འདུལ་བ་སྣང་གསལ་སྒྲོན་མེ་ཞེས་བྱ་བ།

    འཇམ་དབྱངས་རྡོ་རྗེ་འམ་ལྷག་མཐོང་གིས་བརྩམས།


འདུལ་བ་སྣང་གསལ་སྒྲོན་མེ་ཞེས་བྱ་བ།


              འཇམ་དབྱངས་རྡོ་རྗེ་འམ་ལྷག་མཐོང་གིས་བརྩམས།
ན་མོ་བུདྡྷ་ཡ།
མཁྱེན་རབ་ལྷ་ལམ་ཡངས་པོའི་ཁྱོན་ཀུན་ཤེས་བྱ་རིག་པའི་རིན་ཆེན་བྱེ་བའི་སྣང་བ་རྒྱས།།
བརྩེ་ཆེན་ཞི་བའི་ཆུ་ཤེལ་མདངས་འཛིན་བློ་གྲོས་ཀུ་མུད་འདབ་རྒྱབ་གྲོལ་བའི་པད་མའི་གཉེན།།
ཕྲིན་ལས་བྱེ་བའི་ཉིན་བྱེད་དབང་པོའི་ཟབ་གསལ་འོད་ཀྱིས་མུན་པའི་འཇིག་རྟེན་འཇོམས་མཛད་པ།།
ལེགས་བྱས་ཟླ་བའི་རྒྱ་མཚོའི་མར་གསར་ཆ་ཤས་རྫོགས་པའི་ལྷ་ཡི་ལྷ་བླ་མར་གྱུར་ལ་འདུད།།
 
ཆུ་སྐྱེས་གེ་སར་སྙིང་པོའི་དབུས་སུ་གཙུག་ན་ཟླ་བའི་དཀྱིལ་འཁོར་དུ།།
གཞོན་ནུའི་ཚུལ་འཆང་དེ་ཉིད་ལེགས་གཟིགས་རྣམ་རྟོག་དྲྭ་བའི་འཁྲི་ཤིང་བཅོམ།།
ཇི་སྙེད་དོན་ཀུན་ཇི་བཞིན་སྨྲ་ལ་གློག་ཕྲེང་བརྩེགས་པའི་འཛུམ་བག་ཅན།།
དུས་གསུམ་རྒྱལ་བའི་མཁྱེན་པའི་གཏེར་གྱུར་འཇམ་དཔལ་དཔའ་བོས་ཤིས་པར་སྩོལ།།
 
ཉེར་འཁོར་སྒྲ་གཅན་འཛིན་ནས་བརྒྱུད་པའི་ཆོས་འདུལ་གང་གཱའི་རླབས་ཕྲེང་གཡོ་ལྡན་རབ་དཀར་བ།།
ཡོན་ཤཱཀ་གདེང་ཅན་ཀླུ་ཡི་དབང་པོས་བསིལ་བའི་ཆར་གྱིས་གད་བདར་བྱས་པའི་རིན་ཆེན་ཏོག། 
སྨྲ་བའི་དཔལ་གྱུར་ལོ་པཎ་རྣམས་ཀྱིས་ལེགས་པར་སྒྱུར་བའི་གསེར་སྦྱང་བཙོ་མའི་རྒྱན་གྱུར་པ།།
དངོས་སུ་སྤེལ་དང་བརྒྱུད་ནས་བདམས་པའི་འཕགས་བོད་མཁས་གྲུབ་རྒྱུ་སྐར་བྱེ་བའི་ཚོགས་ལ་གུས།།
 
ཞེས་ཤིས་པར་བརྗོད་པའི་གུས་འདུད་དང་བཅས་གང་ཞིག་གླེང་བར་བྱ་བའི་དམ་ཆོས་འདུལ་བ་ལ་དྲུག་སྟེ། གུས་པར་བྱ་ཕྱིར་སྟོན་པའི་རྣམ་ཐར་བཤད། ཉན་ཐོས་སྡེ་པ་བཅོ་བརྒྱད་ཕྱེ་ནས་བཤད། བསླབ་གསུམ་འབྱུང་གནས་འཐོབ་བྱ་སོ་ཐར་བཤད། རབ་ཏུ་བྱུང་བའི་ཆ་ལུགས་མདོ་ཙམ་བཤད། སྒྲུབ་པའི་བསླབ་བྱ་གཞི་གསུམ་སྤང་བླང་བཤད། འདུལ་བའི་སྙིང་པོར་དྲིལ་ནས་མཇུག་སྡུད་བའོ།།དང་པོ་ནི། འོ་སྐོལ་གྱི་སྟོན་མཆོག་བུ་རམ་ཤིང་པ་དེ་ཉིད་གཟིགས་པ་ལྔས་གཟིགས་ཏེ་ས་ག་ཟླ་བའི་ཚེས་བཅོ་ལྔའི་ནམ་གྱི་གུང་ལ་དགའ་ལྡན་ལྷ་ཡུལ་ནས་འཕོས་ཤིང་། གླང་ཆེན་ཐལ་ཀར་མཆེ་བ་དྲུག་ལྡན། གསེར་གྱི་དྲྭ་བས་གདོང་གཡོགས་པའི་རྣམ་པས་ཡུམ་གྱི་ལྷུམས་སུ་ཞུགས་ནས། དབོའི་ཟླ་བའི་ཚེས་བཅུ། སྐར་མ་རྒྱལ་དང་གཟའ་ཕུར་འཛོམས་པའི་དུས་སུ། བར་སྣང་ནས་རིན་པོ་ཆེའི་ཆར་འབབ་པའི་ལྟས་དང་བཅས། ཡབ་རྒྱལ་པོ་ཟས་གཙང་མ་དང་། ཡུམ་སྒྱུ་འཕྲུལ་མ་གཉིས་ཀྱི་སྲས་སུ་པད་དཀར་གྱི་སྦུབས་ལྟར་གཙང་ཞིང་དྲི་མ་མེད་པར་ལུམ་བིའི་ཚལ་དུ་སྐུ་བལྟམས་སོ།།དེ་ནས་རིམ་བཞིན་ཤེས་རབ་གསལ་ཞིང་བློ་ཁོག་ཡངས་པ། སྙིང་ཁམས་ཆེ་ཞིང་ཞིབ་ཚགས་ལྡན་པ། རྒྱུ་བ་ལྷོད་ཅིང་གཞུང་རྒྱུད་དྲང་པ། གཏོང་ལ་དགའ་ཞིང་ཁེངས་དྲེགས་མེད་པ། བརྩེ་བའི་ངག་དང་། མཐུན་པའི་སྤྱོད་ལམ་གྱིས་སྤུད་པའི་གཞོན་ནུ་དེས། མི་ཆོས་རིག་པའི་གནས་མཐའ་དག་ལ་གསན་བསམ་དཔྱིས་ཕྱིན་པར་མཛད་ནས་ལེགས་པར་ཁོང་དུ་ཆུབ་ཅིང་། ས་སྤྱོད་མའི་ཚོགས་དང་ལྷན་ཅིག་ཏུ་དགུང་གྲངས་ཉེར་དགུའི་བར་ཁྱིམ་པའི་བྱང་སེམས་ཀྱི་སྤྱོད་པར་མཛད། དེ་ནས་རང་གཞན་སེམས་ཅན་ཀུན་སྐྱེ་རྒ་ན་འཆིའི་སྡུག་བསྔལ་གྱི་ཆུ་བོ་ཆེན་པོ་ལས་སྒྲོལ་བའི་འདུན་པ་མེ་ལྕེ་བཞིན་ལྷབ་ལྷུབ་ཏུ་མཆེད། ཉིན་མཚན་ལྟོས་མེད་དུ་ནམ་མཁའི་མཐའ་དང་།རྒྱ་མཚོའི་འཇིངས་ལས་ཀྱང་རྔམས་ཤིང་དཔངས་མཐོ་བའི་ཐུགས་བསྐྱེད་མཛད། ཉི་ཟླ་སྐར་མའི་འོད་ཀྱིས་མཚུངས་ཟླ་བྲལ་བའི་རེ་བའི་མདུན་པ་རྒྱང་དུ་བསྲིངས། ཞུམ་མེད་ཀྱི་ཆོད་སེམས་དང་། ཕྱིར་མི་ལྡོག་པའི་རྟག་བརྟན་གཡུང་དྲུང་གི་དམ་བཅའ་རུས་ལ་བརྐོས། མངའ་ཐང་ཆེ་བའི་རྒྱལ་པོའི་གོ་གནས་དང་། ཕོ་བྲང་ནང་གི་འདོད་པའི་ཡོན་ཏན། བརྩེ་བའི་མ་དང་བྱམས་པའི་ཡབ། སྙིང་ཉེ་བའི་བཙུན་མོ་དང་། ཤ་ཚ་བའི་བུ་ཕྲུག ཕྲག་ཏུ་བབས་པའི་རྒྱལ་སྲིད་འགན་འཁྲི་རྣམས་མཆིལ་མའི་ཐལ་བ་བཞིན་དོར་ནས། བྱ་རྒོད་པོ་ཚང་ནས་འཕུར་བ་བཞིན་ཆུ་བོ་ནཻ་རཉྫ་ནའི་འགྲམ་དུ་གཤེགས་སོ།།དེ་ནས་རིང་འཕུར་དང་ལྷག་སྤྱོད་སོགས་ཕྱི་རོལ་པའི་སྟོན་པ་དག་གི་ཞབས་དྲུང་དུ་ཉེ་བར་བཅར་ནས། བསམ་གཏན་དང་གཟུགས་མེད་ཀྱི་སྙོམས་འཇུག་ལ་མངའ་བརྙེས་ཀྱང་། ཟབ་གསལ་རྣོ་བའི་ཤེས་རབ་ཀྱི་སྤྱན་མ་ཐོབ་པས། བྱང་ཆུབ་སྙིང་པོར་གཤེགས་ནས་རྩྭ་ཟོར་བའི་གདན་ཐོག་ཏུ་མཉམ་པར་བཞག་ཅིང་། རང་རྟོན་དང་། སྙིང་རུས་དྲག་ཏུ་འབར་ནས་བླ་ན་མེད་པའི་བྱང་ཆུབ་མངོན་དུ་བྱེད་པར་དམ་བཅའ་བ་མཛད་དེ། ཇི་སྐད་དུ། སྟན་འདིར་བདག་གི་ལུས་ནི་བསྐམས་གྱུར་ཀྱང་།།རུས་པ་པགས་པ་ཤ་རྣམས་ཞིག་ཀྱང་རུང་།།བསྐལ་མང་རྙེད་དཀའི་བྱང་ཆུབ་མ་ཐོབ་བར།།སྟན་འདི་ལས་ནི་ལུས་སྐྱོད་མི་བྱའོ།།ཞེས་དཔའ་བོ་གཡུལ་དུ་ཆས་པ་བཞིན་བློ་ཐག་རྦད་ཆོད་ཀྱིས་ཉམས་ལེན་གྱི་གནད་མཐའ་དག་བདག་མེད་པའི་དོན་ལ་དྲིལ་ནས། རྩེ་གཅིག་ཏུ་བསྒོམས་པས་དགུང་ལོ་སོ་ལྔ་བཞེས་པའི་ཚེ། ས་ག་ཟླ་བའི་ཚེས་བཅོ་ལྔ་ཐོ་རངས་ཤར་མཐའི་སྐྱ་མདའ་ལང་པ་དང་ལྷན་དུ་མངོན་པར་རྫོགས་པར་སངས་རྒྱས་སོ།།གཉིས་པ་ནི།ཉན་ཐོས་སྡེ་པ་བཅོ་བརྒྱད་ཅེས་པ་ནི། སྟོན་པ་བདེ་གཤེགས་རྒྱ་གར་འཕགས་ཡུལ་དུ་བྱོན་པའི་ཚེ་གཞི་ཐམས་ཅད་ཡོད་པར་སྨྲ་བ་གཅིག་པུར་ཡིན་ཀྱང་། སྟོན་མཆོག་འགྲོ་བའི་སྒྲོན་མེ་གཟིམས་རྗེས་སུ་ཉན་ཐོས་པ་དེ་དག་གིས་ཁྱོའི་ཁ་དང་ངའི་སྣ་ཞེས་རྩོད་པའི་མཐར་ཁ་འཐོར་དུ་སོང་བའི་བསླབ་ཁྲིམས་མི་གཅིག་པའི་ཉན་ཐོས་ཚོ་ཁག་བཅོ་བརྒྱད་ལ་ཟེར་ཞིང་། དེ་དག་གིས་རིམ་བཞིན་རང་ཉིད་ཀྱི་བསྟན་པ་ནི་དཀར་པོ་ཡུག་གཅིག་དང་། གཞན་གྱི་བསྟན་པ་ནི་ཉེ་དགུའི་སྨག་རུམ་བཞིན་དུ་འདོད་པ་ན། སྔོན་སྐྱེ་དགུ་རྣམས་ཚེ་ལོ་ཉིས་ཁྲིའི་དུས་སུ་སངས་རྒྱས་འོད་སྲུངས་དང་མཉམ་དུ་རྒྱལ་གར་འཕགས་ཡུལ་དུ་བྱོན་པའི་རྒྱལ་པོ་ཀྲི་ཀྲི་ཟེར་བ་ཞིག་གིས་ཁྱད་མཚར་བའི་རྨི་ལམ་བཅོ་བརྒྱད་རྨིས་ཤིང་། དེ་དག་ལས་རྨི་ལམ་བཅུའི་གཏམ་རྒྱུད་དྲངས་ནས། སངས་རྒྱས་འོད་སྲུངས་ཀྱིས་ལུང་སྟོན་པའི་འགྲེལ་བཤད་འགའ་བསྐྱོན་རྗེས། སྡེ་བ་ཀུན་གྱིས་རང་རང་སོ་སོའི་བསྟན་པ་ལ་སྤྱོམས་པའི་ཚིག་གིས་བསྟོད་ཅིང་། ཕན་ཚུན་ཡང་འཐབ་ཀྲོལ་བཟོ་མ་དགོས་པ་རེ་ཞིག་ཞི་འཇགས་སུ་སོང་བ་ཡིན་ནོ་ཞེས་ཟེར་རོ།།གནས་སྐབས་རང་གི་སྤྱོད་ལམ་བདེ་ཆེད་ཕ་མགོ་བུ་གཡོག་གི་ངང་ཚུལ་འདི་ལ་སྙིང་པོ་ཆེར་མ་མཐོང་སྟེ། འདུལ་འཛིན་མཆོག་གཉིས་ཀྱི་ཡ་གྱལ་སློབ་དཔོན་ཤཱཀྱ་འོད་ཀྱི་ཐུགས་དགོངས་ལྟར་སྟོན་མཆོག་བདེ་བར་གཤེགས་པ་འཛུམ་པའི་མདངས་ཕྱུང་ནས་འཇིག་རྟེན་གྱི་ཁམས་འདིར་འཚོ་ཞིང་གཞེས་པའི་ཚེ། སྡེ་པ་གཞན་གསུམ་པོ་གོ་རིག་ཐོས་གསུམ་ཅི་ཡང་མེད་པས། དེ་ལ་ལོགས་སུ་བཅའ་བ་ཞིག་མ་མཛད་པར་གསལ་བའི་ཕྱིར། རིམ་གྱིས་དེ་དག་གྱེས་བྲལ་དུ་སོང་ཡང་། ཕྱིས་འབྱུང་གི་སྡེ་བ་དེ་དག་ལ་དགེ་སློང་རྣམ་དག་ནི་མེད་དེ། ཡོད་སྨྲའི་དགེ་སློང་ཞིག་སྡེ་བ་གཞན་གྱི་ཁ་སྐོང་གི་སློབ་དཔོན་མི་རུང་བའི་ཕྱིར་རོ།།གནད་འདིས་ལྷ་བཙུན་བྱང་ཆུབ་འོད་ཀྱིས་སྐུ་དྲིན་དང་། ནག་ཚོ་ཚུལ་ཁྲིམས་རྒྱལ་བ་བརྒྱུད་ནས། ཇོ་བོ་ཨ་ཏི་ཤ་བོད་ཡུལ་དུ་ཕེབས་བསུ་ཞུས་པའི་སྐབས། ཡུལ་འདིར་སངས་རྒྱས་ཀྱི་བསྟན་པ་ཆག་གྲུམ་ཤུགས་ཆེར་ཐེབས་ཡོད་པས། སྡོམ་རྒྱུན་གཙང་མ་ཞིག་ཅིས་ཀྱང་དགོས་གལ་ཆེ་ཡང་། ཇོ་བོས་མ་གནང་བའི་རྒྱུ་མཚན་ཕྱོགས་གཅིག་ནི་དཀར་འཇམ་ཡུག་གཅིག་གི་བོད་བརྒྱུད་ནང་བསྟན་ལ་སྡོམ་རྒྱུན་མི་འདྲ་བ་གཉིས་ཀྱིས་འདུལ་བའི་བསྟན་པ་དུམ་བུ་གཉིས་སུ་གཏོང་མ་འདོད་པས་ཡིན་ལ།  ཕྱོགས་གཅིག་ནི་ཕྱིས་འབྱུང་གི་སྡེ་བ་དག་གི་ཁྲོད་ན་སྡོམ་པ་རྣམ་དག་གཅིག་མེད་པའི་རྒྱུ་མཚན་གྱིས་ཡིན་ནམ་སྙམ་པའི་ཐེ་ཚོམ་འགའ་རེ་སྙིང་གློ་བའི་བར་ནས་སྐྱེ་ཡོང་བ་འདུག་གོ །རྒྱལ་པོ་ཀྲི་ཀྲི་ནི་དོན་འགྲུབ་རྒྱ་གར་དུ་བྱོན་པའི་ཚེ་ཤི་ནས་ལོ་ངོ་ཁྲི་ཕྲག་བརྒལ་ཟིན་པས། དེའི་རྨི་ལམ་གྱི་ངག་རྒྱུན་རིང་མོ་དེ་ས་རྡོ་རི་བྲག་ལ་བཏིམས་ཟིན་པ་ལས། རྒྱ་གར་རྒན་པོའི་ངག་ཐོག་ཏུ་མེད་ཤས་ཆེ་ཞིང་། སྐར་ཁུང་མ་ཆུང་། གླང་རྔ་མ་སྦོམ་པར་གླང་ཆེན་ཐར་ཟིན་ཀྱང་མཇུག་མ་ཐོག་པའི་རྨི་ལམ་ཞིག་རྨིས་ཀྱང་མི་སྲིད་དེ། རྨི་ལམ་ལ་རྨི་ལམ་གྱི་གོ་རིམ་དང་། རྨི་ལམ་གྱི་འགྲོས་ཡོད་པའི་ཕྱིར་རོ།།དེང་སང་ཕལ་པའི་གཞུང་ལུགས་ཕྱོགས་རེ་ལ་ཤི་འཇུ་རོ་འཐམ་མཛད་པ་དག་གིས། སྟོན་པ་བཅོམ་ལྡན་འདས་སྐུ་དངོས་ཀྱི་སྡེ་བ་བཞི་ཀ་ཡོད་པ་འདོད་ཀྱང་། དེ་ལྟ་ན་གནས་བརྟན་འོད་སྲུངས་དང་། ཉེ་བར་འཁོར་ཡོད་པར་སྨྲ་བའི་སྡེ་བ་མ་ཡིན་པར་འགྱུར་བ་དང་། དེ་དག་ཕན་ཚུན་རྩོད་པ་ཡང་ཆེར་འབྱུང་དོན་མེད་པས། ཅེ་རེ་ཧད་མ་འདུག་པར་མནོ་བསམ་ཐོངས་ཤིགས། དབྱིག་ཤེས་ཀྱིས་མཛད་པའི་ཐ་དད་བཀླག་པའི་འཁོར་ལོ་དང་། རྟོག་གེ་འབར་བ། དུལ་ལྷའི་འགྲེལ་བ། འདུལ་བ་འོད་ལྡན་རྣམས་ལས་རྩ་བའི་སྡེ་བ་བཞི་དང་། གྱེས་པ་བཅོ་བརྒྱད་པོ་ངོས་བཟུང་བ་ཙམ་ཡོད་ཀྱི་དེ་དག་ལ་འདུལ་བ་མི་འདྲ་བར་བཅོ་བརྒྱད་ཡོད་པ་མ་གསུང་ངོ་། །འོན་ཀྱང་ཇོ་བོ་ལྷ་གཅིག་གིས་མཛད་པ་གྲགས་པའི་སྡེ་པ་སོ་སོའི་སྣམ་སྦྱར་གྱི་མཚན་མ་བཤད་པའི་གཞུང་དང་། འཇམ་མགོན་ས་སྐྱ་པཎ་ཆེན་གྱིས་སྡོམ་གསུམ་རབ་དབྱེ་ལས་ཉན་ཐོས་སྡེ་པ་བཅོ་བརྒྱད་ལ་འདུལ་བ་མི་འདྲ་བཅོ་བརྒྱད་ཡོད་པ་གསུངས་ཤིང་། དེ་དག་གི་དོན་དགའ་གདོང་པ་ཆོས་རྒྱལ་དཔལ་བཟང་སོགས་སྡོམ་གསུམ་འགྲེལ་བྱེད་ཕལ་ཆེར་བས་འཕྱོན་མའི་ཕྲུ་གུ་བཞིན་ཕུགས་ག་གཏུག་མེད་ནས་ན་ལེནྡྲའི་མཁན་རབས་མཐའ་མ་ཁ་ཆེ་པཎ་ཆེན་གྱི་ངག་རྒྱུན་ཡིན་ཞེས་གསུངས་ཀྱང་། མ་ངེས་ཏེ་འཇམ་མགོན་བླ་མས་འདི་ཁ་ཆེ་མཁན་པོའི་ངག་རྒྱུན་ཡིན་ཞེས་མ་གསུང་པའི་ཕྱིར། འོན་ཀྱང་ས་སྐྱ་པཎ་ཆེན་གྱིས་ཁུངས་མེད་པའི་ཞལ་ཁྲིད་མཛད་མི་སྲིད་པས་དན་རྟགས་བག་རེ་ཙམ་ནི་ཡོད་པར་སེམས་སོ།།བུ་སྟོན་རིན་ཆེན་གྲུབ་དང་། སྟག་ཚང་ལྕེ་གཉིས་སྨྲ་བ་རྣམས་ཀྱིས་འདི་དག་གི་དོན་རྩི་ཟ་ཟ་དང་སྨན་འཐུང་མཛད་ཀྱིན་མེད་པས་ཨ་ན་ཨུ་ཚུགས་ཀྱིས་དམ་དུ་འཁྱུད་དགོས་པའི་ངེས་པར་ཡང་མེད་དོ།།རང་གིས་བསམ་པ་ནི་སངས་རྒྱས་ཤཱཀྱ་ཐུབ་པས་འདུལ་བ་མི་འདྲ་བཅོ་བརྒྱད་མ་གསུང་ཞིང་། ཕྱིས་ཉན་ཐོས་པ་འགའ་ཞིག་རྒྱལ་བའི་བཀའ་བསྡུ་ལ་ཡིད་མ་ཆེས་ཤིང་། བསྟན་པ་ཁྲག་བཞིན་དུ་དཀྲུག་པའི་གོམ་པ་སྤོས་ནས། ཐུན་མིན་གྱི་ཁྱད་ཆོས་མངོན་ཆེད་མཛད་བཞག་པ་སེམས་ཏེ། དཔེར་ན། མངོན་པ་སྡེ་བདུན་བཞིན་ནོ།།འཕགས་བོད་ཀྱི་མཁས་གྲུབ་གནམ་གྱིས་ས་བཀབ་པ་ལྟ་བུས། ཀུན་ཀྱང་སངས་རྒྱས་བསྟན་པ་བསྡུས་པ་དང་ཞེས་པ་འདིས་ཐུགས་ཡིད་ཚིམས་ནས་གཤེགས་ཟིན་པས། གཏིང་ཚུགས་པའི་ཡིད་ཆེས་ཤིག་རྙེད་པའི་རེ་བ་ཡོད་ཀྱང་མཐའ་ཆོད་པའི་རྒྱུ་མཚན་ཞིག་མཐོང་ཡུལ་ན་མི་འདུག་གོ།།གསུམ་པ་ལ།དགོངས་ཕྱོགས་མི་གཅིག་པའི་མདོ་བསྟན་བཅོས་ཀྱི་བྱུང་རིམ། སོར་སྡོམ་འཐོབ་པར་བྱེད་པའི་ཆོ་ག་རྣམ་དག་གི་བཤད་པ། བསྙེན་རྫོགས་ལེན་པའི་མ་མཐའི་རྒྱུ་ཚོགས་ཀྱི་ངོ་བོ། རིགས་བརྒྱད་སྡོམ་པའི་ངོ་བོ་དང་དངོས་བཏགས། སྡོམ་པ་གསུམ་གྱི་གོ་རིམ་དང་མཆོག་དམན། བཅད་རང་གི་ལྟུ་བ་དང་བསླབ་མཚམས། ལྟུང་འགལ་གྱི་ཉེས་དམིགས་འདག་པའི་ཚུལ་དང་བདུན་ལས། དང་པོ་ནི། སོ་སོར་ཐར་པའི་མདོ་དང་། འདུལ་ལུང་སྡེ་བཞི། འཕགས་ཡུལ་དུ་གྲགས་ཆེ་བའི་རྩ་བའི་ཚིག་འགྲེལ་གསུམ། བཤད་ལུང་གི་འགྲེལ་ཆེན་བཞི། མཐར་དཔྱད་པའི་འགྲེལ་བ་དགུ། མདོ་རྩའི་རྣམ་འགྲེལ་དྲུག་སོགས་བྱུང་ལ། དེ་དག་རིམ་བཞིན་རི་བོ་ཧི་མ་ལའི་བྱང་བརྒྱུད་དུ་སྤྱན་དྲངས་ཤིང་། བོད་བརྒྱུད་བསྟན་པའི་སྲོལ་འབྱེད་མཁན་ཆེན་ཞི་བ་འཚོས་སད་མི་བདུན་རབ་ཏུ་བྱུང་བ་ནས་བཟུང་། དེང་སང་གི་བར་དུ་འདུལ་བསྟན་གྱི་བསླབ་ཁྲིམས་དག་གི་གཞི་རྩའི་ཚད་ཤིང་ནི་དེ་དག་ལས་གཞན་མ་མཆིས་སོ།།དེ་དག་ཐམས་ཅད་མགྲིན་དབྱངས་གཅིག་ཏུ་ནི་མ་ངེས་ཏེ། སོར་མདོ་དང་། ལུང་སྡེ་བཞི་ནི། བྱེ་སྨྲ་དང་དམན་པའི་ལུགས་ཁོ་ནར་སྦྱོར་དགོས་པའི་ཤེས་བྱེད་ཏིལ་ཙམ་མ་མཆིས་ཤིང་། གཞུང་དེ་དག་ལས་ཁྱིམ་པས་ཁྱིམ་པ་ལ་སྡོམ་པ་འབོག་པ་དང་། ཉ་དང་གནམ་སྟོང་ཚེས་བརྒྱད་ལ་དུད་འགྲོ་ཀླུས་བསྙེན་གནས་ལེན་པའི་ཚུལ་གསལ་བར་གསུངས་པས་བསྲེས་ལྷད་མི་བྱའོ།།གཉིས་པ་ནི། ལུང་མ་མོ་དང་། མངོན་པ་མཛོད། མེ་ཕྲེང་དག་ལས་བསྙེན་པ་རྫོགས་ཚུལ་བཅུ་གསུངས་ཀྱི་དེ་དག་ལ་སྔོན་ཆོག་བཅུ་ཞེས་འདུལ་མདོ་གང་ལས་ཀྱང་མ་འབྱུང་ཞིང་། སྔོན་ཆོག་དང་ད་ཆོག་ཅེས་པའང་ཕལ་ཆེར་བསྟན་བཅོས་དག་ལས་འབྱུང་གིན་མདོ་རང་ལ་འཐུག་སྒོ་ཚང་བ་ཞིག་མེད་དོ།།འོན་ཀྱང་འདུལ་བ་མདོ་བརྩམས་པ་ནས་བཟུང་སྔོན་ཆོག་དང་ད་ཆོག་གི་བཤད་ཡམ་འཕྲོ་རིམ་བརྡོལ་ཞིང་། སློབ་དཔོན་ཆོས་བཤེས་དང་དྲི་མེད་བཤེས་གཉེན་ཀྱིས་ཆོ་གའི་རྣམ་འབྱེད་ཀྱང་བྱས་སོ།།སྤྱིར་ན་ཆོ་ག་ཞེས་བྱ་བ་ནི་འདུལ་བའི་སྡེ་སྣོད་ལས་གསུངས་པའི་རིགས་པའི་བྱ་བ་སྒྲུབ་པའི་ཐབས་ཁྱད་པ་ཅན་ལ་འཇོག་དགོས་ཏེ། དུལ་བ་ལྷའི་རྣམ་འབྱེད་འགྲེལ་བ་དང་། མཚོ་ཊིཀ་གཉིས་ཆར་ལས་འདི་བཞིན་གསུངས་པའི་ཕྱིར། མཚོ་སྣ་བ། སྐྱེད་ཚལ་མཁན་པོ། སེ་ར་རྗེ་བཙུན། སྒོ་མང་འཇམ་བཞད་སོགས་མཁས་པ་འགས་བསྙེན་རྫོགས་བཅུ་པོ་དེ་དག་སྔོན་ཆོག་ཡིན་མིན་གྱི་དཔྱད་པ་མཛད་ཀྱང་། འཇམ་མགོན་ས་སྐྱ་པཎ་ཆེན་དང་། ཤ་མི་བ། ཀུན་མཁྱེན་བླ་མ་གསུམ་གྱིས་འདི་དག་ལ་དངོས་བཏགས་མ་ཕྱེ་བར་སྔོན་ཆོག་བཅུ་ཞེས་གྲགས་ཚོད་སོར་བཞག་མཛད་པ་ཉིད་ལེགས་ཏེ། འདི་དག་ལ་སྔོན་ཆོག་ཅེས་པ་ནི་གྲགས་པས་ཡིན་གྱི་མདོ་ལས་མ་གསུང་པའི་ཕྱིར། གྲགས་པ་གྲགས་པའི་ཡུལ་དུ་མ་བཞག་ན་མཐའ་ཆོད་མི་སྲིད་དེ། ཕྱོགས་སྒྲ་བཞིན་ནོ།།འོ་ན་མདོ་རྩ་བ་ལས། རྣམ་པ་དེ་ལྟ་བུ་ནི་སྔོན་གྱི་ཆོ་གའོ་ཞེས་གསུངས་པ་མ་ཡིན་ནམ་ཞེ་ན། ལྟ་བུ་ཞེས་པའི་དོན་འགྲེལ་ཆེན་ལས་གསུངས་པ་ལྟར་མི་འཐད་དེ། དེ་ལྟ་ན་སྔོན་ཆོག་ཡོད་དོ་ཅོག་དེར་འདུས་པས་མཚུངས་གསལ་གྱི་སྒྲ་སྦྱོར་མ་ཤེས་པའི་སྐྱོན་ཡོད་པའི་ཕྱིར། དཔེར་ན། ཀ་བའི་མཚན་ཉིད་གདུང་འདེགས་དོན་བྱེད་ནུས་པ་བཞག་ནས། སླར་དེ་ལྟ་བུ་ནི་ཀ་བ་ཡིན་ནོ་ཞེས་སྨྲས་ན་སྒྲ་སྐྱོན་ཅན་ཡིན་པ་བཞིན། མདོ་རྩའི་དགོངས་པ་ནི་མང་པོ་ལས་ལོགས་སུ་ཕྱུང་བའི་དོན་ཡིན་ནོ།།ད་ཆོག་གི་བྱུང་རིམ་ལ་ཀུན་གཟིགས་རོང་སྟོན་ཆེན་པོ་དང་། མཚོ་སྣ་ཤེས་རབ་བཟང་པོ་གཉིས་དགོངས་ཕྱོགས་མི་འདྲ་བ་བྱུང་ཡང་། བུ་སྟོན་རིན་ཆེན་གྲུབ་ཀྱི་གླེང་འབུམ་ཆེན་མོ་དང་། རྒྱལ་དབང་དགེ་འདུན་གྲུབ་ཀྱི་གླེང་བུ་རིན་ཆེན་མཛོད་ལྟ་ན་སྟོན་པ་སངས་རྒྱས་ནས་ལོ་དྲུག་རྫོགས་ལ་ཉེ་བའི་ཚེ་བྱུང་བ་ཡིན་པ་འདྲའོ།།རབ་བྱུང་དང་བསྙེན་རྫོགས་རིམ་བཞིན་ནོན་པའི་སློབ་དཔོན་བཞི་དང་བཅས་ཤིང་། སྦྱོར་དངོས་འཇུག་གསུམ་ཆ་ཚང་བའི་སྟོན་པའི་གསུང་ནི་ད་ཆོག་གོ།།གསུམ་པ་ནི། སྡོམ་པ་ནོན་པའི་སློབ་དཔོན་གྱི་མཚན་ཉིད། བསྒྲུབ་བྱ་སློབ་མའི་ཁྱད་ཆོས། སོར་སྡོམ་ཐོབ་པའི་ཚད་དོ།།དང་པོ་ནི། ཕམ་ལྷག་གི་ཉེས་ལྟུང་མ་གོས་ཤིང་བསྙེན་པ་རྫོགས་ནས་ལོ་བཅུ་ལོན་པའི་གཞན་ལ་ཕན་པའི་དགེ་སློང་ངོ་།།བྱེ་བྲག་ཏུ་ལས་ཀྱི་སློབ་དཔོན་ནི། ཕམ་ལྷག་གི་ཉེས་ལྟུང་མ་གོས་ཤིང་གཙང་མཁས་གཞན་ལ་ཕན་པའི་སྡོམ་པ་བརྟན་པའི་དགེ་སློང་ངོ་།།གཞུང་ལས་ཕམ་ལྷག་གིས་ལྟུང་བས་གོས་པའི་དགེ་སློང་གིས་སྡོམ་པ་གནང་མི་ཆོག་པའི་བཅས་པ་ནན་པོར་མཛད་ཡོད་ཀྱང་། སྤང་ལྟུང་གི་ཉེས་པ་མ་དག་པར་སྡོམ་པ་འབོག་ཆོག་མིན་ཐེ་ཚོམ་ཞིག་འདུག་པས་བརྟག་པར་བྱའོ།།དེང་སང་ནི་ཁྲི་པ་དང་བླ་ཆེན་མིན་ན་སྡོམ་པ་གནང་བའི་སྲོལ་མི་འདུག་ཀྱང་། གལ་ཏེ་རང་ཉིད་ཀྱི་སྡོམ་པ་རྣམ་པར་དག སྡོམ་རྒྱུན་དྲི་མ་མེད། ཆོ་གའི་ལས་ལ་མཁས་ན་སྡོམ་པ་འབོག་ཆོག་ཆོག་ཡིན་པ་ལས་སུ་དང་གང་ལ་ཡང་བཀའ་འདྲི་ཞུ་མི་དགོས་ཤིང་། དཔང་ཡིག་ཀྱང་ལེན་མི་དགོས་སོ།།དེང་སང་རབ་བྱུང་གི་མཁན་པོ་འདི་དག་མཛད་འཕྲིན་ཆེ་བས་མིན་ན་སྔ་དྲོ་དུ་བ་བཞིན་གྱེན་དུ་འཕྱུར། ཉིན་ནུབ་ཆུ་བོ་བཞིན་ཐུར་དུ་བཞུད་ནས་སྟོང་ཟོག་འཚོ་སྐྱོང་བྱེད་པའི་འབྲོག་རྒན་ལས་ཀྱང་བྲེལ་ཆེ་བ་འདུག་པས། གཞི་ཚུལ་ཁྲིམས་རྣམ་དག་གཅིག་གནང་བའི་ཐུགས་ཁོམ་བརྒྱ་ལ་སྲིད་པ་ཙམ་ཡིན། དེ་དག་ཀྱང་གྲྭ་མང་འདུ་འཛོམ་ཤིག་མ་བྱུང་ན། ཉམ་ཆུང་གི་གྲྭ་པ་རེ་ཟུང་ལ་དམིགས་ནས་ཐུགས་བརྩེ་བ་ཆེན་པོས་སངས་རྒྱས་བསྟན་པའི་རྒྱལ་མཚན་འཛུགས་མཁན་ནི་སྲིད་མཐའ་བཀག་ཙམ་གྱི་ཚད་དུ་ལྷུང་ཡོད། སྡོམ་པ་འབོག་པའི་ཚེ་ཡང་། ལ་ལ་ནི་ཆོ་ག་ཞིག་ཁ་ཆུ་དང་ལྷན་དུ་ཏོན་ཤེས་པ་ཙམ་ལས་གཞན་ཅི་ཡང་མི་མཁྱེན་ཞིང་། ཤེས་འདོད་ཀྱང་མེད། ལ་ལ་ནི་དད་པ་དང་དག་སྣང་དབང་བཙན་ཞིང་། སྐྱབས་འགྲོ་དང་སྨོན་ལམ་སྙིམ་པའི་སོར་ཁར་ཡོད་ན། ཆོ་གའི་སྒྲིག་ལམ་དང་གོ་རིམ། གནང་བ་པོའི་ཁྱད་ཆོས་མཐའ་དག་དོང་དུ་སྐྲུགས་པ་ལ་འཇིགས་སྣང་སྤུ་ཙམ་ཡང་མེད། ལ་ལ་ནི་རྒྱུག་རྩལ་འགྲན་པ་ལྟར་ལུས་ངག་ཡིད་གསུམ་བྲེལ་ཆེ་བའི་དབང་གིས་སྡོམ་པ་གནང་ཟེར་ན་ཡང་རྟེན་འབྲེལ་ཙམ་ཞིག་སྒྲིག་པ་ལས། དོན་དུ་བསྒྲུབ་བྱ་ལ་གང་ཡང་གནང་མེད་ལ། ཅི་ཡང་ཐོབ་མེད། ལྷག་པར་དུ་དགེ་ཚུལ་ཆུང་ཆུང་དེ་དག་གིས་སྡོམ་པ་ཟེར་དུས་འབུད་དཀྲོལ་རྡུང་གསུམ་བྱེད་ཆོག་པ་དང་། དཀོར་རྫས་ལ་ལོངས་སྤྱོད་ཆོག་པའི་ཁ་ཡིག་ཙམ་ལས་གཞན་ཅི་ཡང་མཐོང་མེད་དོ།།ཐུགས་ལ་འཇགས་དགོས་པ་ཞིག་ལ་ཆེ་གེ་མོ་ཞིག་ལས་སྡོམ་པ་འབོག་ཆོག་པའི་གནང་བ་ཐོབ་ཙམ་དང་། རང་གིས་གནང་དྲན་པ་ཙམ་གྱིས་བྱ་བ་འདི་ལེགས་འགྲུབ་འབྱུང་གིན་མེད་ལ། དུས་འགྱུར་གྱི་བསྟན་པའི་སྲོག་ཤིང་། སྙན་པའི་གྲགས་དཀར་གྱིས་གླིང་བཞི་ཡོམ་ཡོམ་དུ་སྒུལ་བའི་གནས་བརྟན་འདུལ་བ་འཛིན་པ་ཆེན་པོ༧པད་མ་དམ་ཆོས་མཆོག་གིས་ཀྱང་སྡོམ་པ་འབོག་པའི་ཕྱག་ལས་གནང་མེད་པས། ལས་སླ་མོ་ཞིག་མིན་པ་སྤོབས་ཐུབ་བོ།།བསྟན་པའི་ཁུར་ཆེན་འདི་དག་ཨུ་ཚུགས་དང་ལྷག་བསམ་གྱི་ཤེད་ཤུགས་གཅིག་པུས་མཐའ་འཁྱོལ་བ་ཞིག་མིན་པས་བསམ་བློ་ནང་སྐོར་གྱིས་ཐུགས་བསམ་རེ་བཞེས་དགོས་སོ།།གནང་བ་པོའི་དགེ་སློང་གི་གྲངས་ལ། ལུང་ཞུ་བ་དང་། མེ་ཏོག་ཕྲེང་རྒྱུད་དང་། མདོ་རྩ་ལྟ་ན་དགེ་སློང་བཞི་ནི་མ་མཐའི་མཚམས་བཟུང་ངོ་།།འོ་ན་ལུང་མ་མོ་ལས་མཐའ་འཁོབ་ཏུ་ལྔ་གསུངས་པ་དང་འགལ་ལོ་ཞེ་ན། དེ་ནི་གསོ་བཞིའི་སྔོ་ཆོག་གི་དབང་དུ་བྱས་པས་སྐྱོན་མེད་དོ། །གཉིས་པ་ནི། བསམ་པའི་ཁྱད་པ་གནས་སྐབས་ལྔ་དང་བྲལ་བ་ཞིང་། ལོ་བཅོ་བརྒྱད་ལོན་པ། ཐེག་གསུམ་གང་རུང་གི་ཞི་བ་མྱང་འདས་ཀྱི་ཆེད་དུ་ཞེ་ནས་བསྙེན་རྫོགས་ཀྱི་སྡོམ་པ་ལེན་འདོད་ཅིང་། སྐྱེ་བའི་བར་ཆད་དང་བྲལ་བའི་རབ་བྱུང་ངོ་།།དེ་ལས་གཞན་དུ་ནོར་ལ་རྐམ་ནས་བཟའ་བཏུང་སྤྱོད་པ། ངལ་རྩོལ་དོར་ནས་ལྷོད་གེར་འདུག་པ། མི་ངོ་སྲུང་ཆེད་གཟན་ཤམ་གྱོན་པ། བསྙེན་བཀུར་འཐོབ་ཆེད་ཆོས་གོས་ནབ་པ། བུ་ལོན་སྤང་ཆེན་སྐྲ་ལོ་འབྲེག་པ། ཡུག་ས་ལུས་ནས་ག་འགྲོ་མེད་པ། མི་ཤ་ཐུག་ནས་བྲོས་བྱོལ་བྱས་པ། མདོར་ན་བསམ་བློ་མ་དག་པ་ཀུན་གྱིས་སྡོམ་པ་བླངས་ཀྱང་། བར་མའི་དགེ་བ་ཙམ་ལས་འཐོབ་བྱ་གཞན་ཅི་ཡང་མེད་པས། དགེ་འདུན་དང་ལྷན་གཅིག་ཏུ་ཆོས་དང་ཟང་ཟིང་ལ་ལོངས་སྤྱོད་པའི་དབང་ཆ་སྟོན་པ་བཅོམ་ལྡན་འདས་ཀྱིས་མ་གནང་ངོ་།།སྡོམ་པ་འབོག་པའི་ཚེ་གྲངས་དུ་ཞིག་བསྙེན་པ་རྫོགས་རུང་ཞེ་ན། མདོ་ལས། ཉེ་བར་འཁོར་གྱིས་བྲན་ཅན་དང་། སྐྱོང་བ་གཉིས་དུས་གཅིག་ལ་བསྙེན་པར་རྫོགས་པར་བྱ་བའི་ཕྱིར། སྟོན་པ་ལ་གཉིས་དུས་གཅིག་ཏུ་རྫོགས་པར་རུང་བ་ལགས་སམ་ཞེས་ཞུས་པས། གཉིས་སམ་གསུམ་པོ་དག་ཀྱང་རུང་ལ། བཞི་ནི་མི་རུང་སྟེ་ཚོགས་ཀྱིས་ཚོགས་ལ་ལས་མི་ཆགས་པའི་ཕྱིར་ཞེས་དང་། ས་སྐྱ་པཎ་ཆེན་གྱིས་བསྟན་བཅོས་ཆེན་མོ་སྡོམ་གསུམ་རབ་དབྱེ་ལས། དཔེར་ན་རབ་བྱུང་གང་ཟག་ནི།།གསུམ་ལས་མང་བ་འཇུག་མི་ནུས།།ཞེས་གཞུང་ལུགས་གསེར་ནག་གི་ཕོན་པོ་དེ་དག་ལས་མཚམས་ནང་གཅིག་ཏུ་བསྒྲུབ་བྱ་གསུམ་ལས་ལྷག་པར་བསྙེན་པར་རྫོགས་མི་རུང་བ་གསུངས་པ་ཉིད་གནད་ལ་ཁེལ་ཀྱང་། དགྲ་བཅོམ་ས་ག་ལྷ། ཀུན་གཟིགས་རོང་སྟོན་པ། ཀརྨ་མི་སྐྱོད་རྡོ་རྗེ་སོགས་མཁས་པ་རི་འདྲ་བ་དེ་དག་གིས་གང་ཟག་གཉིས་གཉིས་སྐུད་པ་དང་། རྩིག་པས་མཚམས་བཅད་ནས་བཞི་གསོལ་བཞིའི་ཆོ་ག་གཅིག་གིས་བསྙེན་པར་རྫོགས་རུང་བ་ཞལ་བཞེས་མཛད་དོ།།འོ་ན་མཁན་པོ་དང་བསྒྲུབ་བྱ་གཉིས་མཚམས་ནང་གཅིག་ཏུ་ཡོད་དགོས་སམ་མི་དགོས། དགོས་ན་མཚམས་བཅད་པའི་གཡས་གཡོན་གྱི་དགེ་སློང་བཞི་ཀར་མཚམས་གཅིག་ཏུ་འགྱུར་ཏེ། མཁན་པོ་དེ་གཉིས་ཀ་དང་མཚམས་གཅིག་ཡིན་པའི་ཕྱིར། མི་དགོས་ན་གྱང་དང་ར་བས་ཆོད་པ་ལ་ཡང་སྡོམ་པ་འབོག་རིགས་པར་འགྱུར་རོ།།འོ་ན་ལུང་ཞུ་བ་ལས། བཙུན་པ་ལས་བགྱིས་པ་ཕྱོགས་གཅིག་ཏུ་མཆིས་ལ། གནས་བཞིར་གང་ཟག་བཞི་བསྙེན་པར་རྫོགས་པར་བགྱིད་དུ་གནང་ངམ། གནང་སྟེ་ཞེས་པའི་དོན་ཇི་ལྟར་ཞེ་ན། དེ་ནི་སྔོན་ཆོག་གི་དབང་དུ་བྱས་པ་ཡིན་ཏེ། སྔོན་ཆོག་ལ་སྡེ་བཟང་དྲུག་ཅུ་སྐྱབས་འགྲོའི་ཚིག་གི་ལྷན་དུ་བསྙེན་པར་རྫོགས་པ་དང་། ཉ་པ་ལྔ་བརྒྱ་ཚུར་ཤོག་གིས་མཉམ་དུ་བསྙེན་པར་རྫོགས་པའི་ཕྱིར་རོ།།གསུམ་པ་ནི། མཁན་སློབ་ཕུན་སུམ་ཚོགས་ཤིང་། ཆོ་གའི་ལས་ཀྱི་མ་མཐའི་མཚམས་ལས་མ་རྒལ་བར་བསྒྲུབ་བྱ་རང་གིས་བརྗོད་པ་གསུམ་པའི་ཆ་མཐའ་མ་ལ་སྡོམ་པ་ཐོབ་བློ་སྐྱེས་པའོ།།རབ་བྱུང་གི་སྡོམ་པ་ཐོབ་པ་ནས་གཟོད་དགེ་འདུན་གྱི་ཆོས་དང་ཟང་ཟིང་ལ་ལོངས་སྤྱོད་པའི་དབང་ཐོབ་པ་ཡིན་པས། དགེ་བསྙེན་ཙམ་གྱིས་དཀོལ་ཟ་རྒྱུ་འཇོང་བྱེད་པའི་ལས་སུ་འཇུག་པར་མི་བྱའོ།།བཞི་པ་ནི། སོ་སོར་ཐར་པའི་སྡོམ་པ་ནི། འདོད་པའི་སས་བསྡུས་ཀྱི་ངེས་འབྱུང་གི་བསམ་པས་ཟིན་པའི་སྡོམ་པའི་ཚུལ་ཁྲིམས་སོ།།དེ་ལ་དབྱེ་ན། དགེ་སློང་ཕ་མ་གཉིས་སོགས་བརྒྱད་དོ།།འདི་ལ་མཚོ་སྣ་ཤེས་བཟང་གིས་རྣམ་འབྱེད་དང་། ལུང་གཞི་ལས་བྱུང་བའི་དགེ་སློང་འགའ་ཞིག་རབ་ཏུ་བྱུང་བའི་རྒྱུན་རིམ་ལ་བརྟགས་ནས། ངེས་འབྱུང་གི་བསམ་པས་རྩེས་མ་ཟིན་པའི་དགེ་སློང་གི་སྡོམ་པ་ཡོད་པ་འདོད་དོ།།ཀུན་མཁྱེན་བླ་མ་ཆེན་པོས་ཀྱང་དེ་ལྟར་དུ་བཞེད་ཀྱང་། སྒྲུབ་བྱེད་ནི་སྔ་མ་དང་ཅུང་མི་འདྲ་བ་སེམས་ཏེ། སོར་མདོ་དང་། ལུང་སྡེ་བཞི། ཐུན་མོང་གི་ལས་ཆོག་དག་ལས་བསྒྲུབ་བྱ་ལ་བར་ཆད་འདྲི་སྐབས་ངེས་འབྱུང་གི་བསམ་པ་མེད་པ་མིན་ནམ་ཞེས་སྐྱེ་བའི་བར་ཆད་དུ་བྱས་ནས་མ་དྲིས་པས། ངེས་འབྱུང་གི་བསམ་པ་དགོས་ངེས་མིན་པ་བཞེད་པ་འདྲའོ།།འོན་ཀྱང་ལོག་པར་འབའ་ཞིག་སྟེ། དང་པོ་ལ། འཆར་ཀ་དང་ཉེ་སྡེས་གཞན་གྱི་ངོར་མ་ཟློག་པ་སོགས་ནི་སྡོམ་པ་ལེན་སེམས་སྐྱེ་བའི་གྲོགས་ཙམ་ཡིན་གྱི་གནས་བརྟན་དགེ་སློང་གི་དྲུང་ནས་སྡོམ་པ་འབོག་དུས་ངེས་འབྱུང་གི་བསམ་པ་མེད་པར་གང་ལས་ཀྱང་མ་གསུང་པའི་ཕྱིར། ཁྱེད་ལྟར་ན་དགེ་འདུན་འཁོར་ལོའི་དབྱེན་བྱས་པའི་གཅེན་པོ་ལྷས་བྱིན་ལ་བསྙེན་རྫོགས་ཀྱི་སྡོམ་པ་མ་སྐྱེས་པར་འགྱུར་ཏེ། དེ་ནི་སངས་རྒྱས་ལ་དོ་བསྡོ་བའི་ཕྱིར་དུ་རབ་བྱུང་གི་སྡེར་ཞུགས་པས། སངས་རྒྱས་ལ་སྐྱབས་སུ་མ་སོང་བའི་ཕྱིར། ཁྱེད་ཀྱི་གསུང་འགའ་རེ་སྦོམ་དྲག་པས་རྟག་མཐར་མཆོང་། འགའ་རེ་ཞིབ་ཆེ་བས་གཞིགས་ཀྱང་མི་རྙེད་འདུག་པས་ལེགས་པར་སོམས་ནས་སྨྲོས་ཤིགས། གཉིས་པ་ལ། ངེས་དོན་གྱི་མདོ་བསྟན་བཅོས་གང་ལས་ཀྱང་ལེགས་སྨོན་དང་འཇིགས་སྐྱོབ་ཀྱི་སྡོམ་པ་ཞེས་པའི་ཐ་སྙད་མ་འབྱུང་ཞིང་། བར་ཆད་འདྲི་སྐབས་ངེས་འབྱུང་མེད་པ་མིན་ནམ་ཞེས་མ་དྲིས་ཙམ་གྱིས་དེ་ཡོད་མི་དགོས་པ་མི་འགྲུབ་སྟེ། གཞན་དུ་ན་བར་ཆད་འདྲི་སྐབས་ཁྱོད་ལ་ཕམ་འདྲའི་འཆབ་ལྟུང་བྱུང་བ་མ་ཡིན་ནམ་ཞེས་དྲིས་མེད་པས། ཕམ་འདྲའི་འཆབ་ལྟུང་བྱུང་ཡང་བསྙེན་པ་རྫོགས་རུང་བར་འགྱུར་རོ།།དངོས་སུ་ངེས་འབྱུང་མེད་པ་མིན་ནམ་ཞེས་དྲིས་མེད་ཀྱང་། རྐམ་ཤ་ཏམ་ལས། རྒྱལ་པོ་ལ་གནོད་པའི་ལས་བྱེད་པ་མ་ཡིན་ནམ། ཞེས་དྲིས་ཡོད་པས་དེ་བསམ་པ་རྣམ་པར་དག་དགོས་པའི་དཔང་རྒྱ་འོས་མི་འདུག་གམ། སོར་མདོ་དང་རྣམ་འབྱེད། མདོ་རྩ་དང་། འོད་ལྡན་རྩ་འགྲེལ་ཏེ་ངེས་དོན་གྱི་གསུང་རབ་ཀུན་མགྲིན་བསྒྲིགས་ནས་དགེ་སློང་གི་སྡོམ་པ་ལ་ངེས་འབྱུང་གི་བསམ་པ་རྣམ་དག་གཅིག་དགོས་པ་གསུངས་འདུག་པས། ཁྱེད་ཀྱིས་གསུངས་པའི་དགེ་སློང་གི་སྡོམ་པ་འདི་གཞུང་གང་ན་ཡོད་མཛུབ་མོས་སྟོན་དགོས་སོ།།སེང་དཀར་མོ་གྲོང་དུ་ཐེངས་ཤིག་ལྡོམ་པ་འདི་ཅི་ཞིག་གི་ཉམ་ཉེན་ཡིན་ནམ། སོར་སྡོམ་གྱི་ནང་ཚན་དང་། རྩ་ལྟུང་སོ་སོར་ནི་ལོ་ལྟར་དཔྱད་རྩོམ་ཐར་ཐོར་རེ་སློབ་གླིང་འདིའི་འདུལ་བ་མཐར་ཕྱིན་གྱི་སློབ་མ་རྣམ་པས་བྲིས་ཡོད་ཅིང་། གཞུང་ལ་ཡང་འཐུས་སྒོ་ཚང་བ་ཞིག་འདུག་པས་འདིར་འབྲི་བའི་ངལ་བར་དང་དུ་མ་བླངས་སོ།།སོར་ཐར་རིགས་བརྒྱད་ནི་མདོ་དང་མཛོད། ཀརྨ་ཤ་ཏཾ། རྒྱ་ཆེ་འགྲེལ་རྣམས་ལས་བྱུང་ཡང་། རིགས་བརྒྱད་ལ་དངོས་བཏགས་ཕྱེས་མི་འདུག་པས། ཇོ་བོ་རྗེས་གསར་དུ་སྣོན་པ་ཞིག་མིན་ནམ་སྙམ་མོ།།འཇམ་དབྱངས་ཀུན་དགའ་ཆོས་བཟང་གིས་ཀྱང་། སོར་སྡོམ་ལ་དངོས་བཏགས་ཕྱེས་ན་རིགས་བདུན་གྱི་བཤད་སྲོལ་ཡོད་པའི་ཤེས་བྱེད་དུ་ཇོ་བོའི་ལུང་ཡང་དྲངས་པའི་ཕྱིར། དེའི་རྗེས་སུ་བྱ་འདུལ་བརྩོན་འགྲུས་འབར་དང་། གསེར་མདོག་ཤཱཀ་མཆོག་པ་དག་གིས་བར་མའི་ཚུལ་ཁྲིམས་ཙམ་འདོད་ཀྱང་ལུང་ཁུངས་ཅི་ཡང་མ་མཐོང་ཞིང་། ཚད་ལྡན་གྱི་གཞུང་ཆེན་དག་ལས་རིགས་བརྒྱད་ཟེར་བའི་ཐ་སྙད་འདི་ལྷོད་པོར་བཞག་འདུག་པས་རྔོ་མི་ཐོགས་པའི་ལམ་དུ་དཀྱོག་པ་མི་བྱའོ།།ལྔ་པ་ནི། སྡོམ་པ་དེ་དག་གི་བསྲུང་བྱ་སྲུང་དཀའ་སླ་དང་གྲངས་མང་ཉུང་སོགས་ཀྱིས་ཕྱིར་ན་ཚིག་གསུམ་རིམ་གྱིས་བཀླག་དགོས་པ་གསུངས་སོ།།འདི་ལ་གསེར་མདོག་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས་དགེ་ཚུལ་ཡན་གྱིས་བསྙེན་གནས་ཀྱི་སྡོམ་པ་བླང་ན་དགེ་ཚུལ་སློང་གི་སྡོམ་པ་འཇིགས་པ་འདོད་ཅིང་། མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་དེ་ལ་སུན་འབྱིན་བརྗོད་ནས་རང་ཉིད་སྨན་བླའི་མདོ་ཆེན་ཞེས་བྱ་བའི་རྗེས་སུ་འབྲངས་ནས། དགེ་ཚུལ་སློང་གི་རྟེན་ལ་བསྙེན་གནས་ལེན་དུ་རུང་བ་གསུངས་སོ།།དང་པོའི་འདོད་པ་ལ་ཀླུ་སྒྲུབ་རྒྱ་མཚོས་དགག་པ་ངར་ཐག་ཆོད་པ་ཅིག་བཏང་ཡོད་པས་དེས་ཚིམ་པར་བྱ། མང་ཀླུའི་བཞེད་པ་ཡང་མི་འཐད་དེ། གཞན་དུ་ན་དགེ་སློང་གིས་དགེ་ཚུལ་དང་། དགེ་ཚུལ་གྱིས་དགེ་བསྙེན་ལེན་དུ་རུང་བར་འགྱུར་བའི་ཕྱིར་རོ།།འདི་དག་ལ་རྒྱུ་མ་ཕུ་འདེད་ཀྱིས་བརྩད་ན་བདར་ཤ་མ་ཆོད་པའི་རང་འཚང་དམར་རྗེན་དུ་ཤོམ་འདུག་གོ།།སྨན་བླའི་མདོ་ཆེན་ཞེས་བྱ་བ་དངོས་སུ་ཞལ་མཇལ་གྱི་སྐལ་བ་མ་བྱུང་ཡང་། དགོངས་པ་གཞན་ཞིག་ཡོད་པའམ་ལོག་པར་བཤད་པ་གང་རུང་ལས་མི་འདའ་འོ།།དྲུག་པ་ནི། བཅས་པ་སྤྱིའི་ངོ་བོ་ནི། སྟོན་པ་ཐུགས་རྗེ་ཅན་གྱིས་བསླབ་པའི་མཚམས་རྣམ་པར་བཞག་པའོ་ཞེས་སྡེ་སྣོད་འཛིན་པ་སྐྱེད་ཚལ་བ་ཀུན་དགའ་ཆོས་བཟང་གིས་གསུངས་པ་ལྟར་རོ།།འོན་ཀྱང་རོང་སྟོན་ཤེས་བྱ་ཀུན་རིག་དང་། མཚུངས་མེད་མི་སྐྱོད་རྡོ་རྗེས་གཙོས་པའི་གངས་ཁྲོད་ཀྱི་འདུལ་འཛིན་ཀུན་གྱིས་གནང་བའི་བསླབ་བྱ་དེ་ཉིད་བཅས་པ་ཁས་བླངས་པ་ནི། ཅུང་དོགས་མི་བདེ་བ་ཞིག་འདུག་སྟེ། གདུལ་བྱ་ཆེ་གེ་མོ་དེ་ལ་སྟོན་པས་རང་ཉིད་ལ་གནང་བ་ལྟར། ལས་དེ་ལ་མ་འཇུག་ན་གནང་བའི་བཅས་པ་ལས་འདས་པའི་ཕྱིར་ཉེས་ལྟུང་གི་དྲི་མས་གོས་པར་འགྱུར་རོ།།གཞན་དུ་ན་གནང་བའི་བསླབ་བྱ་ལས་འདའ་བའི་ཚུལ་གང་ཡིན་ཞེས་དྲིས་བྱུང་ན་ངག་མ་ལྐུག་པར་འདི་ཡིན་ཞེས་གདང་མཐོན་པོས་སྨྲ་རྒྱུ་ཡོད་དགོས་སོ།།གང་ལ་གནང་ཡོད་ན་དེའི་བསླབ་བྱ་ཡིན་གྱི་བཅས་པ་མིན། སུ་ལ་བཀག་ན་དེ་ལ་བཅས་པ་ཡིན་གྱི་གནང་བ་མིན་ནོ།།མཚན་ཉིད་དེ་ལྟ་ན་ལུས་ཀྱི་སྡོམ་པར་ལེགས་པ་སྟེ་ཞེས་སོགས་ཀྱི་གཞུང་དེས་བསླབ་པའི་མཚམས་རྣམ་པར་བཞག་པར་མི་འགྱུར་རམ་ཟེར་ན། དེས་ནི་ལུས་ངག་ཡིད་གསུམ་སྡོམ་ན་བཟང་པའི་ཚུལ་ཙམ་ཞིག་སྟོན་གྱི་ངེས་པར་དུ་དགག་སྒྲུབ་དགོས་པའི་བཀས་བཅད་པ་མིན་པས་སྐྱོན་མེད་དོ།།ཁ་ན་མ་ཐོ་བ་ཞེས་པའི་དོན་ནི། ལུས་ངག་ཡིད་གསུམ་གང་རུང་གི་སྤྱོད་པ་ཕྱིན་ཅི་ལོག་པའི་དོན་ནོ། །དེ་ལ་ལུས་ངག་ཡིད་གསུམ་གྱིས་དབྱེ་བས་གསུམ་ཡོད་དེ། ཀཱ་རི་ཀ་ལྔ་བཅུ་པ་དང་། དེའི་འགྲེལ་པ་ཀ་མ་ལ་ཤཱི་ལས་མཛད་པ་གཉིས་ཆར་ལས་ཁ་ན་མ་ཐོ་བ་གསུམ་ཡོད་པ་གསུངས་པའི་ཕྱིར། སྐྱེད་ཚལ་བ་ཀུན་དགའ་ཆོས་བཟང་གིས་ཁ་ན་མ་ཐོ་བ་ལ་གཟུགས་ཀྱིས་ཁྱབ་ཅེས་ཁུངས་ལུང་མེད་པའི་ངན་ཐག་བཅད་འདུག་པས་ཡིད་རྟོན་མི་བྱའོ།།ཁ་ན་མ་ཐོ་བ་ཀུན་བཅད་རང་གཉིས་སུ་འདུས་པ་ལས། དང་པོ་རང་བཞིན་གྱི་ཁ་ན་མ་ཐོ་བ་ནི། དངོས་པོའི་སྟོབས་ཀྱིས་མི་དགེ་བར་གྱུར་པའོ།།བཅད་པའི་ཁ་ན་མ་ཐོ་བ་ནི། བཅད་སྟོབས་ཀྱིས་ཉེས་པར་གྱུར་པའོ།།དོན་འདི་ལ་བསྟན་བཅོས་མཁན་པོ་དག་གིས་བཅས་རང་གི་ལྟུང་བའི་ཀུན་སློང་ལ་དགེ་བ་ཡོད་མེད་ཀྱི་དཔྱད་པ་མང་དུ་ཡོད་ཀྱང་། མདོར་ཧྲིལ་གྱིས་དྲིལ་ན་དགེ་སེམས་ཀྱིས་ཀུན་ནས་སློང་བའི་ལྟུང་བ་ཡོད་དེ། སྙིང་རྗེའི་དབང་གིས་སྲོག་གཅོད་པ་དང་། དད་པའི་དབང་གིས་རྩྭ་སྔོན་གཅོད་པའི་ལྟུང་བ་ཡོད་པའི་ཕྱིར་རོ།།དེ་ཙམ་གྱིས་དེའི་ཀུན་སློང་དུ་མ་འཇོག་ན། ཁོང་ཁྲོ་དང་སྡང་སེམས་ཀྱིས་གཞན་སྲོག་གཅོད་པའི་ཚེ། དེ་དེའི་ཀུན་སློང་དུ་འགྱུར་བའི་རྒྱུ་མཚན་བསྐལ་བར་བཙལ་ཀྱང་རྙེད་པར་མི་འགྱུར་རོ།།འོན་ཀྱང་དགེ་བ་ནི་མི་འགྱུར་ཏེ། གཞན་དུ་ན་སྟོན་པས་དགེ་བར་སྤྱོད་པ་བཀག་པས་ཆོས་སྤང་གི་ལས་བསགས་པར་འགྱུར་བའི་ཕྱིར་དང་། ཀུན་སློང་དངོས་ཀྱང་རྩྭ་བཏོག་འདོད་དང་། མི་གསོད་པའི་འདུན་པ་དེ་ཉིད་ཡིན་པས་སྐྱོན་མེད་དོ།།བདུན་པ་ནི། ཕམ་པ་འཆབ་བཅས་བྱུང་ན་དགེ་འདུན་གྱི་གནས་ནས་བསྐྲད། འཆབ་མེད་བྱུང་ན་བསླབ་བྱིན་གྱི་དགེ་སློང་དུ་བྱ་རུང་བ་ནི། དམན་པའི་སྡེ་སྣོད་ཀུན་གྱི་དགོངས་པའོ།།འོ་ན་འདི་ཕམ་པ་འཆབ་བཅས་དང་འཆབ་མེད་ཅེས་པའི་དོན་གང་ཞེ་ན། མདོ་ལས་དགེ་སློང་དགའ་བ་ཅན་གྱིས་བསླབ་པ་མ་ཕུལ་བར་ཡུན་རིང་དུ་འདོད་པ་སྤྱད་དེ་འགྱོད་ནས་སྒྲོགས་པ་ན། སྟོན་པ་དང་མཇལ་ནས་འཆབ་སེམས་མ་སྐྱེས་པ་འདི་ལྟ་བུ་ལ་ཕམ་པ་བྱུང་ན། ད་དུང་བསླབ་པ་ལ་སློབ་པའི་སྐལ་བ་དང་ལྡན་པས་སླར་ཡང་བསྙེན་རྫོགས་བྱ་ཞིང་། བསྙེན་པར་རྫོགས་པའི་དགའ་སྟོན་ཆེན་པོ་ཡང་བྱའོ་ཞེས་དང་། ལུང་མ་མོ་ལས། ཕམ་པ་བྱུང་ན་བསླབ་པ་བྱིན་པ་གང་ཞེ་ན། གལ་ཏེ་མི་ཚངས་པར་སྤྱོད་པ་བྱས་ནས་ཐ་ན་སེ་གོལ་གཏོགས་པ་ཙམ་ཡང་འཆབ་པའི་སེམས་མ་སྐྱེས་པའོ་ཞེས་གསུངས་པ་ལྟར། དགེ་སློང་དེས་རང་རྒྱུད་རྩ་ལྟུང་གིས་གོས་ནས་གཞན་གྱིས་ཤེས་ཡོད་མེད་སོགས་དོགས་པའི་ཚེ་རང་དོན་དུ་ཐེ་མི་ཚོམ་པར་གསང་སེམས་སྐད་ཅིག་ཙམ་དུ་སྐྱེས་ན་ཕམ་པ་འཆབ་བཅས་སུ་འགྱུར་རོ།།དེའི་ཚེ་གསང་སེམས་མ་སྐྱེས་པ་ནི་འཆབ་མེད་དོ།།རྒྱལ་དབང་ལྔ་པ་ཆེན་པོས་ལས་ཆོག་རྣམ་རྒྱལ་གསེར་མདོག་ལས། ཕམ་པ་འཆབ་མེད་ལ་གཞན་གྱི་མདུན་དུ་མཐོལ་བཤགས་ཀྱི་ཆེད་དུ་སྒྲོགས་དགོས་ཀྱི་གཞན་དུ་ན་རང་གི་དཔའ་ངར་ངོམ་ཆེད་གཞན་ལ་མི་བསད་པར་སྨྲ་བ་དང་། མི་ཆོས་བླ་མའི་རྫུན་སྨྲ་བའི་ཕམ་པ་ཀུན་འཆབ་ལྟུང་ཉིད་དུ་མི་འགྱུར་རོ་ཞེས་གསུངས་ཀྱང་། རྒྱུ་མཚན་མེད་པའི་ཅལ་ཅོལ་ནི་སུས་ཀྱང་སྨྲ་ཤེས་པས་ཡིད་ཆེས་སྐྱེ་དཀའ་སྟེ། གཞན་ལ་མི་བསད་པར་སྨྲ་བ་དང་། མི་ཆོས་བླ་མའི་རྫུན་དེ་གཞན་ལ་ཐོས་སྒྲོག་བྱས་པ་ཙམ་གྱིས་ཕམ་པ་འཆབ་མེད་དུ་མི་འགྱུར་ཏེ། དེ་ཙམ་གྱིས་ལུས་ངག་གི་ལས་དེ་རྩ་ལྟུང་དང་། སྡོམ་པ་ཕམ་བྱེད་ཡིན་པའི་ཆ་ནས་གཞན་ལ་གསང་སེམས་མེད་པ་མི་འགྲུབ་པའི་ཕྱིར། གནད་འདི་ཤེས་ན་ཁུངས་མེད་པའི་བཤད་ཡམ་དེ་དག་མི་དགོས་སོ།།འཆབ་བཅས་ཀྱི་ཕམ་པ་དེ་ཚེ་འདིར་དག་ཐབས་མེད་པ་དང་། འཆབ་མེད་ཀྱི་ཕམ་པ་དེ་ཆད་ལས་བྱིན་ནས་དག་པར་བྱ་རུང་བ་མདོའི་དགོངས་པ་ཡིན་ཀྱང་། རྗེ་བློ་བཟང་གྲགས་པས་ཚུལ་ཁྲིམས་ལེའུའི་ཊཱིཀ་ཆེན་དུ་སྨོན་སེམས་ཀྱིས་ཟིན་པའི་དགེ་སློང་གི་ཕམ་པ་འཆབ་བཅས་གསོ་རུང་བ་གསུངས་ཀྱང་། ད་ལྟའི་སོར་སྡོམ་ཀུན་བསྒྲུབ་བྱས་ལེན་པའི་ཚེ་ཉན་ཐོས་ལུས་ཀྱི་ཆོ་གས་ལེན་དགོས་པས། གསོ་རུང་མིན་ཡང་ཉན་ཐོས་ཀྱི་གཞུང་དང་བསྟུན་དགོས་པའི་ཕྱིར། གཞན་དུ་ན་དམན་ཆོག་ལས་བླངས་པའི་སོར་སྡོམ་གཏོང་མིན་ཡང་། དེའི་ལུགས་ཀྱི་གཏོང་བྱེད་ཀྱི་རྒྱུ་དང་ཕྲད་མིན་ལ་ལྟ་མི་རིགས་པར་འགྱུར་བས་སྡེ་སྣོད་འདྲེས་ཤོར་བའི་སྐྱོན་འབའ་ཞིག་གོ།།ལྟུང་བ་ཕྱིར་བཅོས་ཀྱི་ཆོ་གས་ལྟུང་བ་ཕྱིར་བཅོས་པ་དང་། གཉེན་པོ་སྟོབས་བཞིས་སྡིག་པ་བཤགས་པས་རྫས་གཅིག་པའི་སྡིག་ལྟུང་དེ་དག་འདག་པ་ཡིན་ནམ་ཞེ་ན། འདི་ལ་མཚོ་སྣ་ཤེས་བཟང་གིས་ལྕགས་གང་དང་དམར་འབར་བར་དཔེར་བརྗོད་ནས། སྡིག་པ་དང་རྫས་གཅིག་པའི་ལྟུང་བ་དག་པའི་ཚེ་སྡིག་པ་དེ་དག་ཀྱང་། སྡིག་པ་རྒྱུན་ཆགས་སུ་འབྱུང་བ་འདོད་དོ།།འོ་ན་བཅད་ལྡན་དགེ་སློང་གིས་དགྲ་བཅོམ་པ་གསོད་པའི་ལྟུང་བ་དེ་ཕྱིར་བཅོས་པའི་ཚེ། དེ་དང་རྫས་གཅིག་པའི་སྡིག་པ་དག་པའི་དོན་ནི། སྡིག་རྫས་སྐད་ཅིག་མ་དེ་འགག་པའི་དོན་ཡིན་ཟེར་ན། སྡིག་ལྟུང་གི་ཉེས་པ་བཤགས་པའི་སྔོན་དུ་ཡང་སྡིག་པ་དག་པར་འགྱུར་ཏེ། དེ་སྐད་ཅིག་གིས་འཇིགས་ནས་འགག་པའི་ཕྱིར། གལ་ཏེ་རྣམ་སྨིན་འབྱིན་མི་ནུས་པ་བཟོས་པ་ཡིན་ཞེ་ན། མཚམས་མེད་ལས་དེའི་རྣམ་སྨིན་ཚེ་འདིར་འདག་པར་འགྱུར་བས་མི་འཐད་དོ།།དེས་ན་རང་ཉིད་གཉེན་པོས་སུན་ཕྱུང་ནས་རྒྱུན་འཕྲོ་མཐུད་མི་ནུས་པར་འདོད་དགོས་སོ།།ལྕགས་གང་དམར་འབར་དང་ཡང་མི་མཚུངས་ཏེ། ལྕགས་གོང་དང་དམར་འབར་བ་ནི་གློ་བུར་བའི་རྫས་གཅིག་པ་ཡིན་ལ། འདི་ནི་ལས་དེ་གྲུབ་ཙམ་ནས་དེ་གཉིས་རྫས་གཅིག་པས་རང་བཞིན་གྱི་རྫས་གཅིག་པ་ཡིན་ཞིང་། རང་བཞིན་གྱིས་རྫས་གཅིག་པ་ལ་ལྕགས་གང་དང་དམར་འབར་བ་ལྟར་རྣམ་པར་འབྱེད་དུ་མེད་དེ། བུམ་པ་དང་དེའི་མི་རྟག་བཞིན་ནོ།།དེས་ན་ཀུན་གཟིགས་རོང་སྟོན་པས་ལྟུང་བ་བཤགས་པས་འདག་པའི་ཚེ་ལྟུང་བའི་རྣམ་སྨིན་འདག་དགོས་པ་ལྟ་བུར་གསུངས་པ་ཉིད་ལེགས་སོ།།གལ་ཏེ་མ་དག་ན་ལྟུང་བཤགས་དོན་མེད་དུ་འགྱུར་བའི་ཕྱིར་རོ།།བཞི་པ། རབ་ཏུ་བྱུང་བའི་ཆ་ལུགས་ནི་རབ་ཏུ་བྱུང་བའི་མཚོན་རྟགས་དང་། རབ་ཏུ་བྱུང་བ་དེ་དག་ཁྱིམ་པ་དང་མ་འདྲེས་བར་ཤེས་པའི་ཆེད་དུ་སྟོན་པ་བཅོམ་ལྡན་འདས་ཀྱིས་བཅས་པ་ཡིན་པས་སུས་གྱོན་ན་གྱོན་ཆོག་པའི་གོས་ཤིག་མིན་ལ། མཛའ་ཡང་མི་མཛའ་སྟེ་མི་སེར་དཀྱུས་མ་དག་གིས་དམག་གོས་དང་། སྨན་གོས་གྱོན་པ་བཞིན་ནོ།།དེ་ལ་སྣམ་སྦྱར་ནི་རྩ་བའི་རས་ཡུག་དང་སྣམ་ཕྲན་སོགས་ངེས་པར་དུ་དྲས་ནས་དྲུབ་དགོས་ཀྱང་། བླ་གོས་དང་མཐང་གོས་ལ་ནི་མ་ཡིན་ནོ།།འདི་གསུམ་ཀ་མདོག་ལ་རུང་བའི་ཚོན་གསུམ་པོ་གང་རུང་གི་རུང་བར་བྱེད་དགོས་ཤིང་། ལྷག་ཏུ་ན་ལེནྡྲའི་སློབ་དཔོན་དག་གིས་མཐང་གོས་དམར་པོས་ཚོན་སྒྱུར་བར་ཤས་ཆེ་སྟེ། ཁྲོ་ཕུ་ལོ་ཙྭ་བས་བོད་ཡུལ་དུ་གདན་དྲངས་པའི་ཁ་ཆེ་པཎ་ཆེན་གྱིས་མཐང་གོས་དམར་སྨུག་ཅིག་བནབས་ཡོད་པའི་ཕྱིར། འོ་ན་སྟོད་གཡོགས་དང་སྨན་གཡོགས་གཉིས་ཁ་དོག་གཅིག་པ་བྱ་རུང་ངམ་ཞེ་ན། གོས་ཀྱི་གཞི་ལས། དགེ་སློང་གིས་ཆོས་གོས་ཐམས་ཅད་སྔོ་བ་བཅང་བར་མི་བྱའོ་ཞེས་སོགས་སེར་པོ་དང་དམར་པོའི་བར་གསུངས་སོ།།དེའི་རྗེས་སུ་འབྲངས་ནས་འོད་ལྡན་རྩ་འགྲེལ་ལས་ཁ་དོག་མི་གཅིག་པ་གསུངས་པས། དེང་སང་རབ་བྱུང་བ་གསོ་སྦྱོང་ཚོགས་པ་བཞིན། དམར་ཤམ་དང་སེར་གོས་ལྟ་བུར་དགོས་པ་མངོན་ཡང་། ཆ་བ་ཆོས་སེང་གིས་མཛད་པའི་སུམ་བརྒྱ་པའི་འགྲེལ་བ་དང་། རབ་བྱུང་གི་ཆ་ལུགས་ལ་དཔྱད་པར་ཞིབ་མོར་མཛད་པའི་བུ་སྟོན་རིན་ཆེན་གྲུབ་ཀྱིས་འདིའི་སྐོར་གང་ཡང་མ་བྱུང་བ་འདུག་པས་ཅི་ཡིན་མ་ཤེས་སོ།།ཕྱིས་སུ་ས་སྐྱ་པཎ་ཆེན་གྱིས་བླ་གོས་དམར་པོ་ནབ་པའི་ངག་རྒྱུན་ཡོད་པ་དང་། ཁ་ཆེན་པཎ་ཆེན་གྱིས་མཐང་གོས་དམར་སྨུག་མནབས་ཡོད་པས། སྟོད་གོས་དང་སྨན་གོས་དམར་པོ་ཡུག་གཅིག་བྱེད་སྲོལ་སྐབས་དེ་ཆགས་ཡོད་པ་འདྲ། ནབ་པའི་ཚུལ་ནི་སྟོད་གཡོགས་ལ་སྐྱོན་གསུམ་དང་། སྨད་གཡོགས་ལ་སྐྱོན་བདུན་དང་བྲལ་བ། ཡོན་ཏན་ཟླུམ་པོར་བགོ་བའོ།།ཧ་ཅང་དཀྲིས་ཏེ་ནབ་པ་ཡང་ཟླུམ་པོ་མ་ཡིན་པ་ཤེས་པར་བྱ། གཞན་ནབ་ཚུལ་འདྲ་མིན་ག་འདྲའི་བྱུང་ཡང་ཉེས་པ་མེད་པ་ནི་མདོ་རང་གི་དགོངས་པ་ཡིན་ནོ།།དེང་སང་གི་ཁྲི་པ་འགའ་རེ་ནི། རང་ཉིད་སངས་རྒྱས་ཤཱཀྱ་ཐུབ་པའི་གོས་ཀྱི་ཁྲིམས་ལུགས་ཙམ་ལ་ཡང་དོགས་སྣང་མེད་པར་ཅི་དྲན་གང་འདོད་ཀྱིས་ལས་སུ་ཞུགས་ནས་འབྱོན་བཞིན་པ་འདི་དག་ནི། སྐྱ་གོས་ནབ་བཞག་ན་མཛའ་བ་སེམས་ཏེ། སྡོམ་པ་མེད་པའི་ཆ་ལུགས་དང་། ཆ་ལུགས་མེད་པའི་སྡོམ་པ་དག་སྟོན་པས་བཀག་པར་མཛད་པའི་ཕྱིར་རོ།།ལྷུང་བཟེད་ཅེས་པ་ནི། བསོད་སྙོམས་ཀྱིས་སློང་བའི་ཟས་འདིའི་ནང་དུ་ལྷུང་བ་བཟེད་པར་བྱེད་པས་ན་ལྷུང་བཟེད་ངོ་།།རྒྱུ་ནི་ལྕགས་དང་ས་ལས་བྱས་པའོ།།དབྱིབས་ནི་འདུལ་བ་རྣམ་འབྱེད་ལས། ལྷུང་བཟེད་གསལ་བ། མཛེས་པ། ཟླུམ་པ། ལོངས་སྤྱད་བཟོད་པ་ཡིན་ནོ་ཞེས་དང་། མདོ་རྩ་ལས་བྱང་ཆུབ་དང་པ་ཏ་ལའི་ལོ་མའམ་ལག་མཐིལ་གྱི་རྣམ་པ་ལྟ་བུའོ།།ཞེས་གསུངས་པས་དབྱིབས་ཟླུམ་པོ་བྱ་དགོས་པ་གསུངས་ཤིང་། དེ་ལ་སྒོ་ང་ཕྱེད་པ་ལྟ་བུ་དང་། སྤོ་ལོ་ཕྱེད་པ་ལྟ་བུ་ཟླུམ་པོ་གཉིས་ཡོད་དེ། བྱང་ཆུབ་ལོ་མའི་དབྱིབས་ཅན་དང་། རང་སོར་བཞག་པའི་ལག་མཐིལ་གྱི་དབྱིབས་ཅན་གཉིས་ཡོད་པ་གསུངས་པའི་ཕྱིར། བོད་དག་གི་ལྷུང་བཟེད་སྒོ་ངའི་དབྱིབས་ཅན་གྱི་ཁུངས་ཀྱང་། མདོ་རྩ་ལས་བྱང་ཆུབ་དང་པ་ཏ་ལའི་ལོ་མའམ་ཞེས་པའི་གཞུང་འདི་ལ་བཅོལ་ཡོད་པ་སེམས་སོ།།དེང་སང་གསེར་ཐང་ལྔ་རིག་ནང་བསྟན་སློབ་གླིང་གི་འདུལ་བའི་ཁྱུ་མཆོག་བླ་མ་རིག་དར་ཟེར་བ་ཞིག་གིས་རང་རྩོམ་པོད་དང་པོ།ལྡེབས་གྲངས་(༡༨༡) པའི་ནང་དུ་དབྱིབས་ཇི་ལྟར་བྱ་ཞེ་ན། བྱང་ཆུབ་དང་པ་ཏ་ལའི་ལོ་མ་ལྟར་གོར་མོར་བྱ་བའམ། ཟུར་བཞི་པ་ལག་མཐིལ་གྱི་རྣམ་ལྟ་བུའོ་ཞེས་བྲིས་སོ།།ཧ་ཅང་གོ་སླ་བའི་ཚིག་འདི་ལ་ཡི་མུག་པའི་འབྲི་ནོན་ཞིག་མཛད་འདུག་པས་རྣ་བ་བླག་ཏེ་གསན་པར་བྱ།དབྱིབས་གོར་མོར་ཟེར་བ་ནི་བཅོ་ལྔའི་བྱིས་པ་དང་བརྒྱད་ཅུའི་རྒན་པོའི་བར་གླེན་ལྐུག་མ་སོང་བའི་སྐྱེ་འགྲོ་ཀུན་གྱིས་ཟླ་བ་དང་ཉི་མའི་དབྱིབས་ལྟ་བུ་ལ་ཟེར་བ་ལགས། འཕགས་ཡུལ་གྱི་བྱང་ཆུབ་ལོ་མའི་དབྱིབས་ནི་སྒོ་ང་ཕྱེད་པ་ལྟ་བུ་ཞིག་འདུག་པས་བན་རྒན་ཁྱེད་སྤྱན་མ་བདེ་བས་བྱང་ཆུབ་ལོ་མ་གོར་གོར་ཞིག་སྣང་སོང་བ་ཡིན་ནམ། ཡང་ཁྱེད་ཀྱིས་ལྷུང་གཟེབ་ཀྱི་དབྱིབས་ཟུར་བཞི་པ་ཞེས་གསུངས་པ་ནི། སྡེ་དགེའི་བཀའ་འགྱུར》འདུལ་བ་ཅ། ལྡེབས་གྲངས༡༡༧རྒྱབ་ཕྲེང༤པའི་ནང་དུ་ཟླུམ་པ་ཞེས་གསུངས་འདུག་པས་འདིའི་རྣམ་གཅོད་དང་ཡོངས་གང་ཡིན་ཞེས་དྲིས་ན་སྙིང་རླུང་སྟོད་ལ་འཚང་བའི་ཉེན་ཁ་ཡོད་པས་དོགས་གཟོད་མཛོད། རྒྱ་གར་འཕགས་ཡུལ་དུ་ཡོད་སྨྲའི་སྡེ་པས་ལྷུང་བཟེད་ཀྱི་དབྱིབས་ཕྱི་མ་ལྟ་བུ་བཟོ་སྲོལ་ཡོད་པ་སེམས་ཏེ། ཁ་ཆེ་པཎ་ཆེན་བོད་ཡུལ་དུ་བྱོན་སྐབས་ལྷུང་བཟེད་སྤོ་ལོ་ཕྱེད་ལྟ་བུ་གནས་བརྟན་སྡེ་པའི་ལུགས་ཀྱི་ལྷུང་བཟེད་དང་འདྲ་བ་ཞིག་བསྣམས་ཡོད་པས་སོ། །ལྔ་པ་ལ་གསོ་སྦྱོང་ནི། དྲན་ཤེས་བཞིན་གྱིས་དགེ་བ་གསོ་བའི་ཆ་ནས་བཞག་པའི་བསླབ་པ་ཡོངས་སྦྱོང་གི་ཉམས་ལེན་ནོ།།འདི་ནི་ལྟུང་བ་ཕྱིར་བཅོས་དང་མཐའ་གཅིག་ཏུ་འགལ་བ་སྟེ། དེ་ནི་ཉེས་པ་ཕྱིར་བཅོས་པའི་ཆ་ནས་བཞག་པའི་ཕྱིར། དེ་ལ་ཞི་གནས་ཀྱི་གསོ་སྦྱོང་ནི། དམིགས་པ་ལ་རྩེ་གཅིག་ཏུ་གནས་པའི་ངང་ནས་འདུ་བྱེད་བརྒྱད་ཀྱིས་ཞི་གནས་དང་ལྷག་མཐོང་གི་བསླབ་པ་གཉིས་གསོ་ཞིང་དེའི་མི་མཐུན་ཕྱོགས་སྦྱོང་བའོ།།མཐུན་པའི་གསོ་སྦྱོང་ནི། ཚུལ་ཁྲིམས་ཀྱི་བསླབ་པ་གསོ་ཞིང་དེའི་མི་མཐུན་ཕྱོགས་སྦྱོང་བའོ།།དེ་ལ་གསོ་སྦྱོང་བཅུ་བཞི་པ་ནི། ཧོར་ཟླ་དང་པོ་ལྟ་བུ་ཟླ་བ་ཡའི་མར་ངོའི་ཉེ་དགུ་ལ་བྱ། དེ་ལས་གཞན་པའི་གསོ་སྦྱོང་ནི་བཅོ་ལྔ་པ་ཡིན་པས། ལོ་གཅིག་ལ་གསོ་སྦྱོང་བཅུ་བཞི་པ་དྲུག་དང་། བཅོ་ལྔ་པ་བཅོ་བརྒྱད་སྟེ་ཉེ་བཞི་ཡོད་དོ།།འདི་གསོ་སྦྱོང་བཅུ་བཞི་པ་ཞེས་པ་ནི། ཚེས་ཞགས་བཅོ་ལྔ་ཡོད་ཀྱང་ཉིན་ཞགས་ཉེ་དགུ་ལས་མ་སོང་བའི་དབང་དུ་བྱས་པའོ།།དབྱར་གནས་ནི། གྲོ་བཞིན་ཟླ་བའི་ཚེས་གཅིག་སྟེ་ཧོར་ཟླ་དྲུག་པའི་ཚེས་བཅུ་དྲུག་དང་། ཁྲུམས་ཟླའི་ཚེས་གཅིག་སྟེ་སྟོན་ཟླ་ར་བའི་ཚེས་བཅུ་དྲུག་གང་རུང་ལ་ཟླ་བ་གསུམ་གྱི་རིང་མཚམས་ལས་འདའ་སྟེ་སྐྱ་རེངས་མི་འཆར་བ་ཁས་ལེན་པའོ།།དེང་སང་འདུལ་བ་མི་ཤེས་པ་དག་གིས། དབྱར་གནས་པ་ནི་སྔོ་གསེབ་ཀྱི་འབུ་སྲིན་རྐྱང་པར་མི་གསོད་པའི་ཆེད་ལྟ་བུར་རློམ་བཞིན་འདུག་ཀྱང་། མདོ་ལས་སྲོག་གཅོད་སྤོང་བ་ལ་སོགས་པའི་དགོས་ཆེད་དགུ་གསུངས་པ་མ་མཐོང་བ་ཟད་དོ། །བོད་ཡུལ་ན་ཟླ་བ་ལྔ་པའི་ཚེས་བཅུ་དྲུག་ལ་དབྱར་སྔ་མ་དང་། དྲུག་པའི་ཚེས་བཅུ་དྲུག་ལ་དབྱར་ཕྱི་མའི་བསྙད་བཏགས་ནས་ཉིན་ཞག་ཞེ་ལྔ་ཙམ་ལ་དབྱར་ཚད་ལྡན་ཞིག་རློམ་ཞིང་། ཕྱག་ལེན་དེ་ལྟར་མཛད་པའི་དགོན་སྡེ་གྲངས་མི་ཉུང་བ་ཞིག་ཡོད་ཀྱང་། སྲོལ་འདི་སུས་བཏོད་པ་ཡིན་ན་དབྱར་དེ་ཁོང་རང་གིས་བཅད་པའི་དབྱར་གནས་ཡིན་གྱི་སྟོན་པ་ཤཱཀྱ་ཐུབ་པའི་དབྱར་གནས་ནི་མིན་པས་སྟོན་པ་དུས་གསུམ་མཁྱེན་པ་ལ་ཅོ་འདྲི་བ་ཡིན་ནོ།།གལ་ཏེ་འདུལ་བ་ཡུལ་དུས་དང་བསྟུན་པ་ཡིན་ནོ་ཞེ་ན། གནས་བརྟན་འོད་སྲུངས་ལྟ་བུས་འདུལ་བ་ཡུལ་དུས་དང་བསྟུན་མི་ཤེས་གསུངས་འདུག་པས་ཁྱེད་ཀྱི་སྙིང་ལ་ཅི་ཞིག་ཞུགས་པ་ཡིན་ནམ། དེས་ན་དེང་སང་གི་དབྱར་གནས་ལ་དགོས་པ་ཙམ་ནི་ཡོད་ཀྱི་དབྱར་རལ་བའི་འཇིགས་སྣང་དང་། དབྱར་གནས་པའི་ཕན་ཡོན་ནི་མེད་དོ།།དགག་དབྱེ་ལ་ལྟུང་བའི་དགག་དབྱེ་ནི། དབྱར་སྔ་མ་ཁས་བླངས་ན་དབྱུག་པའི་ཚེས་བཅོ་ལྔ་དང་།ཕྱི་མ་ཁས་བླངས་ན་སྨིན་དྲུག་གི་ཚེས་བཅོ་ལྔ་ལ་སྔར་དབྱར་གནས་པའི་སྐབས་ཀྱི་མཐོང་ཐོས་དོགས་གསུམ་གྱི་སྒོ་ནས་ལྟུང་བ་གླེང་བའི་སྐབས་དབྱེ་བའོ།།དེ་ལ་སྔར་དབྱར་མ་གནས་པ་ལ་དགག་དབྱེ་མེད་དེ། དེ་ལ་དགག་དབྱེའི་དོན་མེད་པའི་ཕྱིར། ལུང་གཏེར་དང་འགྲེལ་ཆུང་། སུམ་འགྲེལ་ལས་དབྱར་མ་གནས་པའི་དགེ་སློང་ལ་དགག་དབྱེ་ཡོད་པ་གསུངས་པ་དེ་ཅི་ཞེ་ན། དེ་ནི་རང་ཉིད་དགེ་སློང་གཞན་གྱི་དགག་དབྱེ་ལ་ཞུགས་ནས་ལྟུ་བ་ཕྱིར་བཅོས་པ་ཙམ་ལ་དགོངས་པའོ།།སློབ་དཔོན་ཤཱཀྱ་འོད་ཀྱིས་དགེ་ཚུལ་ལ་དགག་དབྱེ་ཡོད་པས་གསོ་སྦྱོང་ཡོད་ཅེས་པའང་གཞུང་གཞན་དང་མི་འགལ་བ་ཙམ་དུ་ཟད་དོ།།རྫས་ཀྱི་དགག་དབྱེ་ནི། དབྱར་གནང་གི་རྫས་བགོ་བཤའ་བྱེད་པ་བཀག་པ་དེ་དབྱེ་བར་བྱེད་པའོ།། དྲུག་པ་ནི། རབ་བྱུང་ངུར་སྨྲིག་རྒྱ་མཚོའི་དེད་དཔོན། བསླབ་ཁྲིམས་གསེར་རི་ཕྲེང་བའི་ཕྱི་མོ། ཆོས་འདུལ་བའི་གླེགས་བམ་ཆེན་མོ་ནི། རྒྱལ་མཆོག་དོན་ཀུན་གྲུབ་པས་གདུལ་བྱའི་ལྷན་སྐྱེས་ཀྱི་ཁམས་དབང་དང་། མོས་པ་ལ་བསྟུན་ནས་ལུས་ངག་གི་བྱ་སྤྱོད་ངན་པ་ཀུན་ཚར་གཅོད་ཅིང་། དད་པ་དང་ཡིད་ཆེས་ཀྱི་ཀློང་ཡངས་ན་སྙལ་རིན་ཡོད་པའི་སྟོན་པ་དང་བསྟན་པ་གཅིག་ཆོག་གི་འཚེ་མེད་ཞི་བའི་སྡེ་སྣོད་ཡིན་ལ། དེའི་བརྗོད་བྱར་གྱུར་པའི་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ནི། བློ་སྣ་ཆོས་སུ་དྲངས་བའི་འཕྲུལ་གྱི་ལྡེ་མིག་ཡིན་ཞིང་། དྲི་མེད་རྒྱལ་བའི་གསུང་རབ་ག་ལ་བ་དེའི་ཆོས་ཁྲིམས་དར་གྱི་མདུད་པ་ནི། རང་གཞན་གཉིས་དང་། སངས་རྒྱས་ཀྱི་བསྟན་པ་གསུམ་ལ་ཕན་བདེ་སྐྲུན་པ་དང་། གནོད་པ་སྲུང་བ་ཁོ་ནའི་ཆེད་དུ་མཛད་པ་ལགས་པས། དེ་ལས་གཞན་པའི་ཡག་ཡག་ལྟར་སྣང་བའི་བྱ་བ་ཀུན་ཆོས་འདུལ་བའི་སྲོག་རྩ་ལེན་པའི་གཤེད་མ་ཡིན་ནོ།།།།
 
སླར་སྨྲས་པ།
སྐྱེས་སྦྱངས་རིག་པའི་རྩལ་ཆེན་མ་རྫོགས་ཀྱང་།།
ཐ་ཤལ་བླུན་པོའི་ཁྲོད་དུ་མ་ལུས་པར།།
རང་བློ་ཤེས་བྱའི་གནས་ལ་ཕྱོགས་པ་འདི།།
ཡོངས་འཛིན་དགེ་བའི་བཤེས་ཀྱི་བཀའ་དྲིན་ལགས།།

རླབས་ཆེན་སྤྱོད་པའི་རྒྱུ་སྐར་ཕྲེང་བའི་དབུས།།
བློ་གྲོས་ཡིད་མཁའ་དངས་མོར་གསལ་བའི་རྒྱན།།
ཆོས་འདུལ་ཟླ་བ་ནོར་བུའི་བདུད་རྩིའི་བཅུད།།
ལེགས་པར་སྤྱོད་པའི་ལང་ཚོའི་དཔལ་ཐོབ་ཤོག།
 
སྐྱེ་བ་འདི་དང་སྐྱེ་བ་གཞན་ཞིག་ཏུ།།
ཕྲ་ཞིབ་ལེགས་བཤད་སྨྲ་ལ་དབང་འབྱོར་ཞིང་།།
མཁས་པ་འཇུག་པའི་རིག་པའི་གནས་རྣམས་ཀུན།།
རང་བློའི་གཙུག་གི་རྒྱན་དུ་འཐོབ་པར་ཤོག།
 
ཕྱོགས་ལྷུང་མིག་གིས་ཤིན་ཏུ་ཡིད་འཕྲོག་པའི།།
བདེན་པའི་ཞལ་བཟང་སྒྲིབ་ཅིང་མ་སླད་པར།།
དཔྱོད་ཤེས་ཉིན་མོར་བྱེད་འདིའི་སྣང་བ་ཡིས།།
ཐེ་ཚོམ་དྲྭ་བའི་སྨག་ལས་རྒྱལ་གྱུར་ཅིག།
 
ཐུབ་པ་ཆེན་པོའི་ཡང་དག་ཞི་བའི་ལམ།།
སྙིང་ལ་ངེས་ནས་ཚེ་རབས་ཀུན་དུ་ཡང་།།
ཆོས་མིན་ལོག་པའི་ཚང་ཚིང་ཀུན་བཅོམ་ནས།།
བདེ་དགའ་རྒྱ་མཚོའི་དཔལ་གྱིས་འཚོ་བར་ཤོག
 
བྱམས་བརྩེ་གཤིས་སུ་སྨིན་པའི་ལང་ཚོ་ལས།།
འགྱུར་མེད་མཛའ་བ་རྒྱས་པའི་དྲིན་ཆེན་མ།།
གཙོས་པའི་མཁའ་ཁྱབ་རིགས་དྲུག་སེམས་ཅན་ཀུན།།
རྣམ་མཁྱེན་རྒྱལ་བའི་གོ་འཕང་མྱུར་ཐོབ་ཤོག །
ཅེས་པ་འདི་ནི་རབ་བྱུང་བཅུ་བདུན་པའི་ཀུན་ལྡན་ལྕགས་བྱི་ལོར། མཁས་གྲུབ་བྱེ་བའི་འབྱུང་གནས་རྫོང་སར་ཁམས་བྱེ་ལྔ་རིག་ཐུབ་བསྟན་སློབ་གླིང་གི་འདུལ་བ་འཛིན་གྲྭ་གོང་མའི་སློབ་མ། སྒ་གླིང་བ་འཇམ་དབྱངས་རྡོ་རྗེ་འམ་དྲྭ་མིང་དུ་ལྷག་མཐོང་དུ་འབོད་པས་བགྲང་བྱ་ཕྱེད་དང་གཉིས་ཙམ་ལ་མཁས་བཙུན་གཉིས་ལྡན་གྱི་མཁན་པོ་འགུ་ཟི་མཁྱེན་རབ་བཟང་པོའི་དྲུང་དུ་ཉེ་བར་བཅར་ནས། ལོ་མཇུག་རྒྱུགས་རྩོམ་གྱི་དོད་དུ་མགོ་ཟླ་བའི་ཚེས༢༦ཉིན་རྫོགས་པར་སྦྱར་བའོ།།།དགེའོ།།དགེའོ།།དགེའོ།།

                        རྩོམ་སྒྲིག་པ། མྱི་གསར་བ།


           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


Signature is customized by Netease