༧ དཔལ་ལྡན་ས་སྐྱའི་ལྟ་བ་ལས་འཕྲོས་པའི་གླེང་མོལ།

    མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས།


༧ དཔལ་ས་སྐྱའི་ལྟ་བའི་ཐོག་ཏུ་གཞིས་བྱེས་གཉིས་ཀྱི་མཁན་ཆེན་རྣམ་པས་ཡིག་ངག་གཉིས་ཐོག་ནས་ཧ་ཅང་གཏིང་ཟབ་པའི་བགྲོ་གླེང་གནང་བར་བཀའ་དྲིན་བླ་མེད་ཆེ།


     མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས། 
                 
 འཕགས་ཡུལ་རྫོང་གསར་བཤད་གྲྭ་ནས།

༧སྟོན་པའི་མདོ་རྒྱུད་དགོངས་བཅུད་སྙིང་པོའི་དོན།།
མ་ནོར་མངའ་བརྙེས་བིར་ཝཱའི་ཞལ་ལུང་ཆོས།།
རྨད་བྱུང་གཅེས་འཛིན་༧འཁོན་སྟོན་གོང་མ་ལྔ།།
ཐུབ་སྟོན་སྣང་མཛད་མཁས་གྲུབ་རྣམས་ལ་འདུད།།
༧འཁོན་གདུང་རྣམས་དང་བརྒྱུད་འཛིན་ས་ངོར་སོགས།།
མཁས་གྲུབ་རིམ་བྱོན་འཛམ་གླིང་མཛེས་པའི་རྒྱན།།
འགྲོ་ཀུན་དགའ་མཛད་བསྟན་པའི་སྲོག་ཤིང་རྣམས།།
སྔོན་དེང་མཁས་གྲུབ་བཤེས་གཉེན་རྣམས་ལ་འདུད།།
ཁྱད་པར་ལུང་རིགས་སྨྲ་བའི་དབང་ཕྱུག་དང་།།
འཕྲིན་ལས་དཔལ་གྱིས་འཛམ་གླིང་ཁྱོན་དུ་ལྡིང་།།
༧འཁོན་སྟོན་ཆོས་རྗེ་འཇམ་དབྱངས་ས་པཎ་མཆོག།།
དུས་གསུམ་བདག་གི་སྤྱི་བོའི་རྒྱན་དུ་བཞུགས།།
དུས་འདིར་གཞིས་བྱེས་མང་ཐོས་མཁན་ཆེན་སོགས།།
རང་ལུགས་ལྟ་གྲུབ་གསལ་བཀྲོལ་བགྱི་བ་དེར།།
ཕྱོགས་ཀུན་རྣ་བའི་བདུད་རྩིར་མི་སྙན་ཡང་།།
གྲོས་དོན་རྗེས་ཆགས་དཀར་པོས་སྤྲོ་བར་བསྲིངས།།

 
སྤྱིར་བཏང་དཔལ་ལྡན་ས་སྐྱའི་ལྟ་གྲུབ་ཐད་ལ་ཕྱི་ནང་གསང་གསུམ་གྱི་བགྲོ་གླེང་གནང་རུང་བ་དང་མི་རུང་བར་ཅི་རིགས་ཡོད་མོད། ད་ལན་གཞིས་བྱེས་གཉིས་ནས་རང་ལུགས་མཁན་ཆེན་རྣམ་པས་དགོས་པའི་དབང་གིས་རང་ལུགས་ལྟ་བའི་ཐད་ལ་བགྲོ་གླེང་གནང་བ་དེས་ལྟ་གྲུབ་གསལ་འདེབས་དང་ནོར་འགྲེལ་གསལ་བཀྲོལ་བྱས་པ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད།  ཁོ་བོས་ལྟ་གྲུབ་ཐད་ལ་དཔྱད་རྩོམ་ཞིག་འབྲི་བཞིན་ཡོད། རྗེས་སུ་ཁྱབ་སྤེལ་བྱ་འཆར་ལགས་ན། རང་ལུགས་མཁས་གྲུབ་ཚོས་དཔྱད་གསུམ་དག་པའི་སྒོ་ནས་མངོན་སུམ་མཛུབ་མོས་རི་སྟོན་གྱིས་གནད་དོན་དམར་ཁྲིད་གནང་རོགས་ཞེས་ད་ལྟ་ནས་གསོལ་འདེབས་ཞུ་བཞིན་ཡོད།  ད་ལན་ཁོ་བོས་རང་ལུགས་ལྟ་གྲུབ་ཐད་ལ་བསམ་ཚུལ་ཐོར་བུ་ཞིག་རང་ལུགས་མཁས་གྲུབ་ཚོར་བགྲོ་འདེབས་ཤིག་ལས་དགག་སྒྲུབ་ཀྱི་རྣམ་བཞག་དང་འགལ་འཛོལ་དབྱེ་ཞིབ་ནམ་ཡང་མིན་པར་དགོངས་པའི་ཀློང་ནས་མཁྱེན་པར་མཛད།  དེ་ཡང་། སྤྱིར་བཏང་། ནང་པ་སངས་རྒྱས་པའི་གྲུབ་མཐའི་བཞེས་སྲོལ་ལ། འཁོར་བ་དང་མྱང་འདས་གཉིས་ཐོག་མར་བྱུང་བའི་དུས་མཚམས་མེད་སྙམ། རེད་དེ། རང་ཉིད་ཀྱི་སེམས་དེ་ཉིད་འཁྲུལ་གཞི་བྱེད་དེ་དེ་ལ་འཁོར་བ་དང་། འཁྲུལ་གཞི་དེ་ཉིད་ལས་གྲོལ་བ་ལ་མྱང་འདས་ཡིན་ཞིག  དེའི་ཕྱིར་གང་ཟག་སོ་སོའི་འཁོར་བ་དང་མྱང་འདས་ཀྱི་གཞི་རྩ་ནི་རང་གི་སེམས་དེ་ཉིད་དྲི་མ་ཅན་ལ་འཁོར་བ་དང་། དྲི་མ་དང་བྲལ་བ་ལ་མྱང་འདས་སོ།།

མདོར་ན་རང་སེམས་དྲི་མ་བྲལ་དང་མ་བྲལ་བའི་ཁྱད་པར་ལས་མ་འདས་སོ་སྙམས་པར་སོམས།  དེ་བཞིན་དུ། ས་ཆེན་ཀུན་དགའ་སྙིང་པོས། འཁོར་བ་ཁམས་གསུམ་སྣོད་བཅུད་ཀྱི་གནས་ལུགས་དང་། མྱ་ངན་ལས་འདས་པའི་སྐུ་གསུམ་གྱི་འབྲས་བུ་མཛད་པ་ཕྲིན་ལས་ཞིང་ཁམས་ཐམས་ཅད་འདྲེས་ནས་སྟོན་པས་ཐུན་མོང་ངོ་། ཞེས་འཁོར་འདས་ཐུན་མོང་གི་དོན་ལྡོག་རེ་རེ་ནས་གསུངས། ཀུན་མཁྱེན་ཆེན་པོས། ཉོན་མོངས་མ་སྤངས་པའི་གང་ཟག་གི་རྒྱུད་ཀྱི་མ་དག་པའི་རྟེན་འབྲེལ་དང་།འཁོར་བར་འཆིང་བྱེད་ཀྱི་ཉོན་སྒྲིབ་ཟད་པར་སྤངས་པའི་སོ་སོར་བརྟགས་འགོག་རྟེན་འབྲེལ་བཅུ་གཉིས་པོ་འཁོར་བའི་མཚན་གཞི་ཡིན་ཏེ། མགོན་པོ་ཀླུ་སྒྲུབ་ཀྱིས། གསུམ་པོ་དག་ལས་གཉིས་འབྱུང་ཞིང་། །གཉིས་ལས་གཉིས་འབྱུང་བདུན་ལས་ཀྱང་།། གསུམ་འབྱུང་སྲིད་པའི་འཁོར་ལོ་ནི།། དེ་ཉིད་ཡང་དང་ཡང་དུ་འཁོར།། ཞེས་གསུང་པ་ལྟར། འཁོར་འདས་ཐུན་མོང་གི་ལམ་ལ། ལམ་ལྔ་དང་ས་བཅུ་གསུམ་དང་། བྱང་ཆུབ་ཀྱི་ཆོས་སུམ་ཅུ་བདུན་མ་ཕྱེ་བར་ཐུན་མོང་དུ་སྟོན་ཞིག། སྣང་བ་གསུམ་རེ་རེས་ཀྱང་ལམ་འབྲས་བུ་དང་བཅས་པ་སྟོན་པས་ན་འཁོར་འདས་ཐུན་མོང་གི་ལམ་ཞེས་གཙོ་བོར་ལམ་ལས་མིང་བཏགས་པའི་ཕྱིར།  དེའི་ཕྱིར། སྣང་བ་གསུམ་དུ་བསྟན་པའི་ལམ། རྒྱུད་གསུམ་དུ་བསྟན་པའི་ལམ། ཚད་མ་བཞིར་བསྟན་པའི་ལམ། གདམས་ངག་དྲུག་ཏུ་བསྟན་པའི་ལམ། སྙན་བརྒྱུད་བཞིར་བསྟན་པའི་ལམ། རྟེན་འབྲེལ་ལྔར་བསྟན་པའི་ལམ། ཐབས་དང་ཤེས་རབ་ཀྱི་ཕྱོགས་སུ་ལྷུང་བའི་རྣལ་འབྱོར་པའི་ལམ་གྱི་བསྲུང་བའི་བྱེ་བྲག་བསྟན་པ་བཅས་གསུངས་པ་དང་། འཁོར་བ་ཁམས་གསུམ་སྣོད་བཅུད་ཀྱི་གནས་ལུགས་དང་། མྱ་ངན་ལས་འདས་པའི་སྐུ་གསུམ་གྱི་འབྲས་བུ་མཛད་པ་ཕྲིན་ལས་ཞིང་ཁམས་ཐམས་ཅད་འདྲེས་ནས་སྟོན་པས་འཁོར་འདས་ཐུན་མོང་ཞེས་གསུངས།  དེའི་ཕྱིར། འཁོར་འདས་ཕྱི་རུ་མ་ལུས་པར་སྤྲོས་པ་ནང་ནས་ཆོད་པས་རེ་དོགས་གཉིས་འཛིན་གྱི་རྟོག་པ་ཡལ་ཏེ། སྐྱོན་ཡོན་ཏན་དུ་སློང་བ་དང་། བར་ཆད་དངོས་གྲུབ་ཏུ་ལེན་དགོས་པ་བཅས་ལ་དམིགས་ནས།  འཁོར་འདས་དབྱེར་མེད་བསྒོམ་བྱ་ལྟ་བའི་ངོ་བོ་ནི། རྩ་རྒྱུད་ལས། འདི་ཉིད་འཁོར་བ་ཞེས་བྱ་སྟེ།།འདི་ཉིད་མྱ་ངན་འདས་པ་ཉིད།། འཁོར་བ་སྤངས་ནས་གཞན་དུ་ནི།།མྱ་ངན་འདས་པ་རྟོགས་མི་འགྱུར།།ཞེས་གསུངས་ཏེ། འཁོར་འདས་དབྱེར་མེད་ཀྱི་ལྟ་བ་བསྒོམ་བྱ་དང་དེ་ཉིད་རྟོགས་ན་ལྟ་བ་རྟོགས་པའི་ཁྱབ།  དེ་ཡང་ཇི་སྐད་དུ། འཁོར་འདས་ཚང་ལ་ཀུན་གཞི་རྒྱུ་ཡིན་རྒྱུད།། སྨིན་གྲོལ་ཉམས་མྱོང་ཟུང་འཇུག་ཐབས་ཀྱི་རྒྱུད།། ལྷུན་གྲུབ་གནས་འགྱུར་འགལ་མེད་འབྲས་བུའི་རྒྱུད།། དབྱེར་མེད་ལྟ་བ་རྟོགས་པར་བྱིན་གྱིས་རློབས།། ཞེས་གསུངས་པ་ལྟར། ཀུན་གཞི་རྒྱུའི་རྒྱུད་དང་ལུས་ཐབས་ཀྱི་རྒྱུད། ཕྱག་རྒྱ་ཆེན་པོ་འབྲས་བུའི་རྒྱུད་བཅས་བཤད་སྦྱངས་སྔོན་དུ་བསུ་ནས།  དེ་ཡང་། རྒྱུད་ལས། དེ་ལྟར་ལྟ་བ་རྣམ་པ་གཉིས།། ཚིག་གི་ལྟ་དང་དོན་གྱི་ལྟ།། ཞེས་གསུངས་པར་གཞིགས་ནས་དོན་གྱི་ལྟ་བའི་ཐད་ནས་ཅུང་ཟད་འཕྲོས་གཏམ་ཞུ་ན།  ༧ བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱི་ཆོས་ལ་ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞི་གསུངས་ཤིང༌། དེ་ཡང༌། འདུས་བྱས་ཐམས་ཅད་མི་རྟག་པ།། ཟག་བཅས་ཐམས་ཅད་སྡུག་བསྔལ་བ།། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ།། མྱ་ངན་ལས་འདས་པ་ཞི་བའོ།། ཞེས་དྲི་མ་མེད་པའི་གསུངས་འདི་ལས་མྱ་ངན་ལས་འདས་པ་ཞི་བའོ་ཞེས་པ་དེས་དོན་གྱི་ལྟ་བ་བསྟན་པ་མ་ཟད། འདི་ལས་མྱང་ངན་ཞེས་པ་འདིར་བདེན་འཛིན་དང༌། དགག་བྱའི་སྤྲོས་པ་བདེན་གྲུབ། དེར་འཛིན་པའི་བདེན་འཛིན་གྱི་སྤྲོས་པ་དེ་དག་སྡུག་བསྔལ་གྱི་རྩ་བ་ཡིན་པས་དེ་མྱང་འདས་ལ་བཞག་སྟེ། དེ་ལས་ཡོངས་སུ་འདས་པ་དང༌། ཉེ་བར་ཞི་བའི་སྒོ་ནས་ཡོངས་སུ་འདས་པས་ན་མྱ་ངན་ལས་འདས་པ་ཞེས་གསུངས་པ་ནི་མཐར་ཐུག་གི་ལྟ་བའི་གནད་དམ་པ་ཡིན་པར་ཁོ་བོས་རྙེད།   ནང་པའི་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པ་འདི་ལས་གཞན་ན་མེད།

རང་ལུགས་ལྟ་སྒོམ་སྤྱོད་གསུམ་ནི ༧ རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱིས་ཞལ་ནས། ལྟ་བ་སྤྲོས་པ་མེད་ན་ཡིན།། སྒོམ་པ་ཡེངས་བ་མེད་ན་ཡིན།། སྤྱོད་པ་བྱ་བ་ཐོང་ན་ཡིན།། འབྲས་བུ་སེམས་ཉིད་རྟོགས་ན་ཡིན།། ཞེས་གསུངས་པ་དང་། དེ་བཞིན་དུ། སྒྲོ་འདོགས་ཆོད་ན་ལྟ་བ་ཡིན།། ཡེངས་བ་མེད་ན་སྒོམ་པ་ཡིན།། ཞེན་ཆགས་མེད་ན་སྤྱོད་པ་ཡིན།། ཡོན་ཏན་རྫོགས་ན་འབྲས་བུ་ཡིན།། ཞེས་གསུངས་པ་ལྟར་དཔལ་ལྡན་ས་སྐྱའི་ལྟ་སྒོམ་སྤྱོད་གསུམ་འདི་ལས་ལྷག་པ་ཞིག་ཡེ་ནས་མེད་སྙམ།  དེའི་ཕྱིར།  སློབ་དཔོན་ཨྰརྱ་དེ་བས། འཁོར་བ་མྱ་ངན་འདས་པ་ཞེས།། དེ་ཉིད་མ་མཐོང་པ་ཡི་སེམས།།  འཁོར་མེད་མྱ་ངན་འདས་མེད་ཅེས།། དེ་ཉིད་མཐོང་བ་རྣམས་ཀྱི་སེམས།། ཞེས་པ་དང་། ༧རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱི་ཞལ་སྔ་ནས། འཁོར་བ་བཙལ་བས་མ་རྙེད་པ།།དེ་མྱ་ངན་འདས་པའི་རང་བཞིན་ཡིན།། འཁོར་འདས་མེད་པར་གོ་བ་དེ།། འཁོར་འདས་དབྱེར་མེད་ཀྱི་ལྟ་བ་ཡིན།། དབྱེར་མེད་ཀྱི་ངང་ལ་བདེ་མོར་འདུག།། ཅེས་གསུངས་པ་ལྟར་ལྷན་ཅིག་སྐྱེས་པའི་ཆོས་གསུམ་གྱི་སྐབས་སུ་མཚན་ཉིད་དེ་ཉིད་གསལ་བ་འཁོར་བ་དང་། རང་བཞིན་སྟོང་པ་དེ་ཉིད་མྱང་འདས་ཡིན་པ་དང་། ངོ་བོ་ཟུང་འཇུག་དབྱེར་མེད་ཡིན། དེ་བཞིན་དུ་གསལ་བ་སེམས་ཀྱི་མཚན་ཉིད་འཁོར་བ་དང་། སྟོང་པ་སེམས་ཀྱི་རང་བཞིན་མྱང་འདས་དང་། བཅོས་མིན་ནམ་དོན་དམ་སྟོང་ཉིད་དེ་ཉིད་སེམས་ཀྱི་ངོ་བོ་དབྱེར་མེད་ཡིན་ལ།  སྦྱང་གཞི་དེ་ཉིད་ནི་འཁོར་བ་དང་། སྦྱོང་བྱེད་ནི་མྱང་འདས་ཡིན། སྦྱང་གཞི་དེ་ཉིད་སྦྱོང་བྱེད་ཀྱི་ངོ་བོར་ཟུང་འཇུག་གམ་དབྱེར་མེད་དག་པ་གཉིས་ལྡན་ཡིན་ཞིག 

        འབྲས་བུའི་སྐབས་སུ་ལྷུན་གྲུབ་དེ་ཉིད་འཁོར་བ་དང་། གནས་འགྱུར་ནི་མྱང་འདས་ཡིན། དེ་གཉིས་མི་འགལ་བའི་ཕྱིར་ན་དབྱེར་མེད་ཡིན། དེ་ཡང་། སེམས་ཀྱི་རང་བཞིན་ལ་ལྟོས་ན་ལྷུན་གྲུབ་དང་འབྱུང་རུང་བའི་ཡོན་ཏན་ལ་ལྟོས་ན་གནས་འགྱུར་ཡིན་ལ། ལྷུན་གྲུབ་དང་གནས་འགྱུར་གཉིས་ཡ་མ་བྲལ་བའི་དབྱེར་མེད་ཡིན་པས་རང་གི་སེམས་ལས་ལོགས་སུ་རང་འབྲས་མེད། དེ་ཡང་ཇི་སྐད་དུ། མན་ངག་དཱ་རི་ཀ་པས་ཞལ་ནས། གཉི་གའི་རང་བཞིན་དབྱེར་མེད་པའི།། སེམས་ཀྱི་རང་བཞིན་ཤེས་ན་ནི།། སེམས་ཀྱི་རྒྱུ་བ་ཀུན་སྤངས་ཏེ།། མཉམ་པའི་རོ་ལ་གནས་པར་བྱ།། ཞེས་གསུངས་པ་དང།   དེ་བཞིན་དུ། རིན་ཆེན་སྣང་བ་ལས། རང་བཞིན་རྒྱུ་ལ་བསམ་ན་ལྷུན་གྲུབ་སྟེ།། མཐའ་ཡས་ཡོན་ཏན་ཚོགས་ནི་གནས་འགྱུར་ཡིན།། དེས་ན་ལྷུན་གྲུབ་གནས་འགྱུར་མི་འགལ་ཏེ།། འདི་ནི་འབྲས་བུའི་འཁོར་འདས་དབྱེར་མེད་ཡིན།། ཞེས་གསུངས་པ་དང་། ཆོས་དབྱིངས་བསྟོད་པ་ལས། གནས་ནི་ཡོངས་སུ་གྱུར་པ་ན།། ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན།། ཞེས་གསུངས་པར་གཞིགས་ནས་སེམས་ཙམ་པས་རང་བཞིན་ལ་གནས་འགྱུར་ཁས་བླངས་ཏེ། བདེན་པར་གྲུབ་པའི་གནས་འགྱུར་ཡིན་པའི་ཕྱིར། དབུ་མ་པས་རང་བཞིན་ལ་གནས་འགྱུར་ཁས་མི་ལེན། ཡིན་ནའང་གནས་འགྱུར་ཡོད་པར་ཁས་བླངས་ཏེ། ཡོན་ཏན་རྣམས་གནས་འགྱུར་ནས་འཐོབ་དགོས་པའི་ཕྱིར། ཡོན་ཏན་གནས་འགྱུར་ཡོད་པར་ཁས་བླངས་པ་བཞིན་དུ་རང་ལུགས་ས་སྐྱ་པའི་རྗེ་བཙུན་གོང་མ་རྣམ་ལྔ་དང་རྗེས་འཇུག་མཁས་གྲུབ་དག་གིས་དེ་དེ་བཞིན་དུ་ཞལ་གྱིས་བཞེས་སོ། །  དེ་ཡང་ཇི་སྐད་དུ། རྩ་རྒྱུད་ལས། རྨོངས་ཕྱིར་འཁོར་བའི་གཟུགས་ཅན་ཉིད།། རྨོངས་མེད་འཁོར་བ་དག་པས་ན།། འཁོར་བ་མྱ་ངན་འདས་པར་འགྱུར།། བྱང་ཆུབ་སེམས་ནི་མྱ་ངན་འདས།། ཀུན་རྫོབ་དོན་དམ་ཚུལ་ཅན་ནོ།། ཞེས་གསུངས་པ་དང་། དེ་བཞིན་དུ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་ཞལ་ནས། འཁོར་བ་མྱ་ངན་འདས་པ་ཞེས།། དེ་ཉིད་མ་མཐོང་བ་རྣམས་སྨྲ།། དེ་ཉིད་གཟིགས་རྣམས་འཁོར་བ་དང་།། མྱ་ངན་འདས་པ་གཉིས་མི་བཞེད།། ཅེས་གསུངས་པ་རྣམས་ལ་གཞིགས་ན། བསྒོམ་བྱ་ལྟ་བའི་གནས་ཡིན་པའི་ཕྱིར་ན།  ཆོས་ཉིད་མྱང་འདས་ལས་གཞན་འཁོར་བ་ཞེས་བྱ་བ་མེད་ལ། ཆོས་ཅན་འཁོར་བ་ལས་གཞན་ཆོས་ཉིད་མྱང་འདས་ཞེས་བྱ་བའང་མེད་པས། དེ་ཉིད་རྟོགས་ན་དཔལ་ལྡན་ས་སྐྱའི་ལྟ་བ་རྟོགས་པའི་ཁྱབ་པར་ཡོད་སྙམས་པར་སོམས།  འཁོར་འདས་དབྱེར་མེད་ཟེར་ན་འདྲ། གསལ་སྟོང་འཛིན་མེད་ཟེར་ན་འདྲ། བདེན་སྟོང་ཟུང་འཇུག་ཟེར་ན་འདྲ། འཁོར་འདས་རོ་གཅིག་ཟེར་ན་འདྲ། དེ་རྟོགས་ན་ལྟ་བ་རྟོགས་པའི་ཁྱབ་ཟེར་ན་ཆོག་སྙམ། དེ་ཡང་། རྩ་རྒྱུད་ལས། འདི་ཉིད་འཁོར་བ་ཞེས་བྱ་བ།། འདི་ཉིད་མྱ་ངན་འདས་པ་ཉིད།། འཁོར་བ་སྤངས་ནས་གཞན་དུ་ནི།། མྱ་ངན་འདས་པ་རྟོགས་མི་འགྱུར།།ཞེས་གསུངས་པ་དང་། བྲམ་ཟེ་ས་ར་ཧས་ཞལ་ནས། དོ་ཧ་མཛོད་ལས། གང་ཞིག་འཁོར་བ་དེ་ནི་མྱ་ངན་འདས་པར་ངེས།།དབྱེ་བ་གཞན་དུ་སེམས་པ་མ་ཡིན་ཏེ།། རང་བཞིན་གཅིག་གིས་དབྱེ་བ་རྣམ་པར་སྤངས།། དྲི་མ་མེད་པར་ང་ཡིས་རབ་ཏུ་རྟོགས།། ཞེས་འཁོར་འདས་དབྱེར་མེད་གནད་གཅིག་ཏུ་ཡིན་པར་དོན་ལེགས་པར་གསུངས་སོ།།  དེ་བཞིན་དུ།  དཔལ་ལྡན་ས་སྐྱའི་ལུགས་ལ་མདོ་སྔགས་གཉིས་ཀྱི་མཐར་ཐུག་པའི་ལྟ་བ་གཅིག་ལས་གཉིས་ཡེ་ནས་ཞལ་གྱིས་མི་བཞེས། དེ་ཡང་། ༧ ཆོས་རྗེ་འཇམ་མགོན་བླ་མ་ས་སྐྱ་པཎྚིཏ་ཀུན་དགའ་རྒྱལ་མཚན་གྱི་ཞལ་སྔ་ནས། སྡོམ་གསུམ་ལས། ཕ་རོལ་ཕྱིན་པའི་ལྟ་བ་ལས།། ལྷག་པའི་ལྟ་བ་ཡོད་ན་ནི།། ལྟ་དེ་སྤྲོས་པ་ཅན་དུ་འགྱུར།།སྤྲོས་བྲལ་ཡིན་ན་ཁྱད་པར་མེད།།ཅེས་མདོ་སྔགས་གཉིས་ཀྱི་མཐར་ཐུག་གི་ལྟ་བའི་གནད་གཅིག་ཏུ་གཞོལ་བའི་ཆོས་ཀྱི་སྡོམ་ཆེན་པོ་ཞིག་ཡིན་པར་འཁུམས་པ་ཡིན་ཏེ། མདོ་ཕར་ཕྱིན་ཐེག་པའི་ལུགས་ལ་གཞི་དབུ་མ་བདེན་གཉིས་ཟུང་འཇུག་དང་ལམ་དབུ་མ་ཐབས་ཤེས་ཟུང་འཇུག  འབྲས་བུ་དབུ་མ་སྐུ་གཉིས་ཟུང་འཇུག་བསྟན་པ་དང་། སྔགས་ཀྱི་སྐབས་སུ་གཞི་འཁོར་འདས་དབྱེར་མེད་དང་ལམ་གསལ་སྟོང་འཛིན་མེད།  འབྲས་བུ་སྐུ་བཞི་དང་ཡེ་ཤེས་ལྔ་ལྡན་ཡིན་པའི་ཕྱིར། ཁྱབ་སྟེ། མདོ་སྔགས་གཉིས་ཀས་བདག་མེད་པ་དང་སྟོང་ཉིད་ཁས་ལེན་པའི་ཕྱིར། ཁྱབ་སྟེ། མདོ་སྔགས་གཉིས་ཀས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་དང་།། སྙིང་རྗེ་ཉིད་ནི་ལམ་གྱི་གཞི།།དགོངས་པའི་ཕྱིར་ན་དོན་གཅིག་པ།།ཞེས་གསུངས་པའི་ཕྱིར།། ཡིན་ནའང། ཐེག་བསྡུས་ལས། དོན་གཅིག་ན་ཡང་མ་རྨོངས་དང་།། ཐབས་མང་དཀའ་བ་མེད་པ་དང་།། དབང་པོ་རྣོན་པོའི་དབང་བྱས་པས།། སྔགས་ཀྱི་ཐེག་པ་ཁྱད་པར་འཕགས།། ཞེས་གསུངས་པ་དེས་མདོ་སྔགས་གཉིས་ཀྱི་ལྟ་བའི་ཁྱད་པར་གསུངས་པ་མ་ཡིན་ནམ་སྙམ་ན། ལྟ་བའི་ཁྱད་པར་གསུངས་པ་མིན་ཏེ། མདོ་སྔགས་གཉིས་ཐབས་ཀྱི་སྒོ་ནས་ཁྱད་པར་འཕགས་པ་གསུངས་སོ།།  ཁྱབ་སྟེ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་རྒྱུད་གསུམ་མཛེས་རྒྱན་ལས།  འཁོར་བའི་ཆོས་ཀུན་མཚན་ཉིད་ཚུལ།། ལམ་གྱི་ཆོས་ཀུན་ཡོན་ཏན་ཚུལ།། འབྲས་བུའི་ཆོས་ཀུན་ནུས་མཐུའི་ཚུལ།། ཚུལ་དུ་སེམས་ཉིད་ལ་ཚང་བས།། སེམས་ལ་གཞི་ལམ་འབྲས་གསུམ་ཚང་།། སེམས་ཀྱི་མཚན་ཉིད་གསལ་བའི་ཚུལ།། སེམས་ཀྱི་རང་བཞིན་སྟོང་པའི་ཚུལ།། སེམས་ཀྱི་ངོ་བོ་ཟུང་འཇུག་གི། ཚུལ་དུ་འཁོར་འདས་ཀུན་ཚང་ངོ།།ཞེས་གསུངས་པ་དེས་ཤེས་བྱའི་ཆོས་ཐམས་ཅད་ཚང་ལ་མ་ནོར་བའི་སྒོ་ནས་བསྟན་ཏེ་སྔོན་འགྲོ་ངེས་འབྱུང་བསྐྱེད་པ་མ་དག་པའི་སྣང་བ་དང་ལྷག་བསམ་བསྐྱེད་པ་ཉམས་ཀྱི་སྣང་བ། སྤྲོ་བ་བསྐྱེད་པ་དག་པའི་སྣང་བ་གསུམ་དང་།  གཞི་རྒྱུ་རྒྱུད་དང་ལུས་ཐབས་རྒྱུད། ཕྱག་རྒྱ་ཆེན་པོ་འབྲས་བུའི་རྒྱུད་གསུམ་ལས། ཀུན་གཞི་རྒྱུ་རྒྱུད་ནི་སེམས་རང་བཞིན་གྱིས་འོད་གསལ་བ་སྟེ། ས་བོན་གས་ཆགས་མེད་པ་ལྟ་བུ་དང་། ལུས་ཐབས་རྒྱུད་ནི་ལུས་ལ་རྟེན་འབྲེལ་ལྔ་འགྲིག་པས་ཀུན་གཞི་དེ་ཉིད་རྟོགས་པར་བྱེད་པའི་ཐབས་སུ་གྱུར་པ་སྟེ། རྐྱེན་ཆུ་ལུད་དམ་ནམ་ཟླ་དྲོད་ཚད་དུ་སླེབས་པ་ལྟ་བུ། འབྲས་བུའི་རྒྱུད་ནི་གནས་འགྱུར་གྱི་སྐུ་ལྔ་སྟེ། འབྲས་བུ་ཡོངས་སུ་སྨིན་པ་ལྟ་བུ་བཅས་རྒྱུད་གསུམ་བསྟན་པའོ།།

དེའི་ཕྱིར་འདི་ལས་ལྷག་པ་ཞིག་དཔལ་ལྡན་ས་སྐྱའི་ལྟ་བ་ཡོད་པར་ཁོ་བོས་མ་ཚོར་བས་འགལ་བ་ལྟག་སྤྲོད་དང་ཚིག་ཐལ་མཆིས་ཚེ་རང་ལུགས་མཁས་གྲུབ་ཚོར་བཟོད་གསོལ་དང་མཐོལ་བཤགས་ཞུ་རྒྱུ་ཡིན།  འདིར་དཔལ་ས་སྐྱའི་ལྟ་གྲུབ་ཐད་ལ་ཡིག་རྙོག་མང་བར་དོགས་ནས་རྒྱས་བཤད་ཞིབ་ཚགས་སྤྲོ་བར་སྟེར་པ་མི་བྱའོ།།

འཕགས་ཡུལ་དཔལ་རྫོང་གསར་བཤད་གྲྭའི་གྲལ་གནས་པ།  མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་ཀྱིས་ཐོར་ཆོས་སུ་སྦྱར་བའོ།། ༢༠༢༢།༡༡།༧།༧།༣༥  
 
                  རྩོམ་སྒྲིག་པ། མྱི་གསར་བ།

           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


Signature is customized by Netease