ལེགས་བཤད་རིན་ཆེན་སྤུངས་པ་ཞེས་བྱ་བ།

    རྩོམ་པ་པོ། ཚར་ཆུང་བློ་གསལ་རྒྱ་མཚོ།


རྒྱལ་བ་གོ་རམས་པའི་ཕར་ཕྱིན་ཡིག་ཆ་ལྔ་ལས་རྒྱན་རྩ་བ་དང་དེ་ལས་འཕྲོས་པའི་དགོངས་པ་
ཐུན་མོང་མ་ཡིན་པར་བཀྲལ་བའི་ཚུལ་དག་ཕྱོགས་གཅིག་ཏུ་བསྡེབས་པ་ལེགས་བཤད་རིན་ཆེན་སྤུངས་པ་ཞེས་བྱ་བ།

            ཚར་ཆུང་བློ་གསལ་རྒྱ་མཚོས་བརྩམས།


བླ་མ་དང་ལྷག་པའི་ལྷ་ཡེ་ཤེས་ཀྱི་སྐུ་ཅན་ལ་ཕྱག་འཚལ་ལོ། །

རྒྱལ་ཡུམ་སྦས་པའི་དོན་གྱིས་གསུངས་པ་གང་། །
ཇི་བཞིན་གསལ་བར་གཟིགས་ནས་ཐུགས་རྗེ་ཡིས། །
སྐལ་བཟང་སྐྱེ་བོའི་ཚོགས་ལ་འདོམས་བྱེད་པ། །
རྒྱལ་བའི་རྒྱལ་ཚབ་དེ་ལ་ཕྱག་འཚལ་ལོ། །

གདམས་པའི་རིན་ཆེན་ལྷུན་བརྩེགས་མཆོག་ཏུ་གྱུར། །
བསོད་ནམས་རྒྱ་མཚོའི་དབུས་སུ་ཉེར་གནས་པ། །
རྨད་བྱུང་ལེགས་བཤད་སེང་གེའི་བསྟི་གནས་ཆེ། །
ཡོན་ཏན་རི་དབང་དེ་ལ་བདག་ཕྱག་འཚལ། །

རྗེ་ཉིད་ཀྱི་གསུངས་པའི་ངོ་མཚར་ཅན་གྱི་བསྟོད་པ་དེ་ཉིད་ལས་མཆོག་ཏུ་གྱུར་པ་གཞན་ཅི་ཡང་མི་དགོས་པས་དེ་ཉིད་ཀྱི་དོན་རང་སོར་བཞག་པའོ། །གདམས་པའི་མན་ངག་ཁྱད་པར་འཕགས་པ་དང་། སྔོན་སྦྱངས་བསོད་ནམས་ཀྱི་སྟོབས་ལས་གཞུང་དོན་ལ་དབང་འབྱོར་བ་དང་། རྨད་བྱུང་ལེགས་བཤད་ཀྱི་རིམ་པ་ཇི་ལྟར་མངའ་བའི་ཚུལ་དག་གི་ཆ་ཤས་ཙམ་ཞིག་འོག་མ་འཆད་འགྱུར་ལས་རྟོགས་སྙམ་ནས་འདིར་བཀོད་པའོ། །

གསུང་རབ་དཀའ་བའི་གནད་ལ་ཐུག་པ་ན། །
དེ་ཚེ་ཁོ་བོ་དྲན་པར་འགྱུར་རོ་ཞེས། །
བཀའ་བསྩལ་ཇི་བཞིན་དཔྱོད་ལྡན་བདག་གིས་ཀྱང་། །
རྗེ་བཙུན་ཁྱེད་ཉིད་ཡང་ཡང་དྲན་པར་འགྱུར། །

ཡུམ་དོན་རབ་ཏུ་གསལ་བའི་མཐའ་དཔྱོད་དང་མཐར་གྱིས་གནས་པའི་སྙོམས་འཇུག་གི་རྣམ་བཤད་ལས་གསུངས་པ་དེའོ། །

རིང་དུ་སྦྱངས་པའི་མཁས་པ་མང་མོད་ཀྱི། །
སྔོན་སྦྱང་མཐུ་དང་རྣམ་དཔྱོད་རྫོགས་པ་ལས། །
མི་ཕམ་དགོངས་པའི་དེ་ཉིད་རྟོགས་པ་ལ། །
གོ་རམས་བསྟན་པའི་ཉི་མ་ལྷམ་མེར་བཞུགས། །

འགྲེལ་ཆུང་ངག་དོན་གྱི་མཆོད་བརྗོད་དང་སྦས་དོན་ཟབ་མོའི་མཇུག་རྩོམ་དང་སྙོམས་འཇུག་རབ་གསལ་ཀྱི་མཇུག་རྩོམ་གསུམ་ལས་སྔོན་སྦྱངས་མཐུ་དང་རྣམ་དཔྱོད་རྫོགས་པ་ལས་ཟབ་མོའི་དོན་རྟོགས་ཏེ་གཞུང་དོན་གསལ་པོར་བཀྲལ་བར་གསུངས་པ་དེའོ། །རྗེ་འདིའི་བཀའ་པོད་དྲུག་ལ་ཡིག་འཇོག་མཛད་ནའང་ཕར་ཌིཀ་འདི་དག་ལས་གསུངས་པའི་རྩོམ་པ་པོའི་ཆེ་བ་ནི་གཞན་འདུལ་མངོན་དང་དབུ་ཚད་ཀྱི་ཡིག་ཆ་དེ་དག་ལས་མ་བྱུང་། དེས་ན་རྗེ་འདིས་མཛད་པའི་ཕར་ཕྱིན་ཀྱི་ཡིག་ཆ་ལ་རྩོམ་པ་པོའི་ཆེ་བའི་བདག་རྐྱེན་དམིགས་བསལ་ཡོད་པ་དེ་འདིར་བཀོད་པ་ལགས།

རང་བློ་ཚད་མར་བསྒྲུབས་པ་མ་ཡིན་ཀྱང་། །
རྣམ་དཔྱོད་མེ་ལོང་ངོས་ལ་གནས་ལུགས་ཀྱི། །
གཟུགས་བརྙན་འཆར་བ་སུ་ཡིས་འགོག་ནུས་ཞེས། །
གསུངས་པ་དེ་ཡང་ཤིན་ཏུ་བདེན་པར་གོ །
སྐབས་གཉིས་པའི་མཐོང་ལམ་ཀྱི་ཐད་དུ་གསུངས་པ་དེའོ། །

མི་ཕམ་ཐུགས་མཚོའི་གཏེར་ལས་བླངས་པ་ཡི། །
ཐུན་མིན་ལེགས་བཤད་དབྱིག་ནོར་ལྔ་བཅུ་པ། །
བློ་གསལ་འཛིན་མའི་དབུས་སུ་ཉེར་སྒྲོགས་ན། །
ཤེས་ལྡན་དོན་མཐུན་དེ་ཡིས་ཉེེ་བར་ལོངས། །
སྦས་དོན་ཟབ་མོའི་གཏེར་གྱི་ཁ་འབྱེད་ཅེས་མཚན་དོན་འདོགས་དགོས་པའང་འོག་ཏུ་འཆད་འགྱུར་གྱི་ལེགས་བཤད་འདི་དག་བྱམས་པའི་ཐུགས་མཚོའི་གཏེར་ལས་བླངས་པས་ཡིན་སྙམ་མོ། །


སྐབས་དང་པོ།


རྒྱན་གཞུང་ལུས་ཀྱི་དངོས་བསྟན་བརྗོད་བྱ་ལ། །
ཐེག་ཆེན་ལམ་གྱི་མངོན་རྟོགས་ཁོ་ན་ལས། །
ཉི་ཚེའི་ཐེག་པའི་རྣམ་གྲོལ་མི་སྟོན་པའི། །
རྨད་བྱུང་ལེགས་བཤད་ཁྱོད་ཉིད་གཅིག་པུས་རྙེད། །


རྒྱན་གྱིས་ཡུམ་མདོ་འཆད་པའི་མན་ངག་ལྔ། །
གོ་རིམ་ཇི་བཞིན་དངོས་བསྟན་ཁོ་ན་རུ། །
རིགས་ཚུལ་དུ་མས་འཐད་པ་ལེགས་སྒྲུབ་པ། །
འདི་ཡང་མཁས་རྣམས་མགུ་བའི་དོན་པོ་ལགས། །


མཆོད་བརྗོད་ངག་གི་ཊི་ཀ་ཉིར་སྣང་གི །
དགོངས་པ་དངོས་བསྟན་ཤུགས་བསྟན་འཕྲོས་དོན་གསུམ། །
སྦྱར་ཏེ་བརྒལ་ལན་མཆོད་བརྗོད་འཕྲོས་དོན་དུ། །
བཤད་པ་འདི་ཡང་སྔོན་མེད་ལེགས་བཤད་ཡིན། །


འཆད་ལུགས་གསུམ་གྱིས་མཆོད་བརྗོད་ཉེར་འཆད་ཅིང་། །
ཀུན་ཡང་རྩ་བའི་དགོངས་པར་ལེགས་འབྱོར་བ། །
བསྟན་བཅོས་ཆེན་པོའི་དགོངས་པ་མུ་མེད་དུ། །
ཁྱོད་ཀྱི་མགུལ་ལས་ཐོས་ཀྱིས་གཞན་ལས་མིན། །


དགོས་འབྲེལ་ངག་གི་ཚིག་རྐང་དང་པོའི་དོན། །
གཞི་མཐུན་འཆད་པ་འགྲེལ་ཆུང་དག་ལྡན་དང་། །
སྐབས་བརྒྱད་འཐོབ་བྱ་ཐོབ་བྱེད་སྦྱོར་བ་ཡི། །
ལུགས་ངན་དོར་བའི་ལམ་སྲོལ་གསལ་བར་བྱས། །


ཆོས་སྤྱོད་བཅུ་ལ་བཞེད་ཚུལ་སྣ་ཚོགས་ཀྱང་། །
དབྱིག་གཉེན་གཞུང་གི་དཔུང་ཚོགས་རབ་བཀོད་དེ། །
དེ་ཉིད་མངོན་དུ་གྱུར་བ་ཉིང་དགོས་ཞེས། །
འཇིགས་མེད་གད་རྒྱངས་སེང་གེ་ཁྱེད་ཀྱིས་སོ། །


དངོས་པོ་བརྒྱད་ཀྱིས་བཤད་གཞིའི་ཡུམ་ཆེན་དེ། །
གཞུང་ལམ་འབྲས་བུར་སྦྱར་བའི་འཆད་ཐབས་ལས། །
བཤད་པ་ཡོངས་སུ་རྫོགས་པའི་མན་ངག་སྟེ། །
བྱམས་མགོན་ཐུགས་མཚོའི་འཇིང་དུ་ཟབ་པར་བཞུགས། །


རྒྱས་པའི་ལམ་རིམ་བརྒྱད་ལ་འཇུག་པའི་ཚེ། །
གཅིག་རྗེས་གཅིག་གི་མཚམས་སྦྱོར་འཆད་པ་དེས། །
ཟེར་སྒྲོས་ཁ་རྒྱན་བྱས་པའི་གཞན་ལུགས་ལས། །
ཁྱད་པར་འཕགས་པའི་རྒྱན་གྱི་རྒྱན་མཆོག་གོ །


བསྡུས་དང་རྒྱས་པའི་མདོ་ཚན་བཞི་པོའི་དོན། །
དེ་ཡང་ཞེས་པའི་ཚིག་གི་ནུས་པ་ལས། །
ཉི་ཤུ་རྩ་གཉིས་དཔེ་ཡིས་སྟོན་ནོ་ཞེས། །
འཆད་པའི་སྒོ་ཆེན་གསར་དུ་ཕྱེ་བ་ལགས། །

༡༠
སྨོན་འཇུག་འགལ་ཞིང་བརྡ་ཡི་སེམས་བསྐྱེད་ཀྱིས། །
ཁྱབ་ཅེས་མཁས་བླུན་སྐྱེ་བོ་ངལ་བའི་ཚེ། །
ཐོགས་མེད་ཞབས་ཀྱི་བཀའ་ལུང་སྤྱི་བོར་བརྒྱན། །
འཇམ་དབྱངས་བཙུན་པའི་དགོངས་པ་ཁྱེད་ཀྱིས་གསུངས། །

༡༡
ཐེག་གསུམ་མཐོང་དང་སྒོམ་པའི་རྟོགས་རིགས་དག །
ཐ་མི་དད་ཅིང་ཁྱད་པར་ཐེག་ཆེན་གྱི། །
མཉམ་རྗེས་གཉིས་པོའང་རྟོགས་རིགས་གཅིག་ཅེས་པས། །
མཚན་བཅས་འཕགས་པའི་རྣལ་འབྱོར་མེད་པར་སྒྲུབ། །

༡༢
དམིགས་རྣམ་རྒྱུ་དང་ཡོངས་འཛིན་སྦྱོར་ལམ་གྱི། །
ཁྱད་ཆོས་ཡིན་པ་མདོར་བསྟན་གཞུང་ལས་གསལ། །
མདོར་བསྟན་རྒྱས་བཤད་གོ་རིམ་མི་མཐུན་པ། །
ཚིགས་བཅད་སྦྱར་བདེའི་ཆེད་ཙམ་མིན་པར་གསུངས། །

༡༣
དྲོད་སོགས་བཞི་ལ་རྣམ་རྟོག་ལྡན་པའི་དོན། །
སྤང་བྱར་ལྡན་ཅེས་ཕལ་ཆེར་བཞེད་ན་ཡང་། །
དངོས་ཤུགས་དགག་སྒྲུབ་རྟོག་པ་སྟོན་པ་དེ། །
མཉམ་རྗེས་སོ་སོར་སྦྱོར་བའི་ལེགས་བཤད་སྤེལ། །

༡༤
སྒོམ་སྤང་རྫས་འཛིན་མེད་པ་འཕགས་པའི་ལུགས། །
ཇི་བཞིན་གཟིགས་ནས་སྤང་བྱའི་རྟོག་པ་བཞིར། །
ཐེག་གསུམ་སྤང་བྱའི་རིགས་ཀུན་བསྡུས་པ་དང་། །
དེ་ལ་སྒྲིབ་གཉིས་ཡོད་པའི་ལུང་རིགས་བཀོད། །

༡༥
རིགས་ཀྱི་རྩོད་སྤོང་འཕགས་སེང་མཐུན་པ་རུ།
ཊཱི་ཀ་བྱེད་རྣམས་གསང་མཐོར་སྒྲོག་ན་ཡང་། །
རྩོད་པ་གཉིས་ལ་རྩོད་སྤོང་གཉིས་བྱེད་པའི། །
གྲོལ་སྡེའི་བཞེད་དགོངས་བཟང་པོས་ལོན་མེད་གསུངས། །

༡༦
ཐེག་གསུམ་དབྱེ་བས་རྒྱས་འགྱུར་རིགས་གསུམ་དུ། །
དབྱེ་བ་ཡོད་པ་ཕལ་ཆེར་གསུངས་ན་ཡང་། །
ཐེག་ཆེན་རིགས་སད་སྟོབས་ལས་རྒྱས་པའི་རིགས། །
ཚོགས་གཉིས་ཁོ་ནའི་ངོ་བོར་ཡོད་ཅེས་བསྒྲགས། །

༡༧
ཐོགས་མེད་བཀའ་ལུང་རྒྱང་དུ་མ་དོར་ལ། །
འགྲེལ་པ་ཆེ་ཆུང་འགལ་བར་མ་བཤད་པར། །
འཕགས་པ་གྲོལ་སྡེའི་དགོངས་པ་དང་འབྱོར་བའི། །
སྒྲུབ་པ་རྣམ་བཞིའི་ས་མཚམས་གསལ་པོར་བསྟན། །

༡༨
ཡུལ་དང་ཡུལ་ཅན་སྒྲུབ་པ་རྣམ་གཉིས་ཀྱང་། །
བསྟན་ཚུལ་ཆ་ནས་ངོ་བོ་འགལ་བ་དང་། །
བསྟན་བྱའི་ངོས་ནས་ངོ་བོ་གཅིག་པ་ཡིས། །
བྱམས་པའི་གཞུང་བཟང་སྙིང་ལ་མཛའ་བར་བྱས། །

༡༩
སངས་རྒྱས་མིང་ཅན་སེམས་དཔའ་ཆེན་པོ་དེས། །
བྱང་ས་དགུ་པོ་རྒྱུད་ལ་སྐྱེས་ནས་རྫོགས། །
ཤེས་དང་སྤོང་བས་དམན་པའི་ས་བརྒལ་བའི། །
འདའ་ས་ས་དགུར་འདའ་ཚུལ་རྣམ་གཉིས་གསུངས། །

༢༠
ཡོངས་སྦྱོང་གོ་ལྔས་དུབ་པར་གྱུར་པ་ཡིས། །
དང་པོའི་ལས་ཅན་སྤྲོ་བ་བསྐྱེད་པའི་སླད། །
ཆོས་ཀྱི་སྤྲིན་ལ་ཡོངས་སྦྱོང་མ་གསུངས་བར། །
སངས་རྒྱས་མཚན་གྱི་ཅོད་པན་ཕུལ་བར་བཞེད། །

སྐབས་གཉིས་པ།

༢༡
བྱང་འཕགས་རྒྱུད་ཀྱི་རྟོགས་རིགས་རྣམ་པ་གསུམ། །
མངོན་པར་ཞེན་ཚེ་ཤེས་བྱའི་ལམ་ཡིན་ཡང་། །
དམིགས་མེད་རྣམ་པས་ཟིན་ན་ད་གཟོད་དུ། །
ལམ་ཤེས་ཉིད་དུ་འགྱུར་ཞེས་དགོངས་དོན་བཙལ། །

༢༢
ཆོས་ཀུན་ཟབ་ཕྲ་མིན་པར་གསུངས་ཕྱིར་དང་། །
རྣམ་པ་བཅུ་གཅིག་དེ་ལ་སྦྱར་བའི་ཕྱིར། །
ཀུན་བྱང་གཟུང་མེད་བསེ་རུའི་རྟོགས་རིགས་ཏེ། །
རྒན་པོའི་ཟེར་སྒྲོས་སྤངས་པའི་ལེགས་བཤད་དོ། །

༢༣
ཟག་བཅས་ཟག་མེད་སྒོམ་ལམ་རྣམ་གཉིས་ཀྱི། །
རྣམ་གཞག་རྒྱ་ཆེར་གཞན་དག་སྤེལ་ནའང་། །
མཉམ་རྗེས་ཚོགས་གཉིས་ལྡོག་པས་ཕྱེ་བ་ལས། །
སྒོམ་ལམ་རིགས་ཀུན་བསྡུས་ཞེས་ཁྱེད་ཀྱིས་གསུངས། །

༢༤
མོས་པའི་ས་མཚམས་འོག་མ་གཉིས་ལ་སྦྱོར། །
བྱེད་དང་མི་དམིགས་ཐབས་དང་ཤེས་རབ་ཡང་། །
མོས་བསྔོ་ཡི་རང་གསུམ་ཀར་སྦྱོར་བྱེད་པ། །
གཞུང་དོན་གོང་འོག་བསྡེབས་པའི་འཆད་ཚུལ་ལགས། །

༢༥
མོས་སྒོམ་གསུམ་གྱི་ས་མཚམས་སོ་སོ་རུ། །
གཞན་དག་འཆད་མོད་གྲོལ་སྡེའི་བཞེད་དགོངས་ནི། །
ས་དགུའི་རྗེས་ཐོབ་ཀུན་ལ་ཡོད་དོ་ཞེས། །
ཁྱེད་ཀྱི་དྲིན་ལས་རྣ་བའི་བཅུད་དུ་སིམ། །

༢༦
རྒྱུ་དང་རྒྱུ་མིན་རབ་དབྱེ་རྣམ་དག་གི །
སྒོམ་ལམ་ལའང་ཡོད་མོད་དངོས་བསྟན་ནི། །
འདི་ལ་ཞེས་པའི་ཉེ་ཚིག་ནུས་པ་ལས། །
སྒྲུབ་པ་སྒོམ་ལམ་ཉིད་ལ་སྦྱོར་དགོས་གསུངས། །

༢༧
དམན་པའི་སྤངས་རྟོགས་རྫོགས་རྗེས་སྒོམ་ལམ་ལ། །
ཤེས་སྒྲིབ་ཁོ་ན་སྤོང་བའི་རྣམ་དག་ལས། །
མེད་སྙམ་དོགས་པ་བཟློག་སླད་ཐེག་གསུམ་གྱི། །
ལམ་གྱི་སྒྲིབ་ཀུན་དག་པར་གསུངས་ཞེས་ཐོས། །

 སྐབས་གསུམ་པ།

༢༨
སྔ་ཕྱིའི་མཚམས་སྦྱོར་སྐབས་དོན་ངེས་པ་དང་། །
གོལ་ས་གཅོད་ཚུལ་ལེགས་པར་ཤེས་སླད་དུ། །
འཇུག་ཡུལ་གཞི་ཤེས་ཞུགས་འབྲས་མཐོང་ལམ་གཉིས། །
ཐེག་པ་ཆེ་ཆུང་རྟོགས་རིགས་སོ་སོར་བཀྲལ། །

༢༩
དེ་ནི་ཞེས་པའི་གོང་འོག་ཚིག་གཉིས་དང་། །
མི་མཐུན་ཕྱོགས་ཀྱི་མཚན་འཛིན་དངོས་བསྟན་དང་། །
དེ་དང་གཞི་ཤེས་སྤང་གཉེན་སྦྱར་བ་ལས། །
མི་མཐུན་གཞི་ཤེས་རི་རྭའི་ཟླ་བོར་བཀོད། །

༣༠
ཀུན་ཤེས་སྐབས་ཀྱི་མི་མཐུན་སྤང་བྱའི་ཆོས། །
གཞི་ལམ་འབྲས་བུའི་མཚན་འཛིན་ཡིན་ནོ་ཞེས། །
གཞན་དག་སྒྲོགས་མོད་ཆོས་དང་གང་ཟག་གི །
བཏགས་འཛིན་ཁོ་ནར་འཆད་པ་གཞུང་དང་མཐུན། །

༣༡
ཐེག་གསུམ་ལམ་གྱི་སྤངས་རྟོགས་རྫོགས་ཚུལ་དང་། །
སྒྲིབ་གཉིས་ངོས་འཛིན་རྨད་བྱུང་སློབ་དཔོན་གཉིས། །
བྱམས་མགོན་ཀླུ་སྒྲུབ་འཕགས་སེང་མཐུན་ནོ་ཞེས། །
འཇིག་རྟེན་འདི་ན་ཁྱེད་ལས་གཞན་པ་མེད། །

༣༢
དེ་མ་རྫོགས་དང་རབ་རྫོགས་ཞེས་པའི་དོན། །
བདེན་བཞིར་གོ་རིམ་བཞིན་དུ་སྦྱོར་བ་དང་། །
སྦྱོར་བཅུའི་ཡུལ་ལ་དམན་པའི་རྟོགས་རིགས་གཉིས། །
སོ་སོར་འཆད་ལ་ཉི་སྣང་དཔང་པོར་གསལ། །

 སྐབས་བཞི་པ།

༣༣
མེད་རྣམ་ལ་སོགས་ཤེས་རྣམ་ཉེར་བདུན་དེ། །
སྐྱེ་མེད་རྣམ་པ་ཡིན་ཞིང་ལམ་བདེན་གྱི། །
ལམ་གསུམ་ཟག་བཅས་ཟག་མེད་གཉིས་ཀ་ཡང་། །
ཉན་རང་མཐོང་སྒོམ་སོ་སོར་སྦྱོར་བར་བཞེད། །

༣༤
ལམ་ཤེས་རྣམ་པར་བདེན་བཞིའི་རྟོགས་རིགས་དང་། །
ཀུན་བྱང་གཟུང་མེད་རྣམ་པ་བཤད་པའི་ཕྱིར། །
ལམ་ཤེས་སྐབས་ལྟར་ཐེག་གསུམ་རྟོགས་པའི་རིགས། །
ཡོན་ཏན་ཡར་ལྡན་ཚུལ་དུ་ཡོད་པར་གསུངས། །

༣༥
རྣམ་མཁྱེན་རྣམ་པའི་རྗེས་མཐུན་ཞེས་པའི་དོན། །
མཁྱེན་གསུམ་བཏགས་པར་སྟོན་པའི་ཚིག་མིན་ཞིང་། །
རྗེས་མཐུན་གཞི་ཤེས་རྣམ་པའང་ཉན་ཐོས་ལས། །
བསེ་རུའི་རྟོགས་རིགས་མེད་པའི་ཞིབ་བཤད་མཛད། །

༣༦
ཡུམ་འདིའི་སྣོད་གྱུར་གང་ཟག་རྣམ་པ་བཞི། །
སངས་རྒྱས་སོགས་ཀྱི་ཡུལ་ལྔར་མཁས་བྱས་ཏེ། །
ད་གཟོད་སྒོམ་བྱུང་ཉམས་མྱོང་སྐྱེ་བས་ན། །
སྦྱོར་བའི་རྟེན་གྱི་གང་ཟག་མིན་པར་གསུངས། །

༣༧
སེང་བཟང་གཞུང་ལས་སྦྱོར་བའི་ཡོན་ཏན་སྐབས། །
བཅུ་བཞི་ཚན་པ་སྔ་ཕྱི་འབྱུང་བ་དེ། །
གཞན་དག་མིང་དོན་རྒྱུ་འབྲས་སོགས་སུ་འཆད། །
རྟགས་དང་རྟགས་ཅན་སྦྱོར་བར་ཁྱེད་ཉིད་བཞེད། །

༣༨
སྐབས་དོན་ཕྱིར་མི་ལྡོག་པའི་གཏན་ཚིགས་དང་། །
ཐེག་དམན་ལམ་ལས་ཁྱད་པར་འཕགས་ཚུལ་དང་། །
དངོས་སྨྲའི་ལུགས་ལས་མཆོག་ཏུ་གྱུར་པ་ཡི། །
སྒོམ་ལམ་ཟབ་པའི་སྦྱོར་ཚུལ་རྣམ་གསུམ་མོ། །

༣༩
སྦྱོར་དང་མཐོང་བའི་ཕྱིར་མི་ལྡོག་པའི་རྟགས། །
མདོར་བསྟན་རྒྱས་བཤད་རིམ་པ་གཉིས་སུ་གསུངས། །
དེ་བཞིན་སྒོམ་པའི་ལམ་ལའང་རྣམ་པ་གཉིས། །
ངོས་འཛིན་གསལ་པོར་ཊཱི་ཀ་གཞན་ན་མེད། །

༤༠
སྒོམ་ལམ་ཟབ་པ་སྒྲོ་འདོགས་སྐུར་འདེབས་ལས། །
གྲོལ་བ་རྩ་བའི་གཞུང་ལས་གསུངས་ན་ཡང་། །
དེ་ཡི་རྩོད་སྤོང་ཐམས་ཅད་སྒྲོ་སྐུར་གྱི། །
མཐའ་གཉིས་བྲལ་ཚུལ་སྦྱོར་བ་འདི་ཙམ་མོ། །

སྐབས་ལྔ་པ།

༤༡
གཟུང་འཛིན་རྣམ་རྟོག་སྤོང་ཚུལ་འཐད་པ་ནི། །
དབུ་མའི་ལུགས་ལས་གཞན་དག་སྐྱོན་དང་བཅས། །
དེ་ཡང་མདོ་ལུང་སྦྱར་ཏེ་འཆད་པ་ཡི། །
རྩ་བའི་གཞུང་ལ་བསྡུས་དོན་དམིགས་བསལ་གསུངས། །

༤༢
སེང་གེ་རྣམ་བསྒྱིངས་དངོས་གཞི་ཐོད་རྒལ་གཉིས། །
སྒོམ་ལམ་རྩེ་སྦྱོར་ཁོངས་སུ་འཕགས་སེང་བཞེད། །
མདོ་ལས་མཐོང་རྩེའི་བསྡུ་བྱའི་ཕར་ཕྱིན་དུ། །
གསུངས་ཕྱིར་དེ་རུ་ནུས་པ་ཡོད་པར་གསལ། །

༤༣
མཐོང་སྒོམ་རྩེ་སྦྱོར་སྤང་བྱ་སྤོང་བ་ཡི། །
འབད་དང་བཅས་པས་རྩོལ་མེད་ཡོན་ཏན་ནི། །
མེད་སྙམ་རྩེ་གཉིས་བསལ་ཕྱིར་ཡམས་ཀྱི་ནད། །
ཟད་པའི་དཔེ་ཡིས་ཡོན་ཏན་ལྷུན་གྲུབ་གསུངས། །

༤༤
སངས་རྒྱས་ས་དང་འཕགས་ལམ་དང་པོ་ཡི། །
དངོས་རྒྱུ་རྣམ་གཉིས་བསོད་ནམས་ཆེས་མང་བའི། །
སྒོ་ནས་སྟོན་པ་དངོས་འབྲས་ལམ་གཉིས་པོར། །
སྤྲོ་བ་བསྐྱེད་པའི་ཆེད་དུ་གསུངས་ཅེས་ཐོས།  

སྐབས་དྲུག་པ།

༤༥
རྩེ་སྦྱོར་ལམ་གྱིས་མི་མཐུན་སྤངས་གྱུར་ཀྱང་། །
ཕྱིན་དྲུག་སྤྱོད་སོགས་ཡོན་ཏན་མ་བསྒྲུབས་ན། །
ཞི་བ་ཕྱོགས་གཅིག་འགྱུར་བའི་ཉེན་ཆེ་བས། །
དེ་ཕྱིར་དེ་རྗེས་མཐར་གྱིས་སྦྱོར་བ་གསུངས། །

༤༦
བསྒོམ་བྱ་སོ་སོ་བ་དང་བསྡུས་པའི་དོན། །
བཞེད་སྲོལ་ཐ་དད་དགོངས་པ་སྣ་ཚོགས་འགྱུར། །
སློབ་དཔོན་བཞེད་ལ་རྟོགས་དཀས་གསུངས་པ་ནི། །
མཁྱེན་གསུམ་རྣམ་རྫོགས་གཉིས་ལ་སྦྱར་དགོས་གསུངས། །

༤༧
རྗེས་དྲན་དྲུག་དང་ཕྱིན་དྲུག་སྦྱོར་བ་གཉིས། །
མ་མཐའ་ངེས་འབྱེད་མཐོང་ལམ་གཉིས་ལ་ཡོད། །
སེང་གེ་བཟང་པོའི་བཞེད་པ་འདི་ཡིན་ཏེ། །
འགྲེལ་ཆུང་ཉིད་ལ་ཞིབ་པར་བལྟས་པས་གསལ། །

སྐབས་བདུན་པ།

༤༨
རྣམ་པར་སྨིན་དང་མ་སྨིན་ཁྱད་པར་ཡང་། །
འབད་རྩོལ་ཡོད་དང་མེད་པའི་བྱེ་བྲག་ལས། །
མ་དག་ས་བདུན་དག་པ་ས་གསུམ་གྱི། །
རྟོགས་རིགས་གཉིས་ལ་སོ་སོར་ཤེས་དགོས་སོ། །

སྐབས་བརྒྱད་པ།

༤༩
རྣམ་སྣང་མཛད་སོགས་ཡེ་ཤེས་ཆོས་སྐུ་དེ། །
སྐུ་གསུམ་ལས་ནི་ཐ་དད་བཞི​་པར་བཞེད། །
རྩ་བའི་དགོངས་པ་རྒྱུ་མཚན་རྣམ་བདུན་གྱིས། །
སྐུ་གསུམ་ངེས་པར་བསྒྲུབ་པའི་དགའ་སྟོན་མཐོང་། །

༥༠
ཕྲིན་ལས་ཉེར་བདུན་མཚོན་བྱེད་བཞི་པ་དང་། །
དེ་ཉིད་སྤྲུལ་སྐུའི་ཡོན་ཏན་རྒྱས་བཤད་དུ། །
གསུངས་པ་རྣམ་གཉིས་འགལ་བ་མེད་པའི་ཚུལ། །
གཞུང་མཆོག་འདི་ལ་བལྟས་པས་ལེགས་པར་གོ །

 
དཀའ་གནད་གསལ་འགྲེལ་རྩ་བའི་གཞུང་ལ་འབྱོར། །
མཚམས་སྦྱོར་སྔ་ཕྱིའི་འཆད་ཚུལ་རྨད་དུ་བྱུང་། །
བྱམས་མགོན་དགོངས་པའི་ཟབ་གཏེར་འབྱེད་པ་ལ། །
སྔོན་མེད་ལེགས་བཤད་གཏམས་པ་གཞུང་འདི་ལགས། །

 ཤིན་ཏུ་རྒྱས་མིན་དཔྱོད་ལྡན་འཇུག་པ་བདེ། །
ཧ་ཅང་བསྡུས་མིན་ཟབ་དོན་ཡོད་རྒུ་བཞུགས། །
བརྗོད་བྱ་དོན་ལྡན་རྗོད་བྱེད་འབྲེལ་ཆགས་པ། །
གཞུང་མཆོག་འདི་འདྲས་ཐར་འདོད་རེ་བ་བསྐོང་། །

སླར་ཡང་ཟུར་བཀོལ་གསུམ་གྱི་ལེགས་བཤད་ཀྱི། །
སྦྲང་རྩིའི་བཅུད་དག་ཀུན་ནས་གཞིབ་པ་ལས། །
རྣམ་དཔྱོད་གསར་པའི་དགའ་སྟོན་བཅོ་བརྒྱད་པ། །
དོན་གཉེར་སྐྱེ་བོའི་ཚོགས་ལ་སྐྱེས་སུ་འབུལ། །


སྐྱེས་བུ་མཆོག་གིས་གསལ་བྱེད་ཀྱི་ཐུན་མིན་ལེགས་བཤད་ཀྱི་རིམ་པ།


དགེ་འདུན་གྲངས་འདྲེན་བྱེད་ཚེ་འཕགས་པའི་གཞུང་། །
མཁས་ཆེན་དག་གིས་ལོག་པར་བཤད་པའི་ཚེ། །
ལུང་གཉིས་རིགས་པ་གཅིག་དང་སྐྱོན་སྤོང་བཅས། །
གསལ་བར་གསུངས་འདི་གྲོལ་སྡེའི་བཞེད་པ་དངོས། །


རྒྱུ་མཚན་ལྔ་དང་དོགས་དཔྱོད་རྣམ་དྲུག་གིས། །
དགེ་འདུན་ཉི་ཤུ་དངོས་བསྟན་ཁོ་ནར་གསུངས། །
གོ་རིམ་གྲངས་སོགས་མདོ་དང་རྩ་བར་འབྱོར། །
བྱམས་མགོན་དངོས་ལས་གསན་འདྲའི་ལེགས་བཤད་དོ། །


བར་དོའི་གནས་སྐབས་མྱ་ངན་འདའ་བ་དང་། །
འཆི་བ་དུས་མཉམ་ལྷག་མེད་ཁོ་ན་སྟེ། །
དོན་གནད་གསུམ་ལས་ངེས་པ་སྟེར་བྱེད་པ། །
མཁས་མཆོག་དབྱིག་གཉེན་དགྱེས་པ་སྐྱེད་བྱེད་དོ། །


གཟུགས་སུ་ཉེར་འགྲོའི་བར་སྐྱེས་གོང་འཕོ་གསུམ། །
དབྱེ་སྒོ་དགུ་དང་སྐབས་འགར་ལྔར་གསུངས་པ། །
དེ་གསུམ་ཕན་ཚུན་མཚོན་དང་གཟུགས་མེད་ཀྱི། །
ཉེར་འགྲོ་བདེ་བླགས་རྟོགས་སླད་ཡིན་ཞེས་གསུངས། །


རྒྱུན་ཞུགས་གྱུར་པའི་མཐོང་ཆོས་ཞི་ལ་སོགས། །
རང་བཟོའི་རྣམ་གཞག་མང་དུ་བྱེད་པའི་དུས། །
རིགས་ཅན་སྒོ་ནས་དགེ་འདུན་ཉི་ཤུ་རུ། །
ངེས་པར་གསུངས་འདི་གནད་ཀྱི་དོན་པོ་ཡིན། །


ཕྱིར་མི་འོང་པའི་འདོད་པའི་རྟེན་ཅན་དེ། །
ཕྱི་མའི་སྐྱེས་སར་མྱ་ངན་མི་འདའ་བར། །
དེ་ཡི་གོང་དུ་འཕོ་འམ་འགྲོ་བས་ན། །
གོང་འཕོའི་སྒྲ་དོན་འཐོབ་ཅེས་འདི་ལས་གསུངས། །


ཅིག་ཆར་རྒྱུན་ཞུགས་རང་སངས་རྒྱས་ཀྱི་རིགས། །
འདོད་པའི་ཁམས་སུ་ལས་ཀྱིས་སྐྱེ་མོད་ཀྱང་། །
སངས་རྒྱས་མེད་སར་སྨོན་ལམ་སྟོབས་ལས་སྐྱེ། །
གསུངས་པ་འདི་ལ་རྒོལ་བའི་སྐབས་དང་བྲལ། །


འཕགས་སེང་གཞུང་ལས་སྤངས་རྟོགས་ཆ་མཚུངས་ཀྱིས། །
མཚོན་བྱེད་དཔེ་ལས་མཚོན་བྱའི་དགེ་འདུན་ནི། །
མཚོན་པར་གསུངས་མོད་མདོ་དང་བསྟན་བཅོས་ཀྱི། །
སྐྱེ་བ་ལེན་དང་ཆོས་སྟོན་ཁོ་ནས་སོ། །


རྟེན་འབྲེལ་རབ་གསལ་གྱི་ཐུན་མིན་ལེགས་བཤད་ཀྱི་རིམ་པ།


མདོ་ལས་གསུངས་པའི་རྟེན་འབྲེལ་ཚར་གཅིག་ལ། །
དངོས་ཤུགས་སྦྱར་ཚེ་འཁོར་བས་བསྡུས་པ་ཡི། །
རྒྱུ་འབྲས་ཆ་གཉིས་གསུངས་པའི་ལེགས་བཤད་ཀྱི། །
བདུད་རྩིའི་རོ་འདི་གཞན་གྱིས་མྱོང་བ་མིན། །


སྔ་མའི་རྐྱེན་གྱིས་ཕྱི་མ་འབྱུང་བ་ཡི། །
ཡན་ལག་བཅུ་གཉིས་མདོ་ལས་གསུངས་དེ་ལ། །
འཕེན་གྲུབ་དངོས་ཤུགས་རྣམ་པ་བརྒྱད་ཉིད་དུ། །
གསུངས་པ་འདི་ཡང་ཚུལ་ལུགས་གཞན་ལ་མེད། །


འཕེན་གྲུབ་དངོས་བསྟན་བཞི་ལ་ཚེ་གསུམ་དུ། །
མདོ་ལས་རྟེན་འབྲེལ་ཚར་གཅིག་བཞག་པ་ནི། །
རྒྱུ་མཚན་རྣམ་གཉིས་གཟིགས་ཏེ་བཅོམ་ལྡན་གྱིས། །
དེ་ལྟར་གསུངས་ཞེས་གཞུང་བཟང་འདི་ལས་ཐོས། །


འཁོར་བས་བསྡུས་དང་མདོ་ལས་གསུངས་པ་ཡི། །
ཡན་ལག་བཅུ་གཉིས་སོ་སོར་ཚེ་དུ་ལ། །
རྫོགས་པའི་ཚུལ་དང་ས་མཚུངས་བརྟག་པ་ཡི། །
དཔྱད་པ་རྫོགས་པའི་བསྟན་བཅོས་འདི་ཉིད་ལགས། །


འཕགས་པའི་ཚོགས་ལ་འཁོར་བས་བསྡུས་པ་ཡི། །
ཡན་ལག་བཅུ་གཉིས་ཆ་མཚུངས་བརྩི་བ་ཡང་། །
མ་རིག་བག་ཆགས་དབང་གིས་སྐྱེ་ཚུལ་ཏེ། །
རྒྱུད་བླའི་དགོངས་དོན་རྟོགས་པའི་ཟབ་ཁྱད་ལགས། །

 
སྙོམས་འཇུག་རབ་གསལ་གྱི་ཐུན་མིན་ལེགས་བཤད་ཀྱི་རིམ་པ།

 
ཉེར་བསྡོགས་སྒོ་ནས་འོག་སར་ཆགས་བྲལ་བྱས། །
སྦྱོར་བའི་སྒོ་ནས་འདུ་ཤེས་བསལ་ཏེ་སྒོམ། །
དེ་རྗེས་དངོས་གཞིའི་སྙོམས་འཇུག་སྐྱེ་འོ་ཞེས། །
གཟུགས་མེད་ཏིང་འཛིན་སྒྲུབ་པའི་མན་ངག་སྤེལ། །

དབུ་སེམས་གྲུབ་མཐའི་འགོག་པའི་སྙོམས་འཇུག་གི །

དགག་བྱའི་ངོས་འཛིན་ཁྱད་པར་མི་འདྲ་བས། །

གཟུགས་མེད་རྟེན་ལ་ཉན་ཐོས་འཕགས་​པས་ཀྱང་། །

འགོག་སྙོམས་མངོན་དུ་བྱེད་ཅེས་དབུ་མའི་ལུགས། །


འགོག་པའི་སྙོམས་འཇུག་ཟག་མེད་ཡེ་ཤེས་ཏེ། །
རྒྱན་གཞུང་རྩ་འགྲེལ་དེ་ཡིས་དཔང་པོར་བཞུགས། །
དེ་ཉིད་འཇུག་སེམས་དེ་ཉིད་འགོག་བྱེད་ཀྱི། །
ཤེས་རབ་ཡིན་ལ་སེམས་རྟེན་སྲིད་རྩེ་རུང་། །


སྙོམས་འཇུག་བཞི་ཡི་གྲངས་ངེས་སྒྲུབ་པའི་ཚེ། །
ཆོས་གཞན་མ་སྤེལ་ལུགས་མཐུན་སྒོམ་པ་ལས། །
ལུགས་བཟློག་སྒོམ་པ་མེད་པའི་རྒྱུ་མཚན་ནི། །
ཞིབ་པར་བསྟན་བཅོས་འདི་ལས་གཞན་ན་མེད། །


མཚམས་འཛིན་འདོད་སེམས་འདོད་པའི་སས་བསྡུས་སུ། །
འགའ་ཞིག་འཆད་མོད་དག་པ་འཇིག་རྟེན་པའི། །
ཡེ་ཤེས་དེ་ལ་མིང་དུ་བཏགས་པར་བཞེད། །
དེ་ཉིད་ཐོད་རྒལ་ཡིན་ཡང་མཉམ་བཞག་མིན། །

ཆོས་མངོན་རལ་པ་ཚངས་པའི་གནས་ན་བརྗིད། །
ལུང་རིགས་སྦར་ཁྱིམ་རྒོལ་ངན་དུམ་བུར་བྱེད། །
ཕ་རོལ་ཕྱིན་པའི་གད་རྒྱངས་ཆེར་སྒྲོགས་པའི། །
འཇིགས་མེད་དཔའ་སྟེར་གཞུང་བཟང་འདི་གསུམ་ཟུངས། །

 གཞུང་ལུགས་མི་འདྲའི་ཆུ་བོ་འདུས་པ་ལས། །
བཞེད་པའི་རླབས་ཕྲེང་གྱ་གྱུར་གཡོ་མོད་ཀྱང་། །
ཟབ་ཡངས་མཁྱེན་པའི་ལྷུན་པོ་རབ་བརྟན་པའི། །
ཀུན་མཁྱེན་གང་དེར་དད་པ་ལྷག་པར་འཕེལ། །

ཚུལ་འདིར་འབད་ལས་ཐོབ་པའི་རྣམ་དཀར་གྱི། །
དགེ་ལེགས་གང་དེས་མཁའ་ཁྱབ་ལུས་ཅན་རྣམས། །
ལམ་བཟང་འདི་ཉིད་འདོམས་པའི་བཤེས་གཉེན་དང་། །
མྱུར་དུ་འཕྲད་ནས་ངེས་པར་འབྱུང་བར་ཤོག །
ཅེས་པ་འདི་འགྲེལ་པ་འགྲེལ་བཤད་གཞན་གྱི་ནང་ནས་ཅུང་ཟད་ཙམ་ཡང་རྙེད་དུ་མེད་པ། ཀུན་མཁྱེན་ཆེན་པོའི་སྦས་དོན་ཟབ་མོའི་གཏེར་གྱི་ཁ་འབྱེད་དང་ངག་དོན་རྩ་བའི་བཀྲལ་ཚུལ་ལས་གསུངས་པའི་ཐུན་མོང་མ་ཡིན་པའི་ལེགས་བཤད་ཁོ་ནར་འཁུམས་པ་ཆེ་ལོང་ཙམ་ཕྱོགས་གཅིག་ཏུ་སྡེབ་པ་དང་། སླར་ཡང་ཟུར་བཀོལ་གསུམ་གྱི་ཐུན་མོང་མ་ཡིན་པའི་ལེགས་བཤད་ཀྱི་བགོ་སྐལ་དུ་མ་བསྩལ་བ་ཅུང་ཟད་བློར་འཁྱུད་པ་དག་བརྗེད་པར་ཕངས་ནས་ཡི་གེའི་འདུ་བྱེད་དུ་བྲིས་པ་ལེགས་བཤད་རིན་ཆེན་སྤུངས་པ་ཞེས་བྱ་བ་ཚིགས་སུ་བཅད་པ་དཔེ་བྱད་བརྒྱད་ཅུའི་གྲངས་ལྡན་འདི་ནི་ཆོས་འདི་ལ་མོས་པའི་བློ་གསལ་རྒྱ་མཚོས་མཁས་གྲུབ་བྱེ་བའི་བསྟི་གནས་རྫོང་སར་ཁམས་བྱེར་སྦྱར་བའོ། །ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག །དགེའོ།། །།                        

                  རྩོམ་སྒྲིག་པ། འཕགས་མི།


           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


Signature is customized by Netease