ཀུན་མཁྱེན་བསོད་ནམས་སེང་གེའི་ཐུན་མིན་གྱི་བཞེད་པ་ཕྱོགས་གཅིག་ཏུ་བཀོད།

     ཀླུ་ཕུག་འགྱུར་མེད་རྡོ་རྗེས་བརྩམས།


བཤད་བྱ་རྩ་བའི་མདོ་དང་དགོངས་འགྲེལ་འཕགས་སེང་དག་གིས་མ་བཀོད་པའི་
ཀུན་མཁྱེན་བསོད་ནམས་སེང་གེའི་མཐུན་མིན་བཞེད་པ་ཕྱོགས་གཅིག་ཏུ་བཀོད་པ །


                                ཀླུ་ཕུག་འགྱུར་མེད་རྡོ་རྗེས་བརྩམས།
བླ་མ་དང་དབྱེར་མ་མཆིས་པའི་རྗེ་བཙུན་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ་།
 
གདོད་ནས་རྣམ་དག་རིག་པའི་རྩལ་ལས་སྣང་སྟོང་དཀྱིལ་འཁོར་རྒྱས་པའི་ངོགས།།
མ་བཅོས་གཉུག་མའི་ཡེ་ཤེས་ཕུན་ཚོགས་སྐུ་གསུམ་བྱང་ཆུབ་ལྗོན་པའི་རྩེར།།
གང་གིས་བརྙེད་ཚེ་སྐལ་པ་ཇི་བཞིན་འགྲོ་རྣམས་ཞི་བའི་ལས་མཛད་པའི།།
འགྲོ་བའི་དེད་དཔོན་ཤྭཀྱའི་རྒྱལ་པོས་བྱང་ཆུབ་སྙིང་པོའི་བར་དུ་སྐྱོངས།།
 
ལེགས་བྱས་བསོད་ནམས་བྱེ་བས་བསྐྲུན་པའི་ཡིད་འོང་ལྷ་ཡི་ཁང་བཟང་དབུས།།
ཤིན་ཏུ་རྟོགས་དཀའི་ཡུམ་གྱི་སྦས་དོན་ཇི་བཞིན་བློ་ལ་ངེས་པའི་ཕྱིར།།
དམིགས་མེད་ཐུགས་རྗེས་ལམ་གྱི་མངོན་རྟོགས་གཅིག་ཏུ་སྟོན་པའི་རྒྱན་གཞུང་རྩམ།།
རྒྱལ་བའི་རྒྱལ་ཚབ་མི་ཕམ་ལྷ་དེའི་བརྩེ་བས་རྗེས་སུ་སྐྱངས་དུ་གསོལ།།
 
རྒྱལ་བསྟན་པད་མའི་གཞུང་ལུགས་འབུམ་ཐེར་ཤིན་ཏུ་ཟབ་པའི་དོན་གྱི་བཅུད།།
དྲི་མེད་རྫིང་བུ་གཅིག་ཏུ་བཞད་པ་རྒྱལ་ཚབ་བྱམས་པའི་བསྟན་བཅོས་ལ།།
གཞུང་ལུགས་མན་ངག་ཇི་བཞིན་འཆད་ལ་འགྲན་མེད་སྨྲ་བའི་ཁྱུ་མཆོག་ཞིག།
ཀུན་མཁྱེན་བླ་མ་བསོད་ནམས་སེང་གེའི་ཞབས་རྡུལ་བདག་གིས་ཕྱག་བགྱིའོ།།
 
དེ་ཉིད་མ་ཤེས་ཡུམ་གྱི་མདོ་དོན་ཇི་བཞིན་བཤད་པ་དཀའ་ན་ཡང་།།
ཤིན་ཏུ་ཟབ་པའི་གཞུང་ལུགས་འབུམ་ལ་སློབ་དཔོན་སྔ་མའི་བཞེད་པའི་སྲོལ།།
རྒྱ་བོད་མཁས་པའི་འགྲེལ་ཆེན་དག་ལས་རང་ནུས་ཇི་ཙམ་བརྩོན་པས་མཐུས།།
མདོ་དང་རྒྱན་གྱི་བརྗོད་བྱ་གང་ཞིག་འདི་རུ་ཅུང་ཟད་འབྲི་བར་བྱ།།
 
དེ་ལྟར་རྒྱ་བོད་ཀྱི་མཁས་པ་དག་གི་ཕྱག་སྲོལ་བཞིན་བཆོད་པར་བརྗོད་པ་དང་།     རྩོམ་པ་དམ་བཅའ་བའི་སྒོ་ཡངས་པོར་གོང་དུ་ཕྱེས་ཏེ།   གང་ཞིག་གླེང་བ་བྱ་བའི་ཆོས་ནི།     དེ་ཡང་བདག་བཅག་གི་སྟོན་པ་བཀའ་དྲིན་ཅན།    མཉམ་མེད་ཐུབ་པའི་དབང་པོ་གཞན་ལ་ཕན་པའི་ཐབས་ལ་ཤིན་ཏུ་མཁས་ཤིང་།   ཚད་མེད་པའི་ཐུགས་རྗེ་ཆེན་པོ་མངའ་བ་དེས     གདུལ་བྱ་རྣམས་ལ་གནས་སྐབས་ལམ་གྱི་རིམ་པ་ཇི་ལྟར་བསྟན་ཡང་།      མཐར་ངེས་ལེགས་མཐར་ཐུག་ལ་བཀོད་པའི་ཐབས་སུ་གྱུར་པ།    ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གང་ཇི་སྙེད་ཅིག་བསྟན་པ་རྣམས་ལས།    ཆེས་བརྗོད་བྱ་ཤིན་ཏུ་ཟབ་ཅིང་རྒྱ་ཆེ་བ་གཙོ་བོའམ་གྱ་ནོམ་པ་གྱུར་པ་ནི་ཤེར་ཕྱིན་གྱི་མདོ་ཡིན་པས།     དེ་བཤད་པ་ལ་གསུམ་སྟེ།
 
སྔོན་གྱི་མཁས་པའི་ཚིག་ཚང་ཀློག་ཏེ་ཤེར་ཕྱིན་མདོའི་བྱུང་རིམ་བརྗོད།།
རྒྱན་གྱི་བཤད་བྱ་རྩ་བའི་མདོ་ལ་རྒྱ་བོད་དག་གིས་འགྲེལ་བའི་ཚུལ།།
འགྲེལ་ཆེན་འཕགས་སེང་གཉིས་ལས་འཕགས་པའི་གོ་རམས་བཞེད་པ་ཕྱོགས་གཅིག་བསྟན་པའོ།།
༼དང་པོ་ནི༽་སྤྱིར་ཤེར་ཕྱིན་བསྐོར་གྱི་གླེགས་བམ་གྲངས་ལ།   དགེ་བའི་བཤེས་གཉེན་ཤར་བ་པ་ཆེན་པོའི་དཀར་ཆག་ཏུ།   ཤིན་ཏུ་རྒྱས་པ་ཤེར་ཕྱིན་བྱེ་བ་ཕྲག་བརྒྱ་པ་དྲི་ཟའི་གནས་སུ་བཞུགས་པ་དང་།     འབུམ་ཕྲག་བརྒྱ་པ་ལྷའི་གནས་ན་བཞུགས་པ་དང་།སྟོང་ཕྲག་བརྒྱ་པ་ཀླུའི་གནས་ན་བཞུགས་པ་མགོན་པོ་ཀླུ་སྒྲུ་སྒྲུབ་ཀྱིས་མིའི་ཡུལ་དུ་སྤྱན་དྲངས་པ་ལས་ལྷག་མ་ཅུང་ཞིག་ལུས་སོ།     །ཞེས་བྲིས་ཤིང་འདི་ལ་བརྟེན་ནས་ཨར་གྱིས།    རྒྱས་འབྲིང་བསྡུས་པ་དགུའི་རྣམ་བཞག་མཛད་ལ། ཙནྡྲ་གོ་མིའི་སློབ་སྤྲིང་ལས།    བསྟན་པ་རིན་ཆེན་མཆོག་ལྟར་བཟང་ལ་འཕེན་མེད་པ།།     རྣམ་པ་དག་ཚུལ་གང་ཡིན་ཀླུ་མགོའི་གདེང་ཀ་ཅན།།    ཆེན་པོ་རྣམ་ཀྱི་གཙུག་གི་རྒྱན་བཞིག་གུས་མནོས་ནས།།    ས་ཡི་སྟེང་ན་གནས་པའི་རབ་རིབ་སེལ་བ་མཛད།།    ཅེས་པ་ཙམ་མ་གཏོགས་ཁུངས་ཡོད་པ་མི་མངོན་ཞིང་།   ནང་པའི་རྒྱ་བསྟན་དར་ནས་རྒྱ་གར་དུ་བསྟན་པ་ལ་དགྲ་ལན་གསུམ་བྱུང་བ་ཆོས་འབྱུང་དག་གིས་ཤེས་པ་ནུས་པས།    དེ་ལས་དུམ་བུ་གཅིག་ཙམ་ཞིག་སྔ་ཕྱི་བར་གསུམ་གྱིས་ལོ་ཙྭ་བ་དཀའ་དྲིན་ཅན་དག་གིས་སྐུ་སྲོག་དང་དཀའ་སྤྱད་ལ་མ་འཛེམ་པ་བསྟན་པ་དང་གཞན་དོན་འབའ་ཞིག་ཆེད་དུ་བསྒྱུས་ཆོས་ཇི་ཙམ་ཡོད་པ་གོང་མའི་དཀར་ཆག་གིས་རབ་ཙམ་ཤེས་པ་ནུས་ལ། ་    ཤེར་ཕྱིན་གྱི་གླེགས་བམ་གྱི་གྲངས་ལ་སྐབས་དེར་ཇི་སྙེད་ཡོད་པ་བོད་དུ་འགྱུར་བ་ལས།    ཡུམ་རྒྱས་པ་བམ་པོ་སུམ་བརྒྱ་པ་ལ།    ཁམས་པ་གོ་ཆའི་ཐུགས་འགྱུར་དང་།    ཉང་ཨིནྟ་དང་ཨ་རོ་དང་།   སྦས་མཉྫུ་ཤྲི་གཉིས་ཀྱི་བཅའ་འབུམ་དུ་གྲགས་པ་དང་།  བཻ་རོ་ཙ་ནའི་ལྕགས་ཐུར་དུ་གྲགས་པ་དང་།   ཀ་ཅོག་གི་བླ་འགྱུར་དུ་གྲགས་པ་དང་།   ལྕེ་ཁྱི་འབྲུག་དང་།    ཞང་བན་ངྷེ་ཡེ་ཤེས་སྡེ་ལ་སོགས་པའི་འགྱུར་དྲུག་ཙམ་ཡོད་པ་གྲགས་ཤིང་།   ལོ་ཆེན་གྱིས་ཀྱང་མ་མྱ་ད་དྲག་དབྱི་བ་ལ་སོགས་པའི་ཞུ་དག་ཆེ་ལོང་ཙམ་མཛད་དོ།    །འདི་དག་གི་རྣམབཞག་རྒྱས་པ་ནི།    རོང་སྟོན་དམ་པ་སངས་རྒྱས་ཀྱིས་མཛད་པའི།    འབུམ་གྱི་རྣམ་འགྲེལ་ལས་གཟིགས་འཚལ་ལོ། །བུ་སྟོན་ཐམས་བཅད་མཁྱེན་པ་ན་རེ།   ཡུམ་རྒྱས་པ་བསྒྱུར་འཕྲོ་ལུས་སོ་ཞེས་གསུངས།  སྟོང་ཕྲག་ཉི་ཤུ་ལྔ་པ་བམ་པོ་བརྒྱད་བཅུ་གྱ་གསུམ།   ཁྲི་བརྒྱད་སྟོང་པ་བམ་པོ་དྲུག་བཅུ།   ཤེས་རབ་ཁྲི་པ་བམ་པོ་སུམ་བཅུ་རྩ་གསུམ།  བརྒྱད་སྟོང་པ་བམ་པོ་ཉེར་བཞི།    བསྡུད་པ་བམ་པོ་གཅིགཔ་སྟེ།     དྲུག་པོ་འདི་ལ་བསམ་ཡས་དཀར་ཆག་ཏུ་ཡུམ་དྲུག་ཞེས་བྲིས་སོ།    རབ་རྩལ་རྣམ་གནོན་གྱིས་ཞུས་པ་ཤོ་ལོ་ཀ་སྟོང་དང་བརྒྱ་དྲུག་བཅུ་པ།   བམ་པོ་བདུན་པ།  ཤེས་ཕྱིན་ལྔ་བརྒྱ་པ་དང་།   ཚུལ་བརྒྱ་ལྔ་བཅུ་པ་དང་།   རྡོ་རྗེ་བཅོད་པ་དང་།   ལྔ་བཅུ་པ་དང་།  ཀཽ་ཤི་ཀ་ཤོ་ལོ་ཀ་སུམ་བཅུ་རྩ་གཅིག་དང་།  སྒོ་ཉི་ཤུ་རྩ་ལྔ་པ་ཤོ་ལོ་ཀ་ཉེར་ལྔ་པ་དང་།   ཤེར་རབ་སྙིང་པོ་ཤོ་ལོ་ཉི་ཤུ་རྩ་ལྔ་པ་དང་།    ཡི་གེ་ཉུང་ངུ་ཤོ་ལོ་ཀ་སུམ་བཅུ་པ་དང་།   ཡི་གེ་གཅིག་མ་དང་།   དེ་དག་གི་སྟེང་དུ་དཀོན་མཆོག་བརྩེགས་པའི་འདུས་པ་བཞི་བཅུ་རྩ་དྲུག་པ་ཤེརཕྱིན་བདུན་བརྒྱ་པ་བསྣན་ནས་།    དེ་དག་ལ་སྲས་བཅུ་གཅིག་གི་ཐ་སྙད་མཛད་དོ།  འདི་ལ་བརྟེན་ནས་སློབ་དཔོན་སྔ་མ་རྣམས་ཀྱིས།   སྲས་བཅུ་བདུན་ཞེས་པའི་ཐ་སྙད་མཛད་ཅིང་།  མངོན་པ་རྟོགས་པ་བརྒྱད་དུ་ཕྱེ་ནས་སྟོན་པས་ཡུམ་དང་།  མ་ཕྱེ་ནས་སྟོན་པ་སྲས་སུ་འཇོག་ཟེར་རོ།   བཅོམ་ལྡན་རིག་རལ་གྱིས་ན་རེ།   ཡུམ་སྲས་སུ་ཕྱེ་བའི་ཐ་སྙེད་དང་གྲངས་ངེས་གཉིས་ཀ་བོར་བ་ཡིན་ཏེ།   ཤེར་ཕྱིན་མཚན་བརྒྱ་རྩ་བརྒྱད་པ་དང་།  ཤེར་ཕྱིན་ཉི་མའི་སྙིང་པོ་དང་།  ཟླ་བའི་སྙིང་པོ་དང་།   སྙིང་པོའི་གཟུངས་དང་།  ལག་ན་རྡོ་རྗེ་དང་།   ཤེར་ཕྱིན་རྡོ་རྗེ་རྒྱ་མཚན་ཏེ།   དྲུག་པོ་དེ་དག་ཀྱང་ཤེར་ཕྱིན་གྱི་མདོ་ཡིན་པའི་ཕྱིར་དང་།  སྲས་ཀྱི་ཐ་སྙེད་གང་ནས་ཀྱང་བཤད་པ་མེད་པའི་ཕྱིར།  ཞེས་གསུངས་པའི་ཕྱིར་དང་།    ༧ཀུན་མཁྱེན་གྱིས་ཀྱང་སྦས་དོན་ཟབ་མོ་ལས།    ཕྱོགས་སྔ་དང་པོ་་དཀག་ཚུལ་དེ་དང་འདྲ་མོད།   ཕྱི་མ་དེས་ཀྱང་།   མངོན་པར་རྟོགས་པའི་རིམ་པ་སྟོན་པས་ན་ཡུམ་དང་།   མངོན་རྟོགས་རིམ་པ་མི་སྟོན་པར་ཡུལ་སྐྱེ་མེད་ཙམ་སྟོན་པས་ན་སྲས་སུ་བཞག་པ་དེ་ཡང་མི་ཐེད་དེ།  ཤེར་ཕྱིན་འབུམ་པ་ལ་སོགས་པས་དེ་གཉིས་ཀ་སྟོན་པས་ཡུམ་སྲས་གཉིས་ཀ་ཐལ་བའི་ཕྱིར་དང།   ཡུལ་སྐྱེ་མེད་དུ་སྟོན་པ་ནི་བདག་མེད་བརྗོད་བྱའི་གཙོ་བོ་བྱས་ནས་སྟོན་པས་ཡུམ་གྱི་ཐ་སྙེད་བཞེད་པའི་ཕྱིར་དང་།   ཤེར་ཕྱིན་བདུན་བརྒྱ་པས་ཚོགས་གཉིས་སྦྱོར།   འཕགས་པའི་ས་བཅུ་སྟེ།  ས་བཅུ་གཉིས་ཀྱི་རྣམ་བཞག་དང་།   རྡོ་རྗེ་གཅོད་པས་ནི་མོས་སྤྱོད་ཀྱི་ས་དང་།   བྱང་སེམས་ཀྱི་ས་དང་།  སངས་རྒྱས་ཀྱི་ས་སྟེ།   ས་གསུམ་རྣམ་བཞག་དང་།   ཤེས་རབ་སྙིང་པོས་ནི་ལམ་ལྔའི་རྣམ་བཞག་བསྟན་པའི་ཕྱིར་རོ།   །
 
གཉིས་པ་རྒྱན་གྱི་བཤད་པའི་མདོ་ཡི་དོན་ལ་རྒྱ་བོད་དག་གིས་འགྲེལ་བའི་ཚུལ་ལ་བཞི་ལས།  དང་པོ་རྒྱ་གར་བ་དག་གིས་འདི་ལྟར་འཆད་དེ།  འདིར་མངོན་པ་རྟོགས་པའི་རྒྱན་གྱི་འགྲེལ་བ་རྒྱ་གར་མ་གྲགས་པ་ཉེར་གཅིག་གི་རྐང་གྲངས་ཅུང་ཟད་བཤད་ན།    དེ་ལ་མདོ་རྒྱན་སྦྱར་བའི་འགྲེལ་པ་དང་།  མདོ་རྒྱན་མ་སྦྱར་བའི་འགྲེལ་པ་གཉིས་ལས།   དང་པོ་མདོ་རྒྱན་སྦྱར་བའི་འགྲེལ་བ་བཅུ་གཉིས་ལ།    ཉི་ཁྲི་དང་སྦྱར་བ་བཞི།    བརྒྱད་སྟོང་པ་དང་སྦྱར་བ་གསུམ།    སྡུད་པ་དང་སྦྱར་བ་གསུམ།    འབུམ་རྐྱང་པ་དང་སྦྱར་བ་གཅིག     ཡུམ་གསུམ་དང་སྦྱར་བ་གཅིག་བཅས་བཅུ་གཉིས་སོ།       གཉིསཔ་མདོ་རྒྱན་མ་སྦྱར་བའི་འགྲེལ་བ་དགུ་ནི།     སློབ་དཔོན་གྱི་སེང་བཟང་གིས་མཛད་པའི།   འགྲེལ་ཆུང་ངམ་འགྲེལ་བ་དོན་གསལ།   སློབ་དཔོན་ཆོས་ཀྱི་བཤེས་གཉེན་གྱི་མཛད་པའི།   འགྲེལ་བཤད་ཚིག་གསལ།    གསེར་གླིང་པ་ཆོས་ཀྱི་གྲགས་པའི་མཛད་པའི།     འགྲེལ་བཤད་རྟོགའ་དཀའི་སྣང་བ།     པཎྜི་ཏ་ཆེན་པོ་རཏྣ་ཀིརྟིའི་མཛད་པའི།    འགྲེལ་བ་གྲགས་པའི་ཆ།     ཁ་ཆེ་རིགས་ཀྱི་པཎྜི་ཏ་ཆེན་པོ་བུདྡྷ་ཤྲ྄ི་ཛྙ་ནའི་མཛད་པའི།    ཤེས་རབ་སྒྲོན་མེའི་ཕྲེང་བ།  མཁས་པ་ཆེན་པོ་ཤེས་རབ་འབྱུང་གནས་བློ་གྲོས་ཀྱི་མཛདཔའི།   རྒྱན་གྱི་འགྲེལ་བའི་བསྡུས་དོན།    ལྷ་གཅིག་ཇོ་བོས་མཛད་པའི།  བསྡུས་དོན་སྒྲོན་མ།    ཁ་ཆེ་གཞོན་ནུ་དཔལ་གྱི་མཛད་པའི།    བསྡུས་དོན། སློབ་དཔོན་ཆེན་པོ་འཇིགས་མེད་འབྱུང་གནས་ཀྱི་མཛད་པའི།   ཐུབ་པའིདགོངས་རྒྱན་རྣམ་སོ།    །ཕྱི་མ་འདི་ཐུབ་པའི་གསུང་ས་རབ་སྤྱིའི་དགོངས་འགྲེལ་དུ་བརྩམས་པའི་བསྟན་བཅོས་རང་འགར་བ་ཡིན་གྱི།    རྒྱན་གྱི་གཞན་འགྲེལ་དུ་བརྩམས་པར་མི་སྣང་ཡང་ལེའུ་ཕྱི་མ་གསུམ་ལས་གཙོ་ཆེར་མངོན་རྟོགས་རྒྱན་གྱི་དོན་རྣམས་སྟོན་པས་བགྲངས་སོ།     འགྲེལ་པ་འདི་དག་ཐམས་ཅད་ཀྱང་ད་ལྟ་རྒྱ་གར་མར་གྲགས་མོད། འོན་ཀྱང་ཁ་ཆེའི་སློབ་དཔོན་དྷ་རྨ་ཤྲཱིས་མཛད་པར་གྲགས་པའི་འབུམ་འགྲེལ་འདི། རྒྱ་གར་མ་མ་ཡིན་པར་མངོན་ཏེ། འདིས་གླེང་གཞི་དང་མཆོད་བརྗོད་སྦྱར་ནས་དེ་ཡང༌། གླེང་གཞི་རྒྱས་པར་བཀའ་སྩལ་སྡུད་པར་བྱེད་པ་མཆོད་བརྗོད་ཚིག་ལེར་བྱས་པ་མཛད་ཅེས་པའོ། །ཞེས་ཤེས་བྱེད་དུ་དྲངས་པ་འདི་བསྟན་བཅོས་རིན་ཆེན་སྒྲོན་མེ་ལས་འབྱུང་ཞིང༌། དེ་ཡང་མཁས་པ་རྣམས་ལ་བ་རེག་ཐོས་པ་དགས་བརྩམས་པར་གྲགས་པའི་ཕྱིར།    གཞན་ཡང་ཡུམ་ཆེན་མོ་ལ་བམ་པོ་སུམ་བརྒྱ་ཞེས་བམ་གྲངས་ཀྱི་བཤད་པ་དང་གདམས་ངག་གི་སྐབས་སུ་ཡང༌། མཁས་པ་པཎྜི་ཏའི་ལུགས་ཀྱིས་སྒྲོ་འདོགས་ཕྱི་རུ་གཅོད། ལྟ་རྟོག་ཕྱི་རུ་བྱེད་དེ། ཡུལ་དཔྱད་པས་དེ་འཛིན་གྱི་འཁྲུལ་པ་ལྡོག་པར་འདོད། ཀུ་སུ་ལུ་པའི་ལུགས་ཀྱིས་སྒྲོ་འདོགས་ནང་དུ་གཅོད། ལྟ་རྟོག་ནང་དུ་བྱེད་དེ། རང་ངོ་རང་གིས་ཤེས་པས་རྟོག་པ་གཅིག་རང་ལ་སྐྱེ་དགོས་ཞེས་པ་དང༌། སྦྱོར་ལམ་གྱི་སྐབས་སུ་ཡང་ཉན་ཐོས་ཀྱི་ངེས་འབྱེད་ཀྱི་ཏིང་ངེ་འཛིན་གྱིས་རྣམ་རྟོག་སྤོང་བ་དེ་མི་འཐད་དེ། མེད་ན་སྤང་མི་དགོས། ཡོད་ན་སྤང་མི་ནུས་རྣམ་རྟོག་གི་རང་བཞིན་ཤེས་ནས་རྣམ་རྟོག་ཡེ་ཤེས་སུ་འཆར་བ་ཞིག་དགོས་ཞེས། རྒྱ་གར་མཁས་པའི་གསུང་ལ་མི་འབྱུང་བའི་བོད་ཚིག་དུ་མ་སྣང་བའི་ཕྱིར་རོ། །དེས་ན་འདི་དང་སྡུད་པའི་ལྡེ་མིག་གཉིས་དྷརྨ་ཤྲཱིས་མཛད་པར་གྲགས་ཀྱང༌། ལོ་ཙྪ་བའམ་བོད་གཞན་ཞིག་གིས་བྱས་སྙམ་མོ། །ཡུམ་གསུམ་དོན་བརྒྱད་ཀྱིས་མཐུན་པར་བསྟན་པ་འདི་ཡང་ནུས་པ་ཆུང་ཞིང༌།  མདོ་དང་སྦྱོར་ཚུལ་ལ་སྐྱོན་ཆགས་པ་འགའ་ཟུང་འདུག་པས་མཁས་པ་ཆེན་པོ་སྨྲྀ་ཏི་ཛྙཱ་ན་ཀིརྟི་ཡིན་མིན་དཔྱད་དགོས་སོ། །   སྡུད་འགྲེལ་རྟོགས་སླ་ལ། སུ་ནྱ་ཤྲི་ནི་འགྲེལ་ཆེན་དང་སྒྲ་འགྲོས་མཐུན་པས་སློབ་དཔོན་གྱིས་མཛད་ཟེར་ལ། འབུམ་ཕྲག་གསུམ་པ་དང་བདག་ཉིད་ཆེན་པོ་ནི། འདི་མངོན་རྟོགས་རྐྱང་པར་འདོད་པས་མ་ཡིན་ནོ་ཞེས་འཆད་པར་གྲགས་ཀྱང༌། ཟླ་འོད་དུ་སེང་གེ་བཟང་པོའི་སྡུད་འགྲེལ་ལས་ཞེས་འདི་ལ་དགག་པ་འབྱུང་བས་ཡིན་ནམ་སྙམ་མོ། །དོན་བསྡུས་སྒྲོན་མེ་ཡང་ནུས་པ་ཆུང་ཞིང་བོད་ཚིག་དུ་མ་སྣང་བས་ཇོ་བོའི་སློབ་མ་ཞིག་གིས་སམ་གཞན་བོད་ཅིག་གིས་བྱས་པར་སེམས་སོ། །      འདི་དག་ལས་  དོ་སྦྱར་བའི་འགྲེལ་བ་རྣམ་མདོ་སོ་སོའི་འགྲེལ་ཚུལ་བཞིན་ཡིན་པས་ལོགས་སུ་འཆད་མི་དགོས་ཞིང་།   འགྲེལ་ཆུང་དང་།   ཚིག་གསལ།   རྟོགས་ཀའི་སྣང་བ།   གྲགས་ཆ།    ཤེས་རབ་སྒྲོན་མེའི་ཕྲེང་བ།  ཤེས་འབྱུང་གི་བསྡུས་དོན།   དེ་རྣམ་ལས་བཤད་བྱའི་མདོ་ལས་རྩ་བའི་མདོ་ལོགས་སུ་བགྲངས་བ་མི་སྣང་ཞིང་ཡུམ་རྒྱས་བསྡུས་གསུམ་ཁོ་ན་ལ་བཤད་པ་གཞུང་ལས་གསལ་ལ།   ཁ་ཆེ་གཞོན་ནུ་དཔལ་གྱིས་མངོན་རྟོགས་རྣམ་སོ་སོའི་འཇུག་ཚུལ་རྩ་བ་རང་གི་བསྡུས་དོན་ཡིན་ཞིང་།     ཇོ་བོའི་བསྡུས་དོན་ནི་སློབ་དཔོན་སོ་སོའི་བཞེད་པ་དང་མངོན་རྟོགས་གོ་རིམ་གསལ་བ་ཙམ་ལས་གཉིས་ཀས་རྒྱས་འབྲིང་བསྡུས་གསུམ་གྱི་རྣམ་བཞག་ཞིབ་ཅིང་བཀོད་པ་མི་སྣང་ངོ་།   །
 
གཉིས་པ་བོད་དུ་སྔོན་བྱོན་མཁས་པའི་བཞེད་ཚུལ་ནི།
 
དེ་ཡང་ཐོག་མར།    བོད་དུ་སྔ་ཕྱི་བར་གསུམ་གྱི་དཀའ་དྲིན་ཤིན་ཏུ་ཆེ་བའི་པཎྜི་ཏ༼  ༩༤༽དང༼ལོ་ཙ་བ་༡༩༣༽རྣམ་་ཀྱིས་བདག་རྐྱེན་ལ་བརྟེན་ནས་བསྒྱུར་ཆོས་དང་རྩམ་ཆོས་མང་དུ་བྱུང་བ་ཡང་།    ཀུན་མཁྱེན་ཀློང་ཆེན་རམས་འབྱམས་པའི་ཆོས་འབྱུང་ལ་ལྟས་པས་༼བོད་ལྗོངས་མི་རིགས་དཔེ་རྙིང་དཔེ་སྐྲུན་ཁང་༽་སྔ་དར་སྐབས་བསྒྱུར་ཆོས་ཇི་ཙམ་ཡོད་པ་རབ་ཙམ་དཔོག་པ་ནུས་ལ།   བར་དར་སྐབས་རྔོག་ལོ་ཙྪའི་སྲས་ཀྱི་ཐུ་བོ་བཞིའི་ནང་ནས་ཡུམ་དོན་གྱི་སྲོལ་འཛིན་མཁན།  འབྲེ་ཆེན་པོ་ཤེས་རབ་འབར་ཡིན་ལ།      དེས་མཛད་པའི་མངོན་རྟོགས་རྒྱན་གྱི་འགྲེལ་བ་རྣམ་འབྱེད་ལས།   ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཉིས་ཏེ།    མངོན་པ་རྟོགས་པ་བརྒྱད་དུ་མ་ཕྱེ་བ་དེའི་དོན་ཙམ་སྟོན་པ་དང་།     མངོན་པ་རྟོགས་པ་བརྒྱད་དུ་ཕྱེ་ནས་སྟོན་པའོ།    དང་པོ་ནི་ཤེར་སྙིང་དང་།    རྡོ་རྗེ་གཅོད་པ་སོགས་ཡིན་ལ།    གཉིས་པ་ནི།    ཡུམ་རྒྱས་འབྲིང་བསྡུས་གསུམ་མོ།    དེ་རྗེས་ཨར་བྱང་ཆུབ་ཏེ།    ལོ་ཆེན་གྱིས་ཟུར་ཆོས་པ་མཛད་པའི་སློབ་མའི་གཙོ་བོ་ཨར་ཡིན་པས་འདིས་ཡུམ་རྒྱས་འབྲིང་བསྡུས་གསུམ་དང་།   ཉི་ཁྲི་སྣང་བ།   བརྒྱད་སྟོང་འགྲེལ་ཆེན་སོགས་མཛད་ཅིང་།   ཕར་ཕྱིན་གྱི་དཔེ་འགྲེམས་སྟོང་རྭ་ཅན་ཙམ་བྱུང་།    དེས་ཀྱང་བརྗོད་བྱ་རྒྱས་འབྲིང་བསྡུས་གསུམ་ལ་སྦྱར་བ་མཛད་དོ།      མདོར་ན་ལོ་ཆེན་གྱི་བཤད་སྲོལ་རག་མ་ལས་པའི་བྱམས་ཆོས་ལྔ་དང་།   རང་རྒྱུད་ཤར་པའི་བསྟན་བཅོས་གསུམ་དང་།   ཚད་མ་རྣམ་ངེས་རྣམས་ཀྱི་བཤད་སྲོལ་གཞན་ནས་བརྒྱུད་པ་མེད་པ་པཎ་ཆེན་ཤྭཀྱ་མཆོག་ལྡན་གྱིས་གསུངས་སོ།   དེའི་རྗེས་བླ་མ་དམ་པ་བསོད་ནམས་རྒྱ་མཚན་གྱིས།      མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་བཤད་མངོན་རྟོགས་སྙིང་པོ་ལས།     རྒྱན་འདིས་ཡུམ་རྒྱས་འབྲིང་བསྡུས་པ་ཀུན་གྱི་དོན་ཕྱེ་བས་ཕྱིན་ཅི་ལོག་གི་དྲི་མ་མེད་པ་བྱེད་ཏེ།     མཁས་པ་རྣམས་དགའ་བ་བསྐྱེད་པའི་རྒྱན་དུ་འགྱུར་བ་བྱ་བའི་ཕྱིར།  ཞེེས་དང་།     བུ་སྟོན་རིན་ཆེན་གྲུབ་ཀྱིས།     མངོན་རྒྱན་འགྲེལ་པ་ལུང་གི་སྙེ་མ་ལས།    དེ་རྣམས་ཀྱི་ནང་ནས་རབ་དང་ཕུལ་དུ་བྱུང་བ་ནི།    དོན་དམ་གཙོར་བྱས་པ་ཤེས་རབ་སྙིང་པོ་དང་།   བདེན་པ་གཉིས་ཀའི་དོན་ལས་མངོན་པར་རྟོགས་པའི་དོན་གཙོར་བྱེད་པ་འབུམ་ལ་སོགས་རྣམས་སོ།   དེ་བཞིན་དུ།    མཁས་གྲུབ་གཡག་པས།     མངོན་རྒྱན་འགྲེལ་བསྐོར་ཡིད་ཀྱི་མུན་སེལ་ལས།       བཅོམ་ལྡན་འདས་བྱམས་པ་མགོན་པོས་མངོན་པར་རྟོགས་པའི་རྒྱན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོའི་དོན་བཞིན་བཀོད་ལ།     རྒྱལ་བའི་སྲས་པོ་སེང་གེ་བཟང་པོས་ཀྱང་།    འགྲེལ་ཆུང་འདི་མངོན་པར་རྟོགས་པའི་རྒྱན་ཡུམ་བར་མའི་མདོ་དང་སྦྱར་རོ།     ཞེས་དང་།    རོང་སྟོན་སངས་རྒྱས་ཞབས་ཀྱིས།    ཚིག་དོན་རབ་གསལ་ལས།    རྒྱལ་བའི་ཡུམ་རྒྱས་འབྲིང་བསྡུས་པ་གསུམ་ལས་བརྗོད་པར་བྱ་བ་ཉིད་དུ་བསྟན་པ་གང་ཡིན་པ་དེ་ནི་འདིར་བརྗོད་བྱའོ།    ཞེས་གསུངས་སོ།  །
 
གསུམ་པ་བཤད་བྱ་རྩ་བའི་མདོ་ངོས་བཟུང་བ་ལ།
 
དེ་དག་ལས་འདིར་བཤད་བྱ་རྩ་བའི་མདོ་དང་ཡན་ལག་གི་མདོའི་རྣམ་བཞག་ཅུང་ཟད་བྲི་ན
གོང་དུ་དྲངས་བའི་རྒྱ་བོད་ཀྱི་འགྲེལ་ཆེན་དེ་དག་གི་གཞུང་ནང་མངོན་རྟོགས་རྒྱན་གྱི་འཆད་བྱའི་མདོ་དང་རྩ་བའི་མདོ་གཉིས་ཀྱི་ཁྱད་པར་རྒྱས་པ་བཤད་པ་མི་སྣང་བས།   སློབ་དཔོན་ཆོས་གཤེས་ཀྱིས།   དེ་ལ་བསྡུས་དོན་རབ་དབྱེ་བའི།   ཁྱད་པར་ཡོད་པ་ཁོ་ན་ཟད།    ཅེས་པའི་འགྲེལ་བཤད་དུ།     སྙིང་པོའི་དོན་སྟོན་པའི་ཤེར་ཕྱིར་དང་།    མངོན་པ་རྟོགས་པའི་དོན་པའི་ཤེར་ཕྱིན་གཉིས་སུ་བྱེད་ནས།    དོན་དམ་སྟོང་ཉིད་འབབའ་ཞིག་སྟོན་པའི་རིམ་པ་དང་།   མངོན་པ་རྟོགས་པ་བརྒྱད་དུ་སྟོན་པ་གཉིས་སུ་ཕྱེས་པ་དང་།      རྗེ་བདག་ཉིད་ཆེན་པོའི་གསེར་ཕྲེང་ལས་ཀྱང་།  གལ་ཏེ་རྒྱན་འདིས་མདོ་དོན་ཀུན་སྡུད་ན་ཅིའི་ཕྱིར་འདིར་གླེང་གཞི་དང༌། རྗེ་བཙུན་ཉིད་ཀྱིས་ཞུས་པ་དང༌། རྟག་ཏུ་ངུ་དང་ཆོས་འཕགས་དང་གཞུང་གཏད་པའི་ལེའུ་རྣམས་མ་བསྡུས་ཤེ་ན། དང་པོ་ནི་ཡུམ་འདི་གསུང་བའི་ཚེ་འཁོར་འདུས་ཚུལ་ལ་སོགས་པ་སྟོན་པས་གོ་སླ་ལའོ། །དེ་ལྟར་གདུལ་བྱ་རྣམས་ཀྱིས་རང་གིས་རྟོགས་ནུས་བཞིན་དུ་ཡང་སྟོན་པ་ནི་དགོས་པ་མེད་པས་སོ། །གཉིས་པ་ནི་ཐེག་པ་གཅིག་དང་རིགས་གཅིག་ཏུ་སྟོན་པ་ཡིན་ལ་དེ་ཡང་འཇམ་དཔལ་གྱི་མན་ངག་ལ་སོགས་པའི་མདོ་སྡེ་དུ་མ་དང༌། དབུ་མའི་རྩ་བ་ལ་སོགས་པར་གསལ་བར་མཛད་པས་འདིར་བསྟན་མི་དགོས་སོ། །གསུམ་པ་དང་བཞི་པ་ནི་སློབ་མ་དང་དགེ་བའི་བཤེས་གཉེན་གྱི་རྣམ་ཐར་བསྟན་པ་སྟེ། དེ་ཡང་མ་འོངས་པ་རྣམས་ལ་དེ་ལྟར་བསླབ་པའི་ཆེད་དུ་སྔོན་བྱུང་བ་བསྟན་པས་གོ་སླའོ། །ལྔ་པ་ནི་གཞུང་ཡོངས་སུ་གཏད་པ་ཙམ་ཡིན་པས་མ་བསྡུས་སོ། །གཞན་ཡང་བར་བར་དུ་གང་ཟག་ལུང་བསྟན་པ་དང་སྔོན་རབས་ལ་སོགས་པ་འགའ་ཞིག་མ་བསྡུས་སོ། །   དེས་ན་སེམས་བསྐྱེད་པའི་ལེའུ་ནས་ཆོས་ཉིད་མི་འགྱུར་བར་བསྟན་པའི་ལེའུའི་བར་གྱི་མདོའི་དོན་རྟོགས་པར་དཀའ་བ་རྣམས་རྒྱན་དང་སྦྱར་རོ།       རིན་ཆེན་སྒྲོན་མེ་དང་རྒྱན་དང་སྦྱར་བའི་འབུམ་འགྲེལ་དུ་མཆོད་བརྗོད་གླེང་གཞིའི་འགྲེལ་པ་སྦྱར་ནས་འཆད་པའི་རྗེས་སུ་འབྲངས་ནས་སྔ་མ་དག་འཆད་པ་ནི་གཉིས་ཀ་ཡང་མི་ཐེད་དེ་།     མཆོད་བརྗོད་དང་དགོས་འབྲེལ་ནི་རྒྱན་གྱིས་མདོ་བཤད་པའི་སྔོན་འགྲོ་ཡིན་གྱི་མདོའི་བཤད་པ་དངོས་མིན་ཏེ། དཔེར་ན་འགྲེལ་པ་འདི་ཡི་ཤེས་རབ་ཕ་རོལ་ཕྱིན་པ་ལ་ཞེས་སོགས་རྒྱན་གྱི་འགྲེལ་པ་མིན་པ་བཞིན་ནོ། །དེའི་ཕྱིར་མདོ་དང་རྒྱན་སྦྱར་ནས་འགྲེལ་ན་མདོའི་གླེང་གཞི་བཤད་པར་རིགས་མོད། རྒྱན་ཟུར་དུ་འཆད་པ་ལ་ཡང་གླེང་གཞི་འགོད་པ་ནི་ཧ་ཅང་བཤད་པ་ཞེས་པའི་སྐྱོན་ཡོད་དོ།    །དེས་ན་རྗེའི་བཞེད་པ་ལ།    བཤད་བྱ་རྩ་བའི་མདོ་བཞི་འམ་ལྔར་བགྲངས་བ་ལས།  ཤེར་ཕྱིན་བརྗོད་བྱར་བྱེད་པའི་བཀའ་ཐམས་བཅད་རྩ་བའི་མདོ་མི་འཆད་དོ། ཞེས་དང་།  ཨ་བྷྱ་ཀ་རའི་ཐུབ་རྒྱན་དུ།     མདོའི་དོན་ཐམས་བཅད་ནི་མདོ་རྒྱན་གྱི་ཚིག་ལེའུ་བྱས་པས་བསྡུས་པ་མེད་དོ།   ཞེས་གསུངས།    འདི་ལ་བརྟེན་ནས་བཅོམ་ལྡན་རིག་རལ་གྱིས།     བསྟན་བཅོས་འདིས་ཡུམ་གྱི་མངོན་པར་རྟོགས་པའི་རིམ་པ་ཁོ་ན་བསྡུས་པ་ཡིན་གྱི་གཞན་ནི་མ་ཡིན་ཏེ།   གླིང་གཞི་དང་།     སྐབས་སྐབས་སུ་གང་གང་ཟག་ལུང་བསྟན་པ་དང་།     རྟག་ཏུ་ངུ་དང་།    ཆོས་འཕགས་དང་།   རྗེས་སུ་བཏད་པའི་ལེའུ་དང་།   སྔོན་བྱུང་བརྗོད་པ་རྣམ་མ་བསྡུས་པའི་ཕྱིར།    དེས་ན་སྐབས་སུ་བབས་པའི་མདོ་དང་།   ཞར་ལས་བྱུང་བའི་མདོ་གཉིས་སུ་ཡོད་པ་ལས་སྐབས་སུ་བབས་པའི་མདོའི་དོན་ཁོ་ན་བསྟན་བཅོས་འདིར་སྟོན་པ་ཡིན་ནོ།   ཞེས་གསུངས།  བུ་སྟོན་ཡང་དེ་དང་མཐུན་ནོ།       
 
བཞི་པ་གནད་ཀྱི་དོན་ངོས་བཟུང་བ་ལ།
 
འདི་ཅུང་ཟད་བརྟག་པར་བྱ་སྟེ།   ཨ་བྷྱའི་ལུང་དེ་ནི་།      ཀུན་གྱི་རྒྱན་དུ་འགྱུར་བ་ནི།    རྣམ་པར་དབྱེ་ཞེས་པ་ལ་ཟུར་ཟ་ཙམ་ཡིན་ཞིང་།      ཆོས་ཀྱི་གཤེས་གཉེན་གྱིས་བཞེད་པའང་དེ་ཁོ་ན་མིན་ལྟར་ངེས་པ་མིན་ཏེ།    དྲངས་མ་ཐག་པའི་ལུང་གི་རྗེས་སུ།   དེ་ལྟ་ན་ཡང་རང་གི་བློ་དྲི་མ་མེད་པས་རྗེས་སུ་དཔག་གོ་ཞེས་གསུངས་པས།    རང་གི་ཤེས་རབ་ཀྱིས་རྣམ་པར་བརྟགས་ནས་མདོ་དང་སྦྱར་དགོས་པར་གསུངས་པའི་ཕྱིར་དང་།     ཆོས་ཀྱི་གཤེས་གཉེན་གྱིས།    བྱམས་པས་ཞུས་པའི་ལེའུ་རྒྱན་གྱིས་མ་བསྡུས་པར་འདོད་ནའང་མི་རིགས་ཏེ །     འཕགས་པས་འཕྲིན་ལས་སྦྱར་བའི་ཕྱིར་རོ།     གླེང་གཞི་རྒྱན་གྱིས་མ་བསྡུས་པར་འདོད་པ་ནི་ཤིན་ཏུ་ཡང་མི་རིགས་ཏེ།     ཉི་ཁྲི་སྣང་བ་ལས།     གང་གི་ཕྱིར་སྟོང་ཕྲག་ཉི་ཤུ་ལྔ་པོ་འདི་རྣམ་ས་ཀྱིས་འདི་སྐད་ཅེས་བྱ་བ་ལ་སོགས་པ་སྐབས་འབྱེད་པ་ནས་བརྩམས་ཏེ།    ཡོངས་སུ་རྫོགས་པའི་བར་གྱི་དངོས་པོ་རྣམས་གཅིག་ཏུ་བསྡུས་ནས།     རནམ་པ་ཐམས་བཅད་མཁྱེན་པ་ཉིད་ལ་སོགས་པ་ཆོས་ཀྱི་སྐུ་མཛད་པ་དང་བཅས་པའི་མཐར་ཐུག་པ་དངོས་པོ་བརྒྱད་དུ་འགྱུར་རོ།    ཞེས་གསལ་བར་གསུངས་པའི་ཕྱིར་དང་།    སློབ་དཔོན་གྱིས་འགྲེལ་ཆེན་དུ།    གླིང་གཞིའིབཤད་པ་རྒྱས་པ་མཛད་ཅིང་།    ཉི་ཁྲི་སྣང་བའི་ཡང་འཇུག་དུ།     གླེང་གཞིའི་བཤད་པ་བསྡུས་མཛད་པའི་ཕྱིར།    མ་ངེས་པ་མིན་ཏེ།  མདོ་དང་རྒྱན་སྦྱར་བའི་སྐབས་ཡིན་ཞིང་།    འགྲེལ་ཆེན་དུ།    རྟག་ཏུ་ངུ་དང་།    ཆོས་འཕགས་དང་།   རྗེས་སུ་བཏད་པའི་ལེའུ་གསུམ་པོ་ཁོ་ན་ལ་རྒྱན་དང་མི་སྦྱོར་བའི་རྒྱུ་མཚན་བཤད་པའི་ཕྱིར།   དེསན་བསྟན་བཅོས་འདིས་ཡུམ་གྱི་མདོ་དོན་མཐའདག་བསྡུས་པ་ཡིན་ཏེ།     མ་བསྡུས་པ་འདོད་པའི་གླེང་གཞི་ལ་སོགས་པ་རྣམས་ལའང་སྦས་དོན་མངོན་རྟོགས་ཀྱི་རིམ་པ་ཡོད།     དེ་ཡིད་བསྟན་བཅོས་འདིས་ལེགས་པར་བསྡུས་དགོས་པའི་ཕྱིར།     དགོས་ཏེ།  འགྲེལ་ཆེན་ལས།  མཁས་དང་མཁས་ལ་མིན་པ་རྣམ་ས།   །ལྷག་ཆད་ཡོད་ལ་དོགས་གྱུར་ན།    །གཞུང་འདིའི་ཚད་ཀྱི་ངེས་པ་ནི།    ། ཡུམ་འདི་ཡི་ནི་ཚད་ཉིད་ཡིན།  །ཞེས་དང་འགྲེལ་ཆུང་ལས།    ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་དོན་མ་ལུས་པ་ཞེས་དང་།    མཁས་པ་རྣམས་ཀྱིས་ཡུམ་ཀུན་ལའང་།   དོན་བསྡུས་དེཙམ་ཤེས་པར་བྱ།     དེ་ལྟ་མིན་ན་ཐམས་བཅད་ཀྱི།     །རིམ་པ་ལེགས་པར་བསྡུས་ཡིན།      ཞེས་གསུངས་པའི་ཕྱིར།    ཅི་སྟེ་གླེང་གཞི་དང་།    རྟག་ཏུ་ངུའི་ལེའུ་སོགས་ཀྱིས་མངོན་རྟོགས་རིམ་པ་མ་བསྟན་ནོ་སྙམ་ན།     དེ་དག་གིས་ནི་སྐྱེས་བུ་ལ་མཁོ་བའི་དོན་ཅུང་ཟད་ཀྱང་མ་བསྟན་པ་འགྱུར་ཏེ།    མངོན་པ་རྟོགས་པའི་རིམ་ལ་ཅུང་ཟད་ཀྱང་མ་བསྟན་པའི་ཕྱིར་རོ།  འོ་ན་རྗོད་བྱེད་ཚིག་གི་རིམ་པ་ཇི་ལྟར་བསྡུས་པའི་ཚུལ་དང་།    བརྗོད་བྱ་དོན་གྱི་རིམ་པ་ཇི་ལྟར་བསྡུས་སྙམ་ན།     གླེང་གཞི་ནི་བརྩམས་ཏེ་བྱམས་པའི་ཞུས་པའི་བར་གྱི་ཚིག་གི་རིམ་པ་མཐའ་དག་བསྟན་བཅོས་འདིས་ལེགས་པར་བསྡུས་པ་ཡིན་ཏེ།   གླེང་གཞི་ཚིག་གི་རིམ་པ་ནི་རིན་ཆེན་སྒྲོན་མ་ནས་འབྱུང་བ་ལྟར།     མཆོད་བརྗོད་ཀྱི་ལེགས་པར་བསྡུས་པ་ཡིན་ལ།    རབ་འབྱོར་གྱི་ལེའུ་ནས་བརྩམས་ཏེ།    བྱམས་པས་ཞུས་པའི་བར་གྱི་ཚིག་གི་རིམ་པ་མཐའ་དག་ནི་སེམས་བསྐྱེད་ནས་འཕྲིན་ལས་ཀྱི་བར་གྱིས་ལེགས་པར་བསྡུས་པའི་ཕྱིར་རོ།    རྟག་ཏུ་ངུ་དང་།    ཆོས་འཕགས་དང་།    རྗེས་སུ་གཏད་པའི་ལེའུ་གསུམ་གྱི་ཚིག་གི་རིམ་པ་ནི།     ལེའུའི་རིམ་པ་དང་མཐུན་པ་བསྟན་བཅོས་འདིས་མ་བསྡུས་ཏེ།    རྟོགས་པ་སླ་བ་ཉིད་ཡིན་པའི་ཕྱིར།    དེ་ལ་དགོངས་ནས་འགྲེལ་ཆེན་ལས།    ལེའུ་གསུམ་པོ་དེ་རྒྱན་གྱིས་མ་བསྡུས་པའི་རྒྱུ་མཚན་དུ་རྟོགས་པ་སླ་བའི་ཕྱིར། ཞེས་གསུངས།     དེའི་རྒྱུ་མཚན་ཡང་།   རྟག་ཏུ་ངུའི་ལེའུ་ནི།    དགེ་བའི་གཤེས་ཀྱི་མགོན་བཅས་པ།    །འདི་མཉན་པ་ཡི་སྣོད་ཡིན་ནོ།      ཞེས་སོགས་དང་དོན་གཅིག    ཆོས་འཕགས་ནི།    འགྲེལ་ཆེན་དུ།   དེ་བཞིན་གཤེགས་པ་བྱོན་བཞུད་བཀག་པའི་སྒོ་ནས་མཐོང་ལམ་སྐྱེས་པའི་ཕྱིར།   ཞེས་མཚམས་སྦྱར་བ་ལྟར།    འདི་ལ་བསལ་བྱ་ཅི་ཡང་མེད།    ཞེས་སོགས་དང་དོན་གཅིག     རྗེས་སུ་བཏད་པའི་ལེའུ་ནི་སྔར་བྱང་ཆུབ་ལས་གཞན་སྟོན་པ་དང་།    ཞེས་པའི་མདོ་དང་ཁྱད་པ་མེད་པའི་ཕྱིར་སྙམ་དུ་དགོངས་སོ།   ལེའུ་གསུམ་པོ་དེའི་དོན་མངོན་རྟོགས་ཀྱི་རིམ་པ་ནི།     རྒྱན་གྱིས་མ་བསྡུས་པ་ནི།    སློབ་དཔོན་གྱི་བཞེད་པ་མ་ཡིན་ཏེ།    གལ་ཏེ་ཡིན་ན་སློབ་དཔོན་གྱི་ལེའུ་གསུམ་པོ་དེ་ལ་མངོན་པར་རྟོགས་པའི་རྒྱན་གྱི་སྣང་བ་མཛད་པ་ཐལ་བའི་ཕྱིར་དང་།  རང་ཚིག་དང་འགལ་བ་འགྱུར་ཏེ།    འགྲེལ་ཆེན་གྱི་རྟག་ཏུ་ངུའི་མཚམས་སྦྱར་དུ།   ཇི་སྐད་བཤད་པའི་མངོན་པ་རྟོགས་པ་བརྒྱད་ཀྱི་རང་བཞིན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟོགས་པར་བྱ་བའི་ཕྱིར།    ཞེས་གསུངས་པ་རྣམས་ཀྱིས་གསལ་བར་མཛད་ཅིང་།   སྦས་དོན་མངོན་རྟོགས་ཀྱི་རིམ་པ་བསྡུས་ཚུལ་ཡང་།   སེམས་བསྐྱེད་པ་ལ་སོགས་པ་དོན་བདུན་བཅུའི་ཡན་ཡག་གིས་ཟིན་པ་བསྟན་ནོ།   །དེས་ན་མངོན་རྟོགས་རྒྱན་གྱིས་ཡུམ་གྱི་མདོ་དོན་ཡོངས་སུ་རྫོགས་པ་བསྟན་པ་ཡིན་ནོ།   །
 
གཉིས་པ་འགྲེལ་ཆེན་འཕགས་སེང་གཉིས་ཀྱིས་མ་བཀོད་པའི་མཁས་པའི་དབང་པོ་ཀུན་མཁྱེན་གོ་རམས་པའི་མཐུན་མིན་གྱི་བཞེད་པ་རྣམས་ཕྱོགས་གཅིག་ཏུ་བཀོད་པ་ལ།
 
༡      ཐོག་མར་བཆོད་རྗོད་བརྗོད་སྐབས།     ཉན་ཐོས་ཞི་བ་ཚོལ་རྣམ་ཞེས་སོགས་ཀྱི་དོན་ལ་རྒྱ་བོད་དག་གིས་འགྲེལ་ཚུལ་གསུམ་པོ་གང་རུང་གིས་རྒྱན་གྱི་མཆོད་བརྗོད་འདི་འགྲེལ་བར་མཛད་པ་སྣང་ཡང་།    གཡག་རོང་ལྟ་བུས་གླེང་གཞི་དང་རྟོགས་རིགས་ཀྱི་འགྲེལ་ཚུལ།  འཕགས་སེང་ལྟ་བུ་གླེང་གཞི་མ་ཚང་བའི་འགྲེལ་ཚུལ་སོགས་མང་ཡང་།    ཀུན་མཁྱེན་གོ་རམས་པས་ལུང་རིགས་གཉིས་ཀྱི་སྒོ་ནས་འགྲེལ་ཚུལ་འདི་ལྟ་བུ་ཞིག་མ་མཐོང་ངོ་།   །
 
༢   བསྟན་བཅོས་ཀྱི་ཉིང་དགོས་དགོངས་འགྲེལ་འཕགས་སེང་དག་གིས་གང་དུ་བཞག་གསལ་ཁ་མ་བཀོད་ཀྱང་དེའི་ཐེད་དུ།     ཀུན་མཁྱེན་གོ་རམས་པས་ས་དང་པོ་ནས་འཇོག་དགོས་ཏེ།  དེའི་རྒྱུ་མཚན་ཡང་།   སོ་སོ་སྐྱེ་བོའི་གནས་སྐབས་སུ་མདོ་དོན་བདེ་བླག་རྟོགས་པ་མི་ནུས་པས་བསྟན་བཅོས་ལ་བརྟེན་ནས་མདོ་དོན་དེ་ཚོགས་སྦྱོར་གནས་སྐབས་སུ་བསྒོམས་པའི་སྟོབས་ཀྱིས་ས་དང་པོར་ཆོས་ཉིད་མངོན་དུ་གྱུར་པའི་ཚེ་བསྟན་བཅོས་ལ་མ་ལྟོས་པར་ང་དབང་དུ་འགྲེལ་ནུས་པའི་རྒྱུ་མཚན་ཡིན་ནོ།   །
 
༣  འདིར་སྐབས་བརྒྱད་ཀྱི་གོ་རིམ་འཆད་པའི་ཚེ།  སྔ་མ་སྔ་མའི་འོག་ཏུ་་ཕྱི་མ་ཕྱི་མ་འབྱུང་བའི་རྒྱུ་མཚན་འགྲེལ་ཆེན་འཕགས་སེང་གཉིས་པོའི་གསལ་བར་མ་བཀོད་ཀྱང་།    ཀུན་མཁྱེན་ཆེན་པོས།   འཕགས་པ་སོ་སོའི་མཁྱེན་གསུམ་འཆད་པའི་ཚེ་གཞེ་ཤེས་དང་པོར་སྟོན་པའི་རྒྱུ་མཚན་ནི།  ཐེག་པ་གསུམ་གྱི་གོ་རིམས་ལྟར་དམན་མཆོག་གི་གོ་རིམ་ཡིན་ཏེ།   མདོའི་གླིང་གཞི་དང་མཐུན་ནོ།    བྱང་སེམས་ཀྱི་ཉམས་ལེན་འཆད་པའི་ཚེ་གཞི་ཤེས་དང་པོ་སྟོན་པའི་རྒྱུ་མཚན་ནི།   རྟོགས་རིགས་ནང་ནས་གང་ཟག་བདག་མེད་དང་པོ་བསྒོམས་པའི་དབང་དུ་བྱས་པ་སྟེ།   རྣལ་འབྱོར་ས་གཞིའི་རིམས་པ་དང་མཐུན་ནོ།   སངས་རྒྱས་ཀྱི་སའི་མཁྱེན་གསུམ་འཆད་པའི་ཚེ་གཞི་ཤེས་དང་པོ་སྟོན་པའི་རྒྱུ་མཚན་ནི།   རྒྱུ་ངོས་ནས་བྱང་སེམས་ཀྱི་མངོན་རྟོགས་རིམ་གྱི་མཐུན་པ་དང་།   འབྲས་བུའི་ངོས་ནས་གླིང་གཞིའི་གོ་རིམ་གཉིས་ཡི་ནོ།    །
 
༤   མཚོན་བྱེད་ཀྱི་ཆོས་སོ་སོའི་འབྲེལ་ནི་འཕགས་སེང་གཉིས་པོས་ཚིག་ལེའུར་བྱས་པ་དག་གིས་བསྟན་ཚུལ་ཙམ་ལས་གསལ་བ་མ་གསུངས་ལ་ཀུན་མཁྱེན་ཆེན་པོས།   གླིང་གཞི་མཇུག་རྫོགས་པ་ནས་རྩམ་ཏེ།   ངེས་འབྱུང་སྒྲུབ་པའི་བར་ཏེ།  སོ་སོའི་འབྲེལ་མདོ་དང་སྦྱར་ཏེ་འཆད་དོ།  །
 
༥  སེམས་བསྐྱེད་སྐབས་སྨོན་འཇུག་གི་ཐ་སྙེད་འཕགས་པས་གསལ་བར་མ་བཤད་པ་དང་སེམས་བསྐྱེད་རང་ལྡོག་དོམ་དམ་གྱི་སྒྲ་སྦྱར་བ་འཕགས་སེང་གཉིས་པོའི་གཞུང་ནང་གསལ་བ་མེད་ཀྱང་
ཀུན་མཁྱེན་གོ་རམས་པས་ཐེག་ཆེན་སེམས་བསྐྱེད་ལ་འདོད་པའི་མིང་གི་བཏགས་པ་དེ་རྒྱུ་མིང་འབྲས་བུ་བཏགས་པས་སྨོན་འཇུག་ཐ་སྙེད་གོང་མའི་གཞུངས་མདོ་དང་སྤྱོད་འཇུག་ལ་ཁུངས་བཅོལ་ཏེ་གསལ་བ་མཛད་དོ།   །
 
༦ཐེག་ཆེན་སེམས་བསྐྱེད་ཀྱི་ངོ་བོ་དང་།   དབྱེ་བ་སོགས་ལ་འཕགས་སེང་གཉིས་པོས་གསལ་བ་མ་བཤད་ཀྱང་ཀུན་མཁྱེན་ཆེན་པོས་རྗེ་བཙུན་བྱམས་པའི་མདོ་རྒྱན་དང་སྦྱར་ཏེ་གསལ་བར་མཛད་དོ།   །
 
གདམས་ངག་སྐབས
 
༧ གདམས་ཞེས་པ་ལས་འཕྲོས་ནས་གང་ཟག་གང་ལ།   སྟོན་པ་གང་གིས།   སྒྲུབ་པ་གང་ལ།   དགོས་པ་གང་གི་ཆེད་དུ་གདམས།    གདམ་པ་དང་རྗེས་བསྟན་གྱི་ཁྱད་པར་གང་ཞེས་པ་རྣམས།   འགྲེལ་ཆེན་འཕགས་སེང་གཉིས་པོས་གསལ་བར་མ་བཀོད་ཀྱང་ཀུན་མཁྱེན་ཆེན་པོས་དང་པོ་ནི་སེམས་བསྐྱེད་ནས་སྒྲུབ་པ་ཉམས་སུ་ལེན་པའི་གང་ཟག    གཉིས་པ་ནི་་སྤྲུལ་པའི་སྐུ།   གསུམ་པ་ཐེག་ཆེན་སྒྲུབ་པ།   བཞི་པ་ནི་སེམས་བསྐྱེད་ཀྱི་དབྱེ་བའི་སྐབས་སུ་བསྟན་པའི་རང་གཞན་གྱི་དོན་མཐར་ཐུག་འདི་རྫོགས་པའི་ཆེད་དུ།   ལྔ་པ་ནི་ཐོབ་ཟིན་པའི་ཡོན་ཏན་མི་ཉམས་པ་སྐྱོངས་བ་ནི་གདམས་པ་ཡིན་ལ།   མ་ཐོབ་པའི་ཡོན་ཏན་ཐོབ་པར་བྱེད་པའི་ཕྱིར་ན་རྗེས་སུ་བསྟན་པའོ།  །
 
༨ བྱང་སེམས་ཆེན་པོས་ཡུམ་ལ་སྤྱད་པར་བགྱི། སྤྱོད་བྱའི་ཡུམ་བཞི་པོ་འཕགས་སེང་གཉིས་པོ་གསལ་བ་མ་བཀོད་ཀྱང་།   ཀུན་མམཁྱེན་གོ་རམས་པས་སྤྱོད་པ་པོ་བྱང་སེམས་དང་།  སྤྱོད་པའི་འབྲས་བུ་བྱང་ཆུབ་དང་།  སྤྱོད་པར་བྱ་བ་ཤེར་ཕྱིན་དང་།  སྤྱོད་པ་རང་གི་ངོ་བོ་བཟློག་ཟླ་དང་བཅས་པར་ཞེན་ལ་སྤོངས་བ་སྟེ་སྤྱོད་སོགས་བཞིའི་འགྲེལ་ཚུལ་ཁྱད་དུ་འཕགས་སོ།  །
 
༩ སྒྲུབ་པའི་ཁྱད་པར་འདོམས་པའི་སྐབས་སུ།   འགྲེལ་ཆེན་འཕགས་སེང་གཉིས་པོས་བདེན་པ་བཞི་ལ་བཞག་པ་ཙམ་ལས།   དམིགས་པ་ཆོས་ཐམས་བཅད་ལ་བཞག་པ་དང་།  རྟོགས་རིགས་མཐུན་མོང་དང་མཐུན་མིན་གཉིས་ལ་བཞག་པ་དང་།  མཉམ་བཞག་རྣམ་པར་མི་རྟོགས་པའི་ཡེ་ཤེས་ཀྱི་དབང་དུ་བྱས་པའི་རྣམ་བཞག་གསལ་བར་མ་བཀོད་དོ།   །
 
༡༠   སྒྲུབ་པའི་ཁྱད་པར་གྱི་ཆོས་དགུ་པོ་འགྲེལ་ཆེན་འཕགས་སེང་གཉིས་པོ་གསལ་བ་མ་བཀོད་ཀྱང་རྒྱལ་བ་གོ་རམས་པས་སྒྲུབ་པའི་ཁྱད་པར་གྱི་ཆོས་དགུར་གྲངས་ངེས་པ་ནི་སྒྲུབ་པའི་ངོ་བོ་དེས་བསྒྲུབ་བྱ་མཐར་ཐུག་སྒྲུབ་ཐུབ་པ་དང་།   དགུ་པོ་གང་རུང་ཞིག་མ་ཚང་ན་སྒྲུབ་མི་ནུས་ཤིང་དགུ་ཚང་བས་སྒྲུབ་དགོས་པའི་སྒྲུབ་བྱེད་གསལ་བར་མཛད་དོ།  །
 
༡༡   དགེ་འདུན་བགྲངས་ཚུལ་གྱི་ཁ་སྐོང་།  སྦས་དོན་ཟབ་མོའི་ནང་དུ་སློབ་དཔོན་ལ་ཟུར་ཟ་དང་འགྲེལ་ཚུལ་སོགས་མི་མཐུན་པའི་ཚུལ་མང་ཡང་།     འཕགས་པའི་འགྲེལ་བཤད་ལ་དེ་ཙམ་་གྱི་ཟུར་ཟའི་ཚིག་མ་མཐོང་ལ།    དགེ་འདུན་ཉེ་ཤུའི་བགྲངས་ཚུལ་ལ་དངོས་བསྟན་ཇི་བཞིན་ཁས་མི་ལེན་པའི་འཕགས་སེང་གཉིས་རྒྱན་གྱི་སྐབས་འདིའི་ཕྱོགས་སྔའི་གཙོ་བོ་ཡིན་པ་གཞུང་གིས་དཔང་པོ་ནུས་པའི་ཕྱིར་རོ།  །
 
༡༢  སྤྱན་ལྔ་དང་མངོན་ཤེས་ཀྱི་སྐབས་དགོངས་འགྲེལ་འཕགས་སེང་གཉིས་པོས་ངོས་བཟུང་བ་དང་བྱང་སེམས་ལ་སྦྱར་བ་ཙམ་ལས།   སྡེ་སྣོད་དག་ལས་གསུངས་ཚུད་གསལ་བར་མ་བཀོད་ལ་ཀུན་མཁྱེན་ཆེན་པོས་སྤྱན་ལྔ་ནི་ཤེར་ཕྱིན་གྱི་མདོ་དང་།  མངོན་ཤེས་དྲུག་ནི་ཐེག་པ་ཆེ་ཆུང་གི་སྡེ་སྣོད་དག་གསུངས་པ་གསལ་བར་མཛད་དོ།  །
 
༡༣   མཐོང་སྒོམ་རྟོགས་རིགས་ཐེད་འགྲེལ་ཆེན་འཕགས་སེང་གཉིས་པོས་མཐའ་དཔྱད་ཀྱི་སྤྱན་ཟུང་མ་བཀོད་ཀྱང་ཀུན་མཁྱེན་ཆེན་པོས་མཉམ་བཞག་གི་དབང་དུ་བྱས་ན་ཐེག་གསུམ་མཐོང་ལམ་ལས་སྒོམ་ལམ་རྟོགས་རིགས་ཐ་དད་མེད་ཅིང་།   ཐེག་ཆེན་གྱི་མཉམ་བཞག་གིས་དྲངས་བའི་རྗེས་ཐོབ་ཀྱི་རྟོགས་རིགས་ལ་ཡང་ཁྱད་པར་མེད་ལ།   ཐེག་དམན་ལ་ནི་མི་མཚུངས་ཏེ།   མི་རྟག་སོགས་སུ་མངོན་པ་ཞེན་ལ་དེ་ཐེག་ལ་རང་ལུགས་རྟོགས་རིགས་ཡིན་པས་མ་ནོར་བ་་གསལ་བ་བཀོད་དོ།  །
 
༡༣     མཚུངས་ལྡན་རྟོག་པའི་ཐེད།   ངོ་བོ་སྤང་བྱ་གང་དུ་ལྡན་དཔྱད།  དགག་རྟོག་དང་སྒྲུབ་རྟོག་གང་ཡིན་དཔྱད།   མཐོང་སྤང་དང་སྒོམ་སྤང་གང་ཡིན་དཔྱད།   སྒྲིབ་གཉིས་གང་ཡིན་དཔྱད་པ་སོགས་ཀྱི་རྣམ་བཞག་རྒྱས་པ་འཕགས་སེང་གཉིས་པོས་གསལ་བར་མ་བཀོད་ཀྱང་རྒྱལ་བ་གོ་རམས་པས།    ལྡན་པའི་དོན་ནི།   བྱང་སེམས་སྦྱོར་ལམ་མཉམ་བཞག་བཞི་ལ་ཤུགས་བསྟན་དགག་རྟོག་བཞི་བོ་ངོ་བོར་ལྡན་ཞིང་རྗེས་ཐོབ་བཞི་ལ་དངོས་བསྟན་སྒྲུབ་རྟོག་བཞི་བོ་ངོ་བོ་ལྡན་པའི་དོན་ཡིན་པ་གསལ་བར་བཀོད་ཅིང་།     བསྟན་བཅོས་ཀྱི་དངོས་བསྟན་སྒྲུབ་རྟོག་ཁོ་ན་ཡིན་ཏེ།    ཡུལ་དགུ་བཞི་སོ་དྲུག་ལ་དམིགས་ནས་བཟུང་བ་དང་འཛིན་པའི་རྣམ་པ་ཡིན་པས།   སྒྲུབ་རྟོག་ལས་འོས་མེད་བཞེད་ཅིང་། མདོའི་དངོས་བསྟན་དང་བསྟན་བཅོས་ཀྱི་ཤུགས་བསྟན་དགག་རྟོག་ཁོ་ན་བཞེད་དོ།    དངོས་བསྟན་གྱི་སྒྲུབ་རྟོག་བཞི་བོ་ནི་མཐོང་སྤང་ཁོ་ན་དང་།   ཤུགས་བསྟན་དགག་པའི་རྣམ་ལ་ཅན་གྱི་རྟོག་པ་བཞི་པོ་མཐོང་ལམ་གྱིས་སྤང་མི་ནུས་པས་སྐབས་ལྔ་པ་བཤད་པའི་སྒོམ་སྤང་རྟོག་པ་འཇོག་དགོས་པའི་ཕྱིར་རོ།    སྒྲིབ་གཉིས་ནང་ནས།   རྫས་འཛིན་རྟོག་པ་ལ་གང་ཟག་རྫས་ཡོད་དུ་འཛིན་པ་ནི་གང་ཟག་གི་བདག་འཛིན་ཡིན་པས་ཉན་ཐོས་ཐོས་ཀྱི་སྤང་བྱའི་རིགས་སུ་གནས་པའི་ཉོན་སྒྲིབ་དང་།    ཆོས་ལ་རྫས་ཡོད་དུ་འཛིན་པ་དང་།  བཏགས་འཛིན་རྟོག་པ་ནི་གཉིས་ནི་ཆོས་ཀྱི་བདག་འཛིན་ཡིན་པས་བྱང་སེམས་ཀྱི་སྤང་བྱའི་རིགས་སུ་གནས་པའི་ཤེས་སྒྲིབ་ཡིན་པ་གསལ་བར་མཛད་དོ།   །
 
༡༤     རིགས་ཀྱི་སྐབས།
འགྲེལ་བྱེད་འཕགས་སེང་གཉིས་པོའི་རང་བཞིན་གནས་རིགས་སྒྲུབ་པའི་རྟེན་བྱེད་ཚུལ་བརྗོད་པ་ཙམ་ལས་རྒྱས་འགྱུར་རིགས་ཀྱི་ངོ་བོ་དང་ཐ་སྙེད་གསལ་བར་མ་གསུངས་ཀྱང་ཀུན་མཁྱེན་གོ་རམས་པས་རྗེ་བཙུན་བྱམས་པའི་མདོ་རྒྱན་དང་དབུ་མ་འཇུག་པ་རིགས་པ་དྲུག་བཅུ་པ་སོགས་ཁུངས་བཅོལ་ཏེ་ངོ་བོ་དང་ཐ་སྙེད་གསལ་བར་བཀོད་དོ།   །
 
༡༥    རིགས་ཀྱི་འཇོག་ཚུལ་ལ་འཕགས་སེང་གཉིས་པོས་དབྱེ་བ་ཙམ་ལས་མ་བཀོད་ཀྱང་ཀུན་མཁྱེན་གོ་རམས་པའི་རྟེན་གྱི་སྒོ་ནས་རིགས་སུ་འཇོག་ཚུལ་དང་།    དམིགས་པའི་སྒོ་ནས་རིགས་སུ་འཇོག་ཚུལ་གཉིས་བཀོད་པ་མཛད་དོ།   །
 
 
 
༡༦    བདེ་གཤེགས་སྙིང་པོའི་ཐ་སྙེད་དང་ངོ་བོ་སོགས་འགྲེལ་བྱེད་འཕགས་སེང་གཉིས་ཀྱི་གཞུང་ནང་གསལ་བར་མ་བཀོད་ཀྱང་ཀུན་མཁྱེན་གོ་རམས་པས།    དཔལ་ཕྲེང་གི་མདོ་དང་།   རྗེ་བཙུན་བྱམས་པའི་རྒྱུད་བླ།   མགོན་པོ་ཀླུ་སྒྲུབ་སོགས་ཀྱི་གཞུང་ཁུངས་བཅོལ་ཏེ་བདེ་གཤེགས་སྙིང་པོའི་ཐ་སྙེད་དང་ངོ་བོ་གསལ་བར་མཛད་དོ།    །
 
༡༧   སྒྲུབ་པའི་དམིགས་པ་འཆད་པའི་སྐབས།
དམིགས་པའི་གོ་རིམ་ལ་འགྲེལ་བྱེད་འཕགས་སེང་གཉིས་པོའི་རང་གཞུངས་ནང་གསལ་བར་མ་བཀོད་ཀྱང་ཀུན་མཁྱེན་གོ་རམས་པས།   རང་གི་ངོ་བོའི་སྒོ་ནས་གོ་རིམ་རྣམ་པར་བཞག་པ་མེད་ཀྱང་།   རྟོགས་བྱེད་བློ་ལ་ལྟོས་ནས་གོ་རིམ་ངེས་པ་ཡོད་པ་གསལ་བར་མཛད་དོ།   །
 
༡༨    སྒྲུབ་པའི་ཆེད་དུ་བྱ་བའི་སྐབས།
འདིའི་སྐབས་འགྲེལ་བྱེད་འཕགས་སེང་གཉིས་པོས་གསལ་བར་མ་བཀོད་ཀྱང་ཀུན་མཁྱེན་གོ་རམས་པས།    རྟོགས་པ་ཆེན་པོའི་རྒྱུ་འི་དབང་བྱས་ན་དང་པོ་ནི་ཚོགས་ལམ་གྱི་སེམས་བསྐྱེད།    བར་པ་བཞི་ནི་མོས་པས་སྤྱོད་པ།    ལྷག་བསམ་དག་པ།   སྒྲིབ་པ་སྤོང་བ།   རྣམ་པར་སྨིན་པ་བཞི་དང་།    ཐ་མ་ནི་ཐམས་བཅད་ཀྱི་ཐུན་མོང་བ་ཡིན་པ་གསལ་བར་བཀོད་དོ།   །
 
 
༡༩    སྒྲུབ་པ་རང་གི་ངོ་བོའི་སྐབས།
ཡུལ་གྱི་སྒྲུབ་པ་དང་མངོན་རྟོགས་སྒྲུབ་པའི་ཁྱད་པར་དང་།   བརྒྱུད་ནས་སྦྱོར་བ།    དངོས་སུ་སྦྱོར་བ།   མངོན་སུམ་དུ་སྦྱོེར་བ་སོགས་ཀྱི་རབ་དབྱེ་འཕགས་སེང་མཁན་པོའི་གསལ་བར་མ་བཀོད་ཀྱང་ཀུན་མཁྱེན་ཆེན་པོའི་ཐོག་མེད་ཀྱི་གཞུང་དང་སྦྱར་ཏེ་གསལ་བར་མཛད་དོ།   །
 
༢༠     འཇུག་སྒྲུབ་སྐབས།
ཡུལ་དང་།   གོ་རིམ་གཉིས་ཀྱི་ཁྱད་པར་དགོངས་འགྲེལ་འཕགས་སེང་གཉིས་པོས་གསལ་བར་མ་བཀོད་ཀྱང་།    ཀུན་མཁྱེན་གོ་རམས་པས་རྒྱུའི་ཐེག་པ་དང་འབྲས་བུའི་ཐེག་པ།   གོ་རིམས་ཡང་།  ཐོག་མར་སེམས་བརྟན་པར་བྱ་བའི་དོན་དུ་བསམ་གཟུགས་གཉིས་ལ་འཇུག  དེ་བསྒོམས་པས་སེམས་བརྟན་ཞིང་ལས་སུ་རུང་བ་ཐོབ་པ་ན།  སྦྱིན་སོགས་དྲུག་ལ་འཇུག།  དེ་ནས་མཐོང་སྒོམ་གྱི་ལམ་སྐྱེ་བས་མངོན་རྟོགས་ལ་འཇུག་པའི་གོ་རིམ་གསལ་བར་མཛད་དོ།   །
 
༢༡   ཚོགས་སྒྲུབ་སྐབས།
ཚོགས་བཅུ་བདུན་ནང་ཚན་གྱི་ཡེ་ཤེས་ཚོགས་དང་ཚོགས་སྒྲུབ་ནང་ཚན་གྱི་ཡེ་ཤེས་ཚོགས་གཉིས་ཀྱི་ཁྱད་པར་དགོངས་འགྲེལ་འཕགས་སེང་གཉིགས་པོས་གསལ་བར་མ་བཀོད་ཀྱང་།   ཀུན་མཁྱེན་ཆེན་པོས་ཐོས་བསམ་གྱིས་གཏན་ལ་ཕབ་པའི་སྐབས་དང་མངོན་དུ་གྱུར་པའི་གནས་སྐབས་ཀྱི་ཁྱད་པར་དང་ས་མཚམས་ཡང་ཁྱད་པར་གསལ་བར་བཀོད་དོ།   །
 
༢༢   སའི་ཚོགས་ལ་འགྲེལ་ཆེན་འཕགས་སེང་གཉིས་པོས་མཚན་ཉིད་དང་།  སྒྲ་དོན།  ཁྱད་པར་གྱི་ཆོས་སོགས་གསལ་བར་མ་བཤད་ཀྱང་།  ཀུན་མཁྱེན་གོ་རམས་པས།   ས་ཙམ་གྱི་མཚན་ཉིད་དང་། སྐབས་དོན་བྱམས་སེམས་ཀྱི་སའི་མཚན་ཉིད་སོགས།   འཇུག་འགྲེལ་དང་།  རིན་ཆེན་ཕྲེང་བ། མདོ་རྒྱན་སོགས་ཀྱིས་གསལ་བར་བཀོད་དོ།   །
 
༢༣   མཐོང་ལམ་གྱི་ཁྱད་པར་ཡོན་ཏན་བཅུ་གཉིས་ལ་འཕགས་སེང་གཉིས་པོས་ཐེད་ཀར་སའི་ཡོངས་སྦྱོངས་ལ་འཇུག་པ་ཙམ་ལས་གསལ་བར་མ་བཀོད་ཀྱང་།   ཀུན་མཁྱེན་ཆེན་པོས་བོད་དུ་སྒྱུར་བའི་བསྟན་བཅོས་ཞིག་ནང་མཐོང་ལམ་རྣམ་བཞག་འདི་ལས་རྒྱས་ཙམ་མེད་ཕྱིར་མཐོང་ལམ་ཐེད་ཀྱི་རྣམ་བཞག་རྒྱས་པར་མཛད་དོ།   །
 
༢༤  ས་དང་པོའི་ཡོངས་སྦྱོངས་ལ་བསམ་སྦྱོར་བསྔོ་གསུམ་གྱི་ཁྱད་པར་རྗེ་བཙུན་བྱམས་པའི་གཞུང་གིས་བསྟན་པ་འགྲེལ་ཆེན་འཕགས་སེང་གཉིས་པོས་གསལ་བར་བཀོད་པ་མ་མཛད་ཀྱང་།   མཁས་པའི་དབང་པོ་ཀུན་མཁྱེན་གོ་རམས་པས།    དེ་ཡང་བསམ་དང་ཞེས་པ་དང་།   ཕན་པའི་དངོས་ཉིད་དང་ཞེས་དང་།   སྦྱོར་བ་ཡང་གསུམ་གྱིས་གསལ་བ་མཛད་པ་དང་།     སངས་རྒྱས་བཀུར་འདོད་ཞེས་སོགས་ཀྱིས་བསྔོ་བ་དང་སྦྱོར་ཚུལ་ཡང་གསལ་བར་བཀོད་དོ།   །
 
༢༥   ས་གསུམ་པའི་ཡོངས་སྦྱོངས་ཐེད་དུ་མངོན་རྟོགས་རྒྱུད་ལ་སྐྱེ་བའི་གོ་རིམ་འཕགས་སེང་གཉིས་པོས་འགྲེལ་བཤད་གསལ་བར་མ་མཛད་ཀྱང་།  ཀུན་མཁྱེན་ཆེན་པོས་རྗེས་ཐོབ་དུ་སེམས་ཅན་ཐམས་བཅད་འཁོར་བའི་རྒྱ་མཚོ་ལས་བསྒྲལ་འདོད་ཆོས་ཉིད་ཀྱི་སྐྱེ་ཞིང་།   དེ་ལ་སྒྲིབ་པ་མེད་པའི་ཡེ་ཤེས།   དེ་ལ་ཤེས་རབ།   དེ་ལ་ཏིང་ངེ་འཛིན།   དེ་ལ་ཡང་ཏིང་ངེ་འཛིན་གྱི་རབ་དབྱེ་ལ་མཁས་པའི་ཉམས་ལེན་དགོས་པ་སོགས་གསལ་བར་མཛད་དོ།    །
 
༢༦     ས་ལྔ་པའི་ཡོངས་སྦྱོངས་ཐེད་དུ་བསམ་སྦྱོར་དང་གནས།   ཉེས་སྤྱོད་དང་རྩ་བའི་ཉོན་མོངས་བཞི་པོའི་རྣམ་བཞག་གསལ་བར་དགོངས་འགྲེལ་འཕགས་སེང་གཉིས་པོས་གསལ་བར་མ་བཀོད་ཀྱང་།    ཀུན་མཁྱེན་གོ་རམས་པས་གནས་ངན་ལེན་དང་།   ཐག་བསྲིང་པའི་གཉེན་པོ་དགོངས་ནས་རྣམ་བཞག་གསལ་བར་མཛད་དོ།   །
 
༢༧   དྲུག་པའི་ཡོངས་སྦྱོངས་ཐེད་དུ་སྤོང་བྱེད་གཉེན་པོ་དང་སྤང་བྱ་མི་མཐུན་ཕྱོགས་གཉིས།  བྱང་ཆུབ་ཀྱི་གེགས་དང་།   སྤྱོད་པ་རྗེས་སུ་སྒྲུབ་པའི་གེགས་གཉིས་ཏེ་སྤང་གཉེན་ལྡོག་པ་གསལ་བར་མ་བཀོད་ཀྱང་།  ཀུན་མཁྱེན་གྱིས་གོང་འོག་སྒྲིག་ཏེ་གསལ་བར་མཛད་དོ།   །
 
༢༨   བདུན་པའི་ཡོངས་སྦྱོང་ཐེད་སྤང་བྱ་ཉི་ཤུ་པོ་སོ་སྐྱེ་ཉན་རང་བྱང་སེམས་ཏེ།  གང་ཟག་གསུམ་ལ་ཐུན་མོང་སྦྱར་བ་འགྲེལ་ཆེན་གཉིས་པོས་མ་བཤད་ཀྱང་།   ཀུན་མཁྱེན་ཆེན་པོས།   བདག་ཏུ་འཛིལ་པ་ནས་རྟག་པ་འཛིན་པའི་བར་དྲུག    མཚན་མ་འཛིན་པ་ནས་ཚུལ་འཁྲིམས་ལྟ་བའི་བར་བཅུ་གཉིས།    སྟོང་ཉིད་ལ་རྩོད་པ་དང་སྟོང་ཉིད་དེ་དང་མངོན་སུམ་དུ་མཐོང་བ་འགལ་བའི་ཉེས་པ་འཛིན་པ་གཉིས་སོ།   །
 
༢༩   ས་བརྒྱད་པའི་ཞིང་སྦྱོང་ལ་མི་འདྲ་བའི་དབྱེ་བ་འཕགས་སེང་གཉིས་པོས་ཤིན་ཏུ་གསལ་བའི་ཚུལ་གྱི་མ་བཀོད་ཀྱང་།   ཀུན་མཁྱེན་གོ་རམས་པས་འདིའི་ཞིང་སྦྱོང་བ་དང་རྫོགས་སྨིན་སྦྱང་གསུམ་སྐབས་ཀྱི་ཞིང་སྦྱོང་བ་དོན་གཅིག་ཅིང་།  ས་གསུམ་པའི་སྐབས་སུ་ཞིང་སྦྱོང་བ་བཤད་པ་ནི་ཞིང་དག་པ་སྒྲུབ་པར་འདོད་པའི་བློ་སྐྱེད་པ་ཙམ་ཡིན་པ་གསལ་བར་མཛད་དོ།   །
 
༣༠   འདས་ས་ལ་ཤེས་མཐོང་གི་འདས་པའི་དོན་དང་ས་སྔ་མ་ལས་འདས་ནས་ཕྱི་མ་སྐྱེས་པ་ན་འདས་པའི་དོན་གཉིས་ལས་ཕྱི་མ་འདི་དགོངས་འགྲེལ་གཉིས་པོས་་གསལ་བར་མ་བཀོད་ཀྱང་ཀུན་མཁྱེན་གྱིས་འདི་ལྟ་བུའི་སྔོན་ཆད་བཤད་པ་དཀོན་ཙམ་འདུག་པས་ད་ལམ་གསལ་བར་མཛད་པ་ཡིན་ནོ།    །
 
༣༡  ས་བཅུ་པའི་ཡོངས་སྦྱོངས་འགྲེལ་ཆེན་འཕགས་སེང་གཉིས་པོས་གསལ་བར་མ་བཤད་ཀྱང་
ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་གོ་རམས་པས།   ས་དགུ་པའི་ཡོངས་སྦྱོང་རྫོགས་ནས་ས་བཅུ་པའི་རྗེས་ཐོབ་ཏུ་འགྱུར་བ་ནི་ས་བཅུ་པའི་ཡོངས་སྦྱོང་ཡིན་པའི་གསལ་བར་མཛད་དོ།   །
 
༣༢  ལམ་ཤེས་སྐབས།
རྣམ་མཁྱེན་འོག་ཏུ་ལམ་ཤེས་འཆད་པའི་རྒྱུ་མཚན་གསལ་བར་འགྲེལ་ཆེན་འཕགས་སེང་གཉིས་པོས་མ་བཤད་ཀྱང་།   ཀུན་མཁྱེན་གོ་རམས་པས་དོན་གྱི་འབྲེལ་དང་ཚིག་གི་འབྲེལ་གཉིས་ཀྱི་སྒོ་ནས་གསལ་བར་འཆད་དོ།    །
 
༣༢  ལམ་ཤེས་ཡན་ལག་ལས་འཕྲོས་སྐབས།
 
ལམ་ཤེས་ཡན་ཡག་ལྔ་པོས་རྣམ་བཅད་དང་ཡོངས་གཅོད་ཀྱི་ཁྱད་པར་འགྲེལ་ཆེན་གཉིས་པོས་གསལ་བར་མ་བཀོད་ཀྱང་།   ཀུན་མཁྱེན་གྱིས་ཡན་ལག་ལྔ་པོའི་རྣམ་བཅད་དང་ཡོངས་གཅོད་ཀྱི་ཁྱད་པར་གསལ་བར་མཛད་དོ།    །
 
༣༣  ལམ་ཤེས་ཀྱི་རང་བཞིན་ལ་ཉོན་མོངས་པའི་མིང་གི་འདོགས་པའི་རྒྱུ་མཚན་དང་།   བཏགས་པའི་དགོས་པ།   དངོས་ལ་གནོད་བྱེད།   སྤང་བྱར་དོགས་པ་སྐྱེ་བའི་རྒྱུ་མཚན།   གང་ཟག་གཞན་ལ་སྤང་བྱར་བསྟན་པ།    དོགས་པའི་གནས་གཞན་དཔྱད་པ།    ཤེས་བྱེད་ལུང་དང་སྦྱར་བའི་དཔྱད་པ་རྒྱ་ཆེར་བདུན་དགོངས་འགྲེལ་འཕགས་སེང་གཉིས་པོས་གསལ་བ་མ་གསུངས་ཀྱང་།    ཀུན་མཁྱེན་མཁས་པོའི་དབང་པོས་མདོ་ལུང་བརྒྱད་དང་བསྟན་འགྱུར་ལུང་ལྔས་སྒོ་ནས་གསལ་བར་མཛད་ཅིང་མདོར་བསྡུ་ན་འདིའི་སྐབས་ཀྱི་ཉོན་མོངས་དེ་སྔོན་གྱི་མཁས་པ་དུ་མ་དང་།    མཁས་གྲུབ་གཡག་པས་གསུངས་པ་ཉིད་ལ་ཐེད་པ་གཞེད་དེ།    སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཟིན་ཅིང་།  སེམས་ཅན་ལ་དམིགས་པའི་སྙིང་རྗེས་ཆེན་པོས་ཀུན་ནས་བསླངས་ཏེ་བསམ་བཞིན་དུ་སྲིད་པར་གཞན་དོན་དུ་སྐྱེ་བ་ལེན་འདོད་ཀྱི་བློ་ཡིན་པས་ཉན་ཐོས་ལ་འདི་འདྲའི་བློ་ཡང་མི་སྐྱེ་བས་སྲེད་པ་དང་ཉོན་མོངས་མཚན་ཉིད་པའི་གོ་སྐབས་ཡེ་ནས་མེད་པས་ཀུན་མཁྱེན་གྱི་དགོངས་པ་ཚུལ་བཞིན་འཆད་དགོས་སོ།   སྐལ་ལྡན་དག་དགའ་བར་མཛོད་ཅིག   །
 
༣༤  ལམ་ཐམས་བསྐྱེད་པར་བྱ་ཞིང་།  ཞེས་པའི་ཐེད་དུ་དགོངས་འགྲེལ་འཕགས་སེང་གཉིས་པོས་ཉན་ཐོས་རང་རྒྱུད་པའི་ལམ་་དང་།  བྱམས་སེམས་ཀྱི་རྟོགས་རིགས།   དེ་གཉིས་ཀ་ཡོད་པ་འདོད་པ་ལུགས་དང་།   བསྐྱེད་བྱའི་ལམ་དང་ཤེས་བྱའི་ལམ་ལོགས་སུ་དཔྱད་པ་རྒྱ་ཆེར་མ་གསུངས་ཀྱང་།    ཀུན་མཁྱེན་གྱིས་གཞུང་སྔ་ཕྱིའི་འབྲེལ་དང་སྦྱར་ཏེ་གསལ་བར་མཛད་དོ།    །
 
༣༥     མཐོང་ལམ་ཐེད་དུ་འགྲེལ་ཆེན་འཕགས་སེང་གཉིས་པོས་དབུ་མའི་ལུགས་ཀྱི་སྐད་གཅིག་བཅུ་དྲུག་ལ་འགྲེལ་བཤད་མཛད་པ་ཙམ་ལས།   གྲུབ་མཐའ་བཞི་དང་སྦྱར་ཏེ་གསལ་བར་མ་མཛད་ཀྱང་།     ཀུན་མཁྱེན་གྱིས་མཛོད་ཀྱི་ལུགས།   ཀུན་བཏུས་ལུགས།  གཏན་ལ་དབབ་པ་བསྡུ་བའི་ལུགས།    དབུ་མའི་ལུགས་དང་བཅས་གསལ་བར་མཛད་དོ།    །
 
༣༦   དབུ་མའི་མཐོང་ལམ་ཐེད་དུ།   བྱམས་ཀླུ་གཉིས་ཀྱི་བཤད་ཚུལ་དང་།   རྗེས་འབྲང་གིས་བཤད་ཚུལ།  འགལ་མེད་ཀྱི་གནད་ངོས་བཟུང་བ།     ཀླན་ཀ་མ་ལུས་པ་སྤང་བའི་དཔྱད་པ་རྒྱ་ཆེར་ལྔའི་འགྲེལ་བཤད་དགོངས་འགྲེལ་གཉིས་པོས་མ་གསུངས་ཀྱང་ཀུན་མཁྱེན་གྱིས་གསལ་བར་མཛད་དོ།   །
 
༣༧     སྒོམ་ལམ་གྱི་བྱེད་པའི་ཐེད་དུ་འགྲེལ་ཆེན་འཕགས་སེང་གཉིས་པོས་མདོ་སྦྱར་ཙམ་ལས།
ཀུན་མཁྱེན་གོ་རམས་པས་སྒོམ་ལམ་གྱི་བྱེད་པ་དང་པོ་བསྟན་པའི་རྒྱུ་མཚན་ནི་བྱམ་སེམས་ཀྱི་སྒོམ་ལམ་དེ་ཡང་གཞན་ལ་སྟོན་ལ་དང་།    རང་གིས་སྒོམ་པ་གཉིས་ཆར་གྱི་ཚེ་ཡང་བྱེད་པའི་སྒོ་ནས་སྤྲོ་བ་བསྐྱེད་དགོས་པས་གོང་འོག་ལྡེབ་ནས་འཆད་ཚུལ་རྨད་དུ་བྱུང་བ་དེ་གསལ་བར་མཛད་དོ།   །
 
༣༨   སྒོམ་ལམ་གྱི་གོ་རིམ་འགྲེལ་ཆེན་འཕགས་སེང་གཉིས་པོས་གསལ་བར་མ་བཀོད་ཀྱང་།   ཀུན་མཁྱེན་གྱིས།   མོས་པ་སྒོམ་ལམ་ནི།   ས་མཚམས་ཀྱི་རབ་དབྱེའི་སྒོ་ནས་བསྟན།    བསྔོ་བ་སྒོམ་ལམ་ནི།   བྱེད་པ་དང་མི་དམིགས་པའི་སྒོ་ནས་བསྟན།    རྗེས་སུ་ཡི་རང་སྒོམ་ལམ་ནི།    ཐབས་ཤེས་གཉིས་ཀྱི་སྒོ་ནས་བསྟན་ཚུལ་གསལ་བར་མཛད་དོ།   །
 
༣༩    སྒོམ་ལམ་དགུ་པོས་ཁམས་གསུམ་ས་དགུའི་སྒོམ་སྤང་ཆེན་པོའི་ཆེན་ལ་སོགས་པ་དགུ།   སྤང་གཉེན་སྦྱོར་ཚུལ་གྱི་ཁྱད་པར་གསལ་བར་འགྲེལ་ཆེན་གཉིས་པོའི་གཞུང་ནང་གསལ་བར་མ་གསུངས་ཀྱང་།    ཀུན་མཁྱེན་གྱིས་མདོ་དང་རྒྱན་གཉིས་སྦྱར་ཏེ་གསལ་བར་མཛད་དོ།   །
 
༤༠  གཞི་ཤེས་སྐབས།
གྲུབ་མཐའི་བཞིའི་རིགས་ཀྱི་འདོད་ཚུལ་དང་།   དགོངས་འགྲེལ་གཉིས་ཀྱི་དཀྲལ་ཚུལ། དཔལ་ལྡན་ཟླ་བས་འཆད་ཚུལ།   དོན་གྱི་དགོངས་པ་གཅིག་པ་བསྟན་པའི་སྐབས་ཀྱི་ཐེག་གསུམ་རྟོགས་རིགས་དང་སྤང་གཉེན་སོགས་གྱི་རིམ་པ་གསལ་བར་མ་བཤད་ཀྱང་།ཀུན་མཁྱེན་གྱིས་མདོ་དང་བསྟན་བཅོས་དགོངས་པ་ཞིབ་ཅིང་རྒྱས་པར་བཀོད་པ་མཛད་དོ།   །
 
༤༡    གཟུགས་སོགས་དེ་མི་རྟག་སོགས་ཀྱི་ཞེས་པའི་ཐེད་དུ།
བདེན་པ་བཞི་ལ་སྦྱར་བ་འཕགས་སེང་གཉིས་པོ་གསལ་བར་མ་བཀོད་ཀྱང་ཀུན་མཁྱེན་གྱིས།    གཟུགས་སོགས་ཞེས་པའི་བདེན་བཞི་བསྟན།   དེ་མི་རྟག་སོགས་ཞེས་པས་སྡུག་བསྔལ་བདེན་པའི་ཁྱད་ཆོས་བསྟན།    དེ་མ་རྫོགས་དང་ཞེས་པས་ཀུན་འབྱུང་བདེན་པ་བསྟན་པའི་ཁྱད་ཆོས་བསྟན།    རབ་རྫོགས་དང་ཞེས་པས་འགོག་བདེན་གྱི་ཁྱད་ཆོས་དང་། ་་དེ་ལ་ཆགསཔ་མེད་ཉིད་དང་།   ཞེས་པས་ལམ་བདེན་གྱི་ཁྱད་ཆོས་བསྟན་པ་གསལ་བར་མཛད་དོ།   །
 
༤༡    མཚན་ཉིད་གསུམ་གྱི་བཤད་པ་འགྲེལ་ཆེན་གཉིས་པོའི་གཞུང་ནང་མ་བཀོད་ཀྱང་
ཀུན་མཁྱེན་གྱིས་གསལ་བར་བཀོད་དོ།   །
 
༤༢    རྣམ་རྫོགས་སྦྱོར་བའི་སྐབས།
འདིའི་གཞུང་སྔ་ཕྱིའི་འབྲེལ་ལ་སློབ་དཔོན་གྱིས་འགྲེལ་ཆེན་དུ་མཁྱེན་གསུམ་གྱི་འོག་ཏུ་རྣམ་རྫོགས་སྦྱོར་བ་འཆད་པའི་རྒྱུ་མཚན་ཡོད་དེ།    ཞེས་དང་།      འཕགས་པས།     དེ་ལ་དངོས་པོ་ལ་དམིགས་པ་ནི་གཞི་ཤེས་པའོ།     ཅེས་མཁྱེན་གསུམ་གྱི་རྣམ་པ་བསྡུ་ཚུལ་ཙམ་ལས་སྔ་ཕྱིའི་འབྲེལ་གསལ་ཁ་མ་གསུངས་མི་སྣང་ཀྱང་།      ཀུན་མཁྱེན་གྱིས།    དེས་ན་དེའི་རྒྱུ་མཚན་ཡོད་དེ།   
གཞི་ཤེས་ཀྱི་སྐབས་སུ་མཁྱེན་གསུམ་རྒྱསཔ་གཏན་ལ་ཕབ་པའི་དོན་གཞི་བདེན་གཞི་སྟེང་དུ་བསྡུ་ཚུལ་གསུངས་པའི་བསྡུ་ཚུལ་དེ་གང་ཞེ་ན།     གཞི་བདེན་གཞི་སྟེང་དུ་མཁྱེན་གསུམ་གྱི་རྣམ་པ་བརྒྱ་བདུན་བཅུ་རྩ་གསུམ་དུ་བསྡུས་ནས་སྒོམ་པར་བྱེད་རྣམ་རྫོགས་སྦྱོར་བ་ཡིན་པའི་ཕྱིར་རོ།  འདི་འདྲའི་གནད་ལ་ཀུན་མཁྱེན་དང་གསེར་མདོག་པཎ་ཆེན་གཉིས་ཀྱི་བཞེད་པར་ལྟར་ཐེག་ཆེན་སྦྱོར་བའི་ལམ་གྱི་ཉམས་ལེན་གཅིག་གི་སྟེང་དུ་རྣམ་པའི་མངོན་རྟོགས་ཀྱི་བྱེད་པ་ཚང་བའི་ཕྱིར་ན་ཡོད་ཚད་བསྒོམ་པའི་གོ་ཆོད་པ་ནི་གཞུང་གིས་ཤེས་ནུས་སོ།
 
༤༣     འདིར་རྣམ་པའི་རྟོགས་རིགས་སྐབས།  བདེན་པ་དང་པོ་གསུམ་གྱི་རྣམ་པ་བཅུ་གཉིས།     ལམ་བདེན་གྱི་ལམ་དང་པོའི་རྣམ་པ་བཞི་སྟེ་བཅུ་དྲུག་པོ་ཉན་ཐོས་ཀྱི་རྟོགས་རིགས་ཡིན་པ་གསལ་བར་འགྲེལ་ཆེན་འཕགས་སེང་གཉིས་པོས་མ་མ་བཀོད་ཀྱང་།    ཀུན་མཁྱེན་གྱི་བྱམས་ཀླུའི་གཞུང་དང་སྦྱར་ཏེ་གསལ་བར་མཛད་དོ།    །
 
༤༤     ཟག་བཅས་ཟག་མེད་ཀྱི་དོན་གཟུང་འཛིན་གཉིས་སུ་སྣང་བ་ཡོད་མེད་ཀྱི་ཁྱད་པར་ལ་འཇོག་པ་འགྲེལ་ཆེན་གཉིས་པོས་གསལ་བ་མ་བཀོད་ཀྱང་།    ཀུན་མཁྱེན་གྱིས་རང་ལུགས་སུ་བཞག་ཏེ་གསལ་བར་མཛད་དོ།   །
 
༤༥    གཞི་ཤེས་རྣམ་པའི་ལྡོག་པའི་སྐབས།  འདིར་གཞི་ཤེས་ཀྱི་རྣམ་པ་ཉེར་བདུན་ཐེག་དམན་གྱི་རྟོགས་རིགས་བཞག་པ་ལྟར་ལམ་ཤེས་ཀྱི་རྣམ་པ་སོ་དྲུག་བྱང་སེམས་ཀྱི་རྟོགས་བཞག་དགོས་པ་ལས།     ཀུན་འབྱུང་བདེན་པའི་རྣམ་པ་བརྒྱད་ནི་ཀུན་ནས་ཉོན་མོངས་ཀྱི་གཟུང་བ་རང་བཞིན་མེད་པར་རྟོགས་པའི་རྟོགས་རིགས་དང་།     སྡུག་བསྔལ་བདེན་པའི་རྣམ་པ་དང་པོ་བཞི་རྟོགས་པའི་ལྡོག་པ་ནས་བསྟན་པས་དེ་དག་བྱང་སེམས་ཀྱི་རྟོགས་རིགས་ཇི་ལྟར་འགྱུར་ཞེ་ན་འདིའི་ལན་འགྲེལ་ཆེན་གཉིས་པོས་གཞུང་ནང་མ་མཐོང་ཀྱང་།    
ཀུན་མཁྱེན་ཆེན་པོས་སྐྱོན་མེད་དེ་འདི་དག་སྔར་ལམ་ཤེས་ཀྱི་སྐབས་སུ་རྒྱས་པར་ཐོས་བསམ་གྱིས་གཏན་ལ་ཕབ་པ་དེ་འདིར་ཡང་ཐེག་པ་གསུམ་ཆར་གྱི་རྟོགས་རིགས་ཀྱི་རྣམ་བསྡུ་དགོས་པའི་གསལ་བར་མཛད་དོ།    །
 
༤༦    རྣམ་པ་ལ་རྗེས་མཐུན་དང་མཚན་ཉིད་ཀྱི་ཁྱད་པར་འགྲེལ་ཆེན་གཉིས་པོ་གཞུང་ནང་མ་གསལ་ཀྱང་།    ཀུན་མཁྱེན་གྱིས་མངོན་དུ་གྱུར་པའི་གནས་སྐབས་ཀྱི་ཁྱད་པར་དང་མངོན་དུ་མ་གྱུར་པའི་གནས་སྐབས་ཀྱི་རྣམ་པ་ལ་མཚན་བཏགས་ཀྱི་ཁྱད་པ་གསལ་བར་མཛད་དོ།
 
༤༧    རྣམ་མཁྱེན་རྣམ་པ་གཅིག་པུ་ལ་མཁྱེན་གསུམ་འཇོག་ཚུལ་འགྲེལ་ཆེན་གཉིས་མ་བཀོད་ཀྱང་།   རྣམ་མཁྱེན་སར་མཁྱེན་པ་གཞན་གཉིས་མེད་དམ་སྙམ་པའི་དོགས་པ་བསལ་བའི་ཕྱིར་དུ་གསལ་བར་བཀོད་དོ།   །
 
༤༨    ཉན་རང་གཉིས་ཀྱི་རྟོགས་རིགས་རྗེས་མཐུན་པ་མི་སྟོན་པའི་རྒྱུ་མཚན་འཕགས་པ་ཡབ་སྲས་གཉིས་ཀྱིས་གསལ་བར་མ་བཀོད་ཀྱང་།     ཀུན་མཁྱེན་གྱིས་འདིར་སངས་རྒྱས་འཕགས་པས་རིགས་ཅན་གསུམ་ལ་ཆོས་འཁོར་བསྐོར་བའི་བདག་རྐྱེན་དུ་གྱུར་པའི་མཁྱེན་པ་སྟོན་པའི་སྐབས་ཡིན་པས་མཆོག་གི་སྤྲུལ་སྐུས་རིགས་ཅན་གསུམ་ལ་ཆོས་འཁོར་བསྐོར་བའི་ཚེ་ཉན་རང་གཉིས་ཀ་ཉན་ཐོས་ཀྱི་དགེ་འདུན་དུ་བསྡུས་དགོས་པས་ཀུན་ཤེས་ཉིད་ཀྱི་ཞེས་པའི་སྐབས་བཞིན་ཡིན་པ་གསལ་བར་མཛད་དོ།    །
 
༤༩   བྱང་ཕྱོགས་སོ་བདུན་དཔྱད་པ་རྒྱ་ཆེར་འགྲེལ་ཆེན་གཉིས་པོས་གསལ་བར་མབཀོད་ཀྱང་།ཀུན་མཁྱེན་གོ་རམས་པས།    མཛོད་དང་།   ཀུན་བཏུས་གཉིས་ཀྱི་གཞུང་དང་སྦྱར་ཏེ་གསལ་བར་མཛད་དོ།    །
 
༥༠   རྣམ་ཐར་གསུམ་གྱི་དཔྱད་པ་རྒྱ་ཆེན་འགྲེལ་ཆེན་གཉིས་པོས་མབཤད་ཀྱང་།  ཀུན་མཁྱེན་གྱིས།    མཛོད་དང་། ཀུན་བཏུས་ཀྱི་གཞུང་དང་སྦྱར་ཏེ་མཚན་ཉིད་དང་དབྱེ་བ་སོགས་གསལ་བར་མཛད་དོ།
 
༥༡     ཚོགས་སྒྲུབ་སྐབས་གཉེན་པོའི་ཚོགས་དང་སའི་ཚོགས་ཀྱི་ཁྱད་པ་འགྲེལ་ཆེན་གཉིས་པོས་མ་གསུངས་ཀྱང་།    ཀུན་མཁྱེན་གྱིས་ས་བཅུའི་མཉམ་བཞག་ལ་གཉེན་པོའི་ཚོགས་དང་།    རྗེས་ཐོབ་ལ་སའི་ཚོགས་ཀྱི་ཁྱད་པ་གསཀ་བར་མཛད་དོ།    །
 
༥༢      སྦྱོར་བ་ཉི་ཤུ་པོ་རེ་རེས་རྣམ་རྫོགས་སྦྱོར་བ་སྒོམ་ཚུལ་གསལ་བར་མ་བཤད་ཀྱང་།   ཀུན་མཁྱེན་གོ་རམས་པས་བྱང་སེམས་སོ་སྐྱེའི་རྒྱུད་ཀྱི་སྦྱོར་བས་མཁྱེན་གསུམ་གྱི་རྣམ་པ་ཇི་ལྟར་སྒོམ་སྙམ་ན།   ཾཚན་ཉིད་རྗེས་སུ་སྤྱོད་པ་དང་།    སྨོན་ལམ་གྱི་རྣམ་པ་སོགས་སྒོ་ནས་བསྒོམ་པར་ཤེས་པར་བྱའོ་ཞེ་གསུངས་།    །
 
༥༣    ཤེས་ཁྱད་བྱེད་གསུམ་པོ་ཐེག་དམན་གྱི་སྦྱོར་བ་ལས་ཁྱད་པར་དུ་འཕགས་ཚུལ་དགོངས་འགྲེལ་གཉིས་པོའི་གཞུང་ནང་གསལ་བར་མ་བཤད་ཀྱང་ཀུན་མཁྱེན་གོ་རམས་པས་སྦྱོར་བ་གསུམ་པོ་དེ་དག་ཀྱང་ཐེག་དམ་་གྱི་སྦྱོར་བ་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ།   བསམ་གྱིས་མི་ཁྱབ་པ་ལ་སོགས་པའི་ཆོས་ཀྱི་བདག་མེད་རྟོགས་་་པས་ཁྱད་པར་འཕགས་པ་ཡིན་པའི་ཕྱིར་ཞེས་པའི་གསལ་བར་མཛད་དོ།    །
 
༥༤    གཡོ་བ་ལ་སོགས་ཤེས་བྱ་དང་།  ཞེས་པའི་སྐབས་སུ་ལུང་མ་བསྟན་གྱི་ལྟ་བ་བཅུ་བཞི་ལ་དཔྱད་པའི་རྣམ་བཞག་རྒྱས་པ་འདི་ཙམ་འཕགས་སེང་གཉིས་པོས་གསལ་བར་མབཀོད་ཀྱང་།    ཀུན་མཁྱེན་གོ་རམས་པས་ཐོག་མར་ལྟ་བ་བཅུ་བཞི་ངོས་གཟུང།    དེ་བཅུ་བཞིར་བསྡུ་ཚུལ་གསལ་བར་མཛད་དོ།   །
 
༥༥   གཞི་ཤེས་སྦྱོར་བ་ལ་ཁྱད་མཚན་ཡོད་མེད་འཕགས་པའི་གཞུང་ནང་གསལ་བར་མ་གསུང་ཞིང་།   སློབ་དཔོན་གྱི་ལམ་ཤེས་དང་རྣམ་མཁྱེན་སྦྱོར་བ་གཉིས་ཀྱི་ཁྱད་ཆོས་བཤད་པ་མ་གཏོགས་
རྟོགས་རིགས་དང་།   ངོ་བོའི་སྒོ་ནས་གཉིས་ཆར་གྱིས་གསལ་བར་མ་བཀོད་ཀྱང་།     ཀུན་མཁྱེན་གོ་རམས་པས་རྟོགས་རིགས་ཀྱི་དབང་དུ་བྱས་ན་ཁྱད་མཚན་མེད་ཅིང་།   ངོ་བོའི་དབང་དུ་བྱས་ན་གསུམ་ཆར་ཀ་ཁྱད་མཚན་ཡོད་དོ།   །
 
༥༦    བྱེད་མཚན་གྱི་སྐབས་སུ་སངས་རྒྱས་དང་བྱང་སེམས་གང་གི་མཛད་པ་ཡིན་པ་འགྲེལ་ཆེན་འཕགས་སེང་གཉིས་པོས་གསལ་བ་མ་བཀོད་ཀྱང་།   ཀུན་མཁྱེན་གྱིས    བརྒྱད་སྟོང་པར་དང་པོ་གཉིས་བྱང་སེམས་དང་།    ཕྱི་མ་དགུ་སངས་རྒྱས་ཀྱི་བྱེད་པ་བཤད།    འབུམ་དང་ཉི་ཁྲི་ལེ་མང་ལས།   དང་པོ་ལྔ་བྱང་སེམས་དང་།    ཕྱི་མ་དྲུག་སངས་རྒྱས་ལ་སྦྱར།    ཁྲི་བརྒྱད་སྟོང་པ་སོགས་ཀྱི་གསུངས་ཚུལ་དེ་ལྟར་ཡིན་ཀྱང་།   ཊཱི་ཀར་གསུངས་པ་ལྟར།   བྱེད་པ་བཅུ་གཅིག་པོ་སངས་རྒྱས་ས་དང་བྱང་སེམས་གཉིས་ཀ་ལ་ཡང་ཡོད་མོད་ཀྱི་མཚན་ཉིད་དུ་བཤད་པ་ནི་བྱང་སེམས་ལ་ཡོད་པ་གསལ་བར་མཛད་དོ།    །
 
༥༧  སློབ་པ་ཕྱིར་མི་ལྡོག་པའི་ཚོགས།   འདི་ལ་སློབ་པ་སྨོས་པའི་དགོས་པ།    ཕྱིར་མི་ལྡོག་པ་སྨོས་པའི་དགོས་པ།    ཚོགས་སྨོས་པའི་དགོས་པ།    མཚན་གཞི་ངོས་གཟུང་བ་སོགས་བཞི་པོ་ལ་འགྲེལ་ཆེན་གཉིས་ཀྱི་འགྲེལ་བཤད་གསལ་བར་མེད་ཀྱང་།   འདི་དག་ཀུན་མཁྱེན་གོ་རམས་པས་སློས་པ་སྨོས་པའི་དགོས་པ་ནི།   ཕྱིར་མི་ལྡོག་པ་ལ་སློབ་མི་སློབ་གཉིས་ལས་དང་པོ་ངོས་གཟུང་བའི་དོན་དང་།   ཕྱིར་མི་ལྡོག་སྨོས་པའི་དགོས་པ་ནི་བྱང་སེམས་ཚོགས་ལམ་པ་ལ་གནས་སྐབས་རྫོགས་བྱང་ལས་ཕྱིར་ལྡོག་མི་ལྡོག་གཉིས་སུ་ཡོད་པར་བཤད་པས་བྱང་སེམས་སྦྱོར་ལམ་ཐོབ་ནས་ཀྱང་དེ་ལྟར་དུ་ཡོད་དམ་ཞེ་ན།     དེ་ནི་མ་ཡིན་ཏེ་བྱང་སེམས་ཀྱི་སྦྱོར་ལམ་ཐོབ་ནས་བསམ་སྦྱོར་གཉིས་ཀྱི་སྒོ་ནས་དམན་པའི་བྱང་ཆུབ་ཏུ་མི་འཇུག་ཅེས་པའི་དོན་ནོ།    ཚོགས་སྨོས་པའི་དགོས་པ་ནི།   ཉན་ཐོས་ཀྱི་སྡེ་སྣོད་དུ་བཤད་པ་དེ་ལས་ཁྱད་པར་བྱ་བའི་ཕྱིར་སྦྱོར་མཐོང་སྒོམ་གསུམ་ལ་གནས་པའི་བྱང་སེམས་རེ་རེ་ཡང་ཚོགས་སམ་དགེ་འདུན་ཡིན་ཞེས་པའི་དོན་ནོ།     མཚན་གཞི་ངོས་བཟུང་བའི་དོན་ནི།    །
 
༥༨    ཕྱིར་མི་ལྡོག་པའི་གཏན་ཚིག་ལ།    ཆོས་ཅན།    བསྒྲུབ་ཆོས།    རྟགས་སོགས་སོ་སོར་སྦྱར་བ་རྒྱ་གར་འགྲེལ་ཆེན་གཉིས་པོས་གསལ་བར་མ་མཛད་ཀྱང་།    ཀུན་མྱེན་གོ་རམས་པས་གཟུགས་ལ་སོགས་ལས་ལྡོག་སོགས་རྟགས།   ཞེས་པས་གཏན་ཚིགས་བསྟན།     ངེས་འབྱེད་ཡན་ལག་ལ་གནས་པའི།     ཞེས་པའི་ཤེས་འདོད་ཆོས་ཅན་བསྟན།    ཕྱིར་མི་ལྡོག་ཅེས་པས་བསྒྲུབ་བྱའི་ཆོས་བསྟན།      མཐོང་སྒོམ་གཉིས་ལ་ཡང་དེ་བཞིན་དུ་རྟགས་ཆོས་སོ་སོར་བསྟན་པའི་སྒྲུབ་བྱེད་རྒྱན་དང་སྦྱར་ཏེ་གསལ་བར་མཛད་དོ།   །
 
༥༩   རྒྱན་གྱི་དངོས་བསྟན་དང་འགྲེལ་ཆེན་འཕགས་སེང་གཉིས་པོའི་གཞུང་གོང་འོག་སྡེབ་ནས་འཆད་པ་མ་གཏོགས་འབྲས་རང་མ་དམིགས་པའི་རྟགས་གསུམ་གསལ་བར་མ་བཀོད་ཀྱང་།    ཀུན་མཁྱེན་གྱིས་དགོངས་འགྲེལ་གོང་འོག་སྡེབ་ནས་འབྲས་རང་མ་དམིགས་པའི་རྟགས་གསུམ་གསལ་བར་མཛད་དོ།   །

 
༦༡  རྩེ་སྦྱོར་སྐབས།  
 རྩེ་སྦྱོར་གྱི་གྲངས་ངེས་ཐེད་ལ་འགྲེལ་ཆེན་འཕགས་སེང་གཉིས་པོའི་གཞུང་ནང་གསལ་ཁ་མེད་ཀྱང་།   ཀུན་མཁྱེན་གྱིས་སྤྱིར་རྩེ་སྦྱོར་ལ་གསུམ་དུ་གྲངས་ངེས་ཏེ།    རྩེ་སྦྱོར་གྱི་མ་མཐའི་ས་མཚམས་བྱང་སེམས་ཀྱི་སྦྱོར་ལམ་ནས་ཡ་མཐའ་རྒྱུན་མཐའི་བར་དུ་ཡོད་པའི་ཕྱིར།   འོན་ཀྱང་འདིར་ཆད་མེད་པའི་རྩེ་སྦྱོར་དང་བཞིར་ཕྱེ་བ་དགོས་པ་ཡོད་དེ།      མཐོང་སྒོམ་རྩེ་སྦྱོར་སྤང་བྱ་གཟུང་འཛིན་གྱི་རྣམ་རྟོག་བརྒྱ་རྩ་བརྒྱད་ཀྱི་གཉེན་པོར་བསྟན་པ་ན་བྱང་སེམས་དབང་རྟུལ་འགའ་ཞིག་སེམའ་ཞུམ་པ་འགྱུར་པས་ཞུམ་པ་གཟེངས་བསྟོད་པའི་ཕྱིར་བར་ཆད་མེད་པའི་རྩེ་སྦྱོར་ཉིད་ཡོ་་ཏན་གྱི་ལྡོག་པ་ནས་བསྟན་པ་གསལ་བར་མཛད་དོ།    །
 
༦༢    སྐབས་བརྒྱད་པ།
འདིར་འབྲས་བུ་ཆོས་སྐུ་སྐད་གཅིག་མའི་འོག་ཏུ་འཆད་པའི་རྒྱུ་མཚན་འགྲེལ་ཆེན་འཕགས་སེང་གཉིས་ཀྱི་གཞུང་ནང་གསལ་བར་མ་མཛད་པས།     ཀུན་མཁྱེན་ཆེན་པོས་སྐད་ཅིག་མའི་སྦྱོར་བ་དེས་རང་གི་སྐད་གཅིག་གཉིས་པར་སྦྱིན་པ་ནས་དཔེ་བྱད་བཟང་པོ་བརྒྱད་བཅུའི་བར་གྱི་ཆོས་ཐམས་བཅད་མངོན་སུམ་དུ་བྱས་པ་ལས་འབྲས་བུ་ཆོས་སྐུར་འཇོག་པའི་ཕྱིར་ན་དེའི་དེ་བཤད་པ་གསལ་བར་མཛད་དོ།    །
 
༦༣    སྤྱིར་ཕ་རོལ་ཏུ་ཕྱིན་པའི་ལུགས་ཀྱི་སྐུའི་རྣམ་བཞག་ལ་འགྲེལ་ཆེན་གཉིས་ཀྱི་གཞུང་ནང་གསལ་བར་མ་བྲིས་ཀྱང་།     ཀུན་མཁྱེན་གོ་རམས་པས།    གསེར་འོད་དམ་པ།    རྒྱུད་བླ་མ།   རྡོ་རྗེ་གཅོད་པ།    ཁུངས་སུ་བཅོལ་ཏེ།    སྐུ་གཅིག་ནས་ལྔར་བཞག་པའི་རིམ་པ་གསལ་བ་མཛད་དོ།    །
 
༦༤ལོངས་སྐུ་གཉིས་པོ་མུ་བཞིར་གྲུབ་ཚུལ་འགྲེལ་ཆེན་གཉིས་ཀྱི་གཞུང་ནང་མ་གསལ་ཡང་།  ཀུན་མཁྱེན་གྱིས་གསེར་འོད་དམ་པའི་མདོ་དང་སྦྱར་ཏེ་གསལ་བར་མཛད་དོ།
 
 
༦༥ རྒྱན་འདིར་སྐུ་གསུམ་ཁོ་ནར་གསལ་བའི་སྒྲུབ་བྱེད་གཞུང་མཚན་དང་སྦྱར་བ་འགྲེལ་ཆེན་གཉིས་ཀྱི་གཞུང་ནང་མ་གསལ་ཡང་།     ཀུན་མཁྱེན་གྱིས།    ཐུབ་པའི་ངོ་བོ་ཉིད་སྐུ་ནི།  ཞེས་པ་དང་།    ཐུབ་པའི་ལོངས་སྤྱོད་རྫོགས་སྐུ་བཞེད།    ཅེས་དང་།  ཐུབ་པའི་སྤྲུལ་སྐུ་རྒྱུན་མི་ཆད།    ཅེས་དང་།     ནི་ཞེས་པའི་ཚིག་དང་ཞེས་པའི་ཚིག་མ་ཡིན་པའི་ཕྱིར་དང་།    དང་ཞེས་པ་ནི་ཞེས་པར་མི་རུང་བའི་ཕྱིར་རོ།     ཞེས་སོགས་རྣམ་བཞག་གསལ་བར་མཛད་དོ།   །
 
༦༦ ལོངས་སྤྱོད་རྫོགས་སྐུའི་ངེས་པ་ལྔ་པོ་འགྲེལ་ཆེན་གཉིས་པོའི་རང་གཞུང་དུ་གསལ་བར་མ་བཀོད་ཀྱང་།    ཀུན་མཁྱེན་གྱིས་བྱམས་ཆོས་ལྔ་དང་སྦྱར་ཏེ་གསལ་བར་མཛད་དོ།   །
 
༦༧   འཕྲིན་ལས་འདིས་ཆོས་འཁོར་མཚོན་བྱེད་ཡིན་པ་འགྲེལ་བ་འཕགས་སེང་གཉིས་པོས་གསལ་བར་མ་གསུངས་ཀྱང་།    ཀུན་མཁྱེན་གོ་རམས་པས་འཕྲིན་ལས་སྟོན་པ་གཞུང་འདིས་མདོའི་གླེང་གཞི་དང་མཐུན་པས་ཆོས་འཁོར་གྱི་མཚོན་བྱེད་ཡིན་པ་གསལ་བར་མཛད་དོ།   །
 
༦༨     སྐུ་གསུམ་གྱི་གྲངས་ངེས་དང་སོ་སོར་དབྱེ་ཚུལ་སོགས་ཀྱི་རྣམ་བཞག་རྒྱས་པ་འཕགས་སེང་མཁན་པོའི་གཞུང་དུ་མེད་ཅིང་དབྱེ་བ་དང་རྒྱུ་འབྲས་ཀྱི་གོ་བཤད་ཙམ་གྱིས་དེ་ཙམ་རྟོགས་པ་མི་ནུས་པས།  ཀུན་མཁྱེན་གོ་རམས་པའི་དཀའ་འགྲེལ་སྦས་དོན་ཟབ་མོའི་སྐབས་དང་ཡུམ་དོན་རབ་གསལ་འབྲས་བུ་སྐུའི་ཐེད་དུ།    སྤྱིར་ཕར་ཕྱིན་པའི་སྐབས་སུ་སྐུ་གསུམ་གྲངས་ངེས་པ།    བྱེ་བྲག་ཏུ་བྱམས་ཆོས་ཀྱི་དགོངས་པ་ལ་སྐུ་གསུམ་དུ་གྲངས་ངེས་པ།    ཁྱད་པར་དུ་ས་སྐྱ་པའི་བཞེད་པ་ལ་སྐུ་གསུམ་དུ་བཞེད་པའི་འཆད་ཚུལ་འདི་རྒྱ་བོད་ཀྱི་འགྲེལ་ཆེན་སུས་ཀྱང་དེ་སྔོན་འདི་ལས་གཞིས་རྒྱ་ཆེ་བ་ཞིག་བྱོན་མི་འདུག་པས་མཐུན་མིན་གྱི་འགྲེལ་ཚུ་རྨད་དུ་བྱུང་བ་ཞིག་གོ     སྐལ་ལྡན་དག་དགའ་སྟོན་མཛོད་ཅིག   །
 
༦༩    བར་པ་ལ་དད་པ་དྲུག་དུ་བསྟན་པའི་སྐབས།
འདིར་མཁྱེན་གསུམ་གཅིག་ཏུ་བསྡུ་བའི་དགོས་པ་དང་།      དེ་ལྔ་པོ་མཁྱེན་གསུམ་ལ་སྙེགས་ཀྱང་སྔ་ཕྱི་མཚམས་སྦྱོར་བའི་ཚིག་ཏུ་འགྲོ་ཚུལ་ཀུན་མཁྱེན་ཁོ་ནའི་དགོངས་པ་ཡིན་པས་ད་ལྟའི་ཉིར་སྣང་ཐེད་དུ་ཀུན་མཁྱེན་གྱི་དྲང་བ་ལྟར་གསལ་ཁ་མི་སྣང་ཞིང་། ཞིབ་པ་ངག་ལས་ཤེས་དགོས་པའི་རྒྱུ་མཚན་ཡང་གསལ་བར་གསུངས་སོ།   །
 
༧༠   བསྡུས་པ་དད་པ་གསུམ་དུ་བསྡུ་བའི་སྐབས།
ཡུལ་ནི་རྣམ་པ་གསུམ་པོ་རྒྱུ།    ཞེས་པའི་གཞུང་འདི་བཤད་ཐབས་ཀྱི་མན་ངག་ལྔའི་ནང་ནས་བརྒལ་ལན་ཡིན་པ་འགྲེལ་ཆེན་འཕགས་སེང་གཉིས་གཞུང་ནང་མེད་ཅིང་གཉིས་པོས་འགྲེལ་ཚུལ་ཡང་མི་གཅིག་ཏེ།     འཕགས་པས་མཁྱེན་གསུམ་ཡུལ་དང་།    སྦྱོར་བཞི་ལམ།   འབྲས་བུ་ཆོས་སྐུ་གསུམ་ལ་བཤད་ཅིང་།    སློབ་དཔོན་གྱིས་ཐེག་ཆེན་སྦྱོར་མཐོང་སྒོམ་གསུམ་ཐེག་དམན་ལས་ཁྱད་པར་འཕགས་ཚུལ་ལ་འགྲེལ་ཡང་།     ཀུན་མཁྱེན་གྱིས་འདིའི་དགོས་པ་གཉིས་སུ་བསྟན་ནས་སྦྱོར་བ་བཞི་པོ་ཐོབ་བྱེད་ཀྱི་རྒྱུ་ཞེས་པ་གཅིག་ཏུ་བསྡུ་བའི་ཚེ་ན།    མངོན་པར་རྟོགས་པ་གསུམ་དུ་འགྱུར་བའི་ཕྱིར་རོ། །   ཡང་དག་པར་ན་མངོན་པར་རྟོགས་པ་བརྒྱད་པོ་རེ་རེའི་སྐབས་སུ་ཡང་འཚང་བརྒྱ་བའི་ལམ་རིམ་རེ་རེ་ཚང་བར་ཡོད་པ་བཤད་ཅིང།  སེམས་བསྐྱེད་དང་། གདམ་ངག་ལ་སོགས་པ་མཚོན་བྱེད་ཀྱི་ཆོས་རེ་རེ་ལ་ཡང་འཚང་བརྒྱ་བའི་ལམ་རིམ་ཚང་བར་ཡོད་ལ།     ཕྲིན་ལས་ཉི་ཤུ་རྩ་བདུན་ཉིད་ལ་ཡང་རྫོགས་པའི་སངས་རྒྱས་ཀྱི་གསུང་རབ་ཀྱི་བརྗོད་བྱ་མ་ལུས་པ་ཚང་བ་སོགས་ཟབ་ཅིང་རྒྱ་ཆེ་བའི་བློ་གྲོས་ཀྱིས་ཁྱབ་པར་སྤྲོ་བར་བྱ་བ་ཡིན་པ་གསལ་བར་མཛད་དོ།     །
 
ཟབ་དང་རྒྱ་ཆེའི་དོན་གྱི་ཉིང་བཅུད་ཡུམ་དོན་གསལ་མཛད་ལམ་མཆོག་འདིས།།
སྟོང་དང་རྟེན་འབྱུང་འགལ་མེད་གནད་འདིས་ངན་རྟོག་བློ་གྲོས་བསྲེགས་བྱེད་ནས།།
ཚེ་རབས་གྲངས་མེད་སྡུག་བསྔལ་ཆུ་བུས་མུ་མེད་འཁོར་བའི་མཐའ་འགྲིམས་པའི།།
མཁའ་དང་མཉམ་པའི་སེམས་ཅན་མ་ལུས་ཀུན་ཀྱང་རྫོགས་བྱང་ཐོབ་ཕྱིར་བསྔོ།།
          
ཡུམ་དོན་དགོངས་པ་ཇི་བཞིན་བཀྲལ་བའི་རྒྱ་བོད་མཁས་གྲུབ་གང་དག་གིས།།
དྲི་མེད་རིང་ལུགས་རྒྱལ་བའི་བསྟན་འདི་དཀའ་སྤྱད་ངལ་བས་རྒྱན་བྱེད་ཏེ།།
ཕན་བདེའི་འབྱུང་གནས་ཡུམ་མཆོག་ལམ་འདི་ལུས་ཅན་ཀུན་ལ་ཁྱབ་གྱུར་ནས།།
འོད་གསལ་གཉུག་མའི་འབྲས་བུ་ལམ་ཆེན་ཀུན་ལ་ཐོབ་པའི་རྒྱུ་འགྱུར་གཅིག།
 
དེ་ལྟར་བྲིས་པའི་དགེ་རྩ་གང་ཆིས་མཐའ་ཡས་འགྲོ་བའི་ལུས་ཅན་ཀུན།།།
མི་ཁོམ་གནས་དང་ཆོས་མིན་བྱ་བ་གནས་སྐབས་རྐྱེན་ལས་གྲོལ་བ་དང་། 
མཐར་ཐུག་ཟམ་མོའི་ཆོས་ཀྱི་དབྱིངས་ལ་འཁྲུལ་བའི་སྣང་བ་གཏན་ཞིག་ནས།།
དཔག་བསམ་ཤིང་ལས་དགོས་འདོད་འབྱུང་བཞིན་སེམས་ཅན་རེ་བ་རྐོང་གྱུར་གཅིག།
ཞེས་པ་འདི་ནི་མཁས་གྲུབ་བྱེ་བའི་འབྱུང་གནས་རྫོང་སར་ཁམས་བྱེའི་ནང་བསྟན་སློབ་གླིང་ཆེན་མོ་རུ་ཕར་ཕྱིན་གོང་མའི་སློབ་བུ་ཀླུ་ཕུག་འགྱུར་མེད་རྡོ་རྗེས་༢༠༢༢ལོའི་བོད་ཟླ་༡༡པའི་ཚེས་༢༢ཉིན་དུས་ཆེན་བཞི་འཛོམས་ཀྱི་སྐབས།  མཇུག་ལེགས་པར་གྲུབ་ནས་ལོ་མཇུག་རྒྱུགས་རྩོམ་གྱི་དོད་དུ་བྲིས་པ་དགེའོ། དགེའོ། དགེའོ།
                   རྩོམ་སྒྲིག་པ། འཕགས་མི།

           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


Signature is customized by Netease