སྒྲོལ་བསྟོད་དང་འབྲེལ་བའི་དཔྱད་བརྗོད།

    འཁོན་དཀོན་ཅོག་རང་རྒྱལ་གྱིས་བརྩམས།


སྒྲོལ་བསྟོད་དང་འབྲེལ་བའི་དཔྱད་བརྗོད།

                རྩོམ་པ་པོ། འཁོན་དཀོན་ཅོག་རང་རྒྱལ།   


ནང་དོན་གནད་བསྡུས། 

རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་ནང་དུ་སྒྲོལ་མའི་བསྟོད་པ་བཞུགས་ཚུལ་དང་།   རྒྱུད་སྡེ་གང་ཡིན་མིན་དང་།  བསྟན་འགྱུར་ནང་དུ་ཇི་ལྟར་བཞུགས་ཡོད་མེད་ཚུལ།  སྒྲོལ་བསྟོད་འདི་ཉིད་ཀྱི་མཛད་པ་པོར་དཔྱད་པ་དང་།     སྒྲོལ་མའི་ལོ་རྒྱུས་དང་བཅས་པའི་སྡེ་ཚུལ་ལྔའི་སྒོ་ནས་དཔྱད་པར་བརྗོད་པ་ཞིག་ཡིན།  


བརྡ་ཆད་གཙོ་བོ།

བཀའ་འགྱུར།    བསྟན་འགྱུར།     སྒྲུབ་ཐབས།   རྣམ་ཐར།   སྒྲོལ་མ།   རྣམ་པར་སྣ་མཛད།    

རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་ནང་དུ་སྒྲོལ་མའི་སྐོར་ཇི་ལྟར་ཡོད་མིན་སྐོར།   

དེ་ཡང་འདོད་འབྱུང་ནོར་བུའི་དཔེ་ཚོགས་ཀྱིས་བསྒྲིགས་པའི་བཀའ་འགྱུར་རྒྱུད་འབུམ་ཙ་པའི་ཤོག་༣༢༦ནས་༤༧༢བར་དུ་སྒྲོལ་མའི་རྩ་བའི་རྟོག་པ་ཞེས་བྱ་བའི་ལེའུ་སུམ་ཅུ་རྩ་ལྔ་ཡོད་པའི་ལེའུ་གསུམ་པ་ལ་ཕྱག་འཚལ་ཉི་ཤུ་རྩ་གཅིག་མ་འདི་གསུངས་ཡོད་མོད། ཕྱག་འཚལ་ཉི་ཤུ་རྩ་གཅིག་མ་ཐམས་ཅད་སྔགས་ཡིག་ཏུ་སྣང་ངོ་།། ཡིན་ན་ཡང་༧ རྗེ་དགེ་འདུན་གྲུབ་ཀྱིས་མཛད་པའི་སྒྲོལ་མའི་འགྲེལ་པ་ལས།  དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡུམ་སྒྲོལ་མ་ལ་བསྟོད་པ་ཞེས་བྱ་བའི་ལེའུ་སུམ་ཅུ་རྩ་ལྔ་ཡོད་པའི་ལེའུ་གསུམ་པ་ལ་ཕྱག་འཚལ་ཉེར་ཤུ་རྩ་གཅིག་མ་འདི་གསུངས་སོ། ཞེས་རྗེ་ཉིད་ཀྱིས་སྒྲོལ་མ་ལ་བསྟོད་པ་ཞེས་བྱ་བའི་ལེའུ་ཞེས་གསུངས་ཀྱང་།  ཁོ་བོས་བཀའ་འགྱུར་ནང་ནས་སྒྲོལ་མའི་སྐོར་མངས་སུ་འཚོལ་མོད།  འོན་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡུམ་སྒྲོལ་ལ་བསྟོད་པ་ཞེས་བྱ་བའི་ལེའུ་ཞིག་མ་རྙེད་ཀྱང་།  རྒྱུད་འབུམ་ཙ་པའི་༣༣༣ནང་དུ་སྒྲོལ་མའི་རྩ་བ་རྟོག་པ་ཞེས་བྱ་བའི་ལེའུ་སུམ་ཅུ་རྩ་ལྔ་ཡོད་པས་ཕལ་ཆེ་དེ་ཡིན་ནམ་སྙམ་མོ། །འགའ་ཞིག་གིས་ལེའུ་སུམ་ཅུ་རྩ་ལྔ་ཡོད་པའི་ལེའུ་གསུམ་པའི་མགོར་ཡུམ་སྒྲོལ་མ་ལ་བསྟོད་པ་ཞེས་བྱ་བ་ཡོད་པར་སྨྲ་ནའང་མི་འཐད་དེ།    ལེའུ་གསུམ་པ་ནི། དེ་ཉིད་༣༤༧ལས།  མཛེས་པར་སྣང་བ་དང་།  དཔལ་སྦས་དང་།  འཇིག་རྟེན་སྦས་པ་དང་། ཞེས་པ་ནས་གཞོང་ཐོགས་དང་།  པི་ཝང་གསུམ་པ་དང་།  བར་དུ་མཇུག་རྫོགས་ཀྱང་ཡུམ་སྒྲོལ་མ་ལ་བསྟོད་པ་ཞེས་པའི་ཚིག་འབྲུ་ཙམ་ཡང་ཁོ་བོས་མ་མཐོང་ཀྱང་མེད་པ་ག་ལ་ཡིན།  གཞན་དུ་ན་ཁོ་བོས་མཐོང་བའི་གཞུང་ནི་གཞུང་ལུགས་རྒྱ་མཚོ་ཆེན་མོའི་ཆུ་ཐིགས་ཙམ་ཡང་མེད་པས་སོ།   གང་བྱས་ད་དུང་དཔྱད་དགོས་སོ།   སློབ་དཔོན་ཉི་མ་སྦས་པའི་སྒྲོལ་བསྟོད་ཉི་ཤུ་རྩ་གཅིག་པའི་སྒྲུབ་ཐབས་ལས།  སྒྲོལ་མ་མངོན་འབྱུང་ལེའུ་ལྔ་བརྒྱ་བདུན་ཅུ་པར། །གང་གསུངས་གསལ་བྱས་དེ་དགེས་འགྲོ་ཡིད་མུན་སེལ་ཤོག །ཅེས་སྒྲོལ་མ་མངོན་པར་འབྱུང་བའི་ལེའུ་ལྔ་བརྒྱ་བདུན་ཅུ་ཅན་ཞིག་ཡོད་པའི་ནང་ཚན་ཡིན་པ་དང་།  སྒྲོལ་བསྟོད་རྣམ་དག་གཙུག་གི་ནོར་བུ་ལས།  སྒྲོལ་མ་མངོན་པར་འབྱུང་བའི་ལེའུ་བདུན་ཅུ་རྩ་གཉིས་པ།  རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་ནང་ནས།  ལྷའི་རྣམ་གྲངས་བསྟན་པའི་ལེའུ་བཅུ་གསུམ་པ།  བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་གསུངས་པ་དང་མཐུན་པར།  ལྷ་མོ་སྒྲོལ་མ་ཉི་ཤུ་རྩ་གཅིག་ལ་བསྟོད་པ།  ཞེས་ལས་ཀྱང་སྒྲོལ་མངོན་པར་འབྱུང་བའི་ལེའུ་བདུན་ཅུ་རྩ་གཉིས་ཅན་ཞིག་ཡོད་པའི་ནང་ནས་ལེའུ་བཅུ་གསུམ་པར་གསུངས་སོ།  ཞར་བྱུང་དུ་རྒྱུད་འདི་རྒྱུད་སྡེ་གང་ཡིན་མིན་གྱི་སྐོར་ཅུང་གླེང་ན།  འདིར་མཁས་པའི་གསུང་ཚུལ་མི་འདྲ་བ་གཉིས་སུ་བྱུང་སྟེ།  དང་པོ་ནི།  ཡོངས་གྲགས་ཀྱི་མཁས་པ་ཕལ་མོ་ཆེས་བྱ་རྒྱུད་དུ་གཏོགས་པར་བཞེད།  གཉིས་པ་ནི།  སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་སྒྲོལ་མའི་སྒྲུབ་ཐབས་ལས།  དེ་ནི་བསྐྱེད་པའི་རིམ་པ་སྟེ་སྤྲུལ་པའོ།  །སྟོང་པ་ཉིད་དུ་མོས་ནས་རྫོགས་རིམ་པ་བསྒོམ་པ་ནི།  ཞེས་དང་།  རྗེ་དགེ་འདུན་གྲུབ་ཀྱིས་མཛད་པའི་སྒྲོལ་མའི་འགྲེལ་པ་ལས།  འདི་བྱ་རྒྱུད་ཡིན་མིན་ནི་བརྟག་སྟེ།  ཕྱག་འཚལ་ཉེར་གཅིག་མ་འདི།  བླ་མེད་རྒྱུད་དུ་བཀྲལ་བའང་འདུག་གསུང་ངོ་།   ཞེས་དང་།  སློབ་དཔོན་སཱརྱ་གུཔྟས་མཛད་པའི་སྒྲོལ་བསྟོད་རྣམ་དག་གཙུག་གི་ནོར་བུ་ལས།  སྒྲོལ་མ་མངོན་པར་འབྱུང་བའི་རྒྱུད་ལེའུ་བདུན་ཅུ་རྩ་གཉིས་པ།  རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་ནང་ནས།  ལྷའི་རྣམ་གྲངས་བསྟན་པའི་ལེའུ་བཅུ་གསུམ་པ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་གསུངས་པ་དང་མཐུན་པར།  ཞེས་དང་།  སློབ་དཔོན་ཉི་མ་སྦས་པས་ཀྱང་།  རྣམ་དག་སྔགས་ཀྱི་དྲི་བ་བསལ་ལ།  སྐུ་གསུང་ཐུགས་དངོས་བསྐྱེད་དང་རྫོགས། །ཆོ་ག་ཇི་བཞིན་ཇི་སྙེད་པར།  །མ་འཁྲུལ་བ་མེད་པར་བསྒོམ། །ཞེས་བསྐྱེད་རྫོགས་ཉམས་ལེན་ཡོད་པར་གསུངས་པས་བླ་མེད་དུ་བཞེད་དོ།    འོ་ན་འགའ་ཞིག་གིས་བྱ་རྒྱུད་དུ་བཞེད་པ་དང་རིགས་གཅིག་གིས་བླ་མེད་དུ་བཞེད་ན་འགལ་བར་ཐལ་ལོ་ཞེ་ན།  འདིར་མཁས་པ་འགའ་ཞིག་གིས་འཇམ་དཔལ་མཚན་བརྗོད་སློབ་དཔོན་སྒེག་པའི་རྡོ་རྗེ་དང་ངག་དབང་གྲགས་པས་ཡོ་གར་བཀྲལ་བ་དང་།  དུས་འཁོར་འགྲེལ་ཆེན་གྱིས་བླ་མེད་དུ་བཀྲལ་བ་དང་།  འཕགས་པ་ལྷས།  ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །ཅེས་སོགས་དྲངས་ནས་རྫོགས་རིམ་གྱི་དོན་ཅན་དུ་བཤད་པ་བཞིན་ནོ། །ཞེས་གསུངས་ཀྱང་།    སྒྲོལ་མའི་འགྲེལ་པ་འཕྲིན་ལས་སྙིལ་པའི་སྤྲིན་ཕུང་ལས།  འཇམ་དཔལ་མཚན་བརྗོད་སློབ་དཔོན་སྒེག་པའི་རྡོ་རྗེ་དང་ངག་དབང་གྲགས་པས་ཡོ་གར་བཀྲལ་བ་དང་།  དུས་འཁོར་འགྲེལ་ཆེན་གྱིས་བླ་མེད་དུ་བཀྲལ་བ་དང་།  འཕགས་པ་ལྷས།  ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །ཅེས་སོགས་དྲངས་ནས་རྫོགས་རིམ་གྱི་དོན་ཅན་དུ་བཤད་པ་བཞིན་ནོ། །ཞེས་ལན་དུ་སྨྲ་བ་ནི་དཔྱད་གཞིར་གྱུར་ཏེ།  དེ་ལྟར་ན་གསང་བདེ་འཇིགས་གསུམ་ལྟ་བུ་ཡང་བླ་མེད་དུ་རྒྱུ་མཚན་གང་གི་སྒོ་ནས་བསྒྲུབས། འགའ་ཞིག་གིས་མཁས་གྲུབ་ཚད་ལྡན་ཞིག་གིས་བླ་མེད་དུ་བཀྲལ་ན་བླ་མེད་ཡིན་དགོས་ཟེར་ཡང་།  དེ་ལྟར་ན་འཇམ་དཔལ་མཚན་བརྗོད་ཡོ་གར་རྒྱུད་དང་བླ་མེད་ཀྱི་རྒྱུད་གཉིས་ཀ་ཡིན་པར་འདོད་དགོས་ཏེ།  དེ་བླ་མེད་དང་ཡོ་གར་བཀྲལ་བའི་མཁས་གྲུབ་ཚད་ལྡན་ཡོད་པའི་ཕྱིར་དང་།  ཕྱག་འཚལ་ཉེར་གཅིག་པའི་རྒྱུད་འདིའང་བླ་མེད་དང་བྱ་རྒྱུད་གཉིས་ཀར་ཐལ་བ་ཇི་ལྟར་བཟློག། ཅེས་གསུངས་སོ། །དེ་ལྟ་བུའི་རིགས་མི་འདྲ་བ་གཉིས་སུ་བྱུང་མོད་ཀྱང་།  ཡོངས་གྲགས་སུ་བྱ་རྒྱུད་དུ་གཏོགས་པར་བཞེད་དོ།  འོན་ཀྱང་འདིར་ད་དུང་དཔྱད་མཐའ་མ་རྫོགས་སོ། 

འདི་ཚིགས་སུ་བཅད་པ། 

རྒྱལ་བའི་བཀའ་འགྱུར་རྒྱུད་འབུམ་ཙ་པའི་ནང་། 

སྒྲོལ་མའི་རྩ་བའི་རྟོག་པ་ཞེས་བྱ་བ 

ལེའུ་སུམ་ཅུ་རྩ་ལྔ་ཡོད་པ་ལས། 

ལེའུ་གསུམ་པར་བསྟོད་པ་འདི་ཉིད་བཞུགས། 

འོན་ཀྱང་ཐམས་ཅད་སྔགས་ཡིག་སྣང་། 


བསྟན་འགྱུར་གྱི་ནང་ནས་གཞུང་ནས་བཞུགས་པའི་སྒྲོལ་མའི་རྒྱ་འགྲེལ་གྱི་སྐོར།

དེ་ཡང་ཇི་སྐད་བུ་སྟོན་ཐམས་ཅད་མཁྱེན་པའི་ཞལ་ནས།  

སྒྲོལ་མ་བླ་མེད་སྐོར་ལ་ལྔ་བཅུ་དྲུག 

མ་རྒྱུད་སྤྱི་དང་འབྲེལ་བ་རྣམ་པར་བདུན། 

མགོན་པོ་ནག་པོའི་སྐོར་ལ་ཉི་ཤུ་སྟེ། 

དྲིལ་བས་ཆོས་སྐོར་བརྒྱད་ཅུ་རྩ་གསུམ་བཞུགས། 

ཞེས་གསུངས་པ་ལྟར་སྒྲོལ་མའི་སྐོར་ཤིན་ཏུ་མངས་ཀྱང་།  སྐབས་འདིར་སྒྲོལ་མ་རྣལ་འབྱོར་ཆེན་པོའི་རྒྱུད་གཞིར་བཟུང་བྱས་ནས་རྒྱུད་འདིའི་རྒྱ་འགྲེལ་མཁན་པོ་རྣམས་ཀྱི་སྐོར་ཅུང་ཟད་བསྙད་པ་ལ།  དེ་ཡང་བསྟན་འགྱུར་རིན་པོ་ཆེའི་བཞུགས་བྱང་དཀར་ཆག་ལས།  སྒྲོལ་མ་ལྷ་ལྔའི་སྒྲུབ་ཐབས་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད།  པཎྜི་ཏ་དྷརྨ་བཛྲ་དང་།  ལོ་ཙཱ་བ་དར་མ་རིན་ཆེན་གྱི་འགྱུར།  སྒྲོལ་མ་སྤྱིའི་མངོན་པར་རྟོགས་པ་ཞེས་བྱ་བ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད།  ལྷ་མོ་སྒྲོལ་མ་ལ་ཕྱག་འཚལ་ཉི་ཤུ་རྩ་གཅིག་པའི་སྒྲུབ་ཐབས་སློབ་དཔོན་ཉི་མ་སྦས་པས་མཛད་པ་དང་ཡང་། དེའི་སོ་སོའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་སློབ་དཔོན་ཉི་སྦས་པས་མཛད་པ་གཉིས།   པཎྜི་ཏ་མཉྫུ་ཤྲཱི་དང་།  ལོ་ཙཱ་བ་མལ་གྱོ་བློ་གྲོས་གྲགས་ཀྱི་འགྱུར། སློབ་དཔོན་ཉི་མ་སྦས་པས་མཛད་པའི་ཕྱག་འཚལ་ཉེར་གཅིག་མའི་སྒྲུབ་ཐབས།  ཁ་ཆེ་པཎྜི་ཏ་ཤཱཀྱ་ཤྲཱི་དང་།  ལོ་ཙཱ་བ་བྱམས་པ་དཔལ་གྱི་འགྱུར།  སྒྲོལ་མའི་བསྟོད་པ་རྣམ་དག་གཙུག་གི་ནོར་བུ་ཞེས་བྱ་བ་སློབ་དཔོན་ཉི་མ་སྦས་པས་མཛད།  རྒྱ་བརྩོན་འགྲུས་སེངྒེའི་འགྱུར།  སྒྲོལ་མའི་བསྟོད་པ་ཉི་མ་སྦས་པས་མཛད།  པཎྜི་ཏ་ས་དྷཱ་ཀིརྟི་དང་།  ལོ་ཙཱ་བ་འདན་མ་ཚུལ་ཁྲིམས་སེངྒེའི་འགྱུར།  ལྷ་མོ་དམ་ཚིག་སྒྲོལ་མའི་བསྟོད་པ།  སྒྲོལ་མ་མེ་ཏོག་ཕྲེང་འཛིན་གྱི་བསྟོད་པ་སློབ་དཔོན་ཐམས་ཅད་མཁྱེན་པའི་བཤེས་གཉེན་གྱིས་མཛད་པ་དང་།  པཎྜི་ཏ་ཀ་ན་ཀ་ཝརྨ་དང་།  ལོ་ཙཱ་བ་ཆག་ཆོས་རྗེ་དཔལ་གྱིས་བཅོས་པ།  མེ་ཏོག་ཕྲེང་ཚེག་བར་བདུན་མར་བཅད་པ།  པཎྜི་ཏ་ཟླ་བ་གཞོན་ནུའི་རང་འགྱུར།  ལྷ་མོ་སྒྲོལ་མ་ལ་སྨྲེ་སྔགས་ཀྱི་གསོལ་འདེབས་ཀྱིས་བསྟོད་པ་ཞེས་བྱ་བ་སློབ་དཔོན་ཐམས་ཅད་མཁྱེན་པའི་བཤེས་གཉེན་གྱིས་མཛད་པ།  པཎྜི་ཏ་ཤཱཀྱ་ཤྲཱི་བྷ་དྲ་དང་།  ལོ་ཙཱ་བ་བྱམས་པའི་དཔལ་གྱི་འགྱུར།  སློབ་དཔོན་དེ་བཞིན་གཤེགས་པའི་སྲུང་བས་མཛད་པ་ཕྲེང་འཛིན་ལྷ་ལྔའི་སྤྱི་སྒྲུབ།  སོ་སོའི་སྒྲུབ་ཐབས་ལ་སྒྲོལ་མ་དཀར་མོ་ལ་བརྟེན་ནས་སྟོང་ཉིད་བསྒོམ་པ།  སྔོན་མོར་ལ་བརྟེན་ནས་ལྟ་བ་ངན་པ་སུན་དབྱུང་བ།   ཞེས་གསུངས་པ་དང་།  ལྷ་མོ་སྒྲོལ་མ་ལ་བསྟོད་པ་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བ་སློབ་དཔོན་མ་ཏི་ཙི་ཏྲས་མཛད་པ་དང་།  ཞེས་ཤིན་ཏུ་མངས་པས་འདིར་ཚིག་ཚོགས་ལ་འཇིགས་པས་དེས་མ་འབྲི།  རྒྱས་པར་ཤེས་འདོད་ན་རྒྱལ་བའི་བསྟན་འགྱུར་རིན་པོ་ཆེ་དང་ཡང་ན།  རྒྱལ་བའི་དགོངས་འགྲེལ་བསྟན་འགྱུར་རིན་པོ་ཆེའི་དཀར་ཆག་༦༠ལས་གཟིགས་པར་བྱའོ།  

འདི་ཚིགས་སུ་བཅད་པ། 

སྒྲོལ་མ་རྣལ་འབྱོར་ཆེན་པོའི་རྒྱུད་གཞིར་བཟུང་། 

སྒྲོལ་མའི་རྒྱ་འགྲེལ་མཁན་པོ་ཅུང་ཟད་གླེང་། 

སྒྲོལ་མ་ལྷ་ལྔའི་སྒྲུབ་ཐབས་ཀླུང་སྒྲུབ་མཛད། 

སྒྲོལ་མ་སྤྱི་ཡི་མངོན་པར་རྟོགས་པ་ཞེས། 

དཔལ་མགོན་འཕགས་པ་ཀླུ་སྒྲུབ་མཛད། 

ལྷ་མོ་སྒྲོལ་མར་ཕྱག་འཚལ་ཉེར་གཅིག་པའི། 

སྒྲུབ་ཐབས་ཉི་མ་སྦས་པས་མཛད་པ་དང་། 

གང་གི་སོ་སོའི་སྒྲུབ་ཐབས་ལས་ཚོགས་བཅས། 

དེ་བཞིན་སྒྲོལ་བསྟོད་རྣམ་དག་གཙུག་གི་ནོར། 

སློབ་དཔོན་ཉི་མ་སྦས་པས་མཛད་པ་ཡིན། 

ལྷ་མོ་དམ་ཚིག་སྒྲོལ་མའི་བསྟོད་པ་དང་། 

སྒྲོལ་མ་མེ་ཏོག་ཕྲེང་འཛིན་གྱི་བསྟོད་པ། 

ཐམས་ཅད་མཁྱེན་པའི་བཤེས་གཉེན་གྱིས་མཛད་པ། 

ཞེས་པ་འདི་ནི་དཔེ་མཚུངས་ཙམ་ཡིན་པས། 

ད་དུང་གྲངས་ལས་འདས་པ་མཆིས་མོད་ཀྱང་། 

འདི་ལ་ཡིག་ཚོགས་མངས་པས་དེ་ཙམ་མོ།།

སྒྲོལ་མའི་བསྟོད་པ་འདི་ཉིད་ཀྱི་མཛད་པ་པོར་དཔྱད་པ།   

དེ་ཡང་མཁའ་འགྲོ་མ་གསང་བའི་ཐིག་ལེ་ལས།  

གྲུ་འཛིན་རི་ཡི་རྩེ་མོར་ནི། 

ཤཱཀྱ་སེངྒེས་གསུངས་པའི་རྒྱུད། 

ཞེས་དང་།  སློབ་དཔོན་སཱུརྱ་གུཔྟའི་ཞལ་ནས།  སྒྲོལ་མ་མངོན་པར་འབྱུང་བའི་རྒྱུད་ལེའུ་བདུན་ཅུ་རྩ་གཉིས་པ།  རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་ནང་ནས། ལྷའི་རྣམ་གྲངས་བསྟན་པའི་ལེའུ་བཅུ་གསུམ་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་གསུངས།  ཞེས་དང་།   རྒྱུད་འབུམ་ལས།  ལྷ་མོ་སྒྲོལ་མ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བསྟོད་པ་ཕྱག་འཚལ་བ་ཉི་ཤུ་རྩ་གཅིག་གིས་བསྟོད་པ་སྒྲོལ་མ་ལས་སྣ་ཚོགས་བསྟན་པའི་རྒྱུད་ལས་བྱུང་བ་རྫོགས་སོ།   །།ཞེས་གསུངས     ལས་སྣ་ཚོགས་བསྟན་པའི་རྒྱུད་ལས་ཀྱང་།  འཇམ་དཔལ་ལ་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཚུལ་བྱུང་བའི་ཕྱིར།  ཡང་སློབ་དཔོན་ཆེན་པོ་ཉི་མ་སྦས་པའི་ཞལ་ནས།  བཅོམ་ལྡན་ཤཱཀྱ་ཐུབ་པས་རྗེ་བཙུན་འཕགས་མ་སྒྲོལ་མ་ལ་བསྟོད་པ་ཉི་ཤུ་རྩ་གཅིག་པའི་སྒྲུབ་ཐབས།  ཞེས་པར་འཁྲས་ཏེ་འགའ་ཞིག་གིས་བདག་ཅག་གི་སྟོན་པ་ཐུབ་པའི་དབང་པོ་མཆོག་གིས་བསྟོད་པ་འདི་ཉིད་མཛད་པར་གསུངས་མོད།  འོན་ཀྱང་།   གཟུངས་བསྡུས་༡༧༨ལས།  རྗེ་བཙུན་འཕགས་མ་སྒྲོལ་མ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་ཀྱིས་བསྟོད་པ་མཛད་པ་རྫོགས་སོ།     །ཞེས་ཕྱག་འཚལ་ཉེར་གཅིག་གི་རྒྱུད་དམ་སྒྲོལ་བསྟོད་ཀྱི་སྦྱང་བྱང་དུ་སངས་རྒྱས་རྣམ་པར་སྣང་མཛད་ཀྱིས་མཛད་པར་གསུངས་པ་དང་།  དེ་བཞིན་དུ་རྗེ་དགེ་འདུན་གྲུབ་དང་རྗེ་བཙུན་ཅོ་ནེ་སོགས་ཀྱིས་བསྟོད་པ་འདི་སངས་རྒྱས་རྣམ་པར་སྣ་མཛད་ཀྱིས་གསུངས་པར་བཞེད་དེ།  རྗེ་དགེ་འདུན་གྲུབ་ཀྱི་སྒྲོལ་མའི་རྣམ་བཤད་ལས།  རྗེ་བཙུན་འཕགས་མ་སྒྲོལ་མ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་ཀྱིས་བསྟོད་པ་རྣམ་པར་དབྱེ་བ་རྫོགས་སོ།   ཞེས་གསུངས་སོ། །གཞན་ཡང་མཁས་གྲུབ་གོང་མ་རྣམས་ཀྱི་འགྲེལ་པ་ལས་ཀྱང་དེ་ལྟར་ཡོད་པར་སྣང་།  དེ་ལྟར་ན་གོང་དུ་དྲངས་ཟིན་པའི་ལུང་རྣམས་དང་མི་འགལ་བ་ཇི་ལྟར་བྱ་དགོས་ཞེ་ན།   འདི་ལྟར་སྟེ།  གོང་གི་ལུང་དང་པོའི་དོན་ནི།  ཐོག་མར་འཕགས་པ་སྤྱན་རས་གཟིགས་ཀྱིས་གསུངས་ཤིང་།  དེའི་རྗེས་སུ་སྟོན་པ་ཤཱཀྱ་ཐུབ་པས་བཟླས་ཏེ་གསུངས་པར་བཞེད།   དེ་བཞིན་དུ་ལུང་གཞན་རྣམས་ཀྱི་དོན་ཡང་སངས་རྒྱས་ཤཱཀྱ་ཐུབ་པས་བཟླས་ཏེ་གསུངས་པར་མངོན་ནོ།     དེས་ན་དགེ་རིན་པོ་ཆེ་མཆོག་གི་འཕྲིན་ལས་སྙིལ་པའི་སྤྲིན་ཕུང་ལས་གསུངས་པ་བཞིན་སངས་རྒྱས་རྣམ་པར་སྣང་མཛད་ཀྱིས་དངོས་སུ་གསུངས་ཤིང་།  རྒྱལ་བ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་དང་།  དེ་ཉིད་སྟོན་པ་སངས་རྒྱས་ཀྱིས་བཟླས་ཏེ་གསུངས་སོ།    གཞན་ཡང་ལས་སྣ་ཚོགས་བསྟན་པའི་རྒྱུད་ལས།   འཇམ་དཔལ་གཟུངས་འདི་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་སྐྱེད་པའི་ཡུམ་སྒྲོལ་མ་ལ་མ་རངས་པ་འཇོམས་པའི་སྒོ་ནས་བསྟོད་པ་སྟེ།   ཕན་ཡོན་ནི་བསམ་གྱིས་མི་ཁྱབ་པའོ། །ཞེས་གསུངས་པའི་ཕྱིར།  དེ་ཡང་སངས་རྒྱས་རྣམ་པར་སྣང་མཛད་ནི། རྒྱལ་བ་རིགས་ལྔའི་ཡ་གྱལ་ཏེ།   སངས་རྒྱས་རྣམ་པར་སྣང་མཛད་དེ།  དཀོན་ཅོག་འགྲེལ་ལས།  དེ་བཞིན་གཤེགས་པའི་སྐུ་ནི་དེ་བཞིན་ཉིད་ལས་མ་གཡོས་བཞིན་དུ།  ཆགས་པ་དང་ཐོགས་མི་མངའ་བར་རྣམ་པར་སྣ་ཚོགས་སུ་སྣང་བར་མཛད་པས་རྣམ་པར་སྣང་མཛད་དོ། །སྐུ་ཡི་རྣམ་པ་ནི།  རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་པའི་བཅོམ་ལྡན་མི་འཁྲུགས་པ་ལྷ་དགུའི་ཆོ་གོའི་ཟུར་འདེབས་རྣམ་གསལ་ལས།  སྐུ་མདོག་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན།  དར་གྱི་ན་བཟའ་དང་།  རིན་པོ་ཆེའི་རྒྱན་གྱི་བརྒྱན་པ།  མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་།  དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ།  རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ།   འོད་དང་འོད་ཟེར་འཕྲོ་བའོ།   ཞེས་བ་བཞིན་ནོ།    དེའི་སྐོར་ལོ་རྒྱུས་རྒྱས་པ་ཞིག་མ་མཇལ་ཡང་། སྡེ་དགེ་བཀའ་འགྱུར་མདོ་སྡེ་ཀ་པའི་ནང་དུ་བཞུགས་པའི་མདོ་དེ་ཉིད་ལས།  དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་སྐྱེ་བའི་ཡུལ་ནི་གྲོང་ཁྱེར་ཆོས་བཟང་ཞེས་བྱའོ།   རིགས་ནི་རྒྱལ་རིགས་སོ།  འོད་ནི་དཔག་ཚད་དགུའོ།   ཡབ་ནི་རྒྱལ་བ་ཞེས་བྱའོ།  ཡུམ་ནི་མེ་ཏོག་བཟང་ཞེས་བྱ་བའོ      སྲས་ནི་བཞིན་འདྲ་ཞེས་བྱའོ།   རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་དགའ་བ་ཅན་ཞེས་བྱའོ།   འདུས་པ་དང་པོ་ལ་ནི་ཉན་ཐོས་དྲུག་འབུམ་ཉི་ཁྲིའོ།   གཉིས་པ་ལ་ནི་དྲུག་འབུམ་ཆིག་ཁྲིའོ།   གསུམ་པ་ལ་ནི་དྲུག་འབུམ་མོ།   སྐུ་ཚེའི་ཚད་ནི་ལོ་ལྔ་བརྒྱའོ།   དམ་པའི་ཆོས་ནི་ལོ་བཞི་ཁྲི་བརྒྱད་སྟོང་གི་བར་དུ་གནས་སོ།   སྐུ་གདུང་ནི་རྒྱས་པར་འགྱུར་རོ།   ཞེས་སངས་རྒྱས་རྣམ་པར་སྣང་མཛད་དང་དོན་གཅིག་པའི་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ནི་བསྐལ་བཟང་གི་སངས་རྒྱས་སྟོང་རྩ་ལས་རྣམ་འདྲེན་ཉི་ཤུ་པ་ཡིན་གསུངས་པས་ན་བསྟོད་པ་འདི་ཉིད་ཀྱི་མཛད་པ་པོ་སངས་རྒྱས་རྣམ་པར་སྣང་མཛད་མིན་ཏེ།  བསྟོད་པ་འདི་ཉིད་ནི་སངས་རྒྱས་ཤཱཀྱ་ཐུབ་པ་མ་བྱུང་བའི་སྔ་རོལ་ཏུ་ཡོད་པ་གང་ཞིག་ལ།  དེའི་སྔ་རོལ་ཏུ་ཁྱོད་བྱུང་མ་ཟིན་པའི་ཕྱིར།   དེར་ཐལ།  སངས་རྒྱས་ཤཱཀྱ་ཐུབ་པ་ནི་རྣམ་འདྲེན་བཞི་པ་ཡིན་པས་སོ།   ཡང་སྡེ་དགེ་བཀའ་འགྱུར་མདོ་སྡེ་ཀ་པའི་ནང་དུ་བཞུགས་པའི་མདོ་ལས།  

དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི། 

སྐྱེ་བའི་ཡུལ་ནི་གྲགས་པ་ཚད་མེད་ཡིན།  

རྒྱལ་བ་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚར།  

དཔག་ཚད་བྱེ་བ་ཡབ་ནི་ལྷ་ལེགས་ཡིན། 

མི་ཡིས་མཆོད་ཅེས་བྱ་བ་རྒྱལ་བའི་ཡུམ།  

སྲས་པོ་དགའ་བྱེད་བརྟན་ལྡན་རིམ་གྲོ་པ། 

དཔའ་བརྟན་ཞེས་ནི་བྱ་བ་མཁས་པ་སྟེ།  

མཐུ་རྩལ་ནོར་གནས་པ་ནི་རྫུ་འཕྲུལ་ཅན། 

འདུས་པ་ལན་གྲངས་བདུན་ཏེ་དགྲ་བཅོམ་གྲངས།  

བྱེ་བ་ཕྲག་ནི་ཆིག་ཁྲི་ཆིག་སྟོང་དང་།  

ཉིས་བརྒྱ་དྲུག་ཅུ་དག་ནི་འབྱུང་བ་འགྱུར། 

སྐུ་ཚེ་ལོ་གྲངས་ཉི་ཁྲི་ཉིས་སྟོང་ཡིན། 

རྒྱལ་བའི་དམ་པའི་ཆོས་ནི་ལོ་གྲངས་དག།

ཆིག་ཁྲི་བདུན་སྟོང་བར་དུ་གནས་རྒྱལ་བའི། 

སྐུ་གདུང་མཆོད་རྟེན་དཔག་ཚད་གཉིས་པ་གཅིག།

ནོར་བུའི་དྲ་བ་དག་གིས་རྣམ་པར་བརྒྱན། 

ཞེས་གསུངས་པར་འཁྲས་ཏེ་མདོ་འདི་ཉིད་ལས་བསྟན་པའི་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ནི་སྒྲོལ་བསྟོད་འདིའི་མཛད་པ་པོ་ཡིན་ཞེས་གསུངས་པའང་མི་འཐད་དེ།  སངས་རྒྱས་འདི་ནི་རྣམ་འདྲེན་སུམ་བརྒྱ་ཞེ་དགུ་པ་ཡིན་ཏེ།  འཕགས་པ་བསྐལ་པ་བཟང་པོ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས་བསྟན་པའི་བསྐལ་བཟང་གི་སངས་རྒྱས་སྟོང་རྩ་ལས་རྣམ་འདྲེན་སུམ་བརྒྱ་ཞེ་དགུ་པ་ཡིན་གསུངས་སོ།    འདི་དག་ནི་དཔེ་མཚུངས་ཙམ་མོད།  ད་དུང་གྲངས་ལས་འདས་པ་ཡོད་ཀྱང་གང་ཡིན་གསལ་པོ་མ་ངེས་ཀྱང་།  རྣམ་འདྲེན་བཞི་པ་སྟོན་པ་ཤཱཀྱ་ཐུབ་པའི་དབང་པོ་མཆོག་མ་བྱུང་བའི་སྔ་རོལ་ཏུ་བྱུང་བའི་སངས་རྣམ་པར་སྣང་མཛད་ཞིག་ཡིན་པར་ཤིན་ཏུ་གསལ་ལོ།   

འདི་ཚིགས་སུ་བཅད་པ། 

དེ་ཡང་གཞུང་འདིའི་བྱེད་པོར་འདོད་ཚུལ་གཉིས། 

འགའ་རེས་རྣམ་འདྲེན་བཞི་པས་མཛད་པར་འདོད། 

ལ་ལས་རྣམ་པར་སྣ་མཛད་བྱས་པར་བསྙད། 

མདོ་ལས་ཐུབ་པས་མཛད་པར་གསུངས་པ་ནི།  

མཛད་པ་མིན་པས་བཟླས་པ་ཡིན་ཞེས་གྲགས། 

དེའི་ཕྱིར་རྗེས་འཇུག་མཁས་པའི་བཞེད་པའང་། 

རྣམ་པར་སྣ་མཛད་གཞུང་འདིའི་བྱེད་པོར་འདོད། 


སྒྲོལ་མའི་ལོ་རྒྱུས།

སྒྲོལ་མའི་ལོ་རྒྱུས་ལ་སྐུའི་རྣམ་པ་དང་བྱུང་རབས་སོ།   དང་པོ་སྐུའི་རྣམ་པ་ནི། སྤྱིར་སྒྲོལ་མ་ལ་རྣམ་པ་མི་འདྲ་བ་ཤིན་ཏུ་མངས་ཀྱང་མདོར་ན་གཉིས་སུ་འདུས་ཏེ་སྒྲོལ་ལྗང་དང་སྒྲོལ་དཀར་གཉིས་སོ།  ཡོངས་གྲགས་སུ་སྐུ་མདོག་ལྗང་གུ་ཅན་ལ་སྒྲོལ་ལྗང་ཅེས་འབོད་སྲོལ་ཡོད་ཀྱང་། གཞུང་ལས་སེང་ལྡེང་ནགས་ཀྱི་སྒྲོལ་མ་ཞེས་དང་།  ཡང་ན་མཆོག་སྩོལ་བའི་སྒྲོལ་མ་ཞེས་བྱུང་མོད།  དང་པོ་གྲུབ་སྟེ། ལེགས་བྲིས་མ་ལས།  ནུ་འབུར་རབ་རྒྱས་ཟག་མེད་བདེ་བའི་གཏེར།  ཞལ་རས་ཟླ་བ་རྒྱས་པའི་འཛུམ་དཀར་ཅན།  ཞི་བའི་ཉམས་ལྡན་ཐུགས་རྗེའི་སྤྱན་ཡངས་མ།   སེང་ལྡེང་ནགས་ཀྱི་མཛེས་མ་ཁྱོད་ལ་འདུད།  ཅེས་སོ།    དེ་བཞིན་དུ་སྒྲོལ་དཀར་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོ་ཞེས་གྲགས་སོ།    ལྷ་ཚོགས་ཉེར་གཅིག་ལས།  ཇོ་བོ་རྗེའི་ལུགས་དང་།  གྲུབ་ཐོབ་ཉི་མ་སྦས་པའི་ལུགས་སོ།  དང་པོ་ཇོ་བོ་རྗེའི་ལུགས་ལ་ཚང་མ་ཞལ་གཅིག་ཕྱག་གཉིས་ཅན་ཤ་སྟག་ཡིན།  གཉིས་པ་གྲུབ་ཐོབ་ཉི་མ་སྦས་པའི་ལུགས་ལ་སྣ་ཚོགས་ཡོད་དེ། ཞལ་གསུམ་ཕྱག་བརྒྱད་མ་སོགས་འདྲ་མིན་མཆིས   སྐབས་དོན་ཇོ་བོ་རྗེའི་ལུགས་གཞིར་བཟུང་བྱས་ནས་འགྲེལ་པ་ཡིན།  གཞན་ཡང་སྒྲོལ་མ་ནི། རྒྱལ་བ་ཀུན་གྱི་སྐྱེས་པའི་ཡུམ་སྟེ། དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་བ་ལ་བཀའ་སྩལ་པ།  འཇམ་དཔལ་ཡུམ་འདི་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཡུམ་མོ།  འཇམ་དཔལ་དེའི་ཕྱིར།  དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་བསྟོད་པ་འདི།  འཇམ་དཔལ་ཁྱོད་ཀྱིས་ཡིད་ལ་གྱིས་ཤིག དེ་ནས་བཅོམ་ལྡན་འདས་ཀྱིས་བསྟོད་པའི་གཟུངས་སྔགས་གསུངས་པ་ཞེས་རྗེ་དགེ་འདུན་གྲུབ་ཀྱིས་མཛད་པའི་སྒྲོལ་མའི་འགྲེལ་པ་ལས་གསུངས་སོ།       

གཉིས་པ་ལ་ཐུན་མོང་བའི་བྱུང་རབས་དང་།  ཐུན་མོང་མིན་པའི་བྱུང་རབས་སོ།    དང་པོ་ནི།  དེ་ཡང་སྒྲོལ་མའི་རྒྱུད་ཀྱི་འབྱུང་ཁུངས་གསལ་བར་བྱེད་པའི་ལོ་རྒྱུས་གསེར་གྱི་ཕྲེང་བ་ལས།  སྔོན་ཐོག་མ་མེད་པའི་དུས་ཤིག་ན།  འཇིག་རྟེན་གྱི་ཁམས་སྣ་ཚོགས་པའི་འོད་ཅེས་བྱ་བར།  བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྔ་སྒྲ་ཞེས་བྱ་བ་བྱུང་སྟེ།  དེའི་བསྟན་པ་ལ་མཆོག་ཏུ་གུས་པའི་རྒྱལ་པོའི་བུ་མོ་ཡེ་ཤེས་ཟླ་བ་ཞེས་བྱ་བ་ཞིག་ཡོད་དེ།   དེས་སངས་རྒྱས་དེ་འཁོར་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་དགེ་འདུན་གྲངས་མེད་པ་དང་བཅས་པ་ལ་ལོ་བྱེ་བ་བརྒྱ་སྟོང་གི་བར་དུ་མཆོད་པར་བྱས་ཏེ།  ཉི་མ་རེ་རེ་བཞིན་དུ་ཕྱོགས་བཅུ་དཔག་ཚད་བཅུ་གཉིས་ཐམས་ཅད་རིན་པོ་ཆེས་གོ་མཚམས་མེད་པར་བཀང་བའི་རིན་ཐང་གི་ཚད་དང་མཉམ་པའི་མཆོད་རྫས་དག་བཤམས་སོ།   དེའི་མཐར་བྱང་ཆུབ་ཏུ་སེམས་བསྐྱེད་དེ་སེམས་དང་པོ་བསྐྱེད་པ་ཡིན་ནོ།   དེའི་ཚེ་དགེ་སློང་རྣམས་ཀྱིས་ཁྱེད་དགེ་བའི་རྩ་བ་འདི་ཉིད་ཀྱིས་ལུས་འདི་ཉིད་སྐྱེས་པར་གྱུར་ཏེ།   བསྟན་པ་ལ་བྱ་བ་བྱེད་པར་སྨོན་ལམ་བཏབ་ན་དེ་བཞིན་དུ་འགྱུར་བའི་ཕྱིར་དེ་ལྟར་རིགས་སོ།།  ཞེས་བསྐུལ་བ་ལས། དྲིན་ལམ་མང་དུ་ཡོད་སྐད་ལ། མཐར་རྒྱལ་བའི་བུ་མོས་སྨྲས་པ། 

འདི་ན་སྐྱེས་པ་མེད་ཅིང་བུད་མེད་མེད།  

བདག་མེད་གང་ཟག་མེད་ཅིང་རྣམ་རིག་མེད། 

ཕོ་མོར་བཏགས་པ་འདི་ནི་ཡ་མ་བརླ། 

འཇིག་རྟེན་བློ་ངན་རྣམ་པར་འཁྲུལ་བར་གྱུར། 

ཅེས་བྱ་བ་ལ་སོགས་པ་བརྗོད་དེ། སྐྱེས་པའི་རྟེན་ལ་བྱང་ཆུབ་འདོད་པ་ནི་མང་གི། བུད་མེད་ཀྱི་ལུས་ཀྱི་འགྲོ་བའི་དོན་སྤྱོད་པ་ནི་འགའ་ཡང་མེད་དོ།  དེ་བས་ན་འཁོར་བ་མ་སྟོང་གི་བར་དུ་བུད་མེད་ཀྱི་གཟུགས་ཀྱིས་འགྲོ་བའི་དོན་བྱའོ།།  ཞེས་དམ་བཅས་སོ།   དེ་ནས་ལོ་བྱེ་བ་བརྒྱ་སྟོང་གི་བར་དུ།  དེ་རྒྱལ་པོའི་ཕོ་བྲང་དུ་གནས་ཤིང་འདོད་པའི་ཡོན་ཏན་ལྔ་ལ་ཐབས་མཁས་པས་སྤྱོད་བཞིན་དུ་ཏིང་ངེ་འཛིན་བསྒོམས་པས།  མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ཅིང་།  འགྲོ་བ་ཐམས་ཅད་སྒྲོལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་བསྒྲུབས་སོ།   ཏིང་ངེ་འཛིན་གྲུབ་པ་དེའི་ནུས་པས། དེ་ནས་ཉིན་རེ་བཞིན་དུ་སྔ་དྲོའི་དུས་ཀྱི་ཚེ།  སེམས་ཅན་བྱེ་བ་བརྒྱ་སྟོང་རེ་འཇིག་རྟེན་པའི་སེམས་ལས་བསྒྲལ་ཏེ།  བཟོད་པ་ལ་མ་བཀོད་ཀྱི་བར་དུ་ཟས་ཟ་བར་མི་བྱེད་དོ།   ཉི་མ་ཕྱི་དྲོའི་ཚེ་ཡང་དེ་ཙམ་རེ་འགོད་པར་བྱེད་དོ།   དེ་ནས་སྔར་གྱི་མིང་དེ་འགྱུར་ནས།  སྒྲོལ་མ་ཞེས་བྱ་བར་གྱུར་ཏོ།  དེ་ནས་དེ་བཞིན་གཤེགས་པ་རྔ་སྒྲས་ཀྱང་།  ཇི་སྲིད་བླ་ན་མེད་པའི་བྱང་ཆུབ་མངོན་དུ་བྱས་པ་དེ་སྲིད་དུ།  མིང་ལྷ་མོ་སྒྲོལ་མས་མཚན་པ་འབའ་ཞིག་ཏུ་འགྱུར་བར་ལུང་བསྟན་ཏོ།    ཞེས་གསུངས་པ་བཞིན་ནོ།    དེ་ནས་བསྐལ་པ་བི་བུདྡྷ་རྣམ་པར་རྒྱལ་བ་ཞེས་བྱ་བ་ལ།  དེ་བཞིན་གཤེགས་པ་དོན་ཡོད་གྲུབ་པའི་དྲུང་དུ།  ཕྱོགས་བཅུའི་ཞིང་རབ་འབྱམས་ཐམས་ཅད་ཀྱི་སེམས་ཅན་རྣམས་ལ་ཉེ་བར་འཚེ་བ་ཐམས་ཅད་བསྲུང་ཞིང་སྐྱོབ་པར་དམ་བཅས།  བདུད་ཐམས་ཅད་རྣམ་པར་འཇོམས་པའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་པས་བསྐལ་པ་དགུ་བཅུ་རྩ་ལྔའི་བར་དུ་ཉིན་རེ་བཞིན་དུ་འགྲོ་བའི་གཙོ་བོ་བྱེ་བ་བརྒྱ་སྟོང་འབུམ་ཕྲག་རེ་བསམ་གཏན་ལ་ཡང་དག་པར་བཀོད།  ནུབ་རེ་བཞིན་གཞན་འཕྲུལ་བདག་པོ་སྟེ་བདུད་བྱེ་བ་བརྒྱ་སྟོང་རེ་བཏུལ་པས་སྒྲོལ་མ་ཞེས་པ་དང་།  གདུང་མ།   མྱུར་མ།   དཔའ་མོ་ཞེས་གྲགས་སོ།   དེ་ནས་བསྐལ་པ་ཐོག་པ་མེད་པ་ཞེས་བྱ་བ་ལ།   དགེ་སློང་དྲི་མ་མེད་པའི་འོད་ཀྱི་སྣང་བ་ཞེས་བྱ་བ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་རྗེ་ཆེན་པོའི་འོད་ཟེར་གྱིས་མངོན་པར་དབང་བསྐུར་བས།   དེ་ཉིད་འཕགས་པ་སྤྱན་རས་གཟིགས་སུ་གྱུར་ལ།   དེའི་ཚེ་དེ་བཞིན་གཤེགས་པ་རིགས་ལྔ་སོགས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས།  སླར་ཡང་མཁྱེན་པའི་ཡེ་ཤེས་ཀྱི་ངོ་བོར་གྱུར་པ་འོད་ཟེར་ཆེན་པོའི་དབང་བསྐུར་བས།  འོད་ཟེར་སྔ་ཕྱི་གཉིས་ཡབ་ཡུམ་དུ་གྱུར་པ་འདྲེས་པ་ལས་ལྷ་མོ་སྒྲོལ་མར་གྱུར་ཏེ་སྤྱན་རས་གཟིགས་ཀྱི་ཐུགས་ཀ་ནས་བྱུང་སྟེ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་བསྐང་བ་དང་།   སེམས་ཅན་རྣམས་འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་ལས་སྐྱོབ་པར་མཛོད་དོ། །ཞེས་ཀྱང་གསུངས་སོ།   

གཉིས་པ་ནི།  འཇིག་རྟེན་གསུམ་མགོན་ཆུ་སྐྱེས་ཞལ་གྱི།།  གེ་སར་བྱེ་བ་ལས་ནི་བྱུང་མ།། ཞེས་གསུངས་པ་བཞིན།  ལས་ཉོན་དབང་གིས་མ་རིག་པས་ཀུན་ནས་སློང་པའི་ཉམ་ཐག་གི་སེམས་ཅན་རྣམས་སྡུག་བསྔལ་གྱི་རང་བཞིན་འཁོར་བར་བདེ་བ་འདོད་ཅིང་ཐར་པར་དུག་ལྟར་མཐོང་པས་སྲིད་པར་ཤིན་ཏུ་ཆགས་པའི་ཚེ།  ཕྱོགས་བཅུའི་རྒྱལ་བ་མ་ལུས་ཀྱི་བརྩེ་བའི་རང་གཟུགས་འཕགས་མཆོག་ཕྱག་ན་པདྨོ་དབང་ཕྱུག་སྤྱན་རས་གཟིགས་མཆོག་གིས་མི་བཟོད་པའི་རྐྱེན་གྱིས་སྤྱན་ཆབ་ལས་སྐྱེས་པའི་མེ་ཏོག་པདྨའི་གེ་སར་ཁ་བྱེ་བ་ལས་བྱུང་པར་གསུངས་ཏེ།  དྷརྨ་བྷ་དྲས་མཛད་པའི་བསྟོད་པའི་འགྲེལ་བ་ཡིད་འཕྲོག་ཨུཏྤལའི་ཆུན་པོ་ལས།  འཇིག་རྟེན་གསུམ་མགོན་ནི་འཕགས་པ་སྤྱན་རས་གཟིགས་ཡིན་ལ།  དེའི་ཞལ་གྱི་དཀྱིལ་འཁོར་ལ་གནས་པའི་སྤྱན་གྱི་ཆུ་སྟེ། སྤྱན་ཆབ་ལས་སྐྱེས་པའི་མེ་ཏོག་པདྨའི་གེ་སེར་ཁ་བྱེ་བ་ལས་བྱུང་བའི་ལོ་རྒྱུས་དང་ལྡན་མ་དེ་ལ་འདུད་པ་སྟེ།   ཞེས་གསུངས་པ་བཞིན་ནོ།།  གཞན་ཡང་འགྲེལ་བ་འཕྲིན་ལས་ཆར་དུ་སྙིལ་པའི་སྤྲིན་ཕུང་ལས་ཀྱང་།   ཟླ་བ་ཉ་ལ་བབས་དུས་རྒྱལ་པོས་མཆོད་པ་དང་བཀུར་སྟི་དཔག་ཏུ་མེད་པར་བྱས་པས་སྤྲུལ་པའི་ཁྱེའུ་དེས་སངས་རྒྱས་ཀྱི་འཕྲིན་ལས་རྗེས་སུ་དྲན་ནས་སེམས་ཅན་གྱི་དོན་བྱ་བར་དགོངས་ཏེ་ཁམས་གསུམ་དུ་གཟིགས་པས་སེམས་ཅན་རྣམས་དུག་ལྔ་ཧྲགས་ཤིང་འཁོར་བའི་སྡུག་བསྔལ་མེ་ལྟར་འབར་བ་གཟིགས་ཏེ་སྙིང་རྗེ་ནས་སྤྱན་ཆབ་ཤོར་རོ།    དེ་ཡང་སྤྱན་གཡས་པ་ནས་སྒྲོལ་མ་དང་གཡོན་པ་ནས་ཁྲོ་གཉེར་ཅན་བྱོན་ཏེ།  སྒྲོལ་མའི་ཞལ་ནས་སེམས་ཅན་གྱི་དོན་བྱེད་པར་བྱང་ཆུབ་ཀྱི་སེམས་སྦྱོངས་ཤིག་གསུངས།   ཁྲོ་གཉེར་ཅན་མས་སེམས་ཅན་གྱི་དོན་བྱེད་པར་ཐུགས་གཡེང་མ་མཛད་ཅིག   ཁོ་མོ་ཅག་གཉིས་ཀྱང་རིགས་ཀྱི་བུ་ཁྱོད་ཀྱི་གྲོགས་བྱའོ་གསུངས་ནས་སླར་སྤྱན་གཉིས་སུ་ཐིམ་པར་གསུངས་སོ།     དེ་ཉིད་ལས།   ལྷ་མོ་སྒྲོལ་མ་ལ་སྨྲེ་སྔགས་ཀྱིས་གསོལ་བ་འདེབས་པ་ལས་ཀྱང་།།
 
ཁྱོད་སྔོན་སྐྱོབ་པ་རྣམ་གཟིགས་སྤྱན་ཆབ་ལས། གང་འཁྲུངས་དེ་ཚེ་དེ་མ་ཐག་འདི་སྐད་དུ།། སྲིད་གནས་གང་སུ་འཇིགས་པས་འཇིགས་འགྱུར་ཡོད། དེ་ཀུན་ངས་སྐྱབས་ཞེས་གསུངས་དམ་བཅའ་དགོངས།།

ཞེས་པ་འདི་ཡང་འཁོན་དཀོན་ཅོག་རང་རྒྱལ་གྱིས་ཕྱི་ལོ༢༠༢༢ལོའི་ཟླ་བཞི་པའི་ས་སྲོད་ག་གེ་མོ་ཞིག་ལ་བྲིས་པར་རྫོགས་སོ།།

                   རྩོམ་སྒྲིག་པ། གསར་བ།


           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


 

Signature is customized by Netease