ཡུམ་སྲས་བཅུ་བདུན་གྱི་དོན་དང་ཐ་སྙད་ཀྱི་སྐོར་ལ་དཔྱད་པ།

    རྩོམ་པ་པོ། ཀརྨ་ཤེས་རབ།


ཡུམ་སྲས་བཅུ་བདུན་གྱི་དོན་དང་ཐ་སྙད་ཀྱི་སྐོར་ལ་དཔྱད་པ།   
 
                              རྩོམ་པ་པོ།  ཀརྨ་ཤེས་རབ། 
ནང་དོན་གནད་བསྡུས། སྔོན་གྱི་ཡིག་ཆ་རྙིང་པ་པདྨ་བཀའ་ཐང་སོགས་ལས་ཤེར་ཕྱིན་གྱི་མདོ་ལ་ཡུམ་དང་སྲས་ཞེས་པའི་ཐ་སྙད་དང་དེ་ལ་གྲངས་བཅུ་བདུན་གྱི་རྣམ་བཞག་ཇི་ལྟར་བྱུང་ཚུལ་དང་། དུས་ཕྱིས་སུ་རྗེ་བདག་ཉིད་ཆེན་པོ་དང་ཀུན་མཁྱེན་གོ་རམས་པ་སོགས་ཀྱིས་ཡུམ་སྲས་བཅུ་བདུན་གྱི་གྲངས་དང་ཐ་སྙད་ཀྱི་སྐོར་ལ་དགག་པ་བསྟན་ཚུལ། ཁོ་བོས་ལུགས་སྔ་མ་དེ་ཉིད་འཐད་ཕྱོགས་སུ་བཟུང་ནས་ལུགས་ཕྱི་མས་བརྗོད་པའི་རྩོད་པ་དེ་དག་ལ་ལན་ཞིབ་ཏུ་བསྟན་ཡོད། 
 
 སྐབས་འདིར་ཡུམ་སྲས་བཅུ་བདུན་གྱི་དོན་དང་ཐ་སྙད་ཀྱི་སྐོར་ལ་ཅུང་ཙམ་དཔྱད་པ་ལ། དོན་བཞི་སྟེ། སྔོན་གྱི་ཡིག་ཆ་རྣམས་ལས་ཡུམ་སྲས་བཅུ་བདུན་གྱི་རྣམ་བཞག་བྱུང་ཚུལ། དེ་ལ་གཞན་གྱིས་དགག་པ་མཛད་ཚུལ། རང་ལུགས་འཐད་ལྡན་དུ་བསྒྲུབ་པ། དེ་ལ་རྩོད་པ་སྤོང་བའོ། ། དང་པོ་ནི། པདྨ་བཀའ་ཐང་དང་། དེའི་རྗེས་སུ་འབྲང་བའི་མཁས་པ་རྣམས་ཀྱིས་ཤེར་ཕྱིན་གྱི་མདོ་ལ་ཡུམ་སྲས་གཉིས་སུ་ཕྱེས་ནས་དེ་ལ་ཡང་དགོས་པའི་དབང་གིས་གྲངས་བཅུ་བདུན་གྱི་རྣམ་བཞག་མཛད་པ་ཙམ་ལས། ཤེར་ཕྱིན་མདོ་ལ་ཡུམ་སྲས་བཅུ་བདུན་དུ་གྲངས་ངེས་བསྒྲུབ་པའི་སྔོན་གྱི་ཡིག་ཆ་གསལ་པོ་མི་སྣང་ངོ་། །དེ་ཡང་ཨོ་རྒྱན་གྱི་གུ་རུ་པདྨ་འབྱུང་གནས་ཀྱི་རྣམ་ཐར་རྒྱས་པ་གསེར་གྱི་ཕྲེང་བ་ཐར་ལམ་གསལ་བྱེད་༡༠༣ལས། འཁོར་ལོ་བར་པ་མེ་ཕོ་འབྲུག་ནས་བཟུང་སྟེ། ཤིང་མོ་གླང་གི་བར་དུ། མ་ག་དྷའི་ཡུལ་དང་། རྒྱལ་པོའི་ཁབ་དང་། བྱ་རྒོད་ཕུང་པོའི་རི་རྣམས་སུ་བྱམས་པ་དང་སྤྱན་རས་གཟིགས་ལ་སོགས་པ་དང་། ལྷ་སྲིན་སྡེ་བརྒྱད་རྣམས་ལ་མཚན་ཉིད་མེད་པའི་ཆོས་འཁོར་ལོ་བཅུའི་བར་དུ་བསྐོར་ཏེ། ཉོན་མོངས་པ་ཞེ་སྡང་འདུལ་བའི་གཉེན་པོར་ངེས་དོན་གྱི་མདོ་རྒྱས་འབྲིང་རྣམ་གསུམ་སྟོང་ཕྲག་ཉི་ཤུ་རྩ་ལྔ་པ། ཁྲི་བརྒྱད་སྟོང་པ། ཤེས་རབ་ཁྲི་པ། བརྒྱད་སྟོང་པ། མདོ་སྡུད་པ། རབ་ཀྱི་རྩལ་གྱིས་ཞུས་པ། ལྔ་བརྒྱ་པ། རྡོ་རྗེ་གཅོད་པ། ཚུལ་བརྒྱ་ལྔ་བཅུ་པ། ལྔ་བཅུ་པ། ཀོའུ་ཤི་ཀ །སྒོ་ཉི་ཤུ་རྩ་ལྔ་པ། ཤེས་རབ་སྙིང་པོ། ཡི་གེ་ཉུང་ངུ་། ཡི་གེ་གཅིག་མ། བདུན་བརྒྱ་པ་སྟེ་ཡུམ་སྲས་བཅུ་བདུན་ནོ། །ཞེས་དང་། ཨོ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་རྣམ་ཐར་རྒྱས་པ་གསེར་གྱི་ཕྲེང་བ་ཐར་ལམ་གསལ་བྱེད་༣༢༨ལས། ལོ་པཎ་ཉི་ཤུས་བཀའ་འཁོར་ལོ་རིམ་པ་གསུམ་བསྒྱུར་བ་ལ། དང་པོ་དྲང་དོན་བསྟན་པའི་མདོ་བཅུ། བར་པ་ངེས་དོན་ཡུམ་སྲས་བཅུ་བདུན། ཐ་མ་ལ་ལངྐར་གཤེགས་པ། དགོངས་པ་ངེས་འགྲེལ། ལྷ་མོ་དཔལ་འཕྲེང་ལ་སོགས་པ་རྣམས་བསྒྱུར་རོ། །ཞེས་དང་། པདྨ་བཀའ་ཐང་ལས། ཕ་རོལ་ཕྱིན་པ་ཡུམ་སྲས་བཅུ་བདུན་དང་། །ཤེར་ཕྱིན་སྟོང་ཉིད་གཙོར་བཏོན་མདོ་མང་འགྱུར། །ཞེས་དང་། བཀའ་དང་བསྟན་བཅོས་བོད་དུ་ཇི་ལྟར་འགྱུར་བའི་རྣམ་གྲངས་ཞེས་བྱ་བ་༤༧༩ལས། གཉིས་པ་བཀའ་བར་བ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་བཀའ་ནི། ༡ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་བམ་པོ་སུམ་བརྒྱ་སྟེ། ཉང་ཁམས་པ་གོ་ཆ། བཻ་རོ་ཙ་ན། ལྕེ་ཁྱི་འབྲུག །ཞང་ཡེ་ཤེས་སྡེ་ལ་སོགས་པའི་འགྱུར་བྱང་དྲུག་ཡོད་པར་གྲག་གོ །ཞེས་པ་ནས། འདིའི་སྟེང་དུ་དཀོན་བརྩེགས་ཀྱི་འདུས་པ་བཞི་བཅུ་རྩ་དྲུག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདུན་བརྒྱ་པ་བསྣན་པས་སྲས་བཅུ་གཅིག་སྟེ་སྲས་ཡུམ་བཅུ་བདུན་ཞེས་གྲགས་སོ། །ཞེས་དང་། བསམ་ཡས་ཀྱི་དཀར་ཆག་ནང་དུ་གོང་གི་མདོ་དང་པོ་དྲུག་དེ་ལ་ཡུམ་དྲུག་ཅེས་བྲིས་པ་དང་། པུཎྜ་རི་ཀའི་དོ་ཤལ་༤༧༤ལས། འོན་ཀྱང་ཡུམ་སྲས་བཅུ་བདུན་ནི་བོད་དུ་ཐོག་མར་ཆོས་བསྒྱུར་དུས་ཀྱི་འགྱུར་ཟིན་གྱི་ཐ་སྙད་ལས། དེར་གྲངས་ངེས་མཛད་པ་མིན་པར་ངེས་ཏེ། པདྨ་བཀའ་ཐང་དུ། ཕ་རོལ་ཕྱིན་པ་ཡུམ་སྲས་བཅུ་བདུན་དང་། །ཤེར་ཕྱིན་སྟོང་ཉིད་གཙོར་བཏོན་མདོ་མང་འགྱུར། །ཞེས་གསུངས་སོ། །ཞེས་དང་། ཤེར་ཕྱིན་ཚིག་དོན་རྣམ་བཤད་མ་ཕམ་ཞལ་ལུང་༧ལས། ཚུལ་དེ་ལྟ་བུའི་སྒོ་ནས་ཆོས་ཕུན་སུམ་ཚོགས་པ་ཡུམ་སྲས་བཅུ་བདུན་ལ་སོགས་པ་ཤེར་ཕྱིན་དུ་གཏོགས་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་པ་སྟེ། ཞེས་པ་ལྟར་རོ། །
 
གཉིས་པ་དེ་ལ་གཞན་གྱིས་དགག་པ་ཇི་ལྟར་མཛད་ཚུལ་ནི། དེ་ཡང་རྗེ་བདག་ཉིད་ཆེན་པོས་ཆད་ལྷག་གི་སྐྱོན་གཉིས་ཀྱི་སྒོ་ནས་ཡུམ་སྲས་བཅུ་བདུན་གྱི་གྲངས་ངེས་བཀག་པ་སྟེ། ལེགས་བཤད་གསེར་ཕྲེང་༩ལས། འོ་ན་འདིའི་རྩ་བའི་མདོ་རྣམས་གང་ཞེ་ན། དེ་ལ་སྤྱིར་ཤེར་ཕྱིན་ལ་ཡུམ་དྲུག་སྲས་བཅུ་གཅིག་སྟེ། ཡུམ་སྲས་བཅུ་བདུན་ཞེས་སྔ་མ་རྣམ་ཀྱིས་བརྡ་བྱས་པ་ལ། ༡འབུམ། ༢ཉི་ཁྲི། ༣ཁྲི་བརྒྱད་སྟོང་པ། ༤ཤེས་རབ་ཁྲི་པ། ༥བརྒྱད་སྟོང་པ། ༦སྡུད་པ་རྣམས་ཡུམ་ཡིན་ཞིང་། ༡ཤེར་ཕྱིན་བདུན་བརྒྱ་པ། ༢ལྔ་བརྒྱ་པ། ༣སུམ་བརྒྱ་པ། ༤ཚུལ་བརྒྱ་ལྔ་བཅུ་པ། ༥ལྔ་བཅུ་པ། ༦སྒོ་ཉེར་ལྔ་པ། ༧རབ་རྩལ་རྣམ་གནོན་གྱིས་ཞུས་པ། ༨ཀཽ་ཤི་ཀ །༩ཡི་གེ་གཅིག་མ། ༡༠ཡི་གེ་ཉུང་ངུ་། ༡༡ཤེར་སྙིང་བཅུ་གཅིག་ནི་སྲས་སོ། །སྲས་ཡུམ་གྱི་ཁྱད་པར་ནི། བརྗོད་བྱ་མངོན་རྟོགས་བརྒྱད་དུ་མ་ཕྱེ་བར་དེའི་དོན་ཙམ་སྟོན་པ་དང་། ཕྱེ་ནས་སྟོན་པའོ་ཞེས་ཟེར་རོ། །དེ་ལ་ཁ་ཅིག་ཉི་མའི་སྙིང་པོ། ཟླ་བའི་སྙིང་པོ། ཀུན་ཏུ་བཟང་པོ། ལག་ན་རྡོ་རྗེ། རྡོ་རྗེ་རྒྱལ་མཚན་རྣམས་ཀྱང་ཤེར་ཕྱིན་ཡིན་པས་སྲས་ཡུམ་གྱི་དོན་དང་། གྲངས་ངེས་གཉིས་ཀ་ནོར་ཞེས་སྨྲ་བ་ནི་ལེགས་པར་སྨྲས་པ་ཡིན་ལ། ཁྱད་པར་དུ་སྡུད་པ་ཁྲི་བརྒྱད་སྟོང་པ་དང་སོ་སོར་བགྲང་བ་ནི་གླེག་བམ་ཙམ་ཡང་མ་མཐོང་བར་སྟོན་པ་ཡིན་ཏེ། ཁྲི་བརྒྱད་སྟོང་པ་ལ་ལེའུ་གྱ་བདུན་ཡོད་པའི་གྱ་བཞི་པ་ནི་སྡུད་པ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ཁྲི་བརྒྱད་སྟོང་པ་འབྲིང་གི་འབྲིང་དུ་བྱས་ནས་སྡུད་པ་བསྡུས་པའི་བསྡུས་པར་བྱས་པ་ཡང་ནོར་རོ། །དེས་ན་རྒྱན་འདིས་བསྟན་པའི་མངོན་རྟོགས་ཀྱི་རིམ་པ་རྣམས་དང་སྦྱར་རུང་ཡོད་པའི་མདོ་རྣམས་ནི་འདིའི་རྩ་བའི་མདོ་ཡིན་ལ། ཞེས་པ་ལྟར་རོ། །
    ཀུན་མཁྱེན་གོ་རམས་པས་སྔར་གྱི་དེའི་སྟེང་དུ་ཐ་སྙད་མི་འཐད་པའི་སྐྱོན་གསལ་བར་བསྟན་པ་སྟེ། སྦས་དོན་ཟབ་མོ་༩ལས། འདི་ལ་གྲངས་ངེས་མི་འཐད་པ་དང་། ཐ་སྙད་མི་འཐད་པ་གཉིས་ལས། དང་པོ་ནི། མདོ་སྡུད་པ་ཁྲི་བརྒྱད་སྟོང་པའི་ལེའུ་གཅིག་ཡིན་པས་དེ་ལོགས་སུ་བགྲངས་ན་ལྷག་པར་འགྱུར་ཞིང་། ཟླ་བའི་སྙིང་པོས་ཞུས་པའི་མདོ་དང་། ཉི་མའི་སྙིང་པོས་ཞུས་པའི་མདོ་དང་། ཤེར་ཕྱིན་ལག་ན་རྡོ་རྗེ་རྣམས་མ་ཚང་བས་ཆད་པའི་སྐྱོན་ཡོད་དོ། །གཉིས་པ་ཐ་སྙད་མི་འཐད་པ་ནི། དངོས་བརྒྱད་དོན་བདུན་ཅུ་ཕྱེ་ནས་སྟོན་པ་ལ་ཡུམ་དང་། དེ་ལྟར་མི་སྟོན་པ་ལ་སྲས་ཀྱི་ཐ་སྙད་གང་ནས་ཀྱང་མ་གསུངས་པའི་ཕྱིར་རོ། །ཡང་ཁ་ཅིག་མངོན་པར་རྟོགས་པའི་རིམ་པ་སྟོན་པས་ན་ཡུམ་དང་། མངོན་རྟོགས་ཀྱི་རིམ་པ་མི་སྟོན་པར་ཡུལ་སྐྱེ་མེད་ཙམ་སྟོན་པས་སྲས་སུ་བཞག་པ་ཡིན་ནོ། །ཞེས་གསུངས་པ་ཡང་མི་འཐད་དེ། ཤེར་ཕྱིན་འབུམ་པ་ལ་སོགས་པས་དེ་གཉིས་ཀ་སྟོན་པས་ཡུམ་སྲས་གཉིས་ཀ་ཐལ་བའི་ཕྱིར་དང་། ཡུལ་སྐྱེ་མེད་དུ་སྟོན་པ་ནི་བདག་མེད་བརྗོད་བྱའི་གཙོ་བོར་བྱས་ནས་སྟོན་པས་ཡུམ་གྱི་ཐ་སྙད་འཐད་པའི་ཕྱིར་དང་། ཤེར་ཕྱིན་བདུན་བརྒྱ་པས་ཚོགས་སྦྱོར་གཉིས། འཕགས་པའི་ས་བཅུ་སྟེ། ས་བཅུ་གཉིས་ཀྱི་རྣམ་བཞག་དང་། རྡོ་རྗེ་གཅོད་པས་ནི་མོས་སྤྱོད་ཀྱི་ས་དང་། བྱང་སེམས་ཀྱི་ས་དང་། སངས་རྒྱས་ཀྱི་ས་སྟེ། ས་གསུམ་གྱི་རྣམ་བཞག་དང་། ཤེས་རབ་སྙིང་པོས་ནི་ལམ་ལྔའི་རྣམ་བཞག་བསྟན་པའི་ཕྱིར་རོ། །འོ་ན་བཤད་བྱའི་མདོ་གང་ཞེ་ན། ཤེར་ཕྱིན་མདོ་ཐམས་ཅད་ཀྱིས་འཕགས་བཞིའི་ཡུམ་དུ་གྱུར་པའི་བདག་མེད་རྟོགས་པའི་ཤེས་རབ་བརྗོད་བྱའི་གཙོ་བོར་སྟོན་པས་ཡུམ་གྱི་ཐ་སྙད་འཐད་པས་དེ་ཉིད་འདིར་བཤད་པར་བྱ་བའི་མདོ་ཡིན་ནོ། །ཞེས་པ་ལྟར་རོ། ། 
 
 གསུམ་པ་རང་ལུགས་འཐད་ལྡན་དུ་བསྒྲུབ་པ་ནི། པདྨ་བཀའ་ཐང་སོགས་ནས་འབྱུང་བ་ལྟར་སྤྱིར་ཤེར་ཕྱིན་གྱི་མདོ་ལ་ཡུམ་སྲས་གཉིས་སུ་ཕྱེ་ནས་དེ་ལ་ཡང་བློ་ངོར་བཟུང་བདེ་བའི་ཕྱིར་གྲངས་བཅུ་བདུན་གྱི་རྣམ་བཞག་མཛད་པ་ལ་དགོས་པ་ལས་སྐྱོན་གང་ཡང་མེད་པས། ཐ་སྙད་དེ་ཉིད་འཐད་ལྡན་དུ་འདོད་ཅིང་། དེ་ཡང་ཐོག་མར་ཐ་སྙད་འདོགས་པ་པོས་རྒྱལ་བའི་བཀའ་བར་པའི་ཆོས་ཚན་བཅུ་བདུན་ལ་ཡུམ་སྲས་བཅུ་བདུན་ཞེས་བཏགས་ནས་དུས་ཕྱིས་སུ་ཡང་ཐ་སྙད་དེ་མ་ཉམས་པར་བཀོལ་སྤྱོད་བྱས་པ་ཙམ་ལས། ཤེར་ཕྱིན་གྱི་མདོ་ལ་རྣམ་པ་བཅུ་བདུན་དུ་གྲངས་ངེས་བསྒྲུབ་ནས་ཐ་སྙད་དེ་བཏགས་པའི་ཤེས་བྱེད་ཅི་ཡང་མེད། དཔེར་ན་བྱམས་པ་དང་འབྲེལ་བའི་ཆོས་སྡེ་ཉི་ཤུ་ཞེས་པ་ལྟ་བུའོ། ། ཡུམ་སྲས་ཀྱི་དོན་ཡང་། ཨར་གྱི་ཤེར་འགྲེལ་ལས། དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཉིས་ཏེ། མངོན་པར་རྟོགས་པ་བརྒྱད་དུ་མ་ཕྱེ་བར་དེའི་དོན་ཙམ་སྟོན་པར་བྱེད་པ་དང་། མངོན་པར་རྟོགས་པ་བརྒྱད་དུ་ཕྱེ་ནས་སྟོན་པའོ། ། ཞེས་པ་ལྟར། དངོས་བརྒྱད་དོན་བདུན་ཅུ་སོ་སོར་ཕྱེ་ནས་སྟོན་པ་ལ་ཡུམ་དང་། དེ་ལྟར་མི་སྟོན་པར་དེ་དག་གི་དོན་ཙམ་བསྟན་པ་ལ་སྲས་ཞེས་ཐ་སྙད་བཏགས་པ་ཡིན། དེ་ཡང་དངོས་བརྒྱད་དོན་བདུན་ཅུ་སོ་སོར་ཕྱེ་ནས་སྟོན་པའི་ཡུམ་དང་པོ་དྲུག་ནི་གང་ལས་གྱེས་པའམ་འཕྲོས་པའི་གཞི་ལྟ་བུ་ཡིན་པས་ཡུམ་དང་། ལྷག་མ་བཅུ་གཅིག་ནི་དེ་ལས་འཕྲོས་པ་ཡན་ལག་ལྟ་བུ་ཡིན་པས་སྲས་ཞེས་བརྗོད་ན་དོན་དང་སྙད་གཉིས་ཀ་འཐད་དོ། །དེང་སང་འགའ་ཞིག་གིས། པུཎྜ་རི་ཀའི་དོ་ཤལ་༤༧༤ལས། འོན་ཀྱང་ཡུམ་སྲས་བཅུ་བདུན་ནི་བོད་དུ་ཐོག་མར་ཆོས་བསྒྱུར་དུས་ཀྱི་འགྱུར་ཟིན་གྱི་ཐ་སྙད་ལས། དེར་གྲངས་ངེས་མཛད་པ་མིན་པར་ངེས་ཏེ། པདྨ་བཀའ་ཐང་དུ། ཕ་རོལ་ཕྱིན་པ་ཡུམ་སྲས་བཅུ་བདུན་དང་། །ཤེར་ཕྱིན་སྟོང་ཉིད་གཙོར་བཏོན་མདོ་མང་འགྱུར། །ཞེས་གསུངས་སོ་ཞེས་པའི་གཞུང་འདི་དག་ལ་ཁུངས་བཅོལ་ནས། སྤྱིར་ཤེར་ཕྱིན་གྱི་མདོ་ལ་ཡུམ་སྲས་བཅུ་བདུན་གྱི་ཐ་སྙད་མི་མཛད་མོད། བསྟན་པ་སྔ་དར་གྱི་སྐབས་སུ། ཤེར་ཕྱིན་གྱི་མདོ་བོད་སྐད་དུ་བསྒྱུར་སྐབས། འགྱུར་སྔ་ཕྱིའི་དབང་དུ་བྱས་ནས་སྐབས་དེར་བོད་སྐད་དུ་འགྱུར་བའི་ཤེར་མདོ་བཅུ་བདུན་ལ་ཡུམ་སྲས་བཅུ་བདུན་ཞེས་ཐ་སྙད་སྦྱར་བ་ཡིན་ཞེས་སྨྲའོ། ། དེ་ཡང་མི་འཐད་དེ། གོང་དུ་ལུང་དྲངས་པ་ལྟར། ཨོ་རྒྱན་གྱི་གུ་རུ་པདྨ་འབྱུང་གནས་ཀྱི་རྣམ་ཐར་རྒྱས་པ་གསེར་གྱི་ཕྲེང་བ་ཐར་ལམ་གསལ་བྱེད་༡༠༣ལས། སྟོན་པའི་ཆོས་འཁོར་གསུམ་བསྐོར་ཚུལ་སྨོས་པའི་ཚེ། སྤྱིར་བཀའ་བར་པའི་ཆོས་འཁོར་ལ་ཡུམ་སྲས་བཅུ་བདུན་གྱི་ཐ་སྙད་སྦྱར་བའི་ཕྱིར་རོ། །
 
བཞི་པ་རྩོད་པ་སྤོང་བ་ལ། བཅོམ་ལྡན་རིག་རལ་དང་། རྗེ་བདག་ཉིད་ཆེན་པོ་ཀུན་མཁྱེན་གོ་རམས་པ་རྣམས་ཀྱིས་ཡུམ་སྲས་བཅུ་བདུན་དུ་འདོད་པ་ལ་དོན་དང་ཐ་སྙད་མི་འཐད་པའི་སྐྱོན་གཉིས་བརྗོད་ཅིང་། དང་པོ་ལ་ཆད་ལྷག་གི་སྐྱོན་གཉིས་བརྗོད་པ་ལས། དེ་དག་རིམ་བཞིན་སྤོང་ན། དང་པོ་ནི། གོང་དུ་བཤད་པ་ལྟར་གལ་ཏེ་སྔ་རབས་པ་འགའ་ཞིག་གིས་ཤེར་ཕྱིན་གྱི་མདོ་ལ་ཡུམ་སྲས་བཅུ་བདུན་དུ་གྲངས་ངེས་ཞེས་གསལ་པོར་བསྒྲུབ་ཡོད་ན་ལུགས་དེ་དག་ལ་དགག་པ་འདི་འཇུག་མོད། པདྨ་བཀའ་ཐང་དང་།  བུ་སྟོན་དཀར་ཆག་སོགས་ཀྱི་ནང་དུ་ཤེར་ཕྱིན་གྱི་མདོ་ལ་ཡུམ་དྲུག་དང་། སྲས་བཅུ་གཅིག་སྟེ་ཡུམ་སྲས་བཅུ་བདུན་ཞེས་སྨོས་པ་ཙམ་ལས་ཤེར་ཕྱིན་གྱི་མདོ་ཡིན་ན་དེ་བཅུ་བདུན་པོ་གང་རུང་ཡིན་པའི་ཁྱབ་ཅེས་གྲངས་ངེས་བསྒྲུབ་མེད་པས། དེ་དག་རྗེས་འབྲངས་དང་བཅས་པ་ལ་ཆད་པའི་སྐྱོན་འདི་འགྲོའོ་སྙམ་པའི་དོགས་པ་ཙམ་ཡང་མེད།   
གཉིས་པ་ལྷག་པའི་སྐྱོན་སྤོང་བ་ནི། མདོ་སྡུད་པ་འདི་ད་ལྟ་སྡེ་དགེའི་བཀའ་འགྱུར་དུ་ཁྲི་བརྒྱད་སྟོང་པའི་ལེའུ་གྱ་བཞི་པ་རུ་བཞག་ཡོད་མོད། གཞུང་རྩོམ་པོ་པོས་ཐོག་མར་རྩོམ་དུས་ཀྱི་གོ་རིམ་དང་། ཕྱིས་སུ་དེ་ཉིད་བསྡུ་བསྒྲིགས་རིམ་པ་བཞིན་དུ་བྱེད་པའི་སྐབས་ཀྱི་གོ་རིམ་དག་གཅིག་ཡིན་པའི་ངེས་པ་མེད་པས། དེ་ཙམ་གྱིས་མདོ་སྡུད་པ་ཁྲི་བརྒྱད་སྟོང་པའི་ནང་ཚན་ཡིན་པ་བསྒྲུབ་དཀའ་ཞིང་། གལ་ཏེ་དེ་གཉིས་མདོ་གཅིག་ཡིན་ན། སྟོན་པས་ཡུམ་དྲུག་ཀ་དུས་གཅིག་ཏུ་གསུངས་པར་ཐལ། དང་པོ་ལྔ་དུས་གཅིག་ཏུ་གསུངས་པ་གང་ཞིག། མདོ་སྡུད་པ་ཁྲི་བརྒྱད་སྟོང་པའི་ནང་ཚན་ཡིན་པའི་ཕྱིར། གལ་ཏེ་མདོ་སྡུད་པ་ཁྲི་བརྒྱད་སྟོང་པའི་ལེའུ་གཅིག་ཡིན་ན། དེས་ཁྲི་བརྒྱད་སྟོང་པའི་བརྗོད་བྱ་ཆ་ཤས་ཤིག་བསྟན་དགོས་མོད། འོན་ཀྱང་མདོ་སྡུད་པས་དངོས་བརྒྱད་དོན་བདུན་ཅུའི་རྣམ་བཞག་ཆ་ཚང་ཞིག་བསྟན་པས་དེ་ཉིད་ཁྲི་བརྒྱད་སྟོང་པའི་ལེའུ་གྱ་བཞི་པ་ཡིན་པའི་ཤེས་བྱེད་མེད་དོ། ། རྒྱ་གར་དུ་ཡང་དེ་གཉིས་མདོ་སོ་སོར་བཞེད་པ་ཡིན་ཏེ། འགྲེལ་བཤད་ཚིག་གསལ་༤༠༠ལས། མདོའི་དོན་སྟོན་པའི་སྐབས་སུ་དོན་གཅིག་སྟོན་པ་ལས། རྒྱས་པ་དང་། འབྲིང་དང་། མདོར་བསྡུས་པའི་གཞུང་རྣམ་པ་ལྔ་དང་། རབ་ཏུ་བསྡུས་པ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྡུད་པའི་ཚིགས་སུ་བཅད་པ་ཞེས་བྱ་བ་དང་བཅས་པ་ཞེས་སོགས་གསུངས་པའི་ཕྱིར་རོ། ། གཞན་ཡང་བུ་སྟོན་བསྟན་འགྱུར་དཀར་ཆག་ཏུ་ཁྲི་བརྒྱད་སྟོང་པ་ཡེ་ཤེས་སྡེའི་འགྱུར་དང་། སྡུད་པ་དཔལ་བརྩེགས་ཀྱི་འགྱུར་ཏེ་དེ་གཉིས་འགྱུར་ཡང་མི་འདྲ་བར་གསུངས་པས་མདོ་སོ་སོར་བགྲང་བ་ལ་འགལ་བ་གང་ཡང་མེད་དོ། །
གཉིས་པ་ཐ་སྙད་མི་འཐད་པའི་སྐྱོན་ནི་མེད་དེ། ཨར་ཊཱིཀ་དང་། པདྨ་བཀའ་ཐང་སོགས་ལས་ཡུམ་སྲས་ཀྱི་ཐ་སྙད་བྱུང་བ་གོང་དུ་དྲངས་པ་ལྟར་ཡིན་པས། དེ་ལྟ་བུའི་ཐ་སྙད་གང་དུ་ཡང་མ་གསུངས་པ་མ་གྲུབ་ལ། གལ་ཏེ་རྒྱ་གཞུང་ལས་མ་གསུངས་པས་མི་འཐད་དོ་སྙམ་ན། དེ་ལྟར་ན་བོད་ཀྱི་མཁས་པས་གསར་དུ་སྦྱར་བའི་དོན་བདུན་ཅུ་ཞེས་པ་དང་། བྱམས་པ་དང་འབྲེལ་བའི་ཆོས་སྡེ་ཉི་ཤུ་ཞེས་པ་ལྟ་བུའི་ཐ་སྙད་ཐམས་ཅད་མི་འཐད་པར་འགྱུར་བས་ཧ་ཅང་ཐལ་བའི་ཕྱིར་རོ། །
        ཞེས་པ་འདི་ནི་ཀརྨ་ཤེས་རབ་ཀྱིས་རྫོང་སར་ཁམས་བྱེ་ལྔ་རིག་ཐུབ་བསྟན་སློབ་གླིང་ནས་༢༠༢༢  ༡༠  ༢༤ཉིན་བྲིས་པ་དགེའོ། །
       
                        རྩོམ་སྒྲིག་པ། མྱི་གསར་བ།

           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


Signature is customized by Netease