ནང་བསྟན་རིག་གཞུང་ལས་བྱུང་བའི་བར་དོ།

    བསོད་ནམས་དོན་འགྲུབ་ཀྱིས་བརྩམས།


ནང་བསྟན་རིག་གཞུང་ལས་བྱུང་བའི་བར་དོ། 

 
                          
  བསོད་ནམས་དོན་འགྲུབ་ཀྱིས་བརྩམས།  
 
ང་ཚོ་ཚང་མ་ལ་རང་ཉིད་ཤི་མ་ཐག་ཏུ་ཅི་འདྲ་ཞིག་ཡིན་སྙམ་པ་དང་ཡང་ན་སྣང་བ་ཅི་ཞིག་འཆར་འོང་བསམ་པ་ཞིག་ཐུན་མོང་དུ་ཡོད་པ་རེད།  འདི་ལ་གནའ་བོའི་རིག་གནས་ཀྱི་ཁྲོད་ན་འགྲེལ་བཤད་འདྲ་མིན་ཞིག་བྱས་ཡོད་ལ།  དེ་དག་ལས་སྔ་ཤོས་ནི་བདག་ཅག་གི་སྟོན་པ་ཤཱཀྱ་མུ་ནེས་གསལ་བཤད་བྱས་པ་དེ་རེད།  ཁོང་ནི་མི་ལོ་སྟོང་ཕྲག་གཉིས་ལྷག་ཅིག་གི་སྔོན་དུ་བྱོན་པ་དང་།  མ་ཟད་འགྲོ་བ་མི་ཡི་རིགས་ལ་རྨད་དུ་བྱུང་བའི་ལེགས་བཤད་མང་པོ་ཞིག་གི་ལེགས་སྐྱེས་བསྐྲུན་ཡོད་པས་ད་ལྟའི་ཆར་འཛམ་གླིང་ཡོངས་ཀྱིས་ཁོང་ཉིད་རྗེས་དྲན་ཞུ་ཡུལ་དུའང་གྱུར་ཡོད།  སྟོན་པ་ཤཱཀྱ་མུ་ནེས་མི་ཤི་རྗེས་བར་དོ་ཞེས་པའི་སེམས་ཅན་ཞིག་ལ་འགྱུར་བཞིན་ཡོད་པ་དང་།  དེ་ནས་རིམ་བཞིན་སྐྱེ་བ་གཞན་ཞིག་ལ་འཇུག་གི་ཡོད་པ་གསལ་པོར་བཤད་ཡོད།  དེ་ནི་འགྲོ་བ་མིའི་རིགས་ལ་བར་དོའི་སེམས་ཅན་ངོ་སྤྲོད་བྱེད་མཁན་ཆེས་སྔ་ཤོས་དེ་ཆགས་ཡོད།  ཁོང་གིས་སྲོག་ཆགས་གང་ཡིན་ཡང་ཤི་རྗེས་བར་དོའི་སེམས་ཅན་ལ་འགྱུར་བཞིན་ཡོད་པའི་བལྟ་ཚུལ་དེ་ཧ་ཅང་གི་ཟབ་པ་ཚད་རིམ་མཐོན་པོ་ཞིག་ལ་མ་སླེབས་བར་དུ་མཐོང་མི་ཐུབ་པ་ཞིག་ལ་ངོས་འཛིན་གྱི་མེད།  དེ་ནི་སྤྱིར་བཏང་གི་སྐྱེ་དངོས་ཀུན་ལ་བརྒྱུད་རིམ་རེ་རེར་ཡོད་པ་ལྟར།  བར་དོ་ཡང་ཚེ་སྲོག་གི་འབྲས་བུ་སྨིན་པའི་བརྒྱུད་རིམ་ཞིག་ལ་ངོས་བཟུང་བཞིན་ཡོད།  དཔེར་ན་ཚོན་མདངས་རྣམ་པར་བཀྲ་བའི་མེ་ཏོག་ཞིག་ལ་མཚོན་ན་དང་པོ་ས་བོན་གྱི་གནས་སྐབས་དང་དེ་ནས་རིམ་བཞིན་མྱུ་གུ་དང་སྡོང་བུའི་གནས་སྐབས་སོགས་བརྒྱུད་དེ་འོང་ཡོད་པ་ལྟར།  ང་ཚོའི་ཚེ་སྲོག་འདི་ཡང་བར་དོའི་གནས་སྐབས་བརྒྱུད་ནས་འོང་ཡོད་པར་འདོད་ཀྱི་ཡོད།  དེ་ཡང་སྟོན་པ་ཤཱཀྱ་མུ་ནེས་རྒྱུན་དུ་གསུང་བཤད་གནང་སྐབས་ཕ་རོལ་པོའི་བློ་ཚོད་དང་མཐུན་པ་ཞིག་བཤད་པ་ལས་བྲེལ་ཚུབ་ཀྱི་སྒོ་ནས་རང་གི་གང་དྲན་ནམ།   ཡང་ན་གང་ཤེས་དེ་བཤད་ཀྱིན་མེད་པ་གསལ་པོར་རེད།  དེས་ན་བར་དོའི་སྐོར་ཡང་ཁོང་གིས་གདུལ་བྱ་དབང་རྣོན་ལ་ཟབ་རྒྱས་ཀྱི་སྒོ་ནས་གསུངས་པ་དང་དབང་རྟུལ་ལ་གོ་བདེ་མོར་ཞིག་གི་སྒོ་ནས་གསུངས་ཡོད་འདུག།  དབང་རྣོན་ལ་གསུངས་པ་དེ་ནི་ཤིན་ཏུ་གསང་བ་ཞིག་ཡིན་པས་ཐུན་མོང་དུ་དར་ཁྱབ་སོང་མེད།  དེ་ལ་བོད་བརྒྱུད་ནང་བསྟན་ཁྲོད་དུ་རྒྱུད་སྡེ་ལས་གསུངས་པའི་བར་དོ་ཟེར་བཞིན་ཡོད་ལ།  ཡོངས་གྲགས་ལྟར་ན་རྣམ་བཞག་དེ་ནི་སྟོན་པའི་འཁོར་གྱི་གཙོ་བོ་ཤཱ་རིའི་བུ་དང་མོའུ་འགལ་གྱི་བུ་གཉིས་ཀྱིས་ཀྱང་ཐོས་མེད་པར་བཤད་ཀྱིན་ཡོད།  གདུལ་བྱ་དབང་རྟུལ་ལམ་ཐུན་མོང་ལ་གསུངས་པའི་བར་དོའི་སྐོར་ནི་ཀུན་དགའ་བོ་སོགས་ཐུན་མོང་གི་འཁོར་ཉན་ཐོས་མང་པོས་ཐོས་པ་དང་ཐུན་མོང་གི་བཀའ་བསྡུ་མཛད་པ་རྣམས་ཀྱིས་བར་དོའི་སྐོར་གསུངས་པའི་བཀའ་རྣམས་བསྡུས་ཡོད་པ་ཞིག་ཡིན་པས་དེང་སང་ལོ་རྒྱུས་ཡིག་ཚང་གི་ངོས་ནས་ཀྱང་བདེན་དཔང་བྱེད་ཐུབ་པ་ཞིག་ཡིན། 
 
   འོ་ན་བོད་བརྒྱུད་ནང་བསྟན་གྱི་གཞུང་ལུགས་ལས་བར་དོ་ཞེས་པ་གང་འདྲ་ཞིག་ལ་ངོས་འཛིན་གནང་ཡོད་ཅེ་ན།  དེ་ནི་སེམས་ཅན་ཤི་ནས་སྐྱེ་སྲིད་གཞན་མ་བླངས་པའི་བར་གྱི་སེམས་ཅན་ལ་ངོས་བཟུང་བཞིན་ཡོད་ལ།  སེམས་ཅན་དེ་ནི་ཕ་མ་ལ་རྟེན་མི་དགོས་པར་རྫུས་སྐྱེས་ཡིན་པ་དང་།  མིག་སོགས་དབང་པོ་ཀུན་ཚང་བ།  དེའི་ལུས་ནི་ཤིན་ཏུ་དྭངས་ཤིང་ཕྲ་བ་རྩིག་པ་སོགས་ལ་ཐོགས་མེད་དུ་འགྲོ་བ།  རྫུ་འཕྲུལ་ལྡན་པ།  ཁ་ཟས་ལ་དྲི་ཟ་བ།  མདོག་ལ་དགེ་བ་བྱས་པ་རྣམས་དཀར་པོ།  སྡིག་ཅན་རྣམས་ནག་པོ།  དབྱིབས་ནི་གང་དུ་སྐྱེ་འགྱུར་གྱི་ཤ་ཚུགས་ཅན།  འགྲོ་ཚུལ་ལ་དམྱལ་བའི་བར་སྲིད་སྤྱིའུ་ཚུགས་ཀྱིས་འགྲོ་བ།  ཡི་དྭགས་དང་དུད་འགྲོའི་བར་སྲིད་སྐས་ལ་འབབ་པ་ལྟ་བུར་འགྲོ་བ།  ལྷའི་བར་སྲིད་གྱེན་དུ་འགྲོ་བར་གསུངས་ཡོད།  བར་དོ་ནང་ཕན་ཚུན་རིགས་མཐུན་པ་དག་གིས་མཐོང་བ་དང་།  འགྲོ་བ་གཞན་གྱིས་བར་དོའི་སེམས་ཅན་མཐོང་བ་ལ་སྦྱོར་བྱུང་གི་ལྷའི་མིག་སྐྱོན་བཅུ་གཅིག་དང་བྲལ་བའི་རྣམ་པར་དག་པ་ཞིག་དགོས་པར་འདོད་བཞིན་ཡོད།  བར་དོ་ལ་གནས་པའི་དུས་ཡུན་ག་ཙམ་ཞིག་ཡིན་ཞེ་ན།  དེ་ལ་གཅིག་གྱུར་གྱི་ལན་བྱུང་མེད།  ལ་ལས་དུས་ཡུན་རིང་པོར་གནས་པར་འདོད་པ་དང་།  ལ་ལས་ཞག་བདུན་ཁོ་ན་ལ་དང་།  ལ་ལས་ཆེས་གནས་ཡུན་རིང་ན་ཞག་ཞེ་དགུ་ལ་གནས་པར་འདོད་པ་སོགས་མི་འདྲ་བ་ཆགས་ཡོད།  དེ་ལྟར་ནའང་བོད་བརྒྱུད་ནང་བསྟན་པ་དག་གིས་རིང་མཐའ་ཞག་ཞེ་དགུ་ལ་གནས་པར་འདོད་པ་དེ་གཅིག་གྱུར་གྱི་སྒོ་ནས་འཐད་ཕྱོགས་སུ་བཟུང་ཡོད་ལ་དེ་ནི་འཕགས་པ་ཐོགས་མེད་ཀྱི་རྗེས་སུ་འབྲང་པ་ཞིག་ཡིན་པར་མངོན། 
 
   ཡང་བར་དོ་ལ་མིའི་རིགས་ཀྱིས་དོགས་སློང་གང་འདྲ་བྱས་ཡོད་ཅེ་ན།  ཐོག་མར་སྟོན་པའི་དངོས་སློབ་རྣམས་ཀྱིས་དེ་ལ་དོགས་པ་དང་ཐེ་ཚོམ་བྱས་པའི་ལོ་རྒྱུས་མེད་ལ།  མུ་སྟེགས་པ་རེ་འགས་ཀྱང་རང་གི་ལྟ་གྲུབ་དོར་ནས་དེ་འཐད་ཕྱོགས་སུ་བཟུང་ཡོད་འདུག།  མུ་སྟེགས་པ་རེ་འགས་མི་འཐད་པར་བཟུང་ནས་ལྐོག་ནས་དགག་པ་བྱས་པ་དང་རང་གི་ལྟ་གྲུབ་རྒྱུན་བསྐྱངས་པས་འཕགས་ཡུལ་དུ་ཕྱི་ནང་གཉིས་ཀྱི་བར་ལ་བར་དོའི་སེམས་ཅན་ཡོད་མེད་ལ་རྩོད་པ་བྱུང་ཡོད།  རྗེས་ནས་སྟོན་པའི་རྗེས་འཇུག་ནང་ཕན་ཚུན་ལའང་རྩོད་པ་དེ་བྱུང་ཡོད་པ་མངོན་པ་མཛོད་སོགས་ན་གསལ་འདུག་པ་ཞིག་རེད།  དེས་ན་འཕགས་ཡུལ་དུ་དུས་ནམ་ཞིག་ལ་ནང་པ་ནས་ནང་པའི་བར་དུ་བར་དོ་ཡོད་མེད་ལ་རྩོད་པ་བྱུང་བ་ཞིག་རེད་ཟེར་ན།  དེའི་སྐོར་ཚན་རིག་དང་མཐུན་པའི་བདེན་དཔང་ཞིག་མ་རྙེད་ཀྱང་ལོ་རྒྱུས་ཡིག་ཚང་ལྟར་ན་སྟོན་པ་ཉིད་ཞལ་བཞུགས་པའི་སྐབས་དང་འདས་ནས་ལོ་བརྒྱ་དང་བཅུ་དྲུག་གི་བར་ལ་ལྟ་བ་འདྲ་མིན་གྱི་རྩོད་པ་བྱུང་མེད་པར་གསུངས་ཡོད།  སྟོན་པ་འདས་ནས་ལོ་བརྒྱ་དང་བཅུ་དྲུག་མན་ཆོད་དུ་ནང་བ་ཕན་ཚུན་གྱི་ནང་དུ་ལྟ་གྲུབ་ཀྱི་རྩོད་པ་འདྲ་མིན་བྱུང་ཡོད་པ་གསལ་ཐག་ཆོད་པ་ཞིག་ཡིན།  འོན་ཀྱང་རྩོད་པ་དེ་འབྱུང་རྐྱེན་གང་ཡིན་དང་།  རྩོད་པ་ཐོག་མར་གླེང་མཁན་སུ་ཡིན་དང་།  དུས་ནམ་ཞིག་ལ་བྱུང་བ་སོགས་གསལ་ཐག་ཆོད་པའི་གཅིག་གྱུར་གྱི་ལན་ཞིག་བོད་བརྒྱུད་ནང་བསྟན་ཁྲོད་ནས་རྙེད་མེད།  དཔེར་ན་དུས་རབས་བརྒྱད་པའི་ནང་དུ་བོད་ལ་འགྱུར་བའི་འདུལ་བ་འོད་ལྡན་གྱི་ནང་དུ་ཆོས་རྒྱལ་མྱ་ངན་མེད་འདས་རྗེས་གཞི་ནས་ཉན་ཐོས་རྩ་བའི་སྡེ་བ་བཞིར་གྱེས་པ་དང་རྩོད་པ་བྱུང་ཚུལ་གསུངས་ཡོད་ལ།  སློབ་དཔོན་བྷྱ་བྱས་མཛད་པའི་རྟོག་གེ་འབར་བ་ནང་དུ་ཆོས་རྒྱལ་མྱ་ངན་མེད་ཀྱི་སྐུ་དུས་སྟོན་པ་འདས་ནས་ལོ་༡༡༦ལོན་པ་ན་དགེ་འདུན་འབྱེན་གྱི་རྩོད་པ་བྱུང་ནས་རྩོད་པ་འཕེལ་བའི་འདོད་ཚུལ་གཅིག་དང་།  ཡང་འདས་ལོ་༡༣༧ནས་བདུད་སྡིག་ཅན་བཟང་པོས་རྩོད་པ་གླེང་རྐྱེན་གྱིས་རྩོད་པ་བྱུང་བའི་འདོད་ཚུལ་སོགས་འདྲ་མིན་བཤད་ནས་ཡོད་པ་ལྟ་བུ་རེད།  མདོར་ན་འདས་ལོ་༡༡༦མན་ཆད་ནས་ད་ལྟའི་བར་དུ་ནང་བ་སངས་རྒྱས་པ་རྣམས་ཚོ་ཁག་སོ་སོར་གྱེས་ནས་ཕན་ཚུན་གྱི་ལྟ་གྲུབ་ལ་དོགས་སློང་དང་དགག་གཞག་གི་རྩོད་པ་མང་པོར་བྱུང་ཡོད་པས་བར་དོ་ཡོད་མེད་ཀྱི་རྩོད་པ་ཡང་བར་མཚམས་དེ་ནས་དར་བར་མངོན།  མདོར་ན་རྩོད་པ་འདི་དང་པོ་ནམ་བྱུང་བ་ལ་ཁ་ཚོན་གཅོད་མི་ཐུབ་ཀྱང་དུས་རབས་ལྔ་པའི་ནང་དུ་ཡོད་པ་མཛོད་རྩ་འགྲེལ་གྱིས་ཁ་ཚོན་གཅོད་ཐུབ་བཞིན་ཡོད།  ཚོད་དཔག་བྱས་ན་མི་ལོ་༦༠༠ལྷག་གི་དུས་ཡུན་གྱི་རིང་ལ་བར་དོའི་སེམས་ཅན་ཡོད་མེད་ལ་རྩོད་པ་བྱས་པར་མངོན་ལ་དུས་ཡུན་དེ་ཙམ་གྱི་རིང་ལ་བར་དོ་ཡོད་མེད་ལ་སྒྲུབ་བྱེད་དང་དཔང་རྟགས་འགོད་རེས་བྱས་པའི་མཁས་པ་དག་གིས་ཆེས་ཡིད་དུ་འོང་བའི་དཔེ་དང་གཏན་ཚིགས་གྲངས་མེད་ཅིག་འཇིག་རྟེན་འདིར་ཁྱེར་འོང་ཡོད་པ་ནི་སྨོས་མ་དགོས་པ་ཡིན་མོད།  དེ་དག་ཕལ་ཆེར་ང་ཚོའི་མི་མཐོང་བའི་དབྱིངས་སུ་གཟིམས་ཚར་བ་ནི་འདུས་བྱས་ཀྱི་འགྱུར་བ་ཡིན་པས་བྱ་ཐབས་བྲལ་བ་ཞིག་རེད།  དེ་ལྟར་འཕགས་ཡུལ་གྱི་ནང་བའི་ཁྲོད་དུ་བར་དོ་ཡོད་མེད་ལ་རྩོད་པ་བྱུང་ནའང་བོད་བརྒྱུད་ནང་བསྟན་གྱི་ཁྲོད་ན་བར་དོ་ཡོད་མེད་ལ་དོགས་སློང་མཛད་མཁན་ཙམ་ཡང་མ་བྱུང་བར་ཐམས་ཅད་ཞལ་གཅིག་མཐུན་དུ་བར་དོ་ཡོད་པར་བཞེད་མཁན་ཤ་སྟག་ཡིན་འདུག།  འོན་ཀྱང་བོད་མཁས་པ་དག་གིས་དབྱིག་གཉེན་གྱིས་བར་དོ་སྒྲུབ་བྱེད་ཀྱི་རིགས་པ་བསྐྱར་བཟློས་བྱེད་པ་ཙམ་ལས་སྒྲུབ་བྱེད་ཀྱི་རིགས་པ་གསར་པ་འགོད་མཁན་ནི་ད་བར་དུ་བྱུང་མ་མྱོང་བ་ཞིག་རེད། 
 
འཕགས་ཡུལ་དུ་བར་དོ་མེད་པར་འདོད་མཁན་ལ་རིགས་གཉིས་བྱུང་འདུག།  ཚེ་སྔ་ཕྱི་མེད་པར་འདོད་པས་བར་སྲིད་ཁས་མི་ལེན་པ་ཞིག་དང་།  ཚེ་སྔ་ཕྱི་ཁས་ལེན་ཡང་བར་སྲིད་མི་དགོས་པར་འདོད་མཁན་དེ་གཉིས་རེད་འདུག།  དེ་ལ་ཚེ་སྔ་ཕྱི་ཁས་མི་ལེན་པ་ནི་ཕྱི་ནང་གཉིས་ཆར་གྱིས་ཚད་རིམ་དམའ་བ་དག་གིས་འདོད་ཚུལ་ཞིག་ཡིན་པར་ངོས་བཟུང་བཞིན་འདུག།  དེའི་རྒྱུ་མཚན་ནི་བསམ་གཏན་གྱི་དངོས་གཞི་ཐོབ་པ་དག་གིས་མངོན་སུམ་གྱི་ལམ་ནས་ཐ་ན་རང་གཞན་གྱི་སྐྱེ་བ་སྔ་ཕྱི་འགའ་རེར་མཐོང་ཐུབ་ཀྱི་ཡོད་པར་བཤད་ཡོད་ལ་སྔོན་ཆད་དངོས་གཞི་ཐོབ་པའི་ཕྱི་ནང་གི་མི་སྣ་ཧ་ཅང་མང་བ་དང་།  དེ་དག་ལྟ་གྲུབ་སྨྲ་བའི་མི་ཚོགས་ཀྱི་ནང་དུ་ཤུགས་རྐྱེན་ཆེ་བའི་མི་སྣ་ཡིན་པར་བཤད་འདུག།  དེའི་ཕྱིར་ཚེ་སྔ་ཕྱི་མེད་པར་འདོད་པའི་གྲུབ་མཐའ་ནི་སོ་སྐྱེས་འཆིང་བ་ཀུན་ལྡན་འགས་རྩལ་བཏོན་བྱས་པའི་གྲུབ་མཐའ་ཉུང་ཤོས་ཤིག་དང་དེའི་རྗེས་འབྲང་འགའ་ཞིག་ཙམ་ཡིན་པའི་ལྟ་ཚུལ་བཟུང་ཡོད།  དེས་ན་མུ་སྟེགས་པ་ཕལ་ཆེ་བ་དང་ནང་བ་རྣམས་ཀྱིས་ཚེ་སྔ་ཕྱི་ཁས་ལེན་པ་འདྲ་བར་གནས་ཡོད།  དེ་ནས་རིམ་བཞིན་དངོས་གཞི་ཐོབ་མཁན་ཇེ་ཉུང་དུ་སོང་བ་དང་ཁ་ཕྱི་རོལ་ལ་ཕྱོགས་ཏེ་ཞི་གནས་དང་བྲལ་བའི་དཔྱོད་ཤེས་རྐྱང་པ་ཚད་མར་འཛིན་མཁན་ཇེ་མང་དུ་ཕྱིན་པར་བརྟེན་ནས་ཚེ་སྔ་ཕྱི་དང་བར་དོ་མེད་པར་སྨྲ་མཁན་དང་ཡོད་མེད་ཐེ་ཚོམ་བྱེད་མཁན་ཇེ་མང་དུ་ཕྱིན་ཡོད་པས་བལྟ་ཚུལ་བཟུང་ཡོད།  དེ་དག་ལ་དུས་རབས་བདུན་པའི་ནང་དུ་བྱོན་པའི་སློབ་དཔོན་ཆོས་གྲགས་ཀྱིས་ཚེ་སྔ་ཕྱི་དངོས་སྟོབས་རིགས་པས་ཡོད་པར་བསྒྲུབས་ཡོད་པ་དང་།  གཞན་ཡང་རང་གི་ཚེ་སྔ་མ་དྲན་ནས་དོན་དངོས་མང་པོ་ཞིག་བདེན་པ་ར་འཕྲོད་པ་མང་པོར་བྱུང་བ་དེ་དག་གིས་ཚེ་སྔ་ཕྱི་ཡོད་པ་མྱོང་བ་དང་རྟགས་གཉིས་ཆར་གྱི་ལམ་ནས་གྲུབ་པ་འདོད་ཡོད།  གཉིས་པ་ནི་དགེ་འདུན་ཕལ་ཆེན་སྡེ་བས་ཚེ་སྔ་ཕྱི་ཁས་ལེན་ཡང་དེ་གཉིས་ཀྱི་བར་དུ་བར་དོ་ཞེས་པ་ཞིག་མི་དགོས་པས་མེད་པར་འདོད་ཀྱི་ཡོད།  དེ་ཡི་རྒྱུ་མཚན་ཡང་ཤི་མ་ཐག་ཏུ་རྣམ་ཤེས་གང་དུ་ཤི་བའི་ས་དེར་འགག་པ་དང་།  དེའི་འབྲས་བུ་རྒྱ་གར་ལྟ་བུའི་ཡུལ་ཕྱོགས་གཞན་དུ་སྐྱེས་ཆོག་ལ་དེའི་ཚེ་རྣམ་ཤེས་འདི་ནས་རིམ་བཞིན་སྐྱེ་སར་གང་ཡིན་པ་དེར་འགྲོ་མི་དགོས་ཏེ།  མེ་ལོང་དུ་གཟུགས་བརྙན་ཤར་བ་ན་བྱད་བཞིན་མེ་ལོང་ནང་དུ་ཕར་མ་སོང་ཡང་དེའི་གཟུགས་བརྙན་མེ་ལོང་ནང་དུ་འཆར་འོང་བ་བཞིན་ཟེར།  བལྟ་ཚུལ་འདིས་གང་དུ་ཤི་ན་རྣམ་ཤེས་དེར་འགག་པ་ལས་ཤི་རྗེས་རྣམ་ཤེས་ཡུལ་གཞན་ལ་འགྲོ་བ་མེད་པར་ཤི་ས་དེ་ནས་ནག་ཐུམ་མེར་འགྱུར་འགྲོ་བ་དང་།  དེ་རྗེས་སྐྱེ་གནས་འཚོལ་ཏེ་འགྲོ་མཁན་མེད་པར་ཉིན་ཞག་ག་ཙམ་ལུས་ནའང་བར་དེར་རྣམ་ཤེས་སྔ་མ་འགག་ནས་མེད་པར་གྱུར།  ནམ་ཞིག་ཡུལ་དུས་ངེས་མེད་ཞིག་ལ་སྐྱེ་སྲིད་ལྡང་འོང་བ་ན་ཚེ་ཕྱི་མའི་སྣང་བ་དང་པོར་ཤར་བར་འདོད་ཡོད།  དོན་འདི་ནི་བོད་ཀྱི་ཞིང་ལ་ས་བོན་བཏབ་པ་ན་དེའི་མྱུ་གུ་རྒྱ་གར་དུ་སྐྱེས་འོང་བར་འདོད་པ་དང་གཅིག་མཚུངས་སུ་གྱུར་ཡོད།  བསམ་ཚུལ་འདི་ལ་སློབ་དཔོན་དབྱིག་གཉེན་གྱིས།  འབྲི་ཡི་རྒྱུན་དང་ཆོས་མཐུན་ཕྱིར།།  སྲིད་པ་ཆད་ལས་བྱུང་བ་མིན།།  གཟུགས་བརྙན་མ་གྲུབ་ཕྱིར་ན་དང་།།  མི་འདྲའི་ཕྱིར་ན་དཔེ་མ་ཡིན།།  ཞེས་པའི་དགག་པ་བྱས་ཡོད།  དགག་པ་འདིས་དོན་བསྡུས་ན་བྱད་བཞིན་གྱིས་བར་དུ་ཆོད་པའི་མེ་ལོང་གི་ངོར་རང་གི་གཟུགས་བརྙན་འཆར་དུ་འཇུག་ཐུབ་པའི་དཔེ་དེ་དང་འཆི་ཁའི་རྣམ་ཤེས་ཀྱིས་བར་སྲིད་མེད་པར་སྐྱེ་སྲིད་ཀྱི་རྣམ་ཤེས་སྐྱེད་རུང་བར་འདོད་པ་གཉིས་མི་འདྲ་སྟེ།  གཟུགས་བརྙན་དེ་བྱད་བཞིན་གྱི་རྫས་རྒྱུན་མིན་པས་ཡུལ་གྱིས་བར་དུ་ཆོད་རུང་ལ།  སྐྱེ་སྲིད་ཀྱི་རྣམ་ཤེས་ནི་འཆི་ཁའི་རྣམ་ཤེས་ཀྱི་རྫས་རྒྱུན་ཡིན་པས་དེ་གཉིས་ལ་ཡུལ་དུས་གཉིས་ཆར་གྱི་བར་དུ་ཆོད་མི་རུང་ཞེས་དགག་པ་ནན་གྱིས་མཛད་པ་ཡིན་འདུག།  དོན་འདིས་ང་ཚོ་ལ་སློབ་དཔོན་དབྱིག་གཉེན་གྱིས་ཟླ་བས་རང་འཛིན་མིག་ཤེས་བར་དུ་ཆོད་པའི་སྒོ་ནས་སྐྱེད་པ་ལྟ་བུ།  རྒྱུ་ལ་ལས་རང་དང་དུས་མཉམ་པའི་འབྲས་བུ་ཡུལ་གྱིས་བར་དུ་ཆོད་ནའང་སྐྱེད་པ་དང་།  འགོག་སྙོམས་ལ་འཇུག་སེམས་ཀྱིས་ལྡང་སེམས་སྐྱེད་པ་ལྟ་བུ།  རྒྱུ་ལ་ལས་རང་དང་དུས་མཉམ་པའི་འབྲས་བུའི་བར་ལ་དུས་ཀྱིས་ཆོད་ནའང་སྐྱེད་པར་འདོད་ཀྱང་།  ཉེར་རྒྱུས་རང་གི་ཉེར་འབྲས་བར་ལ་ཡུལ་དུས་གཉིས་ཆར་གྱིས་ཆོད་པའི་སྒོ་ནས་སྐྱེ་བ་མེད་ཅེས་གསལ་བཤད་བྱས་ཡོད།  དེས་ན་སེམས་མེད་གནས་སྐབས་གསུམ་པོ་ནི་མི་ཞིག་རི་རྩེར་འཛེག་པ་ན་རི་སྐེད་ནས་ངལ་གསོ་བ་དང་འདྲ་སྟེ།   མི་དེས་ལམ་བར་དུ་འགྲོ་མཚམས་བཞག་ནས་བསྡད་པ་ཡིན་ཡང་རི་འདབ་ནས་རི་རྩེར་རིམ་བཞིན་མ་ཆད་པར་སོང་བ་བཞིན་དུ།  བར་སྐབས་འགར་སེམས་མེད་ནའང་གང་དུ་མེད་པར་བྱེད་སའི་གནས་དེ་ནས་སླར་ཡང་སེམས་ལངས་པར་འདོད་ཡོད།  དེས་ན་སེམས་ཅན་ཤི་མ་ཐག་ཏུ་ཚེ་སྔ་མའི་ལུས་རྟེན་དོར་ཟིན་པ་དང་།  ཚེ་ཕྱི་མའི་ལུས་རྟེན་མ་རྙེད་པའི་བར་མཚམས་དེའི་རྣམ་ཤེས་ནི་བར་དོ་ཡིན་པར་འདོད་ཡོད།  འཆི་བ་དང་སྐྱེ་བ་གཉིས་ཀྱི་བར་དུ་དུས་ཀྱི་བར་སྟོང་ཞིག་ཡོད་པའི་རྒྱུ་མཚན་ནི་རྣམ་ཤེས་འཆི་ས་ནས་རིམ་བཞིན་སྐྱེ་སའི་གནས་ལ་འགྲོ་དགོས་པས་ཡིན་པ་དང་།  ཤི་སའི་ཡུལ་དང་ཚེ་ཕྱི་མར་སྐྱེ་བ་ལེན་སའི་གནས་གཉིས་ཀྱི་བར་ལ་བར་ཐག་ཡོད་པས་ཡིན་པར་བཞེད་ཡོད།  དཔེར་ན་མི་ཞིག་ཤི་ནས་མིར་སྐྱེ་བ་ལ་མཚོན་ན་གང་དུ་ཤི་སའི་རོ་ཡོད་པའི་གོ་ས་དེར་མའི་མངལ་མེད་པས་ཤི་སར་དེར་སྐྱེ་བ་ལེན་པའམ་མངལ་ཆགས་པའི་རྒྱུ་རྐྱེན་མི་ཚང་བ་མངོན་སུམ་ཡིན་པ་དང་།  ཤི་བའི་རྣམ་ཤེས་ཕུང་པོ་དང་ཁ་བྲལ་ཏེ་ཡུལ་གཞན་ཕ་མ་ཉལ་པོར་བྱེད་སར་སོང་ནས་མའི་མངལ་དུ་འཛུལ་དགོས་པ་ནི་ཤིན་ཏུ་གོ་སླ་མོ་ཞིག་ཡིན་པ་རེད།  དེ་ཡང་ཚེས་གཅིག་ལ་ཤི་བའི་གང་ཟག་དེ་ཚེས་བཅོ་ལྔ་ལ་ཡུལ་གཞན་དུ་བུད་མེད་ཅིག་གི་མངལ་དུ་ཆགས་ཏེ་སྐྱེ་བ་ལེན་དུ་ཡོད་པ་དང་།  དེ་ཚེས་གཉིས་ནས་བཅུ་བཞིའི་བར་དུ་རྣམ་ཤེས་གང་ལ་སོང་བ་རེད་ཅེ་ན།  སྔ་མའི་རོ་ལ་གནས་པ་མིན་ཏེ།  རོ་དེ་མེ་ལ་བསྲེགས་པ་སོགས་ཀྱིས་མེད་པར་བྱས་ཟིན་པའི་ཕྱིར།  དེས་ན་སྔ་མའི་ལུས་བོར་ཕྱི་མའི་ལུས་རྟེན་མ་རྙེད་པའི་སྐབས་ཡིན་པས་བར་དོ་ལ་འཁྱམས་པ་རེད་ཅེས་འགྲེལ་བཤད་གནང་ཡོད།  སྤྱིར་བར་དོའི་འགྲོ་བ་ནི་རྫུ་འཕྲུལ་གྱི་ཤུགས་ཀྱིས་འགྲོ་བས་ཤིན་ཏུ་མགྱོགས་པར་འདོད་ཀྱང་།  བར་དོར་ཡུན་རིང་དུ་གནས་པ་རྣམས་ནི་སྐྱེ་སར་དེ་ཐག་རིང་བས་མ་སླེབས་པས་མ་ཡིན་པར་དུས་དེ་ཙམ་གྱི་བར་ལ་སྐྱེ་གནས་མ་རྙེད་པས་ཡིན་པར་འདོད་ཀྱིན་ཡོད།  ཡང་དཔེ་གཞན་ཞིག་གི་ལམ་ནས་བཤད་ན་ཆུ་འདི་མ་དྲོས་མཚོ་ནས་འབབ་པའི་ཆུ་རྒྱུན་ཡིན་ན་མ་དྲོས་མཚོ་ནས་ཆུ་དེ་རིམ་བཞིན་བཞུར་རྒྱུན་མ་ཆད་བར་འདིར་འོང་བ་ཞིག་ཡིན་དགོས་པ་བཞིན་དུ་ཚེས་བཅོ་ལྔ་ལ་སྐྱེ་མ་ཐག་པའི་རྣམ་ཤེས་དེ་དེའི་སྔོན་གྱི་ཚེས་གཅིག་ལ་ཤི་བའི་སྐབས་ཀྱི་རྣམ་ཤེས་ཀྱི་རྒྱུན་ཡིན་ན་དེ་གཉིས་ཀྱི་བར་ལ་མཚམས་མ་ཆད་ནས་འདིར་འོང་དགོས་པ་ནི་དངོས་པོའི་གནས་ལུགས་ཡིན་པར་འདོད་ཡོད།  དཔེར་ན་བོད་ཀྱི་ཞིང་ནང་གི་ས་བོན་དེའི་མྱུ་གུ་རྒྱ་གར་དུ་སྐྱེ་མི་སྲིད་པ་དང་བོད་ན་ཡོད་པའི་ས་བོན་གྱི་མྱུ་གུ་རྒྱ་གར་ཡུལ་དུ་འཁྲུངས་པ་ལ་ངེས་པར་དུ་བོད་ཀྱི་ས་བོན་ཁྱེར་ཏེ་རྒྱ་གར་དུ་སོང་ནས་དེར་ཞིང་ལ་བཏབ་ནས་གཟོད་དེའི་མྱུ་གུ་སྐྱེ་ཐུབ་པ་བཞིན།  བོད་དུ་ལུས་སེམས་ཁ་བྲལ་བའི་རྣམ་ཤེས་དེའི་རྒྱུན་ཕྱི་མ་རྒྱ་གར་གྱི་མི་ལུས་ལེན་པ་ལའང་རིམ་བཞིན་དེའི་རྣམ་ཤེས་བོད་ནས་རྒྱ་གར་ལ་སོང་ནས་ཡུལ་དེའི་བུ་མོ་ཞིག་གི་མངལ་དུ་ཞུགས་ཏེ་སྐྱེ་བ་ལེན་དགོས་པར་འདོད་ཀྱིན་ཡོད།
 
   འོ་ན་བར་དོ་བཤད་པས་འགྲོ་བ་མིའི་རིགས་ལ་ཕན་པ་གང་འདྲ་བྱུང་ཡོད་ཅེ་ན།  དེས་མིའི་རིགས་ལ་བློ་སྒོ་གསར་བ་ཞིག་ཕྱེས་པ་དང་།  མ་འོངས་པ་རེ་བ་ཞིག་ཡོད་པར་བསྟན་ཡོད།  དཔེར་ན་རང་ཉིད་ཤི་རྗེས་བར་དོའི་སྣང་བ་ཤར་བ་ན་སྐབས་དེར་འཁྲུལ་སྣང་གི་འཇིགས་སྐྲག་མང་པོ་ཕྲད་ཀྱིན་ཡོད་པ་དང་དེ་ལ་གདོང་གཏོད་ཚུལ་དང་འཁྲུལ་བ་སེལ་ཚུལ་ད་ལྟ་ནས་སྦྱོང་བར་བྱེད་པའི་བར་དོའི་ཁྲིད་ཡིག་མང་པོར་ཡོད་པས་མི་ཡི་རིགས་ལ་ཕྲད་ངེས་ཅན་གྱི་དཀའ་ངལ་མང་པོ་སེལ་བའི་ཐབས་ལམ་རྙེད་ཡོད་པ་དང་།  ཆོས་ཉམས་ལེན་པ་དག་གི་ཉམས་ལེན་གྱི་ནུས་པ་ཆེས་སྨིན་སླ་བའི་རྟེན་ནི་བར་དོ་ཡིན་པར་ངོས་བཟུང་བྱས་ཡོད་པས་བར་དོའི་སྣང་བ་ནི་ཆོས་པ་རྣམས་ཀྱི་གོ་སྐབས་བཟང་ཤོས་ཤིག་ཡིན་པར་ངོས་འཛིན་ཐུབ་པ་དང་།  སྐྱེ་བོ་ཐ་མལ་པ་ཡིན་ནའང་བར་དོའི་སྐབས་ལ་རང་གཞན་གྱིས་དགེ་བ་བསགས་སྟོབས་ཀྱིས་སྐྱེ་གནས་ངན་པ་ལས་ལྡོག་ནས་སྐྱེ་བ་བཟང་པོར་ལེན་དུ་འཇུག་ཐུབ་པ་དང་།  བཟང་པོ་ལས་ངན་པར་འགྱུར་བ་ཡོད་པར་ངོས་བཟུང་བྱས་ནས།  མི་ཞིག་ཤི་རྗེས་ཞག་ཞེ་དགུ་ལ་ཆོས་རྒྱ་ཆེན་པོར་བསྒྲུབ་པས་བར་དོའི་སེམས་ཅན་ལ་རོགས་རམ་ཧ་ཅང་ཆེན་པོ་ཞིག་བྱེད་ཐུབ་ཀྱིན་ཡོད་པ་དང་།  ཐ་ན་བར་དོའི་སེམས་ཅན་ཉམ་ཆེ་ཆུང་སྣ་ཚོགས་པས་ཟས་གོས་མི་རྙེད་ནས་དཀའ་ངལ་ཕྲད་པ་ན་དེ་དག་ལ་ཟས་གོས་ཀྱི་ཆེད་དུ་གསུར་གཏོང་བ་ན་བཀྲེས་སྐོམ་སེལ་བ་སོགས་ཕན་པ་ཆེན་པོ་འབྱུང་བའི་ཐབས་ལམ་རྣམས་རྙེད་ཡོད་པ་ལྟ་བུ་རེད།  དེས་ན་ནང་པས་བར་དོ་ནི་ཚེ་སྲོག་གི་བརྒྱུད་རིམ་ཞིག་དང་དབང་པོ་འབྲིང་རྣམས་ཀྱིས་ནང་ཆོས་ཀྱི་འབྲས་བུ་མངོན་དུ་བྱེད་སའི་གོ་སྐབས་བཟང་ཤོས་ཞིག་ལ་ངོས་འཛིན་བཞིན་ཡོད།  མིིའི་རིགས་ལ་འགྲེལ་བཤད་གསར་བ་ཞིག་བྱས་པ་ནི་སེམས་ཅན་རྣམས་ཀྱིས་རང་རང་གི་བུ་ཕྲུག་སྐྱེས་པ་ན་བུ་ཕྲུག་དེ་དག་གི་ཐོག་མའི་རྣམ་ཤེས་དེ་བར་དོའི་སེམས་ཅན་མངལ་དུ་ཞུགས་པ་ལས་བྱུང་བ་རེད་ཅེས་བལྟ་ཚུལ་བཏོན་ཡོད་པ་དེ་རེད།  འདི་ནི་སྲོག་ཆགས་སྐྱེ་དངོས་རིག་པ་ལ་རྨད་དུ་བྱུང་བའི་འགྲེལ་བཤད་ཅིག་ཆགས་ཀྱིན་ཡོད།  དཔེར་ན་འཁྲིག་པའི་སྐབས་ཡོད་ཚད་ལ་མངལ་མི་ཆགས་པའི་རྒྱུ་མཚན་ཡང་འདིས་གསལ་བྱེད་བྱས་ཡོད་དེ་ཁུ་ཁྲག་འདུས་ནའང་བར་དོའི་རྣམ་ཤེས་དེར་མ་བསླེབས་ན་མངལ་ཆགས་པའི་རྒྱུ་རྐྱེན་ཚང་མེད་པར་འདོད་པས་སོ།།  བལྟ་ཚུལ་འདིས་དཔྱོད་ལྡན་དག་ལ་སྔར་མེད་ཀྱི་བློ་སྒོ་ཆེན་པོ་ཞིག་ཕྱེས་ཡོད་པ་མ་ཟད།  འཆི་བ་ནི་ཡང་བསྐྱར་སྐྱེ་བ་ཞིག་ལེན་པའི་གོ་སྐབས་ཡིན་པར་བསྟན་ཡོད།


                  རྩོམ་སྒྲིག་པ། བློ་དཀར།

           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


Signature is customized by Netease