་འཛིན་གྱི་སྐབས་སུ་སྔ་རབས་ཀྱི་མཁས་པའི་དབང་བོ་ཞིག་གིས་དེ་ནས་ཐམས་ཅད་ཤེས་པ་ཉིད།། ཅེས་པ་དང་དེ་ནས་སེངྒེ་རྣམ་བསྒྱིངས་པའི།། ཞེས་པ་ལ་སོགས་པ་འདིར་བསྟན་བཤད་ཐབས་མན་ངག་ལྔ་ཡི་ནང་ཚན་དུ་གྱུར་བའི་མཚམས་སྦྱར་ལ་ངོས་འཛིན་གནང་བ་ནི།  ཆོས་རྗེ་གོ་རམས་པས་དཀའ་འགྲེལ་དུ་བཀག་ཟིན་པ་ལས་ལྷག་ཏུ་བཤད་རྒྱུ་མེད་པས་འདིར་མཁས་མདོག་གི་ངལ་བ་དགོས་པའི་ཚོད་མ་ཡིན་པས་བཏང་སྙོམས་སུ་བཞག་ཡོད་ལ།   ཆོས་རྗེ་ཉིད་ཀྱིས་མཚན་ཉིད་དེ་ཡི་སྦྱོར་བ་དང་ཞེས་པ་སོགས་དངོས་པོ་དྲུག་ཏུ་སྟོན་པའི་གཞུང་དེས་དངོས་བརྒྱད་ཀྱི་གོ་རིམ་མི་འགལ་བར་བསྟན་པས་བཤད་ཐབས་མན་ངག་ལྔ་ཡི་ནང་ཚན་དུ་གྱུར་བའི་མཚམས་སྦྱར་ཡིན་པར་བཞེད་ནས།  དེ་ལ་དོགས་སྤོང་གི་ཚུལ་དུ་གལ་ཏེ་དྲུག་གི་གོ་རིམ་ལས་མ་གསུངས་པས་བརྒྱད་ཀྱི་གོ་རིམ་བསྟན་པ་མི་འཐད་དོ་སྙམ་ནམཁྱེན་གསུམ་གྱི་ནང་ཚན་གྱི་གོ་རིམ་ལ་གཞི་ཤེས་དང་པོར་བསྟན་པའི་གོ་རིམ་ནི་མཁྱེན་གསུམ་གྱི་དོན་བསྡུ་དང་སྐབས་བཞི་བའི་གཞུང་ལས་རྟོགས་ནུས་ཤིང་། རྣམ་མཁྱེན་དང་པོར་བསྟན་པའི་གོ་རིམ་ནི་རྣམ་མཁྱེན་གྱི་མཚམས་སྦྱར་ཉིད་ལས་རྟོགས་ནུས་སོཞེས་པ་འདི་ནི་ཧ་ཅང་ཡི་རང་འདྲེན་པའི་གཏམ་ཞིག་ཡིན།  དེ་ལྟ་ནའང་གནད་འདི་ཅུང་ཟད་ཕྲ་ཞིབ་ཀྱི་གནས་སུ་གྱུར་ཡོད་སྟབས་གསལ་བཤད་ཏོག་ཙམ་ཞིག་མ་བྱས་ཚེ་ཕལ་ཆེར་ཞིག་གི་བློ་ལ་འབབ་དཀའ་བའི་ཚད་དུ་ཡོད་པ་འདྲ་བས་སྡུས་ཙམ་སྤྲོ་བར་འདོད་དོ།།  དེ་ཡངསྦྱོར་བ་དངཞེས་པ་མན་ཆོད་ཀྱིས་དངོས་པོ་ཕྱི་མ་བདུན་གྱི་གོ་རིམ་མི་འགལ་བར་སྟོན་པ་ནི་ལས་སླ་ཞིང་།  དོགས་པའི་གཞི་ནིམཚན་ཉིདཅེས་པས་མཁྱེན་གསུམ་གྱི་གོ་རིམ་མི་འགལ་བའི་ཚུལ་ཇི་ལྟར་སྟོན་པ་འདི་ཡོད་པ་འདྲ།   སྤྱིའི་ཆ་ནས་མཚན་ཉིད་ཅེས་པ་ཙམ་གྱིས་མཁྱེན་གསུམ་གྱི་གོ་རིམ་མི་འགལ་བར་བསྟན་པར་ཁས་བླངས་ན་དེ་ནི་ཟེར་རྒྱུའི་ཕོངས་པའི་ཨུ་ཚུགས་བྱས་པ་རང་ཡིན་མོད།  གཞུང་གོང་འོག་གི་བབ་བསྒྲིག་སྟེ་བརྟགས་ཤིང་དཔྱད་ན་སྐབས་འདིར་ནི་གོ་རྒྱུ་ཅི་བས་ཀྱང་ཆེ་སྟེ།  གོང་དུ་མཁྱེན་གསུམ་གྱི་མཇུག་བསྡུ་བའི་དོན་བསྡུ་དང་།  རྣམ་རྫོགས་སྦྱོར་བའི་བསྒོམ་བྱའི་ཤེས་རྣམ་འཆད་པའི་སྐབས་དག་ཏུ་མཁྱེན་པ་གསུམ་གྱི་གོ་རིམ་གསལ་བར་བསྟན་ཟིན་པས།  འདིར་མཁྱེན་གསུམ་གཅིག་ཏུ་བསྡུས་ནས་བསྟན་པ་ཙམ་གྱིས་ཀྱང་མཁྱེན་གསུམ་གྱི་གོ་རིམ་ལ་འཁྲུལ་བ་མི་སྲིད་པའི་ཕྱིར།  དེས་ན་ཚིག་ཏུ་བརྗོད་པ་ནི་མཚན་ཉིད་ཅེས་པ་ལས་མི་སྣང་ཡང་མཁྱེན་པ་གསུམ་གྱི་གོ་རིམ་ཤུགས་ལ་བསྟན་པ་ཡིན་ནོ།།  ད་དུང་སངས་རྒྱས་གཉིས་པ་སློབ་དཔོན་དབྱིག་གཉེན་གྱིས་མདོ་བཤད་ཐབས་ཀྱི་མན་ངག་ལྔ་བོ་འདི་མགོན་པོ་བྱམས་པའི་མན་ངག་ལས་བརྙེད་ཚུལ་གྲགས་པ་ལྟར་ན།  ཀུན་མཁྱེན་སེངྒེའི་ཞབས་ཀྱིས་འཆད་ཚུལ་འདི་ལ་རྨ་མེད་པའི་དང་བ་འཕེལ་འོང་སྟེ།   མངོན་རྟོགས་རྒྱན་ཧྲིལ་བོ་འདི་མན་ངག་ཡིན་ལ་མན་ངག་གི་བསྟན་བཅོས་འདི་ལ་དགོས་དོན་སོགས་ཚན་པ་ལྔ་རུ་ཕྱེས་པ་ན།   རྒྱན་གྱི་མགོ་མཇུག་བར་གསུམ་གྱི་གཞུང་ཚན་ཡོངས་རྫོགས་པོ་བཤད་ཐབས་ཀྱི་མན་ངག་ལྔ་རུ་མ་འདུས་པ་མེད་པ་ཡིན་ནོ།།  གལ་ཏེ་དེ་ལྟར་ན་དགོས་འགྲེལ་གྱི་གཞུང་གང་དུ་འདུས་ཤེ་ན།  དགོས་འབྲེལ་གྱི་གཞུང་ནི་མཆོད་བརྗོད་ཀྱི་འཕྲོས་དོན་དུ་བྱུང་བ་ཡིན་པས་སྐྱོན་མེད།  དེ་ལྟར་བྱས་ན་གཞུང་འདི་ལ་མན་ངག་གི་བསྟན་བཅོས་ཤེས་གྲགས་པའང་འབྲེལ་ཆགས་ཏེ།  མན་ངག་ལྔ་ཡི་སྒོ་ནས་མདོ་དོན་ལེགས་པར་འགྲེལ་བའི་བསྟན་བཅོས་ཡིན་པས་ན།  བྱམས་མགོན་རང་གིས་བསྟན་བཅོས་འདི་ལ་མན་ངག་གི་བསྟན་བཅོསཞེས་བཏགས་པའང་དོན་འདི་དང་འབྲེལ་ཆེའོ།།  

 

                  ༼༤༽

དེ་ཡང་དགོངས་འགྲེལ་བྱུང་ཚུལ་གྱི་རིམ་པ་ནི་། འཕགས་ཡུལ་གྱི་སློབ་དཔོན་ཆེན་མོ་སེངྒེ་བཟང་བོས།  འགྲོ་ལ་ཆགས་པས་ཀུན་ཆགས་མཛད།། འཕགས་པ་ཐོགས་མེད་སྐྱོབ་ཉིད་ཀྱིས།།   མི་ཕམ་མགོན་ལ་གསན་ནས་ནི།། བསྟན་བཅོས་ཆེན་མོའི་རྣམ་བཤད་མཛད་ཞེས་སོགས་གསུངས་པ་དང་།  བོད་གངས་ཁྲོད་ཀྱི་དགེ་སྦྱོང་དམ་པ་ཀུན་མཁྱེན་གོ་བོ་རབ་འབྱམས་པསཐོག་མར་འཕགས་པ་ཐོགས་མེད་ཀྱིས་མ་ཕམ་པ་ལས་མདོ་དང་བསྟན་བཅོས་དངོས་སུ་གསན་པ་བརྟེན་ནས་དེ་ཉིད་རྣམ་ངེས་མཛད་དོཞེས་པ་སོགས་རྒྱས་པར་གསུངས་པ་བཞིན་ཡིན་ལ། འདིར་སྔོན་བྱོན་རྒྱ་བོད་ཀྱི་མཁས་པ་དག་གིས་འཕགས་པ་ཐོགས་མེད་ཀྱིས་རྒྱན་གྱི་དགོངས་པ་རྣམ་རིག་ཏུ་བཀྲལ་བ་ནི་ཅུང་དབྱིག་གཉེན་འདུལ་བའི་ཆེད་དུ་ཡིན་གྱི།  འཕགས་པ་རང་གི་བཞེད་སྟངས་དབུ་མ་ཐལ་འགྱུར་བ་དང་ཚུལ་མཐུན་པར་གནས་པར་འགྲིན་དབྱངས་གཅིག་གིས་ཞལ་བཞེས་གནང་ངོ་།།  འདི་ནི་དཔྱད་པར་བྱ་བའི་ཡུལ་ཙམ་ལས་བདེན་པའི་གཏན་ཚིགས་ཀྱིས་གྲུབ་པའི་ཡུལ་མ་ཡིན་ཏེ།   སློབ་དཔོན་དབྱིག་གཉེན་ཐེག་ཆེན་གྱི་གྲུབ་མཐའ་ལ་ཞུགས་པའི་བརྒྱུད་རིམ་ནི་སྐུ་མཆེད་གཉིས་ཀྱི་ཤེས་རབ་འགྲན་རྩོད་ཀྱི་གཡུལ་འབྱེད་དྲག་པོ་ཞིག་ལ་ཐུག་ཡོད་ཅིང་།  རྗེས་སོར་དབྱིག་གཉེན་རྩོད་པ་ལས་ཕམ་ཏེ་ཐེག་ཆེན་གྱི་གྲུབ་མཐར་ཞུགས་ནས་ཐོགས་མེད་ཀྱི་དངོས་སློབ་གཅིག་པུ་རུ་གྱུར་ནའང་།  ཐོགས་མེད་རང་གིས་འདོད་ཕྱོགས་རྣམས་གབ་སྦས་གནང་སྟེ།  དྲང་དོན་རྫུན་པའི་ཆོས་རྐྱང་རྐྱང་ལས་མ་སྟོན་པ་ཡིན་ན་དེ་ནི་ཅི་འདྲའི་ཡ་མཚར་ཆེ་ཨང་།  ད་དུང་འཕགས་པ་ཐོགས་མེད་ཀྱིས་ཐེག་ཆེན་སེམས་ཙམ་པའི་གྲུབ་མཐའ་མི་ཡུལ་དུ་སྲོལ་བཏོད་མཛད་དེས་ཡི་དངོས་གཞིདངཐེག་བསྡུསསོགས་གྲུབ་མཐའ་དེའི་ལྟ་གྲུབ་རྩལ་དུ་སྟོན་པའི་གཞུང་ལུགས་ཀྱང་གྲངས་ལས་འདས་པ་ཞིག་རྩོམ་གནང་མཛད་ཡོད་ནའང་།  ད་དུང་ཐོགས་མེད་དབུ་མ་ཡིན་ནོ་ཞེས་ཀྱལ་ཀ་སྨྲ་བ་ནི་ཁུངས་མེད་ཨུ་ཚུགས་ཀྱི་བཤད་ཡམས་ཤིག་ཡིན་པ་འདྲ་སྟེ།   དེ་ལྟར་ཕྱོགས་ལྷུང་མེད་པར་དྲང་ལམ་ནས་བརྟགས་ཤིང་དཔྱད་ཚེ་རྒྱན་གྱི་དགོངས་པ་མ་ནོར་བ་ནི་ཐོགས་མེད་སྐུ་མཆེད་གཉིས་ཀྱིས་ཇི་ལྟར་བཀྲལ་བ་བཞིན་སེམས་ཙམ་རང་དུ་གནས་པའང་ཆ་མི་མཚལ་ཏེ།  གནའ་བོའི་རྒྱ་གར་གྱི་ཡུལ་དུ་རྗེ་བཙུན་བྱམས་པའི་སྐུ་ཞལ་དངོས་སུ་མཇལ་ནས་གསུང་གི་མན་ངག་ཐོབ་ཡོད་མཁན་ནི་འཕགས་པ་ཐོགས་མེད་ལས་བྱུང་མ་མྱོང་པ་ནི་གནའ་རབས་རྒྱ་གར་གྱི་ལོ་རྒྱུས་ཁུངས་ཐུབ་དག་ཏུ་ཕྱི་གསལ་ནང་གསལ་ཡིན་པས།  རྒྱ་གར་ཞེས་པའི་ཡུལ་གྲུ་དེར་གནའ་དེང་གང་གི་དུས་སུའང་རྒྱན་གྱི་དགོངས་པ་འགྲེལ་བ་ལ་ཐོགས་མེད་ཀྱི་བཟང་ཞིག་ཡོད་ཚུལ་མེད་པ་འདྲ།  སེང་བཟང་གིས་རྣལ་ལམ་ཞིག་ནས་བྱམས་པའི་མན་ངག་ཐོབ་སོང་བའི་བཤད་ཚུལ་དེ་བདེན་པའི་དབང་དུ་བཏང་ནའང་།  ཐོགས་མེད་སྐུ་དངོས་ལྷ་ཡུལ་དུ་ཕེབས་ནས་བྱམས་པའི་ཆོས་སྡེ་ལྔ་ལ་གསན་སྦྱང་གི་སྐལ་བ་ཐོབ་ཡོད་པས་དེ་དང་སྡུར་ན་གཏི་མུག་གིས་བསླད་པའི་འཁྲུལ་སྣང་ཙམ་ལས་ཅི་ཡང་མ་ཡིན་ཏེ་།  རྨི་ལམ་དུ་གནམ་ལ་འཕུར་བར་ཐེངས་བརྒྱར་རྨིས་ཀྱང་གནམ་ལ་འཕུར་བའི་བྱ་རྒྱལ་གྱི་དོ་ཡ་མི་འོང་པའི་ཕྱིར། གཞན་ཡང་སེང་བཟང་གིས་ཀྱང་འགྲེལ་ཆུང་ལས་ཀྱང་སློབ་དཔོན་དབྱིག་གཉེན་ལརང་གི་མོས་པ་གཙོར་བྱེད་པའི་ཤེས་བྱ་ནང་གི་ཡིན་པ་ལ་ཡང་དག་བརྟེན་ནས་རྣམ་པར་བཀྲོལཡོད་ཅེས་པའི་ཟུར་ཟ་བྱས་ཤིང་།  ཐོགས་མེད་ལ་ཟུར་ཟ་བའི་ཚིག་གཅིག་ཀྱང་གླེང་མེད་པ་འདིའང་སྔར་བཞིན་ཐོགས་མེད་ཀྱིས་རྒྱན་གྱི་དགོངས་ཕྱོགས་རྣམ་རིག་ཏུ་བཀྲལ་ཡོད་པ་ཐོགས་མེད་རང་གི་ཞེ་འདོད་མ་ཡིན་པར་བཞེད་པའི་ཕྱོགས་འཛིན་པ་འདྲའང་། དོན་དེ་ཤིན་ཏུ་དཔྱད་གཞིའི་གནས་སུ་ལྷུང་ཡོད་པ་གོང་དུ་ཞུ་ཟིན་ཏོ།། རྒྱན་གྱི་ལུས་ཀྱི་སྐབས་སུ་སྐབས་གཉིས་པ་ལམ་ཤེས་ལས།   ཡུལ་ངེས་པ་དང་ཁྱབ་པ་དང་།།  ཞེས་སེམས་ཅན་ཐམས་ཅད་ལམ་ཤེས་ཀྱི་ཡུལ་ངེས་པ་ཅན་དུ་བཤད་པ་དང་། སྐབས་ལྔ་བ་ལས།   དྲི་མ་ཟད་དང་མི་སྐྱེ་བའི།།  ཞེས་སྤངས་བྱའི་དྲི་མ་གདོན་མ་ནས་ཟད་པ་དང་མ་སྐྱེས་པར་བསྟན་པ་དང་།   འདི་ལ་བསལ་བྱ་ཅི་ཡང་མེད།། བཞག་པར་བྱ་བ་ཅུང་ཟད་མེད།།  ཞེས་སྤང་བྱའི་དྲི་མ་གཉིས་པོ་སྔར་ཡོད་གསར་དུ་བསལ་བར་བྱ་བ་མེད་པ་དང་།   གནས་ལུགས་བདག་མེད་གཉིས་པོ་སྔར་མེད་གསར་དུ་བཞག་པ་མེད་པར་བསྟན་པ་སོགས།  དངོས་ཀྱི་ཚིག་ཟིན་ལྟར་ན་རྣམ་རིག་པའི་འདོད་ཕྱོགས་དང་མི་མཐུན་པའི་གཞུང་ཚིག་ཐོ་རེ་བ་རེ་འགའ་བྱུང་ཞིང་།  འདི་དག་རྒྱ་གར་དུའཕགས་པའི་ཁོངས་སུ་གཏོགསཔར་གྲགས་པའི་རྣམ་གྲོལ་སྡེ་དང་། རྒྱན་གྱི་དོན་ཟབ་མོསངས་རྒྱས་དབང་གིས་རྙེདཔར་གྲགས་པའི་སློབ་དཔོན་སེངྒེ་བཟང་པོ་སོགས་རྒྱན་དོན་དབུ་མར་འགྲེལ་བའི་མཁས་པ་དག་གིས་རྒྱབ་རྟེན་གཙོ་བོར་བཟུང་ཡོད་མོད།  འོན་ཀྱང་རྒྱལ་ཚབ་བྱམས་པའི་བཀའ་ལུང་དྲོན་པོ་ཐོབ་མྱོང་པའི་འཕགས་མཆོག་ཐོགས་མེད་དང་དེའི་དངོས་ཀྱི་སློབ་མ་མཁས་མཆོག་དབྱིག་གི་གཉེན་པོ་སོགས་རྒྱན་གྱི་དགོངས་པ་རྣམ་རིག་ཏུ་བཀྲལ་བའི་འགྲན་བྲལ་གྱི་པཎ་གྲུབ་དེ་དག་གིས་ནི་གཞུང་ཚོམ་ཐོར་བུ་འདི་དག་ལ་དྲང་དོན་དགོངས་པ་ཅན་དུ་འདོད་པ་ལས་སྒྲ་ཇི་བཞིན་ཉིད་དུ་ཁས་མི་ལེན་པར་གྲགས་པས།   དོན་འདི་ལ་དཀའ་པའི་གནས་ཆེ་ཞིང་དཔྱད་པའི་གཞི་ཡང་དེ་ཙམ་མ་བརྙེད་པས་དོགས་སློང་ཙམ་ལས་ཚིག་ཐག་ཆོད་པོས་ཤན་འབྱེད་པར་མ་སྤོབས་སོ།། ལར་དེ་ཉིད་རྣམ་ངེས་དང་ཉི་ཁྲི་གཞུང་འགྲེལ་སོགས་ཐོགས་མེད་སྐུ་མཆེད་གཉིས་ཀྱིས་རྒྱན་དགོངས་ལེགས་པར་བཀྲལ་བའི་གསུང་ཆོས་གལ་འགེང་ཆེ་ཤོས་དག་བོད་དུ་འགྱུར་མ་ཐུབ་པ་ནི།  སྔོན་གྱི་བོད་རྒན་ཕལ་ཆེར་དངོས་སྨྲ་ལ་སྡང་ཞིང་དབུ་མ་ལ་དགའ་བའི་མཐོ་སྙོབ་དེའི་ལན་པ་འདྲ་སྟེ།  གནའ་དེང་གི་གང་གི་དུས་སུའང་བོད་འདིར་བྱེ་མདོ་དང་སེམས་ཙམ་གྱི་གྲུབ་མཐའ་རང་ལུགས་སུ་འཛིན་པའི་མཁས་པའི་དབང་པོ་ཞིག་ཕལ་ཆེར་བྱུང་མྱོང་མེད་ཚོད་འདུག་པ་འདི་ནི།  དྲང་པོར་གནས་པའི་སྐྱེས་བུ་མཁྱེན་དཔྱོད་ལྡན་པ་ཞིག་གིས་དེ་ནིབོད་རྒན་དག་ཨུ་ཚུགས་ལས་གཟུར་གནས་མེད་པས་རེདཅེས་བཤད་མྱོང་པ་བདེན་ཆ་ཆེ།  ད་དུང་ཚད་མར་འོས་པའི་ལུང་ཚིག་དག་རང་གིས་འདོད་ཕྱོགས་དང་བསྟུན་ཅི་ཐུབ་ཀྱིས་གླ་བའི་པགས་པ་ཉེ་བ་བཞིན་ཡར་འཐེན་མར་འཐེན་བྱས་ཏེ།  བྱམས་ཀླུ་འགལ་མེད་དང་།  ཀླུ་ཐོགས་འགལ་མེད། ཐལ་རང་འགལ་མེད་དང་།  དབུ་ཚད་འགལ་མེད་སོགས་འགལ་བ་ཡོད་ཚད་འགལ་མེད་དུ་བསྒྲུབ་ཏེ་འགལ་མེད་ནམ་མཁའ་ལ་མི་ཤོང་བ་ཞིག་བཙན་གྱིས་བསྒྲིག་འོང་བ་འདི་ནི།  གཞན་ལ་མེད་པའི་མཁས་རྟགས་ཡ་མཚན་ཞིག་སྟོན་འདོད་པས་ཡིན་ནའང་སུ་ཡང་མི་འགུ་པའི་བླུན་རྟགས་ཁེ་མཚར་ཞིག་ཕུད་མི་ཤོར་བའི་ངེས་པ་མ་བརྙེད་པས་དཔྱད་པར་འཚལ་ལོ།།  ཅིས་ཀྱང་དཔྱད་པར་འཚལ་ལོ།།

 

               ༼༥༽

ཆོས་སྤྱོད་བཅུ་བདག་ཉིད་ཀྱི།།  ཞེས་པའི་སྐབས་སུ་ཆོས་སྤྱོད་བཅུ་ངོས་འཛིན་ཚུལ་ལ་རྗེ་གོ་རམས་པསརྒྱ་བོད་ཀྱིས་མཁས་པ་རྣམས་ཀྱིས།  འདིར་བསྟན་ཆོས་སྤྱོད་བཅུ་ཡི་གེ་འབྲི་མཆོད་སྦྱིན་པ་ལ་སོགས་པ་དབུས་མཐའ་ནས་གསུངས་པ་ལ་ངོས་འཛིན་པ་དང་།  རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ་ལ་བྱེད་པ་དང་།  ཕར་ཕྱིན་བཅུ་ལ་བྱེད་པའི་ལུགས་གསུམ་སྣང་ཡང་བསྟན་བཅོས་རྩ་འགྲེལ་གྱི་དགོངས་པ་ཕྱི་མ་དེ་ཉིད་ཡིན་ཞིང་ལོ་ཙཱ་བ་དཔོན་སློབ་རྣམ་ཀྱང་འདི་ཉིད་བཞེད་དོཞེས་གསུངས།  འདི་ཉིད་བརྟགས་པར་བྱ་སྟེ།  སློབ་དཔོན་སེངྒེ་བཟང་བོས་འགྲེལ་ཆེན་དུ་བྱང་ཆུབ་ཀྱི་སེམས་དང་གདམས་ངག་ལ་སོགས་པ་ཞེས་དང་།   འགྲེལ་ཆུང་ལས།   བྱང་ཆུབ་ཀྱི་སེམས་དང་སྦྱིན་པ་ལ་སོགས་པ་ཞེས་གསུངས་པས་སློབ་དཔོན་ཁོང་གིས་རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ་ལ་ཆོས་སྤྱོད་བཅུ་ཡི་ངོས་འཛིན་བྱེད་པར་གསལ་ཆ་ཆེ། གཞན་དུ་ཕར་ཕྱིན་བཅུ་ལ་ངོས་འཛིན་བྱེད་པ་ཡིན་ན་སེམས་བསྐྱེད་ཐོག་མར་སྨྲོས་པ་འབྲེལ་མེད་དུ་འགྱུར་བའི་ཐལ་བའང་ཟློག་པར་དཀའོ།   ཐལ་འགྱུར་འདི་ཡི་ལན་ལགཞུང་དེས་སེམས་བསྐྱེད་ཆོས་སྤྱོད་བཅུའི་དང་པོར་བསྟན་པ་མ་ཡིན་ཏེ།  སློབ་དཔོན་གྱིས་ནི་ཆོས་སྤྱོད་བཅུས་བསམ་པ་མ་བསྡུས་སོ་སྙམ་དུ་དགོངས་ནས་བསམ་པའང་བསྡུ་བའི་ཆེད་དུ་བསམ་པ་སེམས་བསྐྱེད་བསྣན་པ་ཡིནཞེས་པའི་ཞིབ་ཆ་ཁེ་མཚར་ཞིག་གནང་ཡོད་མོད།  དེ་ནི་ཁྱེད་ཀྱིས་དཔའ་བོ་སེངྒེའི་ཁ་ནས་སྡར་མ་ཝ་ཡི་སྐད་ཤོར་བ་ཡིན་ཏེ།  ཆོས་སྤྱོད་བཅུས་མདོ་དོན་མ་ལུས་པ་བསྡུས་པའི་ཚེ་སེམས་བསྐྱེད་མ་བསྡུས་སོ་སྙམ་པའི་དོགས་པ་དེ་ནི་གཞི་མེད་ཀྱི་འཁྲུལ་བ་རག་པ་ཞིག་ཡིན་པས།  འཕགས་ཡུལ་ན་མིང་དུ་གྲགས་པའི་མཁས་མཆོག་སེང་བཟང་ལྟ་བུ་ལ།  བྱིས་པའི་རྣ་ལམ་དུའང་འགྲོ་དཀའ་བའི་འཁྲུལ་བ་དེ་འདྲ་སྐྱེ་མི་སྲིད་དོ།།   རྒྱ་ལ་གལ་སྲིད་དུ་སེམས་བསྐྱེད་ཐོག་མར་བསྟན་པ་དེ་ལྟར་ཡིན་དུ་སྲིད་ཀྱང་།  ད་དུང་བརྒྱད་སྟོང་འགྲེལ་ཆེན་ལསབྱང་ཆུབ་ཀྱི་སེམས་དང་གདམས་ངག་ལ་སོགས་པཞེས་སེམས་བསྐྱེད་ཀྱི་མཇུག་ཐོགས་སུ་རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་གཉིས་པ་གདམས་ངག་ཀྱང་བྱུང་འདུག་པ་འདི་ལ་གསལ་བཤད་ཟབ་ཟབ་ཅིག་གནང་དགོས་པ་ལྷག་འདུག་པ་མཁྱེན་པར་མཛོད།   གལ་ཏེ་འགྲེལ་ཆུང་ལསབྱང་ཆུབ་ཀྱི་སེམས་དང་སྦྱིན་པ་ལ་སོགས་པ་སྒྲུབ་པའི་སྤྱོད་པཞེས་གསུངས་པས་སྦྱིན་སོགས་ཕར་ཕྱིན་བཅུ་ལ་ངོས་འཛིན་པར་གསལ་ལོ་ཞེ་ན།  དེ་ནི་ཁྱེད་ཅུང་ཙམ་འཆུག་པ་འདྲ་སྟེསྦྱིན་པ་ལ་སོགས་པ་སྒྲུབ་པའི་སྤྱོད་པཞེས་གསུངས་པ་དེའི་ཕྱིར་དོན་འདི་ནི་གདམས་ངག་གི་འདོམ་བྱར་གྱུར་བའི་སྒྲུབ་པ་རང་གི་ངོ་བོ་རུ་བཞེད་པ་གསལ་ལ།  རོང་སྟོན་པ་ཤེས་བྱ་ཀུན་རིག་གི་ཞལ་ནས་ཀྱང་དོན་འདི་བཞིན་འཆད་པས་ཁུངས་བཙན་ནོ།།  སྤྱིའི་ཆ་ནས་ཕར་ཕྱིན་བཅུ་ལ་ཆོས་ཀྱི་སྤྱོད་པ་བཅུ་ཞེས་པའི་མིང་སྦྱར་བ་ཙམ་ལ་འགལ་བ་ཆེར་མ་མཐོང་ཡང་། སྐབས་འདིའི་ཆོས་སྤྱོད་བཅུ་དང་ཕར་ཕྱིན་བཅུ་ཕན་ཚུན་སྦྱར་ནས་དེ་ཉིད་འཕགས་པ་ཡབ་སྲས་ཀྱི་གཞུང་དང་བསྒྲིག་པ་ནི་ཡིད་ལ་འབབ་པའི་ལེགས་བཤད་མ་ཡིན་ནོ།།  

 

 

ཤེས་རབ་མེ་ལྕེ་འཁོར་བའི་མཚོན་ཆ་ཡིས།།

བུ་ཡིས་ཕ་ལ་རྒོལ་བའི་སྡིག་རྩུབ་འདིས།།

འཇིགས་རུང་དམྱལ་བའི་གྲོང་ལ་འཕངས་ན་ཡང་།།

ཕྱིར་ནུད་མེད་པ་མཁས་པའི་དམ་ཚིག་ཡིན།།

ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།

 

                 ༼༦༽

སེམས་བསྐྱེད་པ་ནི་གཞག་དོན་ཕྱིར།།  ཡང་དག་རྫོགས་པའི་བྱང་ཆུབ་འདོད།།  ཅེས་པའི་སྐབས་སུ་རྒྱ་གར་ནས་བྱམས་མགོན་གྱི་ཐུགས་སྲས་རྣམ་གཉིས་སུ་གྲགས་མྱོང་པའི་འཕགས་སེང་གཉིས་ཀྱིས།  འདོད་པ་སེམས་བྱུང་ཡིན་པས་སེམས་བསྐྱེད་མ་ཡིན་ཡངཡང་དག་རྫོགས་པའི་བྱང་ཆུབ་འདོདཅེས་པ་སེམས་བསྐྱེད་ལ་འདོད་པའི་མིང་གིས་བཏགས་པ་ཙམ་ཡིན་པས། མིང་དེ་བཏགས་མིང་ཡིན་ཚུལ་གསུངས་པ་དང་།   ད་དུང་ཁོང་རྣམ་གཉིས་ཀྱིསསེམས་བསྐྱེད་པ་ནི་སེམས་ཡུལ་ཁྱད་པར་དུ་འཕགས་པ་སྣང་བ་ཅན་འབྱུང་བ་མ་ཡིན་ནམཞེས་འགྲིན་མཐུན་པར་གསུངས་པས་སེམས་བསྐྱེད་ཅེས་པ་གཙོ་སེམས་ཤིག་གིས་དམིགས་ཡུལ་དང་འཛིན་སྟངས་རྒྱ་ཆེ་རུ་བསྐྱེད་པའི་ཐོག་ནས་གོ་བ་བླངས་ཡོད་པ་གསལ།  ཕྱིས་སུ་བོད་ཀྱི་མཁས་པ་དག་གིས་ཀྱང་སེམས་བསྐྱེད་ཀྱི་ཐོག་ནས་སེམས་དང་སེམས་བྱུང་གང་ཡིན་གྱི་རྩོད་པ་འདི་མཚམས་འཇོག་བྱེད་མ་མྱོང་ནའང་། ཁོ་བོས་ནི་སེམས་བསྐྱེད་སེམས་དང་སེམས་བྱུང་གང་ཡིན་གྱི་དཔྱད་པ་འདི་དུས་ཚོད་གྲོན་པའི་རྒྱུ་ཙམ་ལས་ཅི་ཡང་མ་མཐོང་བས་དེ་ནི་བརྩད་པར་མི་བྱའོ།།  སེམས་བསྐྱེད་ཀྱི་སྐབས་སུ་འཇམ་དབྱངས་མི་གཟུགས་སུ་བྱོན་པ་ཆོས་རྗེ་ས་ལོ་ཙཱ་བ་དང་། བྱང་ཕྱོགས་མཁས་པའི་གཙུག་རྒྱན་རབ་འབྱམས་པ་བསོད་ནམས་སེངྒེ་གཉིས་ཀྱི་ལེགས་པར་བཤད་པའི་ཚིག་དོན་དག་ཟས་བཟང་པོ་ལ་ལན་ཚྭ་སྦྱར་བ་བཞིན་ཉམས་སུ་མྱོང་ཚེ།  མངར་ལ་སིམ་པའི་བྲོ་བ་ཁྱད་མཚར་ཞིག་འབྱུང་དུ་ཡོད་པས་ཁོ་བོ་ནི་སྐལ་བ་བཟང་ངོ་།།  དེ་ཡང་ཆོས་རྗེས་སེམས་ཆོག་ཏུ།   སེམས་བསྐྱེད་ཀྱི་ངོ་བོ་རྫོགས་པའི་བྱང་ཆུབ་ཀྱི་སྒྲུབ་པ་ཁྱད་པར་བ་བཞག་ནས། ཚོགས་ལམ་ནས་སངས་རྒྱས་ས་ཡི་བར་གྱི་མངོན་རྟོགས་མཐའ་དག་སེམས་བསྐྱེད་དུ་བསྡུ་བར་མཛད་ནས།   སེམས་དང་སེམས་བྱུང་གང་ཡིན་གྱི་འབྲས་མེད་ཀྱི་རྩོད་ཉོག་དེ་ཚོ་ལ་དོ་ཁུར་གནང་མེད་པ་དང་།  ཀུན་མཁྱེན་མཁས་པའི་དབང་བོ་གང་དེས་ཀྱང་སེམས་བྱུང་སྨོན་པ་དང་འདུན་པ་གཉིས་སེམས་བསྐྱེད་ཀྱི་ངོ་བོར་གྱུར་པ་ན་དེ་དང་མཚུངས་ལྡན་གྱི་སེམས་དང་སེམས་བྱུང་མཐའ་དག་སེམས་བསྐྱེད་དུ་གྱུར་བ་མངོན་པ་གོང་འོག་དང་།  བྱང་ས་སོགས་ཁུངས་ཐུབ་ཀྱི་གཞུང་ལ་སྦྱར་ནས་འཆད་པ་ནི་རྨད་དུ་བྱུང་བའི་ལེགས་བཤད་ཅིག་ཏུ་སེམས་སོ།།  གཞན་ཡང་པཎྜི་ཏ་ཤཱཀྱ་མཆོག་ལྡན་སོགས་སྔོན་རབས་ཀྱི་མཁས་པ་ཁ་ཅིག་དང་། བཀའ་དྲིན་གཞལ་མཐའ་བྲལ་བའི་དགེ་བའི་བཤེས་གཉེན་པདྨ་བློ་གྲོས་སོགས་ཆོས་རྗེའི་གསུང་རབ་ལ་ཐུགས་རབ་ཏུ་གཞོལ་བའི་དེང་གི་རིག་པ་སྨྲ་བ་འགའ་ཞིག   ཆོས་རྗེས་དགོངས་པ་ལསེམས་བསྐྱེད་པ་ནི་གཞན་དོན་ཕྱིར།།  ཡང་དག་རྫོགས་པའི་བྱང་ཆུབ་འདོདཅེས་པའི་རྒྱན་ཚིག་དེས་ཀུན་རྫོབ་སེམས་བསྐྱེད་ཁོ་ནའི་མཚན་ཉིད་བསྟན་པ་ཡིན་གྱི་སེམས་བསྐྱེད་སྤྱི་ཡི་མཚན་ཉིད་མ་བསྟན་པར་འདོད་པ་ནི། ཁོ་བོ་མ་རིག་པའི་ལིང་ཏོག་སྟུག་དྲག་པས་མ་མཐོང་བ་མིན་ན་ཁྱེད་རྣམ་གཉིས་ཅུང་ཟད་འཆུག་སོང་བ་ཐག་གིས་ཆོད།   དེ་ཡང་གལ་ཏེ་དེ་ལྟར་ཁས་ཆེ་བ་ཡིན་ན།  སེམས་བསྐྱེད་སྤྱི་ཡི་ངོ་བོ་སྟོན་པའི་རྒྱན་གྱི་གཞུང་ཚིག་མེད་པར་ཐལ་ཞེས་དང་། དེ་ཡང་ས་གསེརཞེས་སོགས་ཀྱིས་སེམས་བསྐྱེད་སྤྱི་ཡི་དབྱེ་བ་མ་བསྟན་པར་ཐལ་ཞེས་དང་།  ས་ལྟ་བུ་ལ་སོགས་པའི་སེམས་བསྐྱེད་ཉེར་གཉིས་པོ་གང་རུང་ཡིན་ན་ཀུན་རྫོབ་སེམས་བསྐྱེད་ཡིན་པས་ཁྱབ་པར་ཐལ་ཞེས་དང།  རྣམ་མཁྱེན་མཚོན་བྱེད་ཀྱི་སེམས་བསྐྱེད་ཡིན་ན་ཀུན་རྫོབ་སེམས་བསྐྱེད་ཁོ་ན་ཡིན་པས་ཁྱབ་པར་ཐལ་ལོ་ཞེས་པའི་ལན་ཟློག་ཏུ་མེད་པའི་ཐལ་འགྱུར་གནམ་ལྕགས་ཀྱི་འཁོར་ལོ་འདྲ་བ་འདི་དག་དྲག་ཆར་འབབ་པ་བཞིན་འཕེན་ཡོང་པས་ད་ནི་བྲོས་བྱོལ་ཇི་ལྟར་བྱས་ཀྱང་ཐར་བའི་གོ་སྐབས་མེད་དོ།།  ཀུན་མཁྱེན་ཆོས་ཀྱི་རྒྱལ་བོ་མི་མངོན་ལྷ་ཡི་ཞིང་ཁམས་ནས་ཐུགས་རབ་ཏུ་རྒྱས་པར་གྱུར་ཅིག།   གལ་ཏེ་ཆོས་རྗེ་ཉིད་ཀྱིས་སེམས་ཆོག་ཏུ་དེ་ལྟར་གསལ་བས་ཁོ་བ་ཚང་ལ་ལན་པ་མེད་དོ་ཞེ་ན།   སེམས་ཆོག་ཏུ་ནི་གཞུང་དེས་ཀུན་རྫོབ་སེམས་བསྐྱེད་ཀྱི་མཚན་ཉིད་བསྟན་པར་གསུངས་ཀྱི།  སེམས་བསྐྱེད་སྤྱི་ཡི་མཚན་ཉིན་མ་བསྟན་ཞེས་པའི་ཚིག་གི་ཟ་ཟུར་ཙམ་ཡང་མི་སྣང་བས། ཕྱེན་རང་གིས་བཏང་ནས་འཛུབ་མོ་གཞན་ལ་མ་བཀེར་ཅིག  ད་དུང་ཁྱེད་ཀྱིས་དམིགས་པ་ཆོས་རྣམས་ཐམས་ཅད་དེཞེས་པའི་གཞུང་དེས་ཆོས་ཐམས་ཅད་བསྟན་པས་སེམས་བསྐྱེད་ཀྱི་མཚན་ཉིན་སྟོན་པའི་རྒྱན་གཞུང་འདི་ཡིན་ཟེར་ནས་འུ་ཐུག་གེ་ཟད་ཀྱི་ཞིབ་ཆ་འདྲ་ཕྱེས་ཡོང་ཚེ།  དེ་ནི་སྙིང་རྗེ་འཕེལ་བའི་ཡུལ་ཡིན་པས་རེ་ཞིག་གུ་ཡངས་སུ་བཏང་ངོ།། གཞན་ཡང་སྨྲོས་ཟིན་པའི་མཁས་པ་སྔ་ཕྱི་གཉིས་ན་རེ།  སྨོན་འཇུག་གི་སེམས་བསྐྱེད་གཉིས་ལ་ཀུན་རྫོབ་སེམས་བསྐྱེད་ཀྱི་ཁྱབ་པ་ཆོས་རྗེས་བཞེད་པ་ཡིན་ཏེ།  སེམས་ཆོག་ཏུ་སྨོན་འཇུག་གཉིས་རགས་པ་བརྡ་ལས་བྱུང་བའི་སེམས་བསྐྱེད་དུ་གསུངས་པའི་ཕྱིར་ཞེས་འདོད།  དེ་ནི་མཁྱེན་བཞིན་དུ་ཀྱོག་ནས་འགྲེལ་བའམ་ཡང་ན་མ་ཤེས་པར་ཧོལ་གྱིས་བཤད་པ་རང་ཡིན་ཏེ།  ཆོས་རྗེས་སེམས་ཆོག་ཏུ་སེམས་བསྐྱེད་ལ་ངོ་བོ་དང་།  དབྱེ་བ། སྐབས་དོན་བཤད་པ།  ཞེས་ས་བཅད་གསུམ་དུ་ཕྱེས་ནས།  དང་པོ་ངོ་བོ་ལ་རྫོགས་པའི་བྱང་ཆུབ་ཀྱི་སྒྲུབ་པ་ཁྱད་པར་བ་དང་།   གཉིས་པ་དབྱེ་ན་ངོ་བོའི་སྒོ་ནས་སྨོན་འཇུག་གཉིས་སུ་དབྱེ་དགོས་པ་ཤོག་བུ་དཀར་པོའི་ངོས་སུ་ཡི་གེ་ནག་ཤར་རེར་བྲིས་འདུག་པས་ད་ནི་གོ་བ་ཡོད་མདོག་གིས་གད་པ་ལ་ཐུག་ཀྱང་ཕྱིར་མི་ཟློག་པའི་རྣམ་ཐར་མི་བསྐྱང་བར་ཞུའོ།།   

 

               ༼༧༽ 

དབང་པོ་རྟུལ་དང་རྣོན་པོ་དང་།།  ཞེས་སོགས་ཀྱི་སྐབས་སུ་རབ་འབྱམས་པ་བསོད་ནམས་སེངྒེས་སྐྱེས་བུ་མཆོག་གི་གསལ་བྱེད་དུ།  སྔོན་ཆད་གཞན་གྱི་ཡིད་ལ་མ་ཤར་བརང་ཉིད་ཀྱིས་ཐུན་མོང་མ་ཡིན་པའི་གྲངས་བགྲང་ཚུལ་དམིགས་བསལ་བ་ཞིག   དགག་བཞག་སྒྲུབ་བྱེད་དང་བཅས་པ་ལེགས་པར་བསྟན་པའི་རྗེས་སུ།   ཁོ་བོས་མདོ་དང་བསྟན་བཅོས་ཀྱི་དགོངས་པ་འདི་བཞིན་དུ་སྨྲ་བ་ལ་མི་ཤེས་པ་དག་གིས་འཇིག་རྟེན་ཕལ་བའི་སྐད་ལ་བརྟེན་ནས་ཅི་ཡང་སྨྲ་བར་མི་བྱ་སྟེ།  བླུན་པོ་སྨྲ་བ་ཉུང་ན་མཛེས་པའི་ཕྱིར།  མདོ་དང་བསྟན་བཅོས་ཀྱི་དོན་ལ་བློ་གྲོས་ཀྱི་སྣང་བ་རྒྱས་པ་དག་གིས་འཐད་མི་འཐད་ཀྱི་ཆ་སྨྲ་བ་ནི་བསྟན་པ་འཛིན་པའི་ལུགས་ཡིན་པས་ཁོ་བོས་ཀྱང་བརྟགས་དཔྱད་བྱའོཞེས་མཁས་པའི་ཡིད་འཕྲོག་པའི་གཏམ་ཞིག་གསུངས་མྱོང་པ་དེ་ལ།  ཉིད་ཀྱི་གསུང་རབ་མང་དུ་ཐོས་པའི་རྐྱེན་གྱིས་མདོ་དང་བསྟན་བཅོས་ཀྱི་དོན་ལ་བློ་ཡི་སྣང་བ་མེ་ཁྱེར་གྱི་འོད་ཙམ་ཐོབ་ཅིང་།  བསྟན་པ་འཛིན་པའི་ཚུལ་ལུགས་ལ་རབ་ཏུ་མོས་པའི་གུས་པ་བདག་གིས་རང་བློར་ཤོང་ཚོད་ཀྱི་དྲི་བ་ཆུང་ཆུང་ཞིག  བྱིས་པས་ལག་གྲོས་བྱེད་པའི་ཚུལ་དུ་འབུལ་བར་བགྱི་བས། འོག་མིན་མངོན་པར་དགའ་བའི་ཞིང་ཁམས་ནས་སྙན་གྱི་དབང་བོ་དལ་ཅིག་གསན་པའི་རེ་བ་ལན་བརྒྱར་ཞུའོ།།   དེ་ཡང་ཁྱེད་ཀྱིས་རང་གིས་བཞེད་ཚུལ་བསྟན་བཅོས་རྩ་བའི་དགོངས་པ་དང་སྦྱར་བའི་སྐབས་སུསྤྱིར་བསྟན་བཅོས་འདིར་སེམས་བསྐྱེད་ཉུ་ཤུ་རྩ་གཉིས་དང་།  གདམས་ངག་བཅུ་ལ་སོགས་པ་ནས་ཕྲིན་ལས་ཉི་ཤུ་རྩ་བདུན་གྱི་བར་བསྟན་བཅོས་ཀྱི་ཚིག་ཟིན་ལ་གྲངས་དངོས་སུ་བསྟན་པ་རྣམས་ལ་བསྟན་བཅོས་ལ་མ་ཚང་བར་མདོ་ལས་ཁ་སྐོང་དགོས་པའི་ཚུལ་གཏན་ནས་མེད་པས་འདིར་ཡང་བསྟན་བཅོས་ཀྱི་དངོས་བསྟན་ལ་ཉི་ཤུ་ཚང་དགོསཞེས་ཐུགས་ཐག་ཆོད་པོས་གསུངས་ཡོད།  འོ་ན་སྤྱིར་བསྟན་བཅོས་འདིར་སེམས་བསྐྱེད་ཉི་ཤུ་རྩ་གཉིས་ནས་ཕྲིན་ལས་ཉི་ཤུ་རྩ་བདུན་གྱི་བར་གྲངས་དང་རབ་དབྱེ་ཚིག་ཟིན་ལ་དངོས་སུ་བསྟན་པའི་གཞུང་ཚན་རྣམས་ལ་གྲངས་སུ་བགྲང་མི་དགོས་པའི་དབྱེ་གཞི་དང་དབྱེ་ཆོས་སོ་སོར་བསྟན་པ་གཏན་ནས་མེད་པས།  འདིར་དབྱེ་གཞི་འོག་མིན་འགྲོ་དང་དབྱེ་ངོ་འཕར་བ་གསུམ་སོ་སོར་ཕྱེས་ནས་རྩ་བའི་ཚིན་ཟིན་ལ་ཐོན་འདུག་པ་ཅིའི་ཕྱིར་ཡིན།  དྲི་བ་འདི་བཏོན་པས་རྗེ་ཉིད་མིག་ཧུར་རེ་ལུས་མི་འགྲོ་བའི་རེ་བ་ཤིན་ཏུ་ཆེ།  ཤིན་ཏུ་ནས་ཀྱང་ཆེ།  གལ་ཏེ་དེ་འདྲའི་གནས་ཚུལ་འདྲ་བྱུང་ན་ང་རང་སྡིག་པ་ལྕིའོ།། 

འདི་ལ་ཁྱེད་ཀྱིས་སྐྱེས་བུ་ཆོག་གི་གསལ་བྱེད་དུསངས་རྒྱས་ལ་སོགས་དཀོན་མཆོག་གསུམཞེས་པའི་སྐབས་སུ་དཀོན་མཆོག་གསུམ་སོ་སོར་བགྲང་མི་དགོས་པ་དང་མཚུངས་པར་སྒྲེ་བའི་ལན་ཞིག་བསྟན་འདུག་མོད།  དེ་ནི་རང་གིས་འདོད་ཕྱོགས་ཀྱི་མཐའ་མ་ཁེབས་པར་བཙན་ཚུགས་ཀྱིས་མཚུངས་པར་བསྒྲིགས་པ་ཙམ་ལས་དོན་གྱིས་ན་མཚུངས་པར་དཀའ་སྟེ།  དེ་ཡི་སྐབས་སུསངས་རྒྱས་ལ་སོགས་དཀོན་མཆོག་གསུམཞེས་དཀོན་མཆོག་གསུམ་གཅིག་ཏུ་བྱས་ནས་བགྲང་འདུག་ལ། འདིར་ནིབྱེད་དང་བྱེད་མིན་འོག་མིན་འགྲོཞེས་དབྱེ་གཞི་འོག་མིན་འགྲོ་སྟོན་པའི་རྩ་བའི་ཚིག་རྐང་རྫོགས་པའི་རྗེས་སུ་སླར་ཡངའཕར་གསུམཞེས་འབྱུང་བས་འདྲ་བའི་གོ་སྐབས་མེད་དོ།།   སླར་ཡང་ཁྱེད་ཀྱིས་འདི་ལྟར་གསུངས་ཏེ།  བསྟན་བཅོས་རྩོམ་པ་པོས་ཐ་སྙད་ཟོར་ཡང་བའི་ཕྱིར་དུ་ཞུགས་པ་རྣམས་ཕྱོགས་གཅིག་དང་། འབྲས་གནས་ཙམ་པོ་རྣམས་ཕྱོགས་གཅིག་དང་།  ཁྱད་པར་ཅན་རྣམས་ཕྱོགས་གཅིག་པར་མཛད་པར་སྣང་བས།   ལུགས་འདི་ལས་འོས་མེད་དོཞེས་བྲིས་འདུག   འོ་ན་དེ་ལས་ཟློག་ཏེ་དབང་བོའི་སྒོ་ནས་དབྱེ་བ་རྣམས་ཕྱོགས་གཅིག་དང་། འབྲས་བུའི་སྒོ་ནས་དབྱེ་བ་རྣམས་གཅིག་པར་མཛད་འདུག་པས་དོན་འདི་ལས་འོས་མེད་དོ་ཞེས་ཞུ་བ་ཕུལ་ན་གསུང་ལན་ཅིག་ཅི་ཞིག་ཡོད་ཨང་། 

                

              ༼༨༽

སྒྲུབ་དང་བདེན་པ་རྣམས་དང་ནི།།  ཞེས་སོགས་གདམས་ངག་བཅུ་ཡི་སྐབས་སུ།  རྒྱ་བོད་མཁས་པ་རྣམས་ཞལ་གཅིག་མཐུན་གྱིས་གདམས་ངག་དེ་རྣམས་ཀྱིས་ཡུལ་བདེན་གཉིས་ལས་མི་འདའ་བར་ཉམས་སུ་ལེན་དགོས་ཚུལ་སྟོན་དགོས་པ་དང་།  ཉམས་སུ་ལེན་པའི་གང་ཟག་དག་གིས་ཀྱང་ཡུལ་བདེན་གཉིས་མི་འདའ་བར་ཉམས་སུ་ལེན་དགོས་ཞེས་གསུངས་མ་མྱོང་མཁན་ནི་ཕལ་ཆེར་མེད་ནའང་།   ཡུལ་བདེན་གཉིས་ལས་མི་འདའ་བའི་ཚུལ་ནི་འདིའོ་ཞེས་གནད་བརྒྱ་གཅིག་བསྡུས་ཀྱིས་ཤོད་ཡོད་པ་ནི་ཧ་ལམ་དཀོན་པའི་ཚོད་དུ་གནས་ཡོད།  དེ་ཡང་སྔོན་གྱི་གྲུབ་པའི་དབང་པོ་ཞིག་གིསའདི་ཉིད་ཤེས་ན་བ་གླང་རྫི་ཡང་གྲོལ།། འདི་ཉིད་མ་ཤེས་པཎྚི་ཏ་ཡང་འཁྲུལཐུགས་ཤིན་ཏུ་དག་ཏེ།  གཟུར་བོར་གནས་ཤིང་ཤེས་རབ་ཀྱིས་ཕྱུག་པའི་གནའ་བོའི་རྒྱ་གར་གྱི་པཎྚི་ཏ་གྲངས་ཀྱིས་མི་ལོངས་པ་ཞིག་གིས་ཀྱངཡུལ་བདེན་གཉིས་ལས་མི་འདའ་བའི་ཚུལགྱི་ངོས་མཛིན་གནང་སྟངས་ལ་འདོད་ཕྱོགས་མི་མཐུན་པའི་རྐྱེན་གྱིས་བྱེ་མདོ་དང་དབུ་སེམས་སོགས་གྲུབ་མཐའ་མི་འདྲ་བ་ཁག་བཞི་རུ་གྱེས་པ་དང་། 

བྱེ་བྲག་ཏུ་སྨྲ་བ་ལ་རྩ་བའི་སྡེ་བཞི་དང་གྱེས་པ་བཅོ་བརྒྱད་སོགས་ཡོད་པ་དང།   མདོ་སྡེ་པ་ལའང་རིགས་པའི་རྗེས་འབྲང་གི་མདོ་སྡེ་པ་དང་ལུང་གི་རྗེས་འབྲང་གི་མདོ་སྡེ་གཉིས་སུ་གྱེས་པ།  སེམས་ཙམ་པ་ལ་རྣམ་རྫུན་དང་རྣམ་བདེན་གཉིས་སུ་གྱེས་པ་དང་།  དབུ་མ་པ་ལ་ཐལ་འགྱུར་པ་དང་རང་རྒྱུད་གཉིས་སུ་གྱེས་པ་སོགས་རྒྱ་གར་ཞེས་པའི་ཡུལ་གྲུ་ཆུང་ཆུང་དེ་ནས་ཤེས་རབ་ཀྱི་གནམ་ས་བསྒུལ་མྱོང་པའི་ནང་བའི་སློབ་དཔོན་ཆེན་པོ་དག་གིས་ཐལ་ངག་གི་གད་རྒྱངས་བསྒྲག་ས་ནིཡུལ་བདེན་གཉིས་ལས་མི་འདའ་བའི་ཚུལའདི་ཁོ་ན་ཡིན།  དེ་ལ་བྱེ་མདོ་དང་སེམས་ཙམ་གྱི་སློབ་དཔོན་དག་གིས་ཡུལ་བདེན་གཉིས་ལས་མི་འདའ་བའི་ཚུལངོས་མཛིན་གནང་ཚུལ་ནི་རེ་ཞིག་སྐབས་སུ་མ་བབས་པའི་བཏང་སྙོམས་སུ་བཞག་ལ།  འདིར་ཐལ་རང་གཉིས་ཀྱིསཡུལ་བདེན་གཉིས་ལས་མི་འདས་པའི་ཚུལབཞེད་སྟངས་ལ་རང་བློ་ཤར་ཚོད་ཀྱིས་བསྡུས་ཙམ་ཞིག་གླེང་བར་བྱས་ན།  དེ་ཡང་འདི་ལྟ་སྟེ་ཐལ་འགྱུར་བས་ཉམས་བཞག་སྣང་མེད་དུ་འདོད་པ་དེ་འཕགས་པའི་མཉམ་བཞག་གི་རིག་ངོ་ལ་ཀུན་རྫོབ་ཀྱི་སྣང་བ་ཅི་ཡང་མེད་པ་ལ་བྱེད་པས།  དེ་འདྲའི་སྣང་མེད་ཀྱི་མཉམ་བཞག་དེ་བདེན་གཉིས་ལས་མི་འདའ་བའི་ཉམས་ལེན་ཞིག་ཏུ་འགྲོ་དཀའ་བར་འདུག་སྟེ།  ཀུན་རྫོབ་རིག་པས་བཀག་ཙམ་མ་ཡིན་པར་ཀུན་རྫོབ་ཀྱི་སྣང་བ་ཡོངས་སུ་བཀག་ཀྱང་ད་དུང་ཀུན་རྫོབ་ལ་སྐུར་བ་བཏབ་པ་མིན་ན། དེ་ཡན་གྱི་སྐུར་བ་འདེབས་པའི་ཚད་གཞི་ཞིག་བརྙེད་ཚུལ་མེད་དོ།།  གཞན་ཡང་སྣང་བ་བཀག་པའི་མཉམ་བཞག་གི་ལྟ་བ་དེ་ཧ་ཤང་མ་ཡ་ནས་བོད་དུ་དར་སྤེལ་བྱས་པའི་དཀར་པོ་ཆིག་ཐུབ་ཀྱི་ལྟ་བ་དེ་དང་ནོར་དོགས་ཆེ་སྟེ།  སྦྱོར་བའི་དུས་སུ་གནས་ལུགས་ཐོས་བསམ་གྱི་རིག་པས་ཇི་ཙམ་བསྟན་ལ་ཕབས་ཀྱང་།  དངོས་གཞིའི་སྐབས་སུ་གང་དུའང་འཛིན་པ་མེད་པའི་སྟོང་ཧ་རེ་བ་ཞིག་བསྒོམ་དུ་ཞུགས་པ་ཡིན་ན།  སྦྱོར་བ་ཐོས་བསམ་སྔོན་དུ་སོང་ཚུལ་མི་འདྲ་པ་ལས་དངོས་གཞི་མཉམ་བཞག་གི་ལྟ་བ་གཅིག་པ་རང་དུ་སོང་བས།  ཐོས་བསམ་གྱི་དཀའ་ལས་བྱས་པ་ཡང་དོན་མེད་དུ་མི་འགྱུར་བའི་རྒྱུ་མཚན་བཤད་དཀའ།  སྣང་བ་གཏན་ནས་མེད་པའི་མཉམ་བཞག་ལ་སྙིང་རྗེ་དང་སེམས་བསྐྱེད་སྐྱབས་འགྲོ་དང་དད་པ་སོགས་ཐབས་ཀྱི་ཉམས་ལེན་ཞིག་ཇི་ལྟར་ཡོད་དེ། སྙིང་རྗེ་བའི་ཡུལ་དང་དད་པ་སྐྱེ་བའི་ཡུལ་དེ་མ་སྣང་བཞིན་དུ་སྙིང་རྗེ་དང་དད་པ་སྐྱེ་བ་ཡོད་ན་རི་རྭ་དང་མོ་ཤམ་གྱི་བུ་སོགས་ལ་དད་པ་དང་སྙིང་རྗེ་མི་སྐྱེ་པའི་རྒྱུ་མཚན་མེད།  དེ་འདྲའི་མཉམ་བཞག་གི་དུས་ཀྱི་ཅི་མེད་ཅང་མེད་ཀྱི་ལྟ་བ་དེ་ཆོས་ཀྱི་རྩ་བ་སྙིང་རྗེ་དང་བྲལ་བ་ཡིན་པས་བདེན་གཉིས་ལས་མི་འདའ་པའམ་བདེན་གཉིས་ཟུང་འཇུག་གི་ཉམས་ལེན་དུ་ཇི་ལྟར་འགྲོ།  གྲུབ་པའི་དབང་ཕྱུག་ཆེན་པོ་སློབ་དཔོན་ས་ར་ཧས།  སྙིང་རྗེ་སྤངས་པ་སྟོང་བ་ཉིད་ཀྱིས་ཀྱང་།།  དེས་ནི་ལམ་མཆོག་རྙེད་པ་མ་ཡིན་ཏེཞེས་གསུངས་པའི་སྙིང་རྗེ་སྤངས་པའི་སྟོང་ཉིད་དེ་འདི་ལས་གཞན་ཞིག་ག་ལ་ཡོད།  འདི་ཡི་རྗེས་ཐོབ་ཏུ་སྙིང་རྗེ་དང་སེམས་བསྐྱེད་ཇི་ལྟར་བྱས་ཀྱང་དངོས་གཞི་མཉམ་བཞག་གི་བློ་རང་གི་དུས་དུ་སྙིང་རྗེ་བཀག་པས་ཐབས་ཤེས་ཡ་བྲལ་དུ་འགྱུར་ཏེ།  ཤེས་རབ་ཀྱི་དུས་སུ་ཐབས་མེད་ཐབས་ཀྱི་དུས་སུ་ཤེས་རབ་མེད་པས་སོ།།  དཔེར་ན་གཞུ་ཡོད་དུས་མདའ་མེད་མདའ་ཡོད་དུས་གཞུ་མེད་ན་མདའ་གཞུ་ཡ་བྲལ་དུ་སོང་བ་འདྲ།   མདའ་གཞུ་ཡ་བྲལ་དུ་གྱུར་ན་མདའ་མཁན་གྱི་སྐྱེ་བུ་འཕོང་སྐྱེན་ནའང་གཞུ་ལ་མདའ་སྤྲད་ནས་འཕེན་པའི་ཐབས་མེད་པ་བཞིན་དུ།  ཤེས་རབ་དང་སྙིང་རྗེ་ཡ་བྲལ་དུ་གྱུར་བ་ན་ཉམས་སུ་ལེན་པའི་གང་ཟག་དེ་ཐབས་ལ་ཇི་ཙམ་མཁས་ནའང་།  ཐབས་ཤེས་ཟུང་འཇུག་གི་ལམ་ལ་བརྟེན་ནས་འབྲས་བུ་མངོན་དུ་བྱ་བའི་སྐལ་བ་ཡོད་མི་སྲིད། ཆོས་ཡང་དག་པར་སྡུད་པའི་མདོ་ལས།  སྤྱན་རས་གཟིགས་དབང་ཕྱུག་གིས་གསོལ་བ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆོས་ཤིན་ཏུ་མང་པོ་ལ་བསླབ་པར་མི་བགྱིའོ།། བྱང་ཆུབ་སེམས་དཔའ་ཆོས་གཅིག་རབ་ཏུ་གཟུང་ཞིང་རྟོགས་པར་བགྱིས་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་དེའི་ལག་མཐིལ་དུ་མཆིས་པ་ལགས་སོ།།  གཅིག་པོ་གང་ཞེ་ན།  སྙིང་རྗེ་ཆེན་པོའོཞེས་སྙིང་རྗེ་ཆེན་པོ་ཐེག་ཆེན་གྱི་ཆོས་ཐམས་ཅད་ཀྱི་གཙོ་བོ་ཡིན་པར་གསུངས་ན། སྙིང་རྗེ་བཀག་པའི་སྟོང་རྐྱང་གི་ལྟ་བ་དེ་ཐུབ་པའི་དགོངས་པ་ལས་ཕྱི་རོལ་དུ་གྱུར་བ་ཁོ་ན་ཡིན།  འདི་ལ་སྐྱོན་སྤོང་བར་འདོད་པ་དག་གིས་མཐོང་སྒོམ་མཉམ་བཞག་གི་ངོར་སྣང་བ་མེད་ཀྱང་སྙིང་རྗེ་བཀག་མི་འགྲོ་བའི་ཤེས་བྱེད་དུ།  སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅནཞེས་པའི་བསླབ་བཏུས་ཀྱི་ལུང་དྲངས་པ་ནི་གཞུང་གི་དགོངས་པ་ཕྱོགས་གར་ཡོད་ཙམ་ཡང་མ་མཐོང་པའི་རང་རྣམ་སྟོན་པ་ཡིན་ཏེ། ལུང་དེའི་དོན་ནི་ཡུལ་སྟོང་བ་ཉིད་དེ་སྙིང་རྗེའི་སྙིང་བོ་ཅན་ཡིན་པས་སྟོང་ཉིད་སྒོམ་དུ་ཞུགས་པ་ན་སྙིང་རྗེ་ངང་གིས་འཕེལ་འོང་ཞེས་པའི་དོན་མ་ཡིན་པར།  ཡུལ་ཅན་བྱང་སེམས་ཀྱི་ཉམས་ལེན་དེས་སྟོང་ཉིད་དང་སྙིང་རྗེ་ཟུང་འཇུག་གི་ལམ་ཉམས་སུ་ལེན་དགོས་པའི་དོན་ཡིན་པ་མཁས་པའི་གཙུག་རྒྱན་འཇམ་དབྱངས་ས་ལོ་ཙཱ་བསརྒྱལ་སྲས་ལམ་བཟངདུ་བཞེད་པ་འདི་ཉིད་ཤིན་ཏུ་རྨད་དོ།།  གལ་ཏེ་ཁྱེད་ཀྱིས་འདོད་པ་དེ་ལྟར་ན།  ཚིག་བཅད་དེའི་མཇུག་ཐོགས་སུབསྐྱེད་པས་བསོད་ནམས་དག་པར་འགྱུརཞེས་ཀྱང་འབྱུང་བས།  སྟོང་ཉིད་དང་མི་ལྡན་པའི་སེམས་ཅན་གཅིག་ཀྱང་མེད་པའི་ཕྱིར། སེམས་ཅན་ཐམས་ཅད་འབད་མེད་དུ་གྲོལ་བར་འགྱུར་བའི་ཐལ་བའང་ཟློག་དཀའ།  གཞན་ཡང་འདི་ཡི་ལུགས་ཀྱི་ཀུན་རྫོབ་ཀྱི་སྣང་བ་བཀག་པའི་ཉམས་ལེན་དེ་བདེན་གཉིས་ཟུང་འཇུག་གི་ལམ་དུ་མི་འགྲོ་སྟེ།བདེན་གཉིས་ཟུང་འཇུག་གི་དོན་ནི། རིམ་ལྔ་ལས།  སྣང་བ་དང་ནི་སྟོང་བ་གཉིས།། སོ་སོའི་ཆར་ནི་ཤེས་གྱུར་ནས།། གང་དུ་དུ་ཡང་དག་འདྲེས་གྱུར་པ།། ཟུང་དུ་འཇུག་པར་དེ་བཤད་དོ།།  ཞེས་གང་དུ་སྣང་བས་སྟོང་བ་ལ་མི་གནོད་སྟོང་བས་སྣང་བ་ལ་མི་གནོད་པར་སྣང་སྟོང་གཉིས་ཡང་དག་པར་འདྲེས་པ་ཞིག་ཏུ་བཤད་ལ།  ཀུན་རྫོབ་ཀྱི་སྣང་བ་བཀག་པའི་ཉམས་ལེན་དེ་ནི་སྟོང་བས་སྣང་བ་ལ་གནོད་པའི་ལམ་ཡིན་པའི་ཕྱིར་རོ།  སྦས་པའི་རྣལ་འབྱོར་བ་ཆེན་མོ་གྲུབ་ཆེན་ཏེ་ལོ་པས།  སྣང་བས་མི་འཆིང་ཞེན་པས་འཆིང་།། ཞེན་པ་ཆོད་ཅིག་ནཱ་རོ་པཞེས་པའི་གདམས་པ་གསེར་ནག་གི་རྡོ་ཚད་འདྲ་བ་དེས་ཀྱང་སྒྲིབ་གཉིས་ཀྱི་འཆིང་བ་ལས་གྲོལ་ཐབས་ཀྱི་ལམ་དེས་སྣང་བ་བཀག་མི་དགོས་པ་གསལ་བཤད་གནང་ཡོད།  དེས་ན་རང་རྒྱུད་པས་སྟོང་བས་སྣང་བ་མ་སྤངས་ཤིང་སྣང་བས་སྟོང་བ་མ་གནོད་པའི་ཟུང་འཇུག་རབ་ཏུ་མི་གནས་པའི་ཉམས་ལེན་དེ་ཐེག་ཆེན་གྱི་ལྟ་བ་རུ་བཞེད་པས།  ཡུལ་བདེན་གཉིས་ལས་མི་འདའ་བའི་ཚུལ་ཡང་འཇོག་པར་སླ་སྟེ།  ཀུན་གཟིགས་རོང་སྟོན་པསཀུན་རྫོབ་ཏུ་སྣང་བ་ལ་བརྟེན་ནས་བསོད་ནམས་ཀྱི་ཚོགས་དང་།  དོན་དམ་སྤྲོས་བྲལ་ལ་བརྟེན་ནས་ཡེ་ཤེས་ཀྱི་ཚོགས་སོག་པར་བྱེད་པ་ཡིན་ནོཞེས་གསུངས་པའི་ཡུལ་བདེན་གཉིས་ལས་མི་འདའ་བའི་འཇོག་ཚུལ་འདིསསྣང་སྟོང་ཟུང་དུ་འཇུག་པའི་ཉམས་ལེན་གྱི་གོ་བའང་གསལ་ཐད་ཆོད་ཅིང་ངེས་ཤེས་འཕེལ་བ་ཞིག་རྩལ་འདོན་གནང་ཡོད་ལ།  མཉམ་བཞག་གིས་སྣང་བ་བཀག་དགོས་པར་འདོད་པ་དག་ལྟར་ན།  དེ་ལྟ་བུའི་མཉམ་བཞག་དེས་ཀུན་རྫོབ་ཏུ་སྣང་ཙམ་ལ་བརྟེན་ནས་སྐུར་བ་མི་འདེབ་པའི་ཚུལ་ཞིག་བསྐལ་བ་བརྒྱ་རུ་བརྩལ་ཀྱང་བརྙེད་རྒྱུ་མེད་དོ།།   གཞན་ཡང་རང་རྒྱུད་པའི་སློབ་དཔོན་ཆེན་པོ་སེངྒེ་བཟང་པོས་ཀྱང་སྤྲོལ་བྲལ་རྟོགས་པའི་རྣལ་འབྱོར་གྱིས་སྒྲིབ་པ་སྤངས་ཚུལ་བསྟན་པའི་སྐབས་སུཡང་དག་པར་ན་གཅིག་ཏུ་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པར་བརྟག་པའི་ངོ་བོ་དང་བྲལ་བ་ཡིན་ནོ་སྙམ་དུ་བསྒོམས་པས་བསྒོམ་པའི་སྟོབས་གྲུབ་པ་ན་། ཁ་ཅིག་ལ་ནོར་བུ་དང་དངུལ་ལ་སོགས་པའི་ཤེས་པ་བཞིན་དུ་འཁྲུལ་བའི་མཚན་མ་མཐའ་དག་སྤངས་པ་སྒྱུ་མ་ལྟ་བུའི་བདག་ཉིད་དུ་སྣང་བའི་བློ་རྣམ་པར་མི་རྟོག་པ་སོ་སོར་རང་གིས་རིག་པར་བྱ་བ་ཅི་ཞིག་ཡང་དག་པར་སྐྱེས་ན།   རྣལ་འབྱོར་པས་ཤེས་བྱའི་སྒྲིབ་པ་ཡང་དག་པར་སྤོང་ངོཞེས་མཐའ་བཞི་རུ་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ།  གང་ཟག་འགའ་ཞིག་ལ་ནོར་བུ་དང་དངུལ་གཡའ་དག་པའི་ནང་དུ་རང་གི་གཟུགས་བརྙན་ཤར་ཡང་རང་གི་གཟུགས་བརྙན་དུ་མ་གྲུབ་པར་རྟོགས་པ་བཞིན་དུ།  གཟུགས་སོགས་ཀུན་རྫོབ་ཀྱི་ཆོས་སྣང་ཡང་བདེན་པར་མེད་པར་རྟོགས་པ་སྒྱུ་མ་ལྟ་བུའི་བདག་ཉིད་དུ་སྣང་བའི་བློ་ཡིན་པར་གསུངས་པ་འདིས་ཀྱང་ཡུལ་བདེན་གཉིས་ལས་མི་འདའ་བའི་ཚུལ་གྱི་གོ་བ་གཏིང་ཚུགས་པ་ཞིག་བསྟན་ཡོད།  དེས་ན་འཕགས་བོད་ཀྱི་རང་རྒྱུད་པའི་སློབ་དཔོན་དག་གིས།  ཡུལ་བདེན་གཉིས་ལས་མི་འདའ་བའི་རྣམ་པར་མི་རྟོག་པའི་ཡེ་ཤེས་དེས་ཡུལ་གྱི་གནས་ཚུལ་མིང་དོན་གྱི་མཚན་མ་དང་མ་འདྲེས་པར་རྟོགས་པ་ལ་མི་རྟོག་པ་ཞེས་བརྗོད་ཀྱི། ཐལ་འགྱུར་བ་ལྟརབློ་ཉིད་སྤྲོས་བྲལ་ངང་དུ་ཐིམཔའི་ཅི་ཡང་ཡིད་ལ་མི་བྱེད་པ་ཙམ་ལ་མི་རྟོག་ཡེ་ཤེས་ཞེས་མི་བརྗོད་དེ། མི་རྟོག་པའི་མཉམ་བཞག་གི་ལྟ་བ་དེསསྣང་བའི་སྟེང་དུ་སྤྲོས་པའི་སྒྲོ་འདོགས་གཅོད་པའི་རྣམ་པ་ཡོངས་སུ་འཛིན་པ་ཡིན་ནོཞེས་པ་འདི་ཉིད་ཁོ་བོས་ནི་གདམས་ངག་ལས་ཀྱང་གདམས་ངག་ཅིག་ཏུ་བརྩི་རིགས་པར་སེམས་ཡོད།  འཇམ་དབྱངས་མི་རུ་སྤྲུལ་བའི་ས་ལོ་ཙཱ་བ་གང་གིས་ཀྱང་།  གང་ཟག་གང་ལ་ལྟོས་ཀྱང་བླ་སྟེ་སྣང་བའི་ཆ་ཀུན་རྫོབ།  སྟོང་བའི་ཆ་དོན་དམ།དབྱེར་མི་ཕྱེད་པའི་ཆ་ལ་ཟུང་འཇུགཡིན་པའིཚུལ་འདི་ལུང་དང་རིགས་པ་དང་མི་འགལ་ངེས་པའི་དོན་གྱི་སྡེ་སྣོད་ཐམས་ཅད་ཀྱི་དགོངས་པ་ཡིན་ནོཞེས་རང་རྒྱུད་པ་དང་ཕྱོགས་མཐུན་པར་གསུངས་པས། གཟུ་བོར་གནས་ཤིང་གཏན་ཚིགས་ཀྱིས་ཕྱུག་པའི་ཡིག་འབྲུ་ཉུང་ཉུང་དེས་ནི།  རང་རྒྱུད་པ་རྡོག་འོག་ཏུ་བཏང་བར་འདོད་པའི་བོད་རྒན་བླུན་པོ་དག་གི་ཁ་ལ་ཁྲོ་ལྕགས་ཀྱི་ཟྭ་བརྒྱབ་པ་ཡིན་ནོ།།  ད་དུང་ལྷ་མཆོག་འཇམ་དཔལ་དབྱངས་ཀྱིསའཛིན་པ་བྱུང་ན་ལྟ་བ་མིནཞེས་བླ་མ་ས་སྐྱ་པ་ལ་གསུངས་པའི་མྱོང་པ་འདིས་ཀྱང་མཉམ་བཞག་གིས་ཀུན་རྫོབ་ཀྱི་སྣང་བ་བཀག་མི་དགོས་པར་གྲུབ་ཏེ།  གཞན་དུ་ནསྣང་བ་བྱུང་ན་ལྟ་བ་མིནཞེས་མ་གསུངས་པ་ལ་རྒྱུ་མཚན་མེད་དོ།།  

 

བྱམས་ཀླུ་དགོངས་གཅིག་སྒྲིག་པའི་ཕྱོགས་འཐེན་དང་།།

ཐལ་རང་འགལ་མེད་འདོད་པའི་ལོག་རྟོག་གཉིས།།

མིང་གི་ལྷག་མ་ཙམ་ཡང་མ་ལུས་པར།།

ཟུང་འཇུག་ཆོས་ཀྱི་སྙིང་བོ་རྟོགས་པར་ཤོག།

ཅེས་པ་ནི་ཀུ་རེའི་ཚུལ་དུ་ངལ་གསོ་བའི་ཚིགས་བཅད་དུ་བཏབས་པའོ།།  

 

                  ༼༩༽

དམིགས་པ་དང་ནི་རྣམ་པ་དང་།།  རྒྱུ་དང་ཡོངས་སུ་འཛིན་པ་ཡིས།།  ཞེས་པའི་སྐབས་སུ་སྐབས་དང་པོའི་དངོས་བསྟན་གྱི་སྦྱོར་ལམ་དེ་བློ་རིག་གང་ཡིན་གྱི་ཐད་ལ། མཁས་པ་སྔ་མ་དག་གིས་ཁ་སྐམ་མིད་པ་མ་འགག་གི་ཚིག་རྩོད་དང་དོན་རྩོད་ནམ་མཁའ་ལའང་ཤོང་དཀའ་བ་ཞིག་མཛད་འདུག་མོད། དེ་དག་རེ་རེ་བཞིན་གླེང་ཚེ་སྙུག་ཐོགས་པ་དབུལ་བོ་ཞིག་གིས་སྣག་ཤོག་གི་འགྲོ་བྲོན་ཡང་དཀའ་ཚོད་འདུག་པས་རེ་ཞིག་བཏང་སྙོམས་སུ་བཞག་གོ   ཁོ་བོས་མི་ལོ་གསུམ་གྱི་རིང་དུ་ཕྱོགས་ཞེན་དང་མཁྲེགས་འཛིན་རྒྱང་དུ་བོར་ཞིང་གཞུང་ལུགས་དང་གྲུབ་མཐའ་དཔང་བོར་བཞག་སྟེ། དྲང་མོའི་བློ་དང་གཟུ་བོའི་མིག་གིས་བལྟས་ཚེ།  འཇམ་དབྱངས་སུ་མི་གཟུགས་སུ་བྱོན་པ་ས་པཎྚི་ཏས་རང་རིག་མངོན་གསུམ་དུ་བཞེད་པ་འདི་ཉིད་རྒྱན་གྱི་དགོངས་པ་འཁྲུལ་མེད་དུ་འགྲོ་བའི་གོ་བ་དང་ངེས་ཤེས་གཏིང་ཚུགས་ཞིག་མ་བཅོས་ལྷུན་གྲུབ་ཀྱིས་བྱུང་བ་འདི་ནི།  སྐལ་བ་བཟང་ངོ་།།  ཨེ་མ་ཧོ།  བླ་མ་འདུལ་འཛིན་པ་མཁན་གཞན་ཕན་སྙིང་པོས་ཀྱང་དོན་འདི་བཞིན་དུ་འཆད་མྱོང་པས་མདོ་དང་བསྟན་བཅོས་ཀྱི་དོན་ལ་བློ་གྲོས་ཀྱི་སྣང་བ་རྒྱས་པའི་གཏན་ཚིགས་ཤིག་ཏུ་བརྩི་བར་རིགས་སོ།། འདི་ཡི་ཐད་དུ་རབ་འབྱམས་པ་བསོད་ནམས་སེངྒེས་ཆོས་རྗེ་པཎྚི་ཏའི་དགོངས་པ་ཤེས་པ་ཐམས་ཅད་རང་གི་ངོ་ལ་རང་རིག་མངོན་སུམ་ཡིན་པའི་དོན་ལ་བཀྲལ་བ་ནི།  སེངྒེའི་ཁ་ནས་ཝ་སྐད་ཤོར་བ་ཡིན་ཏེ།  སྦྱོར་ལམ་བློ་རིག་གང་ཡིན་དཔྱོད་པའི་སྐབས་སུ་ཤེས་པ་ཐམས་རང་གི་ངོ་ལ་རང་རིག་མངོན་སུམ་ཡིན་ཞེས་པའི་འབྲེལ་མེད་སྐད་ཆ་དེ་འདྲ་བླུན་པོ་བདག་གིས་ཀྱང་སྨྲ་མི་སྲིད་པས།  པཎྚི་ཏའི་དགོངས་པ་ལ་བཙན་གྱིས་བཅོས་བཟོ་བརྒྱབ་པ་ཡིན་ནོ།། གཞན་ཡང་རབ་འབྱམས་པ་ཁོང་གིས་སྦྱོར་ལམ་དང་སྤང་བྱའི་རྟོག་པ་ངོ་བོ་གཅིག་ཏུ་བཞེད་པ་ནི་ཧ་ཅང་འཁྲུལ་ཚབ་ཆེ་སྟེ།  བློ་མཚུངས་པར་ལྡན་པ་གཉིས་ལ་ལམ་ཡིན་མིན་གྱི་ཁྱད་པར་འབྱེད་མི་རིགས་པ་ཉིད་ཀྱིས་སེམས་བསྐྱེད་ཀྱི་སྐབས་སུ་གསལ་བར་བསྒྲུབས་ཟིན་པའི་ཕྱིར་དང་།  ཀུན་མཁྱེན་རོང་ཊཱིཀ་པས་བོད་སྔ་རབས་པ་འགའ་ཡིས་སྦྱོར་ལམ་དང་འདིར་བསྟན་གྱི་རྟོག་པ་ངོ་བོ་གཅིག་ལྡན་ཡིན་ཞེས་པའི་བཞེད་ཚུལ་ལ། བྱང་སེམས་སྦྱོར་ལམ་པས་རྣམ་པར་རྟོག་པ་སྤོང་ཕྱིར་དུ་འབབ་པའང་རང་རྒྱུད་ཀྱི་སྦྱོར་ལམ་ཁོ་ན་སྤོང་ཕྱིར་དུ་འབད་པ་ཡིན་པར་ཐལ་ལོ་ཞེས་པའི་ཐལ་འགྱུར་ཞིག་འཕངས་པ་འདི་ལྷ་རྒྱ་བྱིན་གྱིས་ཀྱང་ཟློག་པར་དཀའ་འོ།། ད་དུང་དཔལ་ཆོས་གྲགས་ཀྱིསལག་སོགས་གཡོ་ན་ཐམས་དགཅེས་པའི་རིགས་པ་དེ་གཟུ་བོའི་གཏམ་ཞིག་ཡིན་ཚེ།  སྐུ་ཉིད་གནམ་ལྕགས་ཀྱི་ར་བ་དེ་ལས་ཐར་ས་ཡོད་མི་སྲིད།  ད་དུང་ཁྱེད་ཀྱིས་སྐབས་འདིའི་སྦྱོར་ལམ་དང་སྤང་བྱའི་རྟོག་པ་ལ་དངོས་བསྟན་དང་ཤུགས་བསྟན་སོ་སོར་ཕྱེས་ནས་དངོས་བསྟན་གྱི་རྟོག་པ་ཤུགས་བསྟན་གྱི་སྦྱོར་ལམ་ལ་ལྡན་ཞིང་།  ཤུགས་བསྟན་གྱི་རྟོག་པ་དངོས་བསྟན་གྱི་སྦྱོར་ལམ་ལ་མཚུངས་པར་ལྡན་པར་བཞེད་པའི་ཐུན་མིན་གྱི་ཞིབ་ཆ་དེའང་།   ལུང་རིགས་དང་འགལ་བའི་ཁུར་བོ་རང་ཡིན་ཏེ།  དངོས་བསྟན་སྒྲུབ་རྟོག་བཞི་ལས་རྫས་འཛིན་རྟོག་པ་ནི།  རྒྱན་རྩ་བ་ལས།  རང་དབང་བདག་སོགས་ངོ་བོ་དང་།།  ཞེས་བདག་རང་དབང་ཅན་དུ་འཛིན་པ་དང་།  གཅིག་པུའི་བདག་ཏུ་འཛིན་པ།  རྒྱུ་ཡི་བདག་ཏུ་འཛིན་པ་ལ་སོགས་པ་མུ་སྟེགས་བྱེད་ཀྱིས་སྒྲོ་བཏགས་པའི་ཀུན་བཏགས་ཀྱི་བདག་འཛིན་དུ་གསུངས་པས།  བདག་མེད་གསུམ་གྱི་དོན་ལ་གསལ་སྣང་ཐོབ་པའི་ཐེག་ཆེན་སྦྱོར་ལམ་གྱི་སྐབས་སུ་ཕྱི་བའི་གྲུབ་མཐས་སྒྲོ་བཏགས་པའི་ཀུན་བཏགས་ཀྱི་བདག་འཛིན་དེ་འདྲ་འབྱུང་དུ་ཡོད་པ་ཅི་འདྲའི་ངོ་མཚར་ཆེ་ཨང་།  

 

                 ༼༡༠༽

ས་ཡི་ཚོགས་སྒྲུབ་ལས་འཕྲོས་ཏེ་ས་ཐོབ་པའི་རྨི་ལམ་གྱི་རྟགས་ཀྱི་སྐབས་སུ།   འཇམ་དབྱངས་མི་གཟུགས་སུ་ཕེབས་པ་ས་ལོ་པཎྚི་ཏ་ཁོང་གིས། རྨི་ལམ་གྱི་རྟགས་དེ་དང་མོས་སྤྱོད་ལ་སྦྱར་ན་རུང་མོད་ཀྱིས།  འཕགས་པའི་ས་ལ་དངོས་སུ་སྦྱར་ན་མདོ་རྒྱུད་ཀུན་དང་འགལ་ལོ་ཞེས་ཐུགས་ཐག་བཅད་ནས་གསུངས་ཤིང་།  ཆོས་རྗེ་གོ་རམས་པས་ཕར་ཕྱིན་དཀའ་འགྲེལ་དུའང་ཕུགས་འདི་ལ་བཅོལ་ནས་ས་ཐོབ་པའི་རྨི་ལམ་གྱི་རྟགས་མོས་སྤྱོད་ལ་སྦྱར་དགོས་པ་དང་།  རྟགས་ཀྱི་རྩེ་སྦྱོར་གྱི་སྐབས་སུ་བཤད་པའི་རྨི་ལམ་གྱི་རྟགས་དང་འདི་གཉིས་དོན་གཅིག་པ་ཡིན་པའི་བཀའ་མོལ་ཟབ་ཅིང་གནད་ལ་ཁེལ་བ་ཞིག་བསྩལ་ཡོད།  འདི་ལ་རྣམ་དཔྱོད་ཀྱི་མིག་ཞར་བའི་སྐྱེ་ནོ་བླུན་པོ་ཁ་ཅིག་གིས་ཀླན་ཀ་འདི་ལྟར་བརྗོད་དེ།  འོ་ན་རྩེ་སྦྱོར་གྱི་གནས་སྐབས་སུའང་གཉིད་དང་རྨི་ལམ་ཡོད་པ་མི་འཐད་པར་འགྱུར་ཏེ།  རྩེ་སྦྱོར་གྱི་མ་མཐའ་སྦྱོར་ལམ་དྲོད་ནས་འཇོག་དགོས་ཤིང་དྲོད་ཀྱི་གནས་སྐབས་སུ་འཇུག་སྒྲུབ་ཐོབ་པས་བསམ་གཏན་གྱི་དངོས་གཞི་ཐོབ་པར་གྲུབ་ལ།  དེ་ལྟར་ན་རྩེ་སྦྱོར་གྱི་གནས་སྐབས་སུ་རྨི་ལམ་གྱི་རྟགས་ཡོད་པ་བུད་དེ།  དེ་ལ་འགྱོད་གཉིད་མི་དགེ་རྣམས།།  བསམ་གཏན་དང་པོ་དག་ན་མེད།།  ཅེས་པའི་ལུང་འདྲེན་པར་བྱེད་མོད།  འོན་ཀྱང་དེ་ནི་རྟོག་དཔྱོད་ཞུགས་ཀྱང་ཕུགས་མ་ལོན་པའི་འཁྱལ་གཏམ་རང་དུ་གནས་ཏེ། ལུང་དེའི་བསྟན་དོན་རྗེ་གོ་རམས་པས།  ཁམས་གོང་དུ་སྐྱེས་པའི་སོ་སྐྱེ་ཙམ་ལའང་གཉིད་མེད་པར་བཤད་ནཞེས་ཁམས་གོང་དུ་སྐྱེས་པའི་སོ་སྐྱེ་ལ་གཉིད་མེད་པའི་དོན་དུ་བཞེད་པ་ཡིན་གྱི།  ཁམས་གོང་མའི་དངོས་གཞི་ཐོབ་ན་གཉིད་མེད་པས་ཁྱབ་ཅེས་པ་ཁྱེད་རང་ལ་ལྐོག་གཏམ་གྱི་ཚུལ་དུ་ལབ་པ་མིན་ན་དེ་ལྟར་གསུངས་པ་མི་སྣང་པས།  ཁྱེད་ཀྱི་འཕངས་པའི་ཐལ་འགྱུར་གྱི་མདའ་ཆག་རོ་དེ་འབེན་མེད་ས་རུ་སྟོང་འཕེན་བྱས་ཡོད་པ་ཐག་གིས་ཆོད་དོ།།  བསམ་གཏན་གྱི་དངོས་གཞི་ཐོབ་ན་ཁམས་གོང་དུ་སྐྱེས་པའི་ཁྱབ་བ་ནི་སྨྱོན་པ་མིན་ན་སུས་ཀྱང་ཁས་མི་ལེན་ལ། ཁམས་གོང་ན་གཉིད་མེད་ན་ཁམས་གོང་མའི་དངོས་གཞི་ཐོབ་ན་གཉིད་པའི་ཁྱབ་བ་ནི་ཁྱེད་ཀྱིས་ཚོད་འཇོག་བྱས་པ་ལས་ངེད་ཀྱིས་ཁས་མ་བླངས་སོ།།ད་དུང་འདི་ཡི་ཐད་དུ་ཕར་ཕྱིན་ལ་ལོ་མང་དུ་སྦྱང་མྱོང་བར་གྲགས་ཤིང་ཚིག་སྦྱོར་དེ་ཙམ་མི་མཁས་པའི་མཁན་ཆེན་གཡག་ཞུ་བ་ཁོང་གིས། འཕགས་པའི་ས་རུ་མི་དགེ་བའི་གཉིད་མེད་ཀྱང་དགེ་བའི་གཉིད་ཡོད་ཅེས་པའི་ཞིབ་ཆ་རྣ་བས་ཐོས་ཙམ་ནས་ཡིད་མ་རང་ཤར་རེ་འགྲོ་བ་ཞིག་མཛད་ཡོད།  དེ་ལ་འདི་ལྟར་ཞུས་ན།  ཞལ་ནས་གཏམ་སྨྲ་རྒྱུ་བས་ཀྱང་རྐུབ་ནས་ཕྱེན་བཏང་དཀའ་བ་ཞིག་བཟོ་འོངས་པར་འདུག་སྟེ།  དགེ་བའི་གཉིད་ཅེས་པ་ཅི་ཞིག་ཡིན། གཉིད་ཡིན་ན་གཏི་མུག་ཡིན་དགོས་ཤིང་།  གཉིད་ཀྱི་ངོ་བོར་གྱུར་བའི་དགེ་བ་ཞིག་ཁས་བླངས་ཚེ་གཏི་མུག་གི་ངོ་བོར་གྱུར་བའི་དགེ་བ་ཞིག་ཏག་ཏག་ཁས་བླངས་པ་ཡིན་པས་དེ་ནི་ངོ་མཚར་ཅི་བས་ཀྱང་ཆེའོ།།  གཞན་ཡང་དེ་ལྟར་ན་འདོད་ཆགས་ཀྱི་དགེ་བའམ་དགེ་བའི་འདོད་ཆགས་ཟེར་བ་དང་། ཞེ་སྡང་གི་དགེ་བའམ་དགེ་བའི་ཞེ་སྡང་ཟེར་བ་སོགས་འགལ་བ་ལྟག་སྤྲོད་ཀྱི་ཁས་ལེན་མང་དུ་ཞལ་བཞེས་གནང་དགོས་ལ།  དགེ་སྡིག་གི་གནས་ཚུལ་ལ་སྐུར་བ་བཏབ་པའི་ཉེས་བ་རི་ལས་པ་ལྕི་བ་ཞིག་ཀྱང་ཁུར་དགོས་སོ།། སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཞབས་ཀྱིསའདོད་ཆགས་ཞེ་སྡང་གཏི་མུག་གསུམ།། དེས་བསྐྱེད་ལས་ནི་མི་དགེ་བཞེས་ཀྱང་གསུངས་པས་ཁྱེད་ཀྱིས་མི་ལོ་དུ་མའི་རིང་ལ་དཔྱད་ཞིབ་གྱིས་བརྙེད་པའི་གཏི་མུག་གི་དགེ་བ་དེ། མཁྱེན་རྒྱ་ཡངས་པའི་མཁས་དབང་སྔ་མ་དག་གིས་གནའ་སྔ་མོ་ཞིག་ནས་དོང་འོག་ཏུ་གཡུགས་ཚར་བས།  གཞན་གྱི་སྐྱུགས་པ་མི་བཞེས་པའི་རེ་བ་ཞུའོ།།  གལ་ཏེ་འཕགས་པའི་གཉིད་ཅེས་པ་དེ་གཉིད་མཚན་ཉིད་པ་མ་ཡིན་པར་རྣལ་འབྱོར་བའི་ཉམས་ཀྱི་སྣང་བ་ཞིག་ལ་ཟེར་རོ་ཞེ་ན།  སེངྒེ་ལ་ཁྱི་ཡི་མིང་འདོགས་པ་བླུན་པོའི་ལུགས་སྲོལ་ལས་མཁས་པའི་སྤྱོད་སྟངས་མ་ཡིན་པས་མཁན་ཆེན་ཁྱེད་ལྟ་བུ་ལ་མི་མཛེས་སོ།།  དེ་ལྟར་སྐབས་དོན་བརྗོད་ཟིན་ནས་ཞར་བྱུང་དུ་རྩེ་སྦྱོར་གྱི་རྟགས་བཅུ་གཉིས་རྨི་ལམ་གྱི་རྟགས་ཡིན་མིན་གྱི་ཐད་ནས་མཁས་པ་རོང་སྟོན་ཚང་ལའང་བཀའ་འདྲི་ཐུང་ངུ་ཞིག་འབུལ་བར་བྱ་སྟེ།  ཁྱེད་ཀྱིས་ཕར་ཕྱིན་ཊཱི་ཀ་རུ་རྩེ་སྦྱོར་གྱི་རྟགས་དང་པོ་དྲུག་རྨི་ལམ་གྱི་རྟགས་དང་།  ཕྱི་མ་དྲུག་སད་པའི་རྟགས་སུ་གསུངས་པ་ལ་སྒྲུབ་བྱེད་ཅི་ཡོད།  སྒྲུབ་བྱེད་མེད་པ་མ་ཟད་གནོད་བྱེད་ཀྱང་ཅུང་ཟད་མཐོང་སྟེ།  སློབ་དཔོན་བཟང་པོའི་ཞབས་ཀྱིསཤིན་ཏུ་གོམས་པའི་ཕྱིར་རྨི་ལམ་གྱི་གནས་སྐབས་ན་ཡང་ཆོས་ཐམས་ཅད་རྨི་ལམ་དང་འདྲ་བ་ལ་སོགས་པར་ལྟ་བ་དངཞེས་པ་ནསསངས་རྒྱས་ཀྱི་བྱང་ཆུབ་ལ་ཉེ་བར་གྱུར་བ་ཞེས་བྱ་བ་རྣམ་པ་བཅུ་གཉིས་ནི་རྩེ་མོའི་མངོན་པར་རྟོགས་པ་ཐོབ་པའི་གནས་སྐབས་ཁྱད་པར་གྱི་རྟགས་ཡིན་ནོཞེས་རྟགས་བཅུ་གཉིས་པོ་དེ་རྨི་ལམ་གྱི་གནས་སྐབས་ཁོ་ལ་སྦྱར་བ་ལས།  སད་རྨི་སོ་སོ་ལ་སྦྱར་བའི་ཚིག་ཟུར་ཙམ་ཡང་མེད་དོ་ཞེས་དོགས་སློང་རིགས་པའི་འཕར་ལྡིང་གི་མཇུག་རེ་ཞིག་རྫོགས་པའོ།། །།

 

ཕྱོགས་ལྷུང་ཆགས་སྡང་གདོན་གྱིས་མ་བཟུང་དྲང་བོའི་བློ་ཁོག་ཕྱི་ནང་སྟོན།།

རྣམ་བཞག་ཚིག་གི་རོ་ལ་མ་ཞེན་གོ་བའི་གནད་རྩ་གཏིང་ནས་བསྔོགས།། 

མགོ་བོ་ཉོབ་པའི་ལུང་ཐོ་ཙམ་མིན་རིགས་པ་ཟབ་མོའི་གཏན་ཚིགས་ཡོད།།

རྣམ་དཔྱོད་ཞེ་རྩ་རབ་ཏུ་ཁྲོས་པའི་འཇིགས་རུང་གད་བརྒྱང་འདི་འདྲ་ཤོར།།

 

ཕུན་ཚོགས་སྡེབ་ལེགས་ཚིག་གི་སྦྱོར་བ་ངག་དབང་ལྷ་མོའི་འགྲིན་པར་འཁྱིལ།།

རྡོ་ཆག་བཙན་གྱིས་བསྒྲིག་པ་འདྲ་བའི་བརྡ་དང་ཐ་སྙད་སྤུངས་པ་མིན།། 

དོན་གྱི་གནད་རྩ་སྤར་མོས་འཇུས་ཏེ་བདེན་པའི་ཚངས་ཐིག་གསལ་བོར་བཏབ།།

ངན་གཡོས་གཏམ་གྱི་སྦྱོར་བ་བརྩམ་པའི་སྡིག་པའི་དྲི་མ་རྩད་ནས་མེད།།

 

ང་རྒྱལ་མེ་ཆེན་རབ་ཏུ་འབར་བའི་སྙིང་མེད་ཝ་མོ་བྲོས་ན་བཟང་།།

རིགས་པ་གཟུ་བོའི་འཕར་ལྡིང་འདི་ལ་ནགས་སེང་འཆོང་བའི་སྟངས་སྟབས་ཡོད།།

ཁྲག་དོག་དུག་མཚོ་དྲག་ཏུ་ཁོལ་བའི་ནད་ཡམས་ངན་པ་ཞི་གྱུར་ཅིག། 

རྣམ་དག་སེམས་ཀྱི་དོགས་ཚོམ་འདི་ནི་བདུད་རྩི་སྨན་གྱི་ཆར་བ་ཡིན།།

 

ཀུན་སློང་བཟང་པོ་སེམས་ལ་འཆང་བས་སེམས་ཀྱི་སྡིག་པ་དག་གྱུར་ཅིག།

ཚིག་སྦྱོར་སྙན་པོ་ངག་ནས་ཐལ་བས་ངག་གི་དྲི་མ་འགག་གྱུར་ཅིག།།

འབད་པ་དཀའ་མོ་ལུས་ཀྱིས་མྱངས་པས་ལུས་ཀྱི་སྒྲིབ་པ་སངས་གྱུར་ཅིག། 

འདོར་ན་ང་དང་མ་རྒན་སེམས་ཅན་སྒོ་གསུམ་དག་པའི་རྒྱུ་རུ་བསྔོ།།

 

ཆོས་འདི་བགྱིས་པའི་རྣམ་དཀར་དགེ་བ་ཇི་སྲིད་འཁོར་བ་མ་སྟོང་བར།།

ང་དང་མ་རྒན་འགྲོ་བ་སེམས་ཅན་ཐུན་མོང་ལོངས་སུ་སྤྱོད་པ་དང་།།

ཆོས་གྲྭ་འདིས་མཚོན་ས་སྐྱ་པ་ཡི་བསྟན་པའི་སྲོག་གི་ཀ་བ་ཆེ།།

རྒྱལ་སྲས་པདྨ་དམ་ཆོས་གང་དེའི་སྐུ་ཚེ་བརྟན་པའི་བཀྲ་ཤིས་ཤོག།

 

ཅེས་ཕར་ཕྱིན་གོང་མའི་སློབ་མ་རྫ་སྐྱེས་དྲན་པ་རང་གསལ་ལམ་གླང་ཡག་ངག་བཟོད་དུ་འབོད་པ་དེས་ལོ་མཐའི་རྒྱུགས་རྩོམ་གྱི་དོད་དུ་ཀུན་སློང་བཟང་པོས་བྲིས་པ་འདིས་ཀྱང་།  རྒྱལ་བའི་བསྟན་པ་ཚུལ་བཞིན་དུ་གནས་ཤིང་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་སྐུ་ཚེ་བརྟན་ཞིང་མཛད་འཕྲིན་རྒྱས་པ་དང་། ཁྱད་པར་དུ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་མཁན་ཆེན་ཡིད་བཞིན་ནོར་བུ་རྒྱས་སྲས༧པདྨ་དམ་ཆོས་ཆོག་གི་སྐུ་ཚེ་མི་ནུབ་བསྐལ་བརྒྱའི་བར་དུ་བརྟན་ཅིང་འཛད་འཕྲིན་ཉི་ཟླའི་དགྲོད་པ་མཉམ་པར་གྱུར་ཅིག་གུ།།   །།
   
                                                  རྩོམ་སྒྲིག་པ། མྱི་གསར་བ།