ནང་པ་སངས་རྒྱས་པའི་ཆོས་ལུགས་དང་འཛམ་གླིང་ཧྲིལ་པོའི་ཆོས་ལུགས།

    གཙུག་ལག་རང་གྲོལ།


ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱིས་འཛམ་གླིང་ཧྲིལ་པོའི་ཆོས་ལུགས་དང་རིག་གནས་ལ་ཤུགས་རྐྱེན་ཇི་ལྟར་ཐེབས་པའི་ཚུལ་དང་དེ་དག་བར་གྱི་དཔྱད་བསྡུར།
 
 
​​​​​​​​​​​​​​​​​​​       ​​​​​​​​​​​གཙུག་ལག་རང་གྲོལ། སྡེ་དགེ།
 
བསྡུས་དོན།
ལོ་ངོ་ཉིས་སྟོང་ལྷག་གི་སྔོན་དུ་རྒྱ་གར་འཕགས་པའི་ཡུལ་ནས་དབུ་བརྙེས་པའི་ནང་པ་སངས་རྒྱས་པའི་ཆོས་ལུགས་འདིའི་ཡོན་ཏན་དེ་སྤྱི་ནས་བསམ་གྱིས་མི་ཁྱབ་པ་ཡིན་པར་རང་ཅག་ནང་པའི་རྗེས་འཇུག་པ་རྣམས་ཀྱིས་ཤེས་གསལ་ཡིན་མོད། ཡིན་ཡང་འདིར་མཚོན་བྱེད་ཙམ་གྱི་ཚུལ་དུ་མིའི་རིགས་ཀྱི་སྤྱིའི་ལོ་རྒྱུས་ཀྱི་ཁྲོད་དུ་འཛམ་གླིང་ཤར་ནུབ་གཉིས་ལ་དར་བའི་ཆོས་ལུགས་དང་མཚན་ཉིད་རིག་པའི་ལྟ་གྲུབ། ཁྲིམས་སྲིད་སོགས་ལ་ནང་པའི་ཤུགས་རྐྱེན་གང་དག་ཐེབས་ཡོད་པ་དང་། ཡང་ཕྱོགས་གཞན་ནས་ད་ལྟའི་དུས་སུ་འཛམ་གླིང་ཤར་ནུབ་གཉིས་ལ་ཡོངས་སུ་གྲགས་པའི་ཚན་རིག་དང་གཏན་ཚིག་རིག་པའི་བཤད་པ་རྣམས་དང་རང་ཅག་ནང་པའི་བཤད་པ་དག་གི་བར་ལ་འདྲ་བའི་ཆ་གང་དག་ཡོད་པའི་ཚུལ་སོགས་ལ་ཡང་ཅུང་ཟད་དཔྱད་བརྗོད་བྱས་ཏེ། དེང་སང་གི་ནང་པ་སངས་རྒྱས་པའི་ཞིབ་འཇུག་པ་དག་གི་དཔྱད་བརྗོད་འགའ་ཞིག་ལ་བརྟགས་ཤིང་དཔྱད་པའི་རྒོལ་བ་དང་། ནང་པའི་རྗེས་འཇུག་པ་མ་ཡིན་པ་དང་བློ་རྒྱ་ཆུང་དྲགས་པའི་དེང་སང་ནང་པའི་མཁས་པར་གྲགས་པ་རྣམས་ཀྱི་མདུན་དུ་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་གཟི་བརྗིད་ཅི་ནས་ཀྱང་རང་གིས་ཤེས་ཚོད་ལས་ངོམ་པར་འདོད་ནས་བྲིས་པ་འདི་ནི་དཔྱད་རྩོམ་འདིའི་དམིགས་ཡུལ་དང་བསྡུས་དོན་གཉིས་ཀ་ཡིན་ནོ། ། 
 
གནད་འགག་གི་ཚིག
ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་ཞིབ་འཇུག འཛམ་གླིང་རིག་གནས་ཀྱི་ཞིབ་འཇུག ཆོས་ལུགས་ཞིབ་འཇུག ཁྲིམས་སྲིད་ཞིབ་འཇུག མཚན་ཉིད་རིག་པའི་ཞིབ་འཇུག  ཚན་རིག་ཞིབ་འཇུག གཏན་ཚིགས་རིག་པའི་ཞིབ་འཇུག
 
དངོས་གཞི།
དངོས་གཞིའི་དཔྱད་བརྗོད་འདི་ཚན་པ་བཞིའི་སྒོ་ནས་བཤད་པ་ལ། རིམ་པ་བཞིན།
༡ མཚམས་སྦྱར་བའི་ཚུལ་གྱིས་འཛམ་གླིང་ཆོས་ལུགས་ཡོངས་ཀྱི་རྩེ་རུ་ཕྱིན་པའི་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་ངོ་བོ་དྲི་མ་མེད་པ་ལ་གཙང་བཤེར་དང་དེས་ཆོས་ལུགས་གཞན་རྣམས་ལ་ཤུགས་རྐྱེན་ཐེབས་པའི་ཚུལ།
༢ ཀེ་རི་སི་དང་ཡོ་རོབ་གླིང་གི་མཚན་ཉིད་རིག་པའི་ལྟ་གྲུབ་རྣམས་ལ་ནང་པ་སངས་རྒྱས་པའི་ཤུགས་རྐྱེན་གང་དག་ཐེབས་ཡོད་པ་དང་“ཀེ་རི་སི་རང་བཞིན་གྱི་སངས་རྒྱས་ཆོས་ལུགས”ཞེས་པའི་དཔྱད་བརྗོད་ལ་རྒོལ་བ།
༣ འཛམ་གླིང་གི་ཁྲིམས་ལུགས་རིག་པ་ཕལ་ཆེར་ཆོས་ལུགས་ཤིག་གཞི་རྩ་བྱས་ནས་མི་འབྱུང་ཐབས་མེད་ཡིན་པས་ནང་པའི་ཆོས་ལུགས་དེ་འཛམ་གླིང་ཤར་ནུབ་རྒྱལ་ཁབ་རྣམས་ཀྱི་ཁྲིམས་ལུགས་རིག་པའི་རྒྱབ་ལྗོངས་སུ་སོང་ཚུལ།
༤ དེང་སང་འཛམ་གླིང་ཤར་ནུབ་ལ་གྲགས་ཆེ་ཤོས་ཀྱི་ཚན་རིག་པའི་རྙེད་པ་དང་གཏན་ཚིགས་རིག་པའི་བཤད་པ་དེ་དག་དང་ནང་པ་སངས་རྒྱས་པའི་གཞུང་ལུགས་ཀྱི་བཤད་པའི་བར་འདྲ་བའི་ཆ་གང་དག་ཡོད་པའི་དཔྱད་བསྡུར་བྱའོ། །
 
དེ་ལ་དང་པོ་ནི།
​སྤྱིར་ན་དེང་སང་ཚུར་མཐོང་སོ་སོ་སྐྱེ་བོའི་སྣང་ངོ་རུ་རང་ཅག་གང་དུ་གནས་པའི་འཇིག་རྟེན་གྱི་ཁམས་དང་མིའི་རིགས་ཀྱི་བརྒྱུད་རིམ་ནི་《དུས་ཀྱི་བྱུང་རིམ་མདོར་བསྡུས》་ཀྱི་པར་རིས་ཤིག་ལས་གསལ་བཤད་བྱུང་བ་ལྟར། འཇིག་རྟེན་འདི་གྲུབ་ནས་ད་ལྟའི་བར་གྱི་དུས་དེ་རང་ཅག་གི་ལོ་གཅིག་ལ་དཔེར་བྱས་ན། ཉི་མའི་ཁྱིམ་རྒྱུད་དང་སའི་གོ་ལ་ནི་ཟླ་བ་བརྒྱད་པ་དང་དགུ་པ་ལ་ཆགས་ཤིང་། སྲོག་ཆགས་ཀྱི་ཐོག་མ་ནི་ཟླ་བ་དགུ་པའི་ནང་ནས་བྱུང་། མཇུག་གི་ཟླ་བ་བཅུ་གཉིས་པའི་ཉིན་ཐ་མའི་ནང་དུ་མིའི་རིགས་ཞེས་པ་འདི་བྱུང་བ་དང་། ཉིན་དེ་མཇུག་རྫོགས་ལ་ཉེ་བའི་སྐར་མ་ཐ་མའི་ནང་གི་སྐར་ཆ་ཉི་ཤུ་པ་ལ་ཞིང་ལས་གསར་བརྗེ་དང་ཆོས་ལུགས་དབུ་ཚུགས། སྐར་ཆ་བཞི་བཅུ་པ་ལ་ཡི་གེ་བྱུང་། སྐར་ཆ་ཐ་མའི་ནང་དུ་སྟོན་པ་ཐུགས་རྗེ་ཅན་སྐུ་བལྟམས་པ་ལྟ་བུ་ཡིན་པས་མིའི་རིགས་ཀྱི་ལོ་རྒྱུས་ཞེས་པ་དེ་འཇིག་རྟེན་ཧྲིལ་པོ་ལ་ལྟོས་ན་ཧ་ཅང་ཐུང་ངུ་ཞིག་ཡིན་ལ། སྤྱིར་མིའི་རིགས་ཞེས་པ་དེ་ཡང་འདྲ་མིན་བརྒྱད་ཙམ་རྙེད་ཡོད་པ་ལས། ང་ཚོ་ནི་དེའི་ནང་གི་ལོ་རྒྱུས་ཆེས་ཐུང་ཤོས་ཏེ་ལོ་ཁྲི་༢༠་ཡི་ལོ་རྒྱུས་ཡོད་པའི་མཛངས་མི་ཞེས་པ་དེའི་རིགས་ཡིན། འོན་ཀྱང་ལོ་རྒྱུས་ཐུང་ཡང་སྲོག་ཆགས་གཞན་དང་མིའི་རིགས་གཞན་དང་མི་འདྲ་བར་ང་ཚོ་མཛངས་མི་ཞེས་པ་འདིའི་གཟི་བརྗིད་དང་གྲུབ་འབྲས་ཀྱང་དེ་ལྟོས་ཀྱི་ཆེན་པོ་དང་མང་པོ་ཞིག་རེད། འོག་ནས་འཆད་པར་འགྱུར་བའི་ཆོས་ལུགས་དང་མཚན་ཉིད་རིག་པ། ཁྲིམས་ལུགས་དང་ཚན་རིག  གཏན་ཚིགས་རིག་པ་སོགས་དང་ད་རུང་འདི་ནས་གནས་སྐབས་མ་གླེང་བའི་སྒྱུ་རྩལ་རིག་པ་སོགས་ཕུན་སུམ་ཚོགས་པ་ཡོད། དེ་དག་གི་ནང་དུ་ཆེས་ཡ་མཚན་ཆེ་ཤོས་ཀྱི་གྲུབ་འབྲས་ནི། ཆོས་ལུགས་ཀྱི་སྐོར་དེ་ཡིན་པས་འདིའི་སྒོ་ནས་ཐོག་མར་དཔྱད་པར་བྱ། གོང་གི་གསལ་བཤད་ལས་བྱུང་བ་ལྟར་ཞིང་ལས་གསར་བརྗེ་དང་ཆོས་ལུགས་ཐོག་མ་བྱུང་བའི་དུས་ནི་ཕལ་ཆེར་འདྲ་བས། ལོ་ངོ་༡༢༠༠༠(གཞན་འགའ་ཞིག་གིས་ཀྱང༡༡༠༠༠་དང་༡༤༠༠༠། ༡༨༠༠༠་སོགས་བཤད་པའང་འདུག)་སྔོན་དུ་ཆོས་ལུགས་ཐོག་མར་བྱུང་བ་ཡིན། ཞིང་ལས་ཀྱི་གསར་བརྗེ་ཞེས་པ་དེ་ཆོས་ལུགས་བྱུང་བ་དང་ཧ་ཅང་འབྲེལ་བ་ཆེན་པོ་ཡོད་པའི་ཚུལ་ནི་ཡོས་ཝ་ཨོར·ཧི་ལ་ལིས་ཀྱིས་《མིའི་རིགས་ཀྱི་ལོ་རྒྱུས་བསྡུས་པ》དང་སི་ཐ་ཧྥི·ལིས་ཨ་ནོ་སིའི་《འཛམ་གླིང་སྤྱིའི་ལོ་རྒྱུས》ལས་ཀྱང་ཅུང་ཟད་གསལ་པོར་བཤད་ཡོད་ལ་གཞན་དུ་ཡང་ཆོས་ལུགས་ཀྱི་འབྱུང་ཁུངས་གདོད་མའི་སྒྱུ་མ་འཕྲུལ་སོགས་ལ་འཇོག་པ་ཀྲན་མུ་སི·ཧྥི་ལེ་ཙིའི《གསེར་གྱི་ལོ་འདབ》སོགས་ལས་བཤད་པས་འདིར་ཉོབ་པར་དོགས་ནས་རེ་ཞིག་མ་སྤྲོས། མདོར་ན་དེ་ནས་བཟུང་སྟེ་ད་ལྟའི་བར་དུ་འཛམ་བུ་གླིང་འདི་ལ་ཆོས་ལུགས་འདྲ་མིན་ཉིས་ཁྲི་ལྷག་ཙམ་བྱུང་ཡོད་པ་ཡིན་ལ། དེ་དག་ལོ་རྒྱུས་འཕེལ་རིམ་གྱི་སྒོ་ནས་དབྱེ་འབྱེད་བྱས་ན་གདོད་མའི་ཆོས་ལུགས་དང་དཔལ་ཡོན་ལྡན་པའི་དུས་ཀྱི་ཆོས་ལུགས་གཉིས། གདོད་མའི་ཆོས་ལུགས་འདིར་ཆོས་ལུགས་ཀྱི་དོན་ཚང་མིན་ལ་རྩོད་པ་ཡོད་མོད། ཡིན་པའི་དབང་དུ་བཏང་ན་ཆོས་ལུགས་ཞེས་པ་དེ་ཚུར་མཐོང་གི་ངོར་ལོ་ཁྲི་ཉིས་བརྒྱའི་ལོ་རྒྱུས་ཡོད་པ་ཞིག་ཡིན། དད་པ་འཇོག་ཚུལ་ཀྱི་ངོས་ནས་བཤད་ན་ལྷ་གཅིག་དང་ལྷ་མང་། གཉིས་ལྟོས་དང་ཕྱོགས་བསྡུས། ད་རུང་རང་བྱུང་སྨྲ་བ་དང་ལྔ་རུ་དབྱེ་བ་ཡོད་ལ་རང་ཅག་ནང་པའི་ཆོས་ལུགས་ལ་རང་བྱུང་གནས་ཚུལ་སྨྲ་བའི་ཆོས་ལུགས་ཡིན་པའི་ངོས་འཛིན་བྱེད་བཞིན་ཡོད།
དེ་ལྟར་མིའི་རིགས་དང་འཛམ་གླིང་ཆོས་ལུགས་ལ་སྤྱི་ཡོངས་ནས་ངོ་སྤྲོད་རགས་ཙམ་བྱས་པའི་སྒོ་ནས་མཚམས་སྦྱར་ཏེ་སྐབས་དོན་ནང་པ་སངས་རྒྱས་པའི་ཆོས་ལུགས་འདི་ཉིད་ཀྱི་ངོ་བོ་དྲི་མ་མེད་པ་ནི། སྔོན་འདས་པའི་ལོ་རྒྱུས་དང་ད་ལྟའི་གནས་བབས་ཡོངས་ལ་བློ་ཁ་ཕྱོགས་ནས་བལྟས་ན་ཚང་ལ་མ་ནོར་བའི་ཚུལ་གྱིས་གནས་ཐུབ་ཡོད་པ་ནི་རང་ཅག་བོད་བརྒྱུད་ནང་བསྟན་ཁོ་ན་ཡིན་པ་འདྲ་སྟེ། ལོ་རྒྱུས་ཀྱི་ངོས་ནས་བཤད་ན་རྒྱ་གར་ནི་ནང་བསྟན་གྱི་འབྱུང་ཁུངས་ཡིན་ཡང་དུས་རབས་བཅུ་གཉིས་པ་ཡན་མན་ལ་ཡོངས་སུ་ཉམས་པར་གྲགས། (འདིར་བཤད་ཚུལ་འདྲ་མིན་གསུམ་ཙམ་ཡོད་པ་ལས་ལུགས་དང་པོས་ཁ་ཆེའི་དམག་ཐེངས་བཅུ་དགུ་ཐམ་པ་བྱུང་ནས་རྒྱ་གར་ཡོངས་དབང་དུ་བསྡུས་ནས་༡༢༠༣་ལོར་དེ་ཚེ་ན་རྒྱ་གར་ནང་བསྟན་གྱི་ལྟེ་བ་ལྟ་བུའི་བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་བརླགས་པའི་དུས་དེ་ཉིད་རྒྱ་གར་གྱི་ནང་བསྟན་ཡོངས་ཉམས་ཀྱི་དུས་ཡིན་པར་ངོས་འཛིན། ལུགས་འདི་ནི་ཡོངས་སུ་གྲགས་པ་འདྲའོ། ། ལུགས་གཉིས་པས་དུས་རབས་བཅུ་གསུམ་པ་ལ་ཡང་ནང་བསྟན་ཡོད་པར་བཤད་ལ། དེའི་སྒྲུབ་བྱེད་ཏུ་རང་ཅག་བོད་ཀྱི་ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་དང་། ཆག་ལོ་ཆོས་རྗེ་དཔལ་པའི་ལམ་ཡིག་སོགས་ལས་དཔལ་སྒྲ་ཅན་འཛིན་བཟང་པོས(འདིའི་མིང་ཅན་ཡང་རྒྱ་གར་ལོ་རྒྱུས་ཀྱི་ཁྲོད་དུ་གསུམ་ཙམ་ཡོད་དེ་ས་ར་ཧའི་མིང་གཞན་ལ་སྒྲ་ཅན་འཛིན་བཟང་པོ་དང་འཕགས་པ་ལྷའི་སློབ་པ་དང་འདིའོ། སྔ་མ་གཉིས་གཅིག་ཡིན་མིན་ལ་ཡང་རྩོད་པ་ཡོད། འདི་མཚུངས་མིང་གཅིག་ལ་གང་ཟག་མི་འདྲ་བའི་དཔྱད་པར་ཁོ་བོའི་མཐོང་ཚོད་དུ་ལམ་སྐོར་དགུའི་སློབ་དཔོན་ཕལ་ཆེར་དང་། བྱེ་བྲག་སྨྲ་བའི་སློབ་དཔོན་བཞི། བཙུན་པ་ཀཏྱའི་བུ། བྱམས་པ། དབྱིག་གཉེན། ལེགས་ལྡན་འབྱེད། ཟླ་གྲགས། ཆོས་སྐྱོབ་སོགས་ལ་རྒྱ་ཕྱི་ནང་གི་དཔྱད་བརྗོད་དུ་མ་ཡང་སྣང་མོད་འདིར་མ་སྤྲོས་སོ།)་འཁོར་བདུན་ཅུ་ལྷག་ཙམ་ལ་ཆོས་གསུང་བཞིན་ཡོད་པའི་རྣམ་ཐར་སོགས་ལ་ཁུངས་བཅོལ་ལོ། ། ཆག་ལོ་ནི་༡༢༣༤་ལོར་དགུང་ལོ་སོ་བདུན་ལ་རྒྱ་གར་དུ་ཕེབས་པ་ཡིན་ལ་དེའི་དུས་ཀྱི་རྒྱ་གར་ནི་ཁ་ཆེའི་དམག་གིས་གདུག་རྩུབ་འོག་ཏུ་གནས་པས་ལོ་ཙཱ་བ་འདིའི་སྙིང་སྟོབས་ལ་སྙིང་ནས་ཡི་རང་ངོ་། ། ལུགས་གསུམ་པ་ནི་ཐིས་ཁྱིས་དང་བྷ་སུས། ཧྲ་སི་དྷ་ལིས་སོགས་ཀྱི་ཞིབ་འཇུག་གི་གྲུབ་འབྲས་ཡིན་ལ་དུས་རབས་བཅུ་དྲུག་དང་བཅོ་བརྒྱད་པ་ལ་ཡང་ད་དུང་སངས་རྒྱས་ཆོས་ལུགས་དེ་རྒྱ་གར་གྱི་ཨོ་ལི་ས་དང་མང་གྷ་ལ་སོགས་ལ་ལུས་ཡོད་པར་བཤད། )འོན་ཀྱང་ཁོ་བོས་དཔྱད་པ་ལྟར་ན་རྒྱ་གར་ལ་ནང་པའི་བསྟན་པ་ཡེ་ནས་ཡོངས་ཉམས་ཞེས་པའི་ཐ་སྙད་མི་འཇུག་པར་ཉག་ཕྲ་བ་ཙམ་ལ་བཤད་ན་ལེགས་སྙམ། དུས་རབས་བཅོ་བརྒྱད་པའི་བར་དུ་ད་དུང་ནང་པའི་བསྟན་པ་ལུས་ཡོད་པའི་ཚུལ་གོང་གི་མཁས་དབང་དག་གིས་གཅིག་རྗེས་གཉིས་མཐུད་བྱས་ནས་སྒྲུབ་ཡོད་ལ། དུས་རབས་བཅུ་དགུ་པ་ནས་གསེར་གླིང་དུ་ནང་བསྟན་ཉམས་གསོའི་མགོ་དྷ་མ་པ་ལིས་བཙུགས་ནས་བཟུང་ད་ལྟའི་བར་ནང་བསྟན་གནས་པའི་ཕྱིར་རོ། ། རགས་ཙམ་ཞུས་ཏེ་རྒྱས་པར་གཞན་དུ་བཤད་པར་འདོད།
​དེ་རྗེས་རྒྱ་གར་ནས་ནང་ཆོས་ཡུལ་ཕྱོགས་གཞན་ལ་དར་བ་ནི་རྒྱལ་པོ་མྱ་ངན་མེད་ཀྱི་དུས་སུ་ཡིན་ལ། དེ་ཡང་གསེར་གླིང་གི་ལོ་རྒྱུས་དང་ལོ་རྒྱུས་གཞན་དག་གིས་བཤད་པ་རྣམས་གོང་འོག་བསྒྲིགས་ན་སིས་སུ་ན་གྷའི་རྒྱལ་རབས་ཀྱི་མྱ་ངན་མེད་ནག་པོ་(རྒྱ་གར་ཆོས་འབྱུང་ལས་གསུངས་པའི་གཏད་རབས་བདུན་གྱི་དུས་དང་རྒྱལ་པོ་ཙ་མ་ཤཱ་འདས་རྗེས་རྒྱལ་སྲིད་བློན་པོ་བྲམ་ཟེ་ངང་ཚུལ་གྱིས་འཛིན་ནས་ད་བཟོད་མྱ་ངན་མེད་ཀྱི་བསྟན་པ་འཛིན་པའི་ལོ་རྒྱུས་སོགས་དང་སྒྲིག་ན་བོད་ལ་གྲགས་པའི་མྱ་ངན་མེད་འདི་ཡིན་པར་འདྲ། འདིའི་སྐོར་དཔྱད་པ་གཞན་དུ་ཞུ་འདོད།)དང་མརྱ་རྒྱལ་རབས་ཀྱི་ཆོས་རྒྱལ་མྱ་ངན་མེད་གཉིས་ཡོད་པ་གྲུབ་ལ། སྔ་མས་བཀའ་བསྡུ་གཉིས་པ་ལ་རམ་འདེགས་བྱས། ཕྱི་མའི་དུས་སུ་ཡུལ་ཕྱོགས་གཞན་ལ་དམ་ཆོས་སྤེལ་བའི་ཕོ་ཉའི་ཚོགས་པ་དགུ་མི་གྲངས་༢༥༦་བཏང་། (རྒྱ་ནག་གི་ཆིན་ཧྲི་ཧམ་དང་རྒྱལ་པོ་འདི་གཉིས་དུས་མཚུངས་ཤིང་དེའི་དུས་སུ་རྒྱ་གར་དང་རྒྱ་ནག་བར་ཚོང་འབྲེལ་གྱི་ཆུ་ལམ་ཡང་ཕྱེས་ཟིན་པ་ཧྥ་རན་སིའི་མཁས་པ་ལར་ཁི་པོ་ལིས་བཤད་པས་ཆིན་ལ་ཆོས་སྤེལ་མཁན་སླེབས་པའི་ལོ་རྒྱུས་དེ་བདེན་ཤས་ཆེ། དེ་ལྟར་ན་ཚོགས་པ་བཅུ་ཡིན་པ་འདྲ།)དེ་དག་སླེབས་པའི་ཡུལ་ཕྱོགས་སུ་དར་བ་ནི་ཐེག་དམན་གྱི་ཆོས་ཡིན་པས། མདོ་སྔགས་ཀྱི་བསྟན་པ་ཆ་ཚང་བ་མེད།  དེ་རྗེས་དུས་རབས་དང་པོ་ཡན་མན་ལ་ནུབ་ཧན་གྱི་དུས་སུ་རྒྱ་ནག་ལ་ཀྲུས་ཆོས་སྐྱོབ་དང་ལེའུ་ཞེ་གཉིས་པའི་མདོའི་(ལོམ་ཁྱིས་ཁྲོ་སོགས་ཀྱིས་མདོ་འདི་རྫུན་བཟོ་ཡིན་པ་ཡང་བཤད།)དུས་སུ་བསྟན་པའི་དབུ་བརྙེས་པ་ཡོངས་གྲགས་ཡིན། དེ་ནས་རིམ་བཞིན་རྒྱ་ནག་ལ་མདོ་སྔགས་གཉིས་ཆའི་བསྟན་པ་དར་མྱོང་ཡོད་དེ། མདོ་ཡི་སྐོར་ལ་བྱེ་མདོ་དབུ་སེམས་སོགས་རིམ་པ་བཞིན་དར་མྱོང་བར་ཡོང་གྲགས་ཡིན་པ་འདྲ། སྔགས་ཀྱི་སྐོར་ལ་ཐང་སྔོན་གྱི་གསང་སྔགས་ཐོར་བུ་བའི་དུས་སུ་བཀྲ་ཤིས་པའི་རིག་སྔགས་བརྒྱད་ལ་སོགས་པ་གསང་སྔགས་ཀྱི་ཆོས་སྐོར་མང་པོ་ཐོར་བུར་བྱུང་། དེ་དག་ནི་རྒྱུད་སྡེ་འོག་མ་དག་ཡིན་པ་འདྲ། ཐང་གསང་སྔགས་ཀྱི་དུས་ཞེས་བྱ་བའི་ཚེ་ན་ཀུན་རིག་རྣམ་པ་སྣང་མཛད་དང་རྒྱུད་རྡོ་རྗེ་རྩེ་མོ་སོགས་རྣལ་འབྱོར་རྒྱུད་ཀྱི་བསྟན་པ་དར། རྣལ་འབྱོར་བླ་མེད་ཀྱི་ཆོས་སྐོར་དེ་ཟོང་རྒྱལ་རབས་ལ་ཆོས་ཀྱི་ལྷ་དང་སྐྱབས་སྦྱིན་གཉིས་ཀྱིས་མང་ཙམ་བསྒྱུར་ཀྱང་དར་ཁྱབ་ཆེན་པོར་མ་སོང་བའི་དཔྱད་པ་ཕྲན་བུ་གཉིས་ཙམ་མཐོང་། ལྗར་པན་གྱི་ནང་ཆོས་ཕལ་ཆེར་རྒྱ་ནག་ནས་བརྒྱུད་སོང་བར་འདྲ་ལ་དུས་རབས་དྲུག་པ་ཙམ་ལ་སི་མ་ཏ་སོགས་ཀྱི་བཀའ་དྲིན་ལས་དབུ་བརྙེས། དུས་རབས་བདུན་བརྒྱད་ཙམ་ལ་དར་ཁྱབ་ཇེ་ཆེར་སོང་ཞིང་། བྱོན་ཙོང་གི་སློབ་མ་ཏོ་ཀྲོའི་དུས་དང་རྒྱ་ནག་གི་སློབ་དཔོན་ཅོན་ཀྲན་གྱིས་སྡོམ་པ་འབོག་པའི་དུས། འཕུར་བྱའི་དུས་རབས་དང་ནེ་ལོམ་དུས་རབས་ཀྱི་བར་དུ་དངོས་སམ་བརྒྱུད་ནས་རྒྱ་ནག་གི་གྲུབ་མཐའ་བརྒྱད་ལས་དྲུག་ཐམ་པ་དར། དེ་ནས་རྒྱལ་པོ་ཐང་དབུས་ཙང་གིས་གསང་སྔགས་ཀྱི་བསྟན་པ་མ་བསྣུབས་སྔོན་ཁུང་ཧེ་དང་ཙོས་ཁྲན་གཉིས་ཀྱིས་ཐང་སྔགས་ཀྱི་རྒྱུད་པ་ཡང་ལྗར་པན་དུ་ཁྱེར་ཐུབ་སོང་བ་ཡིན་འདུག། དེའི་ཕྱིར་འདས་ཟིན་པའི་ལོ་རྒྱུས་ཀྱི་ཁྲོད་དུ། ཡུལ་ཕྱོགས་དེ་དག་ལ་ཡང་མདོ་སྔགས་ཀྱི་བསྟན་པ་ཆ་ཚང་ཞིག་གང་འཚམས་དར་ཡོད་པར་མངོན།
​ཡིན་ན་ཡང་དུས་རབས་བཅུ་དགུ་པའི་ཧྥ་རན་སིའི་རྒྱ་གར་ཞིབ་འཇུག་པ་ཨོ་རན·པེ་ཨོར་ནོ་ཧྥི་དང་ཨུ་རུ་སུའི་མཁས་པ་པཱ་ལ་དྷི་སོགས་པས་མགོ་བཙུགས་ཏེ། དུས་རབས་ཉི་ཤུ་པའི་དུས་སྟོད་ནས་བཟུང་ནང་བསྟན་དེང་རབས་ཞིབ་འཇུག་གི་ལུགས་ལ་དབྱིན་དྷིའི་ལུགས་དང་ལེ་ནིང་གྷི་ལིའི་ལུགས། ཧྥ་པིས་སོགས་གསུམ་བྱུང་ཞིང་། དེའི་རྗེས་སུ་ལྗར་པན་དང་རྒྱ་ནག་གི་དཔྱད་བརྗོད་པ་རྣམས་ཀྱིས་རྩ་བ་བོར་ནས་ཡ་གར་འཐམ་པའི་ཚུལ་གྱིས་དེ་དག་གི་རྗེས་སུ་འབྲང་སྟེ་རང་གི་སྲོལ་རྒྱུན་བརླགས་ནས་རྟོག་པས་བཏགས་པ་དུ་མའི་སྒོ་ནས་སྐུར་བ་འདེབས་པའི་འགོ་བརྩམས། “གདོད་མའི་ནང་བསྟན ་”ཞེས་པའི་ཐ་སྙད་ཁྱད་མཚར་ཞིག་དང་། ཐེག་ཆེན་དང་གསང་སྔགས་ཀྱིས་“ལྷ་བདག་”ཁས་ལེན་པ་དང་དེ་གཉིས་ཆ་“བདེན་རྟག་སེམས་ཙམ་ཁོ་ནར་སྨྲ་བའི  ”ཆོས་ལུགས་ཡིན་ཞེས་ལྗར་པན་ལ་སང་པིན་ཧྲི་ལམ་དང་རྒྱ་ནག་ལ་ཡིང་ཧྲན་གཙོར་བྱས་པ་རྣམས་ཀྱིས་འདི་རིགས་ཀྱི་སྐུར་འདེབས་མང་པོ་བྱས། ཡང་དེ་དག་གིས་ཐེག་ཆེན་དང་གསང་སྔགས་གཉིས་སྔ་མ་ནི་མཆོད་རྟེན་ལ་དད་པའི་ཁྱིམ་པའི་སྡེ་ནས་བྱུང་བ། སྡེ་པ་བཅོ་བརྒྱད་ཡ་གྱལ་གྱི་ཕལ་ཆེན་སྡེ་པ་ལས་བྱུང་བ། སངས་རྒྱས་ཀྱི་མཛད་རྣམ་ལ་བསྟོད་པའི་ཚིག་རྣམས་ལས་རིམ་བཞིན་བྱུང་བའི་བཤད་པ་སོགས་འདོད་ཚུལ་མང་པོ་བྱུང་ཡང་གང་ལྟར་རྒྱལ་བའི་ཞལ་གསུང་མིན་པ་དང་ཕྱི་མ་ནི་གདོད་མའི་ནང་ཆོས་སུ་ཆོ་ག་དང་སྔགས་ཀྱི་སྐོར་རྣམས་བཀག་སྡོམ་མཛད་པས་དེ་དག་ནི་མུ་སྟེགས་པའི་ལུགས་དང་འདྲེས་ནས་བྱུང་བའི་ལྷ་གཅིག་གམ་ལྷ་མང་སྨྲ་བའི་ཆོས་ལུགས་གཞན་ཞིག་ཡིན་པ་སོགས་ཀྱི་སྐུར་འདེབས་མང་པོ་བརྩམས།
ནུབ་ཕྱོགས་པའི་ཞིབ་འཇུག་བྱེད་ཚུལ་སྤྱི་ལ་ཡིང་ཧྲན་གྱིས་《གཞི་ཐམས་ཅད་ཡོད་པར་སྨྲ་བ་གཙོ་བྱས་པའི་བསྟན་བཅོས་དང་སློབ་དཔོན་གྱི་ཞིབ་འཇུག》ནས་“ཡོ་རོབ་དང་ལྗར་པན་གྱི་དཔྱད་ཞིབ་པ་དེ་དག་གིས་ནང་པའི་ཆོས་ལུགས་དེ་ལ་དབྱེ་ཕྲལ་མང་ཙམ་བྱས་པའི་མཐར་མདོ་དུ་མ་ལ་ཐུན་མོང་དུ་ཡོད་པའི་ཤོ་ལོ་ཀ་གཅིག་གཉིས་དང་ཚིག་བཅད་ཕྲན་བུ་རེ་རྙེད་ནས་དེའི་སྟེང་དུ་རང་མོས་ཀྱི་གོ་བ་མང་ཙམ་བླངས་ཏེ་དེ་ཉིད་ནང་བསྟན་དངོས་ཡིན་པ་བཤད་ཀྱང་སྟོན་པ་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་ལོ་ངོ་བཞི་བཅུ་ལྷག་བསྐོར་བའི་གྲུབ་འབྲས་དེ་ཙམ་ག་ལ་ཡིན།” ཞེས་རྒོལ་བ་ལྟར་དུ་བདེན་མོད། འོན་ཀྱང་ཁོ་རང་ཉིད་ཀྱང་ཐེག་ཆེན་བཀའ་ཡིན་པའི་བཤད་པ་ལ་ཡི་མ་རངས། གསང་སྔགས་ལ་ཡང་སྨད་པ་དུ་མ་མཛད་པས་དོན་དུ་ན་སྐྱོན་འདི་རང་ལ་བརྗོད་པ་འདྲའོ། །མཁས་དབང་ནོན་ཧོས་ཅིང་གིས་དེ་དག་ནང་ཆོས་ལ་ལྗིད་གཡོལ་ཡང་ལེན་དང་མགོ་བདེ་དྲན་འཕྲུལ་ཡིན་པའི་སྐྱོན་བརྗོད་གནང་བ་བཞིན་ཅིས་མི་བདེན་སྙམ། གདོད་མའི་ནང་ཆོས་ཀྱི་སྐོར་དང་སྡེ་པ་བཅོ་བརྒྱད་སོགས་ཀྱི་སྐོར་གྱི་དཔྱད་ཡུལ་ནི་ཤིན་ཏུ་རྒྱ་ཆེན་པོ་ཡིན་པས་འདིར་རེ་ཞིག་མ་སྤྲོས། དོགས་པ་གཞན་རྣམས་རིགས་གཅིག་ཡིན་པས་བསྟན་པའི་ངོ་བོ་ལ་གཙང་བཤེར་བྱ་བའི་ཕྱིར་སྟབས་གཅིག་ཏུ་ལན་ཞིག་བྱ། སྤྱིར་ན་ཐེག་ཆེན་དང་གསང་སྔགས་ནི་གདུལ་བྱ་དམིགས་བསལ་ལ་གསུངས་པ་ཡིན་པས། དངོས་ཡོད་ཀྱི་བདེན་དཔང་གསལ་པོ་མེད་ཀྱང་སྐྱོན་གང་ཡང་མེད། ཚུར་མཐོང་གི་སྤྱོད་ཡུལ་དུ་ད་གཟོད་མ་གྱུར་པ་ཙམ་གྱིས་མེད་པར་སུས་ཀྱང་ཁ་ཚོན་གཅོད་མི་ནུས། དཔེར་ན་ཐེ་ལོ་ཡི་གྲོང་རྙིང་སོགས་སྔོན་ཆད་སྒྲུང་གཏམ་ཡིན་ཆག་ཆག་རྣམས་ད་ལྟའི་དུས་སུ་རྙེད་ཡོད་པ་བཞིན་ནོ། །
​འོན་ཀྱང་བདེན་དཔང་མེད་པ་ནི་མ་ཡིན་ཏེ། འདིར་ལོ་རྒྱུས་རིག་པ་དང་ཆོས་ལུགས་རིག་པ་གཉིས་ཆའི་ངོས་ནས་བདེན་དཔང་ཅུང་ཟད་བསྟན་ན། ལོ་རྒྱུས་རིག་པའི་ངོས་ནས་བཤད་ན་སྟོན་པ་འདས་ནས་ལོ་བརྒྱའི་རྗེས་སུ་བྱེ་བྲག་སྨྲ་བའི་སྡེ་པ་བཅོ་བརྒྱད་དམ་ཡང་ན་ཉི་ཤུ་རྩ་བཞི།(ལྷོ་བྱང་གི་ཁྱད་པར་)གྱེས་པའི་འགོ་ཚུགས་པས་རྩ་བའི་གྱེས་པ་དང་པོར་གནས་བརྟན་པ་དང་ཕལ་ཆེན་པའི་སྡེ་པ་འདི་གཉིས་གྱེས་པ་ཡིན། འདི་ལ་རྩོད་པ་ཅུང་ཟད་ཡོད་རུང་དབྱིག་བཤེས་ཀྱིས་མཛད་པའི་《གཞུང་ལུགས་ཀྱི་བྱེ་བྲག་བཀོད་པའི་འཁོར་ལོ་》ནི་འདིའི་སྐོར་གསལ་བཤད་ཆེས་སྔ་ཤོས་དང་གྲགས་ཆེ་བ་ཡིན་པས་དེ་ཚད་མར་བྱས། དེ་ལྟར་ལུགས་གཉིས་ལས་ཕལ་ཆེན་སྡེ་པའི་རྩ་བ་དང་ཡན་ལག་གི་སྡེ་པ་བསྡོམས་ན་སྡེ་པ་དགུ་ཡོད་པ་དེ་དག་གི་ནང་དུ་ཐེག་པ་ཆེན་པོའི་ལྟ་གྲུབ་མང་པོ་ཡོད་ཅིང་དེང་སང་ཐེག་ཆེན་ནི་ཕལ་ཆེན་སྡེ་པ་ལས་བྱུང་བར་བཤད་པའི་རྐྱེན་ཡང་དེ་ཡིན། ལྟ་གྲུབ་གང་དག་ཡོད་ཅེ་ན་དབྱིག་བཤེས་ཀྱི་བཀོད་འཁོར་རྒྱ་ནག་གི་འགྱུར་རྙིང་ལ་《སྡེ་པ་བཅོ་བརྒྱད》དུ་གྲགས་པ་དེ་ལས་ཕལ་ཆེན་པའི་ཐུན་མིན་གྱི་བཤད་པ་བཅོ་ལྔ་དང་སྡེ་པ་དེ་དག་གི་བསྟན་བཅོས་རྙིང་པ་མང་པོ་མཐོང་བའི་འཇར་པན་གྱི་མཁས་པ་མར་ཐོན་ཕྱིན་ཁྱུ་གཙོ་བྱས་པའི་མཁས་དབང་རྣམས་ཀྱི་བརྩམས་ཆོས་ལས་རྙེད་པ་རྣམས་བསྡོམས་ན་སྡེ་ཚན་གསུམ་གྱི་སྒོ་ནས་བསྡུ་ཐུབ་པ་འདྲ། ༡ལོངས་སྤྲུལ་གྱི་སྐུ་ཁས་བླངས་པ། ༢སེམས་རང་བཞིན་དྲི་མས་མ་གོས་པ། ༣བདག་མེད་གཉིས་འདོད་པའོ། །དོན་ཚན་དང་པོ་འདི་ཐེག་པ་ཆེ་ཆུང་ཤན་འབྱེད་བྱེད་གཙོ་བོ་གཅིག་ཡིན་པ་ཀུན་མཁྱེན་སོགས་ཀྱིས་ཀྱང་གསུངས།  ལུགས་འདིས་གནས་བརྟན་སྡེ་པ་དང་མི་འདྲ་བ་སངས་རྒྱས་ཀྱི་སྐུ་འཇིག་རྟེན་ཡོངས་ལ་ཁྱབ་པ། སངས་རྒྱས་ཀྱི་ཡེ་ཤེས་རྒྱུན་ཆད་མེད་པ། སངས་རྒྱས་ཀྱི་ནུས་པ་བསམ་གྱིས་མི་ཁྱབ་པ། སྟོན་པ་མྱ་ངན་ལས་འདས་པ་ཡང་ཚུལ་སྟོན་པ་ཙམ་ཡིན་པ་སོགས་ཁས་བླངས། དོན་ཚན་གཉིས་པ་ནི་ལུགས་འདིས་སེམས་རང་བཞིན་གྱིས་དྲི་མས་མ་གོས་པ། ལམ་སྒོམ་པའི་དམིགས་ཡུལ་ནི་དྲི་མ་བསལ་ནས་སེམས་རང་བཞིན་གྱི་གཙང་མ་དེ་མངོན་གསལ་བྱ་བའི་ཆེད་དུ་ཡིན་པར་བཤད་པས་འདི་ཐེག་དམན་ལ་མེད། ཀུན་མཁྱེན་གྱིས་བྱེ་སྨྲ་བའི་ལུགས་ལ་རང་བཞིན་གནས་རིགས་མེད་པའི་བཤད་པ་ནི་གཞི་ཐམས་ཅད་ཡོད་སྨྲ་ལ་བྱ་ཡི། ལུགས་འདི་ལ་ནི་ཡོད་པ་འདྲའོ། ། དོན་ཚན་གསུམ་པ་ལུགས་འདིས་གང་ཟག་ཙམ་མིན་པ་ཆོས་ཀྱི་བདག་མེད་ཀྱི་དོན་ཁས་ལེན་པ་ཡིན་ཏེ། རྩ་བའི་ཕལ་ཆེན་པས་དུས་གསུམ་རྫས་གྲུབ་ཀྱི་རྣམ་བཞག་ལ་མ་མོས་ཏེ། ད་ལྟའི་ཆོས་ཁོ་ན་ཁས་བླངས། དེ་ཉིད་གྱེས་པའི་ཚེ་ན་གཅིག་ཏུ་སྨྲ་བའི་སྡེ་བ(ཐ་སྙད་གཅིག་པའི་སྡེ་བ)་ཞིག་བྱུང་ལ། དེས་ད་ལྟའི་ཆོས་ཀྱང་བདེན་པ་མེད་ལ་ཐ་སྙད་ཙམ་ཡིན་པར་བཤད། དེའི་རྗེས་སུ་ཡང་འཇིག་རྟེན་ལས་འདས་པ་སྨྲ་བ་བྱུང་།དེས་སྔོན་གྱི་འདོད་པ་ཁས་ལེན་པ་མ་ཟད་གང་ཟག་བདག་མེད་ལས་ཀྱང་ཆོས་ཀྱི་བདག་མེད་རྩལ་བཏོན་བྱས་ནས། བདེན་པ་གཉིས་ཀྱི་སྒོ་ནས་རང་ལུགས་སྤེལ་བ་ཡིན། དེའོ་སྐོར་རྒྱས་པ་མར་ཐེན་གྱི་ཆོས་འབྱུང་ལ་གཟིགས་པར་འཚལ། འོན་ཀྱང་སྟག་ལོས་ཐ་སྙད་གཅིག་པའི་སྡེའི་བཤད་པ་དེ་མདོ་སྡེ་པའི་ལྟ་གྲུབ་ཙམ་ལ་སླེབས་པར་བཤད་པས་ཕྱིས་སུ་ད་དུང་དཔྱད་དགོས་པ་འདྲའོ། ། ད་དུང་ཡང་ཕལ་ཆེན་སྡེ་པ་མ་ཟད་གནས་བརྟན་སྡེ་པའི་ཡ་གྱལ་གྱི་ཆོས་སྦས་པའི་སྡེ་པས་སྡེ་སྣོད་ལྔ་སྟེ། སྡེ་སྣོད་གསུམ་གྱི་སྟེང་དུ་བྱང་ཆུབ་སེམས་དཔའི་སྡེ་སྣོད་དང་རིག་འཛིན་སྔགས་ཀྱི་སྡེ་སྣོད་བཅས་ལྔ་ཁས་ལེན་པས་དེའི་ནང་དུ་ཡང་ཐེག་ཆེན་གྱི་བཤད་པ་ཡོད་པར་གྲགས། ལྷ་ཆེན་པོ་ཞེས་པ་དེ་ལྷོ་བྱང་གཉིས་སུ་སྨྲ་ཚུལ་མི་འདྲ་བའི་རྐྱེན་གྱིས་འདྲ་མིན་གཉིས་ཡོད་མེད་རྩོད་པ་ཡོད་ཀྱང་གང་ལྟར་ལས་ལྔ་བསྒྲགས་ནས་རྩ་བའི་གྱེས་པ་སློང་མཁན་གྱི་ལྷ་ཆེན་པོའི་སྐབས་སུ་ཕལ་ཆེན་སྡེ་པས་མྱ་ངན་ལས་འདས་པའི་མདོ་དང་གསེར་འོད་དམ་པ།གསེར་གྱི་ཕྲེང་བའི་མདོ་སོགས་ཁས་བླངས་པའི་ལོ་རྒྱུས་ཀྱང་ཡོད་པ་ཡིན། དེ་དག་གི་ཚེ་སྟོན་པ་འདས་ནས་ལོ་བརྒྱ་ལྷག་ཙམ་ལས་མ་སོང་། དེ་ལས་ལོ་ཅུང་ཟད་སོང་ནས་འཕགས་པ་ཀླུ་སྒྲུབ་མ་བྱོན་པའི་སྔ་རོལ་དུ་མདོ་ཡི་དབང་དུ་བྱས་ན་དེང་སང་ཡོངས་གྲགས་ཀྱི་ཐེག་ཆེན་མདོ་ཡི་ཐོག་མ་《ཕར་ཕྱིན་དྲུག་བསྟན་པའི་མདོ》《བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོ》《ལེའུ་གསུམ་གྱི་མདོ》སོགས་སྤྱི་ལོ་སྔོན་གྱི་དུས་རབས་དང་པོར་ཡན་མན་ཙམ་ལ་བྱུང་བར་རྩོད་མེད་ཡིན། གང་ཟག་གི་དབང་དུ་བྱས་ན་སྤྱི་ལོ་སྔོན་གྱི་ལོ་ལྔ་བཅུའི་ཚེ་ལ་མཁས་པ་ཀླུའི་སྡེ་ཞེས་པ་བྱུང་ཞིང་། དེ་དང་རྒྱལ་པོ་མིས་ལན་ཐེ་གཉིས་ཀྱིས་བཀའ་འདྲི་གནང་པའི་མདོ་ཞིག་ཡོད་པ་དེ་རྩོམ་འདིའི་ལེ་ཚན་གཉིས་པའི་སྐབས་སུ་གཙོ་བོར་སྤྲོས་རྒྱུ་ཡིན། གང་ལྟར་དེ་ཉིད་ཀྱི་བཤད་པའི་ནང་དུ་ཐེག་པ་ཆེན་པོའི་ལྟ་བ་གསལ་ཐག་ཆོད་པ་དུ་མ་ཡང་བྱུང་། བཙུན་པ་རྟ་དབྱངས་ཀྱི་ལོ་རྒྱུས་ནི་རྒྱ་གར་ནང་བསྟན་ཞིབ་འཇུག་ཁྲོད་ལ་རྙོག་དྲ་ཆེས་ཆེ་ཤོས་ཡིན།《སུ་མོ་ཁུ་ཧྥན》ཞེས་པའི་བསྟན་བཅོས་ལས་བཀོད་པ་ལྟར་སྟོན་པ་འདས་རྗེས་ཀྱི་ལོ་བརྒྱད་བརྒྱ་ཙམ་གྱི་རིང་དུ་རྟ་དབྱངས་ཞེས་པའི་ནང་པའི་མཁས་པ་བརྒྱད་ཐམ་པ་ཡོད་མོད། དེང་སང་ཡོངས་གྲགས་སུ་རྟ་དབྱངས་ཇི་ལྟར་ཕྱི་ཡང་ཀླུ་སྒྲུབ་ཀྱི་སྔོན་དུ་ཡོད་པ་ཁས་བླངས་པས། དེས་རྒྱ་ནག་འགྱུར་ཐོག་ཏུ་བཞུགས་པའི《ཐེག་ཆེན་དད་པ་བསྐུལ་བའི་གཞུང་།》ཞེས་པ་དེ་བརྩམས་ཀྱང་རུང་དེ་མིན་ན་ཡང་ཁོང་གི་གསུང་རྩོམ་མང་པོའི་ནང་དུ་ཐེག་ཆེན་གྱི་ལྟ་བ་ཡོད། འདིར་ལོ་རྒྱུས་ཀྱི་བདེན་དཔང་དུ་བཀོད་པ་ནི་ཕྱི་རྒོལ་རྣམས་ཀྱིས་ཚད་ལྡན་དུ་ཁས་ལེན་བཞིན་པའི་ལོ་རྒྱུས་རྣམས་ལས་བྱུང་བ་ཡིན་གྱི། སྤྱི་ནས་རྒྱ་གར་ཆོས་འབྱུང་ལས་ཀྱང་དེ་བས་རྒྱ་ཆེར་བ་མང་པོ་གསུངས་ཏེ། རྒྱལ་པོ་ཟླ་སྲུང་གི་དུས་སུ་ཐེག་ཆེན་ཆོས་ཀྱི་ཐོག་མ་བྱུང་།དེ་རྗེས་སྡེ་བ་བཅོ་བརྒྱད་ལས་རབ་ཏུ་བྱུང་བའི་རྣལ་འབྱོར་སྤྱོད་པའི་སེམས་ཙམ་པའི་མཁས་པ་ལྔ་བརྒྱ། སློབ་དཔོན་རྣམ་པ་མི་རྟོག་པ། མཐོ་བཙུན་སྐུ་མཆེད་སོགས་སློབ་དཔོན་ཀླུ་སྒྲུབ་ཀྱི་སྔོན་དུ་ཐེག་ཆེན་གྱི་ཆོས་དང་མཁས་པ་མང་པོ་ཡོད་པ་གསུངས་སོ།།
​དེ་ལྟར་ན་ཐེག་ཆེན་གྱི་ལྟ་གྲུབ་དེ་སྡེ་པ་བཅོ་བརྒྱད་དང་ཀླུ་སྒྲུབ་ཀྱི་སྔོན་དུ་ཡོད་པ་ཙམ་གྲུབ་མོད། སྟོན་པའི་ཞལ་གསུང་ཡིན་པ་ཇི་ལྟར་གྲུབ་ཅེ་ན། དེ་ལ་ཡང་སྒྲུབ་བྱེད་ཡོད་དེ་སྤྱི་ནས་དེ་དག་གི་ཚེ་ན་སྟོན་པ་འདས་ནས་ཡུན་རིང་མ་སོང་བས་ཐེག་ཆེན་གྱི་ལྟ་གྲུབ་དེ་སྟོན་པས་མ་གསུངས་ན་དེའི་འཕེལ་རིམ་བཤད་མི་ནུས་པའི་ཕྱིར་དང་། ཕལ་ཆེན་སྡེ་པའི་ཡ་གྱལ་གྱི་མང་དུ་ཐོས་པའི་སྡེ་པ་འདི་ནི་ཡ་ཛྙ་ཝོ་ཁ་ཡ་ཞེས་པའི་དགྲ་བཅོམ་པ་ཞིག་སྟོན་པ་མ་འདས་པའི་སྔ་རོལ་དུ་གངས་རིའི་ཁྲོད་དུ་བསམ་གཏན་སྒོམ་དུ་བྱོན་ཡང་། དུས་ཕྱིས་ཁོང་ཚུར་ཕེབས་ནས་དེ་དུས་ཀྱི་བཤད་པ་རྣམས་ཀྱིས་སྟོན་པའི་ཞེ་འདོད་བསྟན་མ་ནུས་གསུངས་ནས་སྟོན་པའི་དམ་ཆོས་ལ་སྲབ་ཟབ་གཉིས་ཡོད་པར་བཤད་ནས་ཟབ་པ་དེ་ཉིད་དེང་ཐེག་ཆེན་གྱི་ལྟ་གྲུབ་ཡིན་པར་གྲགས་པས་སྟོན་པའི་ཞལ་གསུངས་ཀྱང་ཡིན་ནོ།།
​གསང་སྔགས་ཀྱི་སྐོར་གྱི་ལོ་རྒྱུས་རིག་པའི་བདེན་དཔང་ལ། འདིའི་སྐོར་གྱི་དཔྱད་པ་ཕུན་སུམ་ཚོགས་པ་ཞིག་འཇར་པན་གྱི་མཁས་པ་ཕིང་ཁྲོན་ཀྲང་གིས་མཛད་པའི་《རྒྱ་གར་ནང་ཆོས་ཀྱི་ལོ་རྒྱུས་》ཞེས་པའི་དེབ་ནང་དུ་ཡོད། ཁོང་གི་བཤད་པ་ལ་རིག་སྔགས་དང་། གཟུངས་སྔགས། བདེན་པའི་ཚིག་ལ་སོགས་པའི་གསང་སྔགས་ཀྱི་སྐོར་དེ་དེང་སང་ལ“གདོད་མའི་ནང་ཆོས་”ཀྱི་མདོ་རུ་གྲགས་པ་དག་གི་ནང་དུ་དངོས་སུ་བྱུང་ཡོད་པ་དང་། རིག་སྔགས་(vidya)ཞེས་པའི་རིག་པའི་ཚིག་དེ་རྒྱ་གར་རང་གི་སྐད་བརྡ་རིག་པའི་ནང་དུ་གསང་སྔགས་ཀྱི་དོན་ཡོད་པ་དང་། དེ་བཞིན་དུ་མདོ་དེ་དག་ལས་གསང་སྔགས་ཀྱི་ལྷ་འདྲ་མིན་དུ་མ་བྱུང་ཡོད་པ་སོགས་རྒྱུ་མཚན་གསུམ་ཙམ་གསུངས། གོང་དུ་ཞུས་པའི་ཕལ་ཆེན་སྡེ་པའི་ཡ་གྱལ་ཆོས་སྦས་པ་ཞེས་པའི་སྡེ་པ་དེས་སྡེ་སྣོད་ལྔ་ཁས་བླངས་པའི་སྔགས་ཀྱི་སྡེ་སྣོད་ཞེས་ལོགས་སུ་གྱུར་པ་གཅིག་ཀྱང་བཤད་པས་དེ་དག་ནི་སྒྲུབ་བྱེད་ཡིན་ནོ།  །འོ་ན་མདོ་སྐོར་ལ་ཡོད་པའི་རིག་སྔགས་སོགས་ལ་གསང་སྔགས་ཀྱི་སྒྲ་འཇུག་ཙམ་ལས་གསང་སྔགས་དངོས་མིན་ཞེས་སློབ་དཔོན་བསོད་ནམས་རྩེ་མོས་གསུངས་པ་མ་ཡིན་ནམ་ཞེ་ན། དེ་ནི་ཕར་ཕྱིན་ཐེག་པ་ལས་ཁྱད་དུ་འཕགས་པའི་རྒྱུད་སྡེ་བཞི་པོ་གང་རུང་མིན་པའི་དོན་ཡིན་པ་འདྲ་ལ། གོང་གི་ལོ་རྒྱུས་རིག་པའི་སྒྲུབ་བྱེད་དེ་དག་ནི་སྤྱིར་སྔགས་ཀྱི་སྐོར་ལ་བྱ་ཡི། བྱེ་བྲག་རྒྱུད་སྡེ་བཞི་པོ་ལ་ནི་མ་ཡིན་ཏེ། དེ་ནི་ཐུན་མོང་གདུལ་བྱའི་སྣང་ངོར་སྟོན་པས་མ་གསུངས་པར་རང་ཅག་གིས་ཀྱང་ཁས་ལེན་པས་ཆོས་ལུགས་རིག་པ་ཁོ་ནས་སྒྲུབ་པ་འདོད་དོ། །ངོ་སྤྲོད་པའི་ཚུལ་གྱིས་ལོ་རྒྱུས་ཀྱི་བདེན་དཔང་ཅུང་ཟད་བྲིས་ཤིང་། རྒྱས་པ་གཞན་དུ་ཞུ་ཡང་རུང་ངོ་། །
 ​ཆོས་ལུགས་རིག་པའི་ངོས་ནས་བཤད་ན་ཡང་བདེན་དཔང་ཆེན་པོ་ཡོད་དེ། ནང་པའི་ཆོས་ཡིན་མིན་གྱི་བདེན་དཔང་གཙོ་བོ་ནི་ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་གསུམ་དང་བཞི་ཡང་ན་ལྔ་པོ་འདི་དག་གིས་ཟིན་ཡོད་མེད་ལ་རག་ལས་ཤིང་། དཔལ་ས་སྐྱའི་མཁས་དབང་སྟག་ཚང་ལོ་ཙཱ་བས་གྲུབ་མཐའ་ཀུན་ཤེས་ལས་ལྟ་བའི་སྒོ་ནས་ནང་པ་ཡིན་མིན་ཡང་འདི་ལ་རག་ལས་པར་གསུངས་ཤིང་། སྤྱིར་བཏང་དེའི་སྒོ་ནས་འབྱེད་པ་ལྷོ་བརྒྱུད་དང་བྱང་བརྒྱུད་ནང་ཆོས་གཉིས་ཆར་ཐུན་མོང་ཡིན། འདི་ཡང་ངེད་ཐེག་ཆེན་དང་གསང་སྔགས་ཀྱིས་རང་བཟོ་མིན་པ། ཁྱེད་ཅག་གིས་ཁས་ལེན་བཞིན་པའི་“གདོད་མའི་ནང་བསྟན་”གྱི་རྩ་བའི་ཨ་ཧན་གྱི་མདོ་བཞིའི་ཡ་གྱལ་གྱི་གཅིག་བསྣན་གྱི་ཨ་ཧན་ནང་དུ་དངོས་སུ་བྱུང་ཡོད། དེ་དང་འདུལ་བ་འོད་ལྡན་སོགས་ལས་ཟག་བཅས་ཐམས་ཅད་སྡུག་བསྔལ་བ་ཞེས་པ་མི་བགྲང་བར་ཕྱག་རྒྱ་གསུམ་མ་གཏོགས་མ་གསུངས་པའི་སྐྱོན་སྤོང་ནི་སྟག་ལོས་མཛད་པས་འདིར་མ་སྤྲོས། རྒྱ་ནག་ཏུ་ད་དུང་དེའི་སྟེང་དུ་ཆོས་ཐམས་ཅད་ནི་སྟོང་པའོ་ཞེས་སྦྱར་ནས་བདག་མེད་དང་སྟོང་པ་གཉིས་སོ་སོར་ཕྱེས་ནས་ཕྱག་རྒྱ་ལྔའི་བཤད་སྲོལ་ཡང་ཡོད།
​དེ་ན་ཐེག་པ་ཆེན་པོའི་ལྟ་བ་ཡོངས་སུ་རྫོགས་པ་ཕྱག་རྒྱ་བཞི་བོ་འདིས་མ་ཟིན་པ་མེད། གསང་སྔགས་སྨིན་གྲོལ་གྱི་ཉམས་ལེན་ཐམས་ཅད་ཀྱང་དེ་ལས་མི་འདའ། ཡི་དམ་དང་སྲུང་མ་ཁྲོ་བོའི་རྣམ་པ་འདྲ་མིན་སྟོན་པ་ཐམས་ཅད་ཀྱང་གནས་ལུགས་མཚོན་བྱེད་ཡིན་ལ། ཁྱད་པར་དུ་དཀྱིལ་འཁོར་ནང་དུ་འཁོད་པའི་ལྷ་ཚངས་པ་དང་ཁྱབ་འཇུག་ལ་སོགས་པ་ཐམས་ཅད་སངས་རྒྱས་ཀྱི་སྤྲུལ་པའམ་འཕགས་པ་ཡིན་གྱི། སེམས་ཅན་རང་རྒྱུད་པ་གཅིག་ཀྱང་མེད་པ་ཆོས་ཀྱི་རྗེ་དང་ཀུན་མཁྱེན་གཉིས་ཀས་དབྱངས་གཅིག་ཏུ་སྡོམ་གསུམ་སྐབས་ཀྱི་གཞུང་དུ་གསུངས་པས་དེ་བཞིན་དུ་ཤེས་པར་བྱ། ཆོ་གའི་སྒོ་ནས་ཞི་རྒྱས་དབང་དྲག་གི་ལས་སྒྲུབ་པ་ཐམས་ཅད་ཀྱང་དོན་དངོས་ལ་རང་གི་རྒྱུད་འདུལ་བའི་ཆེད་དུ་ཡིན་པས། མདོར་ན་གསང་སྔགས་ཀྱི་བཤད་པ་ཐམས་ཅད་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ལས་བཤད་པ་བཞིན་སྤྱི་དོན་དང་ཡི་གེའི་དོན། སྦས་དོན་དང་མཐར་ཐུག་སོགས་ཀྱི་སྒོ་ནས་འཆད་ཚུལ་སྣ་ཚོགས་ཡོད་ལ། ཡང་མཐར་གཏུག་ན་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཞེས་པའི་ཕྱག་རྒྱའི་དོན་ལས་མི་འདའ་བས་ཕྱི་རོལ་དུ་ལྷ་ཞིག་གང་ལས་འཚོལ། དེ་ཡོད་པར་ཞེན་ན་ཡང་གྱ་ནམ་ལྷར་ཞེན་གྱི་རྟོག་པ་རུ་འགྱུར་ཞིང་དེ་ཉིད་གསང་སྔགས་ཉམས་ལེན་པའི་མི་མཐུན་ཕྱོགས་ཡིན་པའི་ཕྱིར་དང་། དེ་བཞིན་དུ་ལྷ་བདག་དང་དང་བདེན་གྲུབ་རྟག་པའི་སེམས་ཤིག་ཀྱང་ག་ལ་འཚོལ། དོན་འདི་མ་གོ་བར་དེང་སང་སྐུར་པ་འདེབས་པ་ཡིན་ནོ། །མདོར་ན་གཞི་ཐམས་ཅད་ཡོད་པ་སྨྲ་བ་ལྟར་ན་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི། ཕལ་ཆེན་པ་དང་མདོ་སྡེ་པ་ལྟར་ན་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་། ཕར་ཕྱིན་ཐེག་པའི་དབུ་སེམས་གཉིས་ཀྱི་གཞུང་ལུགས་རྒྱ་མཚོ་ལྟ་བུ་དང་། གསང་བ་སྔགས་ཀྱི་རྩ་བཤད་ཀྱི་རྒྱུད་ཐམས་ཅད་ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱས་ཟིན་པ་ཤ་སྟག་ཡིན་པས་དེ་ལས་ལྷག་པའི་བཀའ་ཡིན་པའི་སྒྲུབ་བྱེད་གཞན་ཅི་ཡང་མི་དགོས་སོ། །བསྟན་པའི་སྙིང་པོ་ཐུགས་སུ་ཆུད་ན་དོགས་པ་འདི་དག་རང་གྲོལ་ཡིན་པར་འདྲ། དོན་འདི་རྒྱ་ནག་དང་འཇར་པན་གྱི་མཁས་དབང་གོ་བའི་མཐར་ཕྱིན་པ་དག་གིས་ཀྱང་བཤད་དེ་རྒྱ་ནག་གིས་མཁས་པ་ནོན་ཧོས་ཅིང་གིས《བཅོམ་ལྡན་འདས་གཙུག་གཏོར་དཔའ་བར་འགྲོ་བའི་མདོའི་འགྲེལ་བ》ལས་ནང་ཆོས་དང་མུ་སྟེགས་མཚུངས་པའི་དཔྱད་བརྗོད་དེ་དག་ནི། ཉམས་ལེན་གང་ཡང་མེད་པར་རྟོག་གེ་ཁོ་ནའི་སྒོ་ནས་བྱུང་བའི་དཔྱད་བརྗོད་ཡིན་གྱི་ཉམས་ལེན་ཅུང་ཟད་བྱས་ན་དེ་གཉིས་ཀྱི་ཁྱད་པ་དཀའ་ངལ་གང་ཡང་མེད་པར་འབྱེད་ཐུབ། རྒྱ་ནག་བསམ་གཏན་པའི་ལྟ་གྲུབ་ནི་རང་སེམས་ཀྱི་ངོ་བོ་རྟོགས་པ་འབའ་ཞིག་གི་ཆེད་དུ་ཡིན་གྱི། ལྷ་བདག་ཅེས་པ་ག་ལ་ཡིན་ཞེས་སོགས་གསུངས་པ་རྣམས་འདིར་བསྡུས་ནས་དྲངས། འཇར་པན་གྱི་མཁས་པ་ཕིང་ཁྲོན་ཀྲང《རྒྱ་གར་ནང་ཆོས་ཀྱི་ལོ་རྒྱུས།》ལས་ཀྱང་དོན་དེ་རྟོགས་ནས་འདི་ལྟར། བྲམ་ཟེའི་ཆོས་ལུགས་དང་གསང་སྔགས་གཉིས་ཕྱིའི་རྣམ་པ་ཤིན་ཏུ་འདྲ་བས། རྒྱ་གར་གྱི་གསང་སྔགས་དེ་དུས་ཕྱིས་སུ་རྩ་བའི་ལྟ་གྲུབ་དེ་བོར་ནས་བྲམ་ཟེའི་ཆོས་ལུགས་དང་ཁྱད་མེད་དུ་གྱུར་ནས་ནུབ་པའི་འགོ་བརྩམས། རྒྱ་ནག་དང་འཇར་པན་གྱི་གསང་སྔགས་ལ་སྟོང་ཉིད་ཀྱི་བསམ་བློ་དེ་རྒྱབ་རྟེན་གྱི་ཀ་བ་ལྟ་བུར་ཡོད་པས་ནང་པའི་སྙིང་པོ་དེར་བཞུགས་ཡོད། ཞེས་སོགས་གསུངས་པས་གོ་རྟོགས་ཡོད་པའི་མཁས་པ་ཡང་སྤྱིར་མི་ཉུང་བ་ཡོད།
​དེ་ལྟར་སངས་རྒྱས་ཆོས་ལུགས་ཀྱི་ངོ་བོ་དྲི་མ་མེད་པ་ཀློག་པ་པོའི་སྤྱན་ལམ་དུ་བཤམས་ནས་དེས་ཆོས་ལུགས་གཞན་རྣམས་ལ་སྒུལ་ཤུགས་སྟེར་བའི་ཚུལ་འདིར་ཁྱད་མཚར་གྱི་སྡོམ་ཞིག་གིས་གཏམ་གྱི་འགོ་དང་བརྗོད་བྱའི་གཞི་ཐོག་མར་སློང་བ་ལ། ཁོ་བོས་འདི་ལྟར་བཤད་ན་ཁྱེད་ཅག་ཡ་མཚར་སྐྱེའམ། ཡེ་ཤུའི་ཆོས་ལུགས་ནི་ནང་པ་སངས་རྒྱས་པའི་ཆོས་ལུགས་ནས་གྱེས་པའི་ཡན་ལག་ཅིག་ཡིན། རྒྱ་གར་གྱི་རིག་བྱེད་མཐར་ཐུག་སྨྲ་བ་དང་རྒྱ་ནག་གི་ཏོའོ་ཅོའོ་གཉིས་ནང་པའི་ལྟ་གྲུབ་ལ་ངོ་ཚར་ཅུང་ཟད་མེད་པའི་ཇག་རྐུན་གཉིས་ཡིན། ཟོང་རྒྱལ་རབས་ནས་དར་བའི་རྒྱུ་མཚན་སྨྲ་བའི་རོའོ་ཅོའོ། རྒྱ་ནག་ལ་དར་ཕྱིན་ཆད་ཀྱི་མུ་ནེ་ཆོས་ལུགས། འཇར་པན་ལ་དར་བའི་ཧྲན་ཏོའོ་ཆོས་ལུགས་རྣམས་ནི་ནང་པའི་ཤུགས་རྐྱེན་མང་དུ་ཐེབས་པའི་སློབ་མའི་རྣམ་པ་འདྲ་བོ་ཞིག་ཡིན་ཞེས་པའི་བཤད་པ་འདི་དག་ནི། སྟོང་བཤད་ཙམ་མིན་པ་རེ་རེའི་སྒྲུབ་བྱེད་དུ་དངོས་ཡོད་ཀྱི་བདེན་དཔང་དང་ཚད་ལྡན་གྱི་དཔྱད་བརྗོད་རེ་རྒྱབ་ལྗོངས་སུ་ཡོད་པས་ལེགས་པར་གསན་པར་འཚལ།
​དང་པོ་ཡེ་ཤུ་ཆོས་ལུགས་ཞེས་པ་འདི་ནི་དུས་རབས་དང་པོ་ཡན་མན་ཙམ་ལ་བྱུང་། སྟོན་པ་ནི་ཡེ་ཤུ་ཡིན། དེ་ལ་ནང་ཚན་མང་ཙམ་ཡོད་ཀྱང་། གཙོ་བོར་ཀི་རི་སིའི་མཚན་ཉིད་རིག་པའི་ཤུགས་རྐྱེན་ཐེབས་པའི་ཤར་གྱི་ཡང་དག་སྡེ་དང་གནམ་བདག་གི་ལུགས། གསར་ལུགས་གསུམ་ཡོད། ཆོས་འདི་ལ་དད་པ་བྱེད་མཁན་དེང་དུས་དུང་ཕྱུར་༢༢.༢ཐམ་པ་ཡོད་ཅིང་། དད་པའི་མི་གྲངས་ཁོ་ན་ལ་བལྟས་ན་འཛམ་གླིང་ཆོས་ལུགས་ཡོངས་ཀྱི་རྩེར་ཕྱིན་པ་ཡིན། ཆོས་ལུགས་འདིས་འདས་པའི་ལོ་རྒྱུས་ཀྱི་ཁྲོད་དུ་ཡོ་རོབ་གླིང་གི་ལྷོ་མ་རྒྱལ་རབས་ནས་བཟུང་འཛམ་གླིང་ཡོངས་ལ་རིམ་བཞིན་སྒུལ་ཤུགས་ཆེན་པོ་ཐེབས་ཡོད། རྒྱ་ནག་ལ་ཡང་ཐང་རྒྱལ་རབས་ཀྱི་དུས་སུ་མིང་གཞན་ལ་ཅིང་ཅོའོ་གསོལ་ནས་ཅུང་ཟད་དར། ཆིངས་རྒྱལ་རབས་ཀྱི་ཞི་བདེ་ལྷའི་རྒྱལ་ཁབ་ནི་འདིའི་མིང་ཙམ་ཁྱེར་བའི་ཇག་རྐུན་ཡིན། འདི་དང་ཡོའི་ཏ་མའི་ཆོས་ལུགས་གཉིས་ཀྱི་རྒྱབ་རྟེན་གྱི་གཞུང་ཐུན་མོང་བ་《དམ་པའི་གསུང་རབ》་ཅེས་པ་ནི་འཛམ་གླིང་སྐད་རིགས་༦༥༠༠ལྷག་གི་ནང་དུ་༢༣༠༠་ལྷག་གི་སྟེང་དུ་བསྒྱུར་ཟིན་པ་ཞིག་ཡིན། ནུབ་ཕྱོགས་ཀྱི་ཁྲིམས་ལུགས་ཕལ་ཆེ་བའི་རྒྱབ་ལྗོངས་སུ་ཡང་འདི་སོང་ཡོད་པར་ལེ་ཚན་གསུམ་པར་ཞུ་རྒྱུ་ཡིན། དེ་བས་འདི་ནི་ཆོས་ལུགས་སྟོབས་ཤུགས་ཆེན་པོ་ཞིག་ཡིན་པར་ཐོག་མར་ངོས་ཟིན་དགོས། ཆོས་ལུགས་འདི་གང་ནས་བྱུང་བར་དཔྱད་པའི་ཚེ་ན་ཡོའི་ཏ་མའི་ཆོས་ལུགས་གཞིར་བྱས་ནས་བྱུང་བར་དེང་སང་ཡོངས་སུ་གྲགས་པ་འདྲ། ཡིན་ཡང་དེ་གཉིས་བར་ཁྱད་ཆེན་པོ་ཡོད་པ་ཡང་ཡོངས་ཀྱིས་དང་ལེན་བྱེད་ཀྱིན་འདུག  གནད་གཙོ་བོ་རྣམས་སྡོམ་ན་ཁྱད་པ་ལྔ་སྟེ། ༡དམར་མཆོད་སོགས་ཀྱི་ཆོ་ག་དང་ལེན་བྱེད་མིན། ༢་ལོག་གཡེམ་ཙམ་སྤོང་བ་དང་འཁྲིག་སྤྱོད་གཏན་ནས་བཀག་པ། ༣རིགས་རུས་སོགས་ལ་མཆོག་དམན་ལྟ་བ་དང་འདྲ་མཉམ་ལྟ་བ། ༤་རང་གི་དགྲ་བོ་ལ་མི་བརྩེ་བ་དང་བརྩེ་བ། ༥་ཕྱིའི་བྱ་སྤྱོད་དང་ལུས་ཀྱི་བཅའ་ཁྲིམས་ལ་དོ་སྣང་དང་སེམས་ཀྱི་ཀུན་སློང་དང་སེམས་ཁྲིམས་ལ་དོ་སྣང་སོགས་ཁྱད་པར་འདྲ་མིན་བཤད་པ་མང་ཡང་དོན་བསྡུ་ན་འདི་ལྔའོ། ། མདོར་ན་ཡེ་ཤུའི་ཆོས་ལུགས་འདི་ནི་ཡོ་ཏ་མའི་ཆོས་ལུགས་ཀྱི་བཤད་པ་གཞིར་བྱས་ནས་དེའི་སྟེང་དུ་སྤྱོད་པའི་ངོས་ནས་འཚེ་བ་མེད་ཅིང་དགེ་སྡིག་གི་གཞི་རྩ་རང་སེམས་ལ་འཇོག་པ། སེམས་ཅན་ལ་རིགས་རུས་མི་ཕྱེ་བར་ཀུན་ལ་བརྩེ་བས་སྐྱོང་བ། འདོད་ཡོན་ལ་གུ་ཡངས་ཅུང་ཟད་ཙམ་ཡང་མི་གནང་བར་བསྒྱུར་བཅོས་བཏང་ནས་བྱུང་བའི་ཆོས་ལུགས་ཤིག་ཡིན། འདི་སྔོན་ནི་ཡོངས་སུ་གྲགས་པ་ཡིན།
​ཡིན་ཡང་དེང་སང་གི་དཔྱད་བརྗོད་པ་རྣམས་ཀྱི་བསམ་པ་ལྟར་དུ་ཆོས་ལུགས་ཤིག་ལ་བསྒྱུར་བཅོས་ཆེན་པོ་ཞིག་བྱུང་བ་ལ་ངེས་པར་འཕེལ་རིམ་ཞིག་དགོས་པས། ཡེ་ཤུའི་བསམ་བློ་ཁྱད་པར་འཕགས་པ་དེ་འཕེལ་རིམ་ཇི་ལྟ་བུའི་ཁྲོད་ནས་བྱུང་སྙམ་པའི་དོགས་པ་ཞིག་བྱུང་། དོན་དེ་གསལ་བར་བྱེད་པ་ལ་ཡེ་ཤུ་ཞེས་པའི་མི་དེའི་ལོ་རྒྱུས་ཤེས་དགོས་ལ། འོན་ཀྱང་དེ་ཉིད་ལོ་སུམ་ཅུ་ནས་ཆོས་སྤེལ་བའི་དབུ་བཙུགས་ཟིན་པས། དེའི་འཕེལ་རིམ་ནི་དེའི་སྔོན་གྱི་ལོ་རྒྱུས་ལ་ཐུག་མོད། དམ་པའི་གསུང་རབ་ལས་དེའི་ལོ་བཅུ་གཉིས་ནས་སུམ་ཅུའི་བར་གྱི་ལོ་རྒྱུས་དེ་ཚིག་གཅིག་སྟེ།“ཡེ་ཤུའི་ཤེས་རབ་དང་ལུས་ཚད་ནི་ལྷ་དང་མི་རྣམས་ཀྱི་ཁོ་ལ་དགའ་བའི་སེམས་དང་ལྷན་དུ་འཕེལ།”ཞེས་པ་ཙམ་ལས་བཤད་པ་མེད། དེས་ན་དེའི་བར་གྱི་ལོ་རྒྱུས་དེ་ཡེ་ཤུའི་ཆོས་ལུགས་ཀྱི་ངོ་བོ་གྲུབ་བྱེད་ཀྱི་ལོ་རྒྱུས་སུ་ཡང་ཆགས་ཡོད་པས་གནད་ཆེ།
​སྐབས་སུ་བབས་པའི་དོན་ཡང་འདིར་ཡིན་པས་དེའི་སྐོར་གྱི་ལོ་རྒྱུས་མེད་པ་མིན་ཡང་འདས་པའི་དུས་སུ་ཡོ་རོབ་གླིང་གི་ཅོའོ་ཧང་དང་ཆོས་སྐྱོང་སྲིད་གཞུང་རྣམས་ཀྱིས་ལོ་རྒྱུས་ཀྱི་དྲི་མའི་གསེབ་ཏུ་སྦས་ནས་དུས་རབས་བཅུ་དགུ་པའི་དུས་སུ་དེའི་ངོ་འབག་ཅུང་ཟད་བཤུས་ནུས། དེ་ལ་ལོ་རྒྱུས་ཀྱི་གསེབ་དུ་སྦས་པའི་གསང་བའི་རྣམ་ཐར་དེ་གང་ཞེ་ན། དེ་ལ་ཁུངས་འདྲ་མིན་གཉིས་ལས་བཤད་པ་ཅུང་མི་འདྲ་བ་གཉིས་བྱུང་སྟེ། དང་པོ་ལྟར་ན་ཡེ་ཤུ་ལོ་བཅུ་བཞིའི་དུས་སུ་ཕ་མས་ཆུང་མ་ཞིག་ལེན་འདོད་པར་ཤེས་ནས་ཁོང་ཡི་མ་རངས་ནས་རྒྱ་གར་ལ་སྤྱོད་པའི་ཚོང་པའི་ཚོགས་པ་ཞིག་དང་ལྷན་དུ་རྒྱ་གར་ལ་བྲོས་ནས་ཐོག་མར་རྒྱ་གར་གྱི་བྲམ་ཟེའི་ཆོས་ལུགས་ལོ་དྲུག་བསླབས་ནས་དེའི་རྗེས་སུ་རྒྱལ་པོའི་ཁབ་དང་ཝ་ར་ནཱ་སི་སོགས་ཆོས་མཇལ་བའི་ཞོར་དུ་ནང་པའི་ཆོས་ལ་སློབ་སྦྱོང་ལོ་དྲུག་མཛད། མཐར་དགུང་ལོ་ཉེར་དགུ་ནས་ཡེ་སུ་ལེར་ལོག་སྟེ་ཡེ་ཤུའི་ཆོས་ལུགས་འདི་སྤེལ་བ་ཡིན་ཞེས་པ་འདི་དང་ཡེ་ཤུ་དེའི་སྐབས་སུ་ལྷོ་མ་རྒྱ་རབས་ཀྱི་མངའ་འོག་གི་ཡ་ཕྱིས་ཡ་ཆུང་བར་བརྒྱུད་ནས་བར་དུ་པོ་སི་དང་ཟླ་བའི་རྒྱལ་རབས་ཀྱི་མངའ་ཁོངས་ལས་བརྒལ་ཏེ་རྒྱ་གར་དུ་ལོ་བཅུའི་རིང་བཙུན་པ་རྟ་དབྱངས་ཀྱི་སློབ་མ་ཞིག་གི་རྗེས་སུ་འབྲངས་ནས་ནང་ཆོས་སློབ་སྦྱོང་མཛད། མཐར་པོ་སི་ནས་རང་ཡུལ་དུ་ལོག་ཅེས་པ་སྟེ། འདི་གཉིས་ཀས་དབྱངས་གཅིག་ཏུ་དེའི་བར་དུ་ཁོང་རྒྱ་གར་ལ་ནང་ཆོས་སློབ་པར་ཕེབས་པར་བཤད།
​ལོ་རྒྱུས་འདིའི་བཤད་ཚུལ་དང་པོའི་ཁུངས་དེ་ཐོག་མར་རྙེད་མཁན་ནི་ཨི་རི་སིའི་རྩོམ་པ་པོའམ་གསར་འགོད་པ་ནེ་གི་ལ་སི·ནོ་ཐོ་ཝེ་ཁྱིས་ཞེས་པ་དེ་རེད། ཁོ་༡༨༨༧ལོར་ཨ་ཧྥི་ཧན་ནས་བརྒྱུད་དེ་རྒྱ་གར་ལ་ཡུལ་སྐོར་ཕེབས་སྐབས་ལར་དར་གྱི་གྲོང་ཁྱེར་ལིས་ཧི་དང་བར་ཐག་དབྱིན་ལེ་ཉེར་ལྔ་ཙམ་ཡོད་པའི་བོད་ཀྱི་དགོན་པ་མིང་ལ་ཆོས་སྡོམ་དགོན་(Himis 法戒寺 དེང་བོད་ཀྱི་ཧེ་མེ་དགོན་ཡིན་ཞེས་ཁ་ཅིག་གིས།)ཞེས་པར་སླེབས་ནས་དེར་བཞུགས་ཀྱི་བླ་མ་དང་གླིང་མོ་བྱེད་སྐབས། བླ་མ་དེས་ཁོ་ལ་དགོན་པའི་ནང་དུ་ཡིག་རྙིང་མང་པོ་ཡོད་པ་དང་དེའི་ནང་ཡིས་ས་ཞེས་པའི་སྐྱེས་བུའི་རྣམ་ཐར་བཀོད་པའི་དཔེ་རྙིང་ཞིག་ཡོད་ལ། ཡི་གེ་དེ་པ་ལིས་ཡིག་ཐོག་ནས་བལ་བོ་བརྒྱུད། དེ་ནས་རིམ་བཞིན་བོད་དུ་བསྒྱུར་པར་བཤད་པས། ཁོ་ཡ་མཚན་ནས་མིང་དང་དོན་ལ་དཔག་ན་ཡེ་ཤུའི་རྣམ་ཐར་ཡིན་ནམ་སྙམ་ནས་བླ་མ་ལས་སློང་བས་ཕྱིས་སུ་གྲོགས་སྐད་བསྒྱུར་ལ་བརྟེན་ནས་རྩོམ་གྱི་མིང་ལ་《མིའི་བུ་ཡེས་སའི་རྣམ་ཐར》ཞེས་པའི་དེབ་ཏུ་བྱས་ནས་༡༨༩༠ལོར་རྒྱལ་སྤྱིར་སྤེལ་ནས་རྒྱལ་ཕྱི་ནང་ལ་ཟིང་ཆེན་པོ་བསླངས།  དེའི་རྗེས་སུ་ཡང་ནོ་ཐོ་ཝེ་ཁྱིས་དགོན་པ་དེ་ལ་ཡེ་ནས་སླེབས་མ་མྱོང་བར་ལོ་རྒྱུས་དེ་བརྫུན་བཟོ་ཡིན་པར་སིང་ཧ་སོགས་ཀྱིས་བཤད་མོད། ལོ་སུམ་ཅུའི་རྗེས་སུ་༡༩༢༢་ལོར་སྐད་གྲགས་ཆེའི་དབྱིན་ཇི་རྒྱལ་ཁབ་ཀྱི་རྒྱ་གར་མི་ཨེ་ཕན་དྷི་ནན་དྷ་ཞེས་པ་ཁ་ཆེ་ནས་བོད་དུ་ཕེབས་ཞོར་རྐང་ཐང་བྱས་ནས་ཧི་མ་ལ་ཡའི་རི་རྒྱུད་བརྒལ་ཏེ་བོད་བརྒྱུད་ནང་ཆོས་ལ་ཞིབ་འཇུག་བྱེད་སར་ཕེབས་པའི་ཚེ། དགོན་པ་དེར་སླེབས་ནས་དེ་འདྲའི་གནད་ཚུལ་རྣམས་ཞུས་ནས་བདེན་པ་ཡིན་མིན་དྲིས་པས། ཐམས་ཅད་དེ་བཞིན་ཡིན་གསུངས། དེ་ནས་ཁོ་ལ་དགོན་བདག་གི་གནང་བ་ཐོབ་ནས་ཡི་གེ་དེ་དབྱིན་སྐད་ཐོག་ཡང་བསྐྱར་གཅིག་བསྒྱུར། ཞིབ་འཇུག་པ་རྣམས་ཀྱིས་རྗེས་སུ་དཔྱད་བསྡུར་མཛད་སྐབས་དེབ་སྔ་ཕྱི་གཉིས་ཕྲ་ས་འགའ་ཞིག་མ་གཏོགས་ཁྱད་མེད་པར་ཐག་བཅད། ཡང་༡༩༢༨་ལོར་ཨི་རི་སིའི་རི་མོའི་དགེ་རྒན་ཆེན་པོ་རོ་སི་རིས་ཁྲི་ཆེད་དུ་གཉེར་ནས་དགོན་པ་དེར་སོང་སྟེ་ཡང་བསྐྱར་ལན་གཅིག་ཞིབ་ཕྲ་བསྒྱུར་ནས་ཁོ་རང་གི་བརྩམས་ཆོས་《ཧི་མ་ལ་ཡ》ཞེས་པའི་ནང་དུ་བཅུག ཁོ་རང་གི་བུ་ཙོ་ཀྲི་ནི་ཧ་ཧྥིའི་སློབ་ཆེན་ནས་བྱུང་བའི་རྒྱ་གར། བོད་དང་རྒྱ་ནག་གི་ཐམས་ཅད་ཀྱི་སྐད་ཡིག་བྱང་ཞིང་ཆུབ་པ་ཞིག་ཡིན། ཁོ་རང་ཡང་ཤིན་ཏུ་སྙན་གྲགས་ཆེ་བའི་མཁས་པ་ཡིན་པས། རྒྱལ་སྤྱིའི་མཁས་པ་ཕལ་ཆེ་བས་དོན་དེ་དང་ལེན་བྱས། ད་རུང་དེའི་བརྩམས་ཆོས་《ཡ་གླིང་གི་སྙིང་ལྟ་བུའི་ས་ཆ》ཞེས་པའི་དེབ་ལས་ཁོོང་ཚོ་སིར་ལིང་ན་གྷི་ལ་སླེབས་དུས་ནས་ཡེ་ཤུ་གནས་དེར་ཕེབས་མྱོང་བའི་ལོ་རྒྱུས་ཡང་ཐོས་གསུངས། ཡང་༡༩༣༩་ལོ་སི་ཝེ་ཙེར་གྱི་གཟའ་ཟླ་གཅིག་གིས་དེབ་དེ་མཐོང་ནས་པར་བླངས་ཤིང་༡༩༨༥་ལོར་གཞན་ཞིག་ལ་རྒྱལ་སྤྱིར་སྤེལ་བཅུག་པ་དང་༡༩༥༡་ལོར་ཨ་རིའི་ཆེས་མཐོའི་ཁྲིམས་ལུགས་དཔོན་པོ་ཟུར་པ་ཞིག་དེའི་ཕྱོགས་ཡུལ་སྐོར་སོང་ནས་དེ་འདྲའི་ལོ་རྒྱུས་ཡོད་པའི་བདེན་དཔང་མཛད། ༡༩༧༥་ལོར་ཨ་རི་ཅར་གླིང་སློབ་ཆེན་གྱི་མིའི་རིགས་ཀྱི་ཞིབ་འཇུག་འབུམ་རམས་པ་ལར་ཅི་ཝེས་ཀྱང་དངོས་སུ་དེབ་དེ་བལྟ་རྒྱུ་རྙེད་ནས་སྔོན་ནོ་ཐོས་བརྩམས་པ་དེ་དང་ཁྱད་མེད་པའི་བདེན་དཔང་མཛད། ༡༩༨༤ལོར་ཨ་རིའི་ཡུལ་སྐོར་པ་དང་ས་ཁམས་རིག་པ་བ་ནོ་ཡ་ཁ་ནི་བོད་ལྗོངས་དང་བལ་ཡུལ་སོགས་ལ་ཐེངས་བཅོ་བརྒྱད་ཕེབས་ནས་དེ་དག་གི་རིག་གནས་ལ་དཔྱད་པ་མཛད་མྱོང་ལ་དེའི་གསུང་རྩོམ་ལས་ཀྱང་འདིའི་སྐོར་གྱི་བདེན་དཔང་མཛད་ཡོད། དེ་བས་ན་ཁུངས་དང་པོ་འདི་རྣམ་པ་དག་པ་ཤ་སྟག་ཡིན་པར་མཁས་པ་དུ་མས་གཅིག་རྗེས་གཉིས་མཐུད་ཀྱིས་དཔྱད་པས་དག་པ་ཡིན་ནོ། །
​ཁུངས་གཉིས་པ་ནི་ཡེ་ཤུའི་སློབ་མ་ཕིས་དྷི་ཆེ་བས་བརྩམས་པར་གྲགས་པའི་《ཆུ་སྟེང་དངོས་སློབ་སྤྱོད་ཚུལ་ཡིག་ཐོག་བཀོད་པ》《水上门徒行述记》ཞེས་པ་དེ་ལས་བྱུང་བ་ཡིན། རྩོམ་འདི་སྤྱིར་བཏང་རྙོག་དྲ་མང་ཙམ་ཡོད་དེ། དུས་རབས་གསར་པའི་ལས་འགུལ་བ་ཏོང་ལིང་ཞེས་པས་མངོན་ཤེས་ཀྱིས་ཨ་ཁ་ཕྱིས་ཀྱིས་བཀོད་པ(ཀུན་གཞི་རྣམ་ཤེས་འདྲ་མོ་ཞིག )་ཞེས་པ་ལས་དེབ་དེ་མཇལ་ཡོད་པར་བཤད། རྒྱ་ནག་གི་སློབ་དཔོན་ཕྱིས་ཡུན་དང་སོམ་ཧྲོང་ཧྲན་བར་བཀའ་འདྲི་གནང་བའི་ཡིག་ཆ་སོགས་འགའ་ཞིག་ལས་འདིའི་སྐོར་དེ་ཐོག་མ་དམ་པའི་གསུང་རབས་གསར་མའི་ནང་དུ་ཕིས་དྷིས་བརྩམས་པ་འཁོད་ཡོད་ཀྱང་ལྷོ་མ་ཡེ་ཤུའི་ཆོས་སྐྱོང་སྲིད་གཞུང་གིས་སྦས་ནས་ད་ལྟ་དབྱིན་ཇིའི་དཔེ་མཛོད་ཁང་དུ་ཉར་བཞིན་ཡོད་པར་བཤད་པ་དང་ཡང་འགའ་ཞིག་གིས་འདི་ནོ་ཐོའི་རྩོམ་ལ་དཔེ་བལྟས་ནས་བརྫུན་བཟོ་བྱས་པ་སོགས་བཤད་ཚུལ་འདྲ་མིན་སྣང་མོད། མདོར་ན་ཁོ་བོས་བསམ་པ་ལ་འདི་ལ་རྩོད་པ་ཇི་ལྟར་ཡོད་ཀྱང་རུང་། ཁུངས་སྔ་མ་དེ་ཡང་དག་ཡིན་ན་འདི་ཡང་ངང་གིས་ཡང་དག་ཡིན་པར་གྲུབ་པ་ལས་འོས་མེད་དེ། དོན་གཅིག་པ་ཡིན་པའི་ཕྱིར་རོ། ། རྒྱས་པར་མ་སྤྲོས་སོ། ། ད་དུང་གཞུང་འདིའི་ཚན་པ་གཉིས་ཙམ་ཀི་རི་སིའི་སྐད་ནས་རྒྱ་ནག་སྐད་ཏུ་བསྒྱུར་བར་གྲགས་པ་དེ་ལས་ཁོ་བོས་མཐོང་པར། ཡེ་ཤུས་ཚོང་པ་ཞིག་གིས་དྲིས་ལན་དུ་ཁོང་གི་ལམ་སྟོན་ནི་ཤཱཀྱ་ཐུབ་པ་ཡིན་པ་དངོས་སུ་གསུངས་འདུག​ དེ་དག་ནི་ལོ་རྒྱུས་རིག་པའི་ངོས་ཀྱི་བདེན་དཔང་ཡིན་ལ་ད་དུང་ཡང་འཇར་མན་གྱི་ཡ་གླིང་ཞིབ་འཇུག་འབུམ་རམས་པ་ཞིག་གིས་ཡེ་ཤུའི་དམ་པའི་གསུང་རབ་བཞི་པོ་དེས་ཐབས་ཤེས་སྣ་ཚོགས་ཀྱི་སྒོ་ནས་དཔེར་ན་ཕྱིས་པོ་ལེའི་ཡི་གེའི་ཚབ་མཚོན་གྱི་གྲངས་འབོར་དང་དོན་གཉིས་སྟོན་པའི་མིང་ཚིག སྒྲ་གདངས་གཅིག་པའི་ཡི་གེ་ལ་སོགས་པས་པཱ་ལིས་སྐད་ཐོག་གི་རྒྱལ་བའི་བཀའ་བསྐྱར་དུ་བཏོན་པར་བྱས་པའི་གྲུབ་འབྲས་ཀྱང་རྙེད་པ་སོགས་ཀྱི་བདེན་དཔང་ཡོད་ལ་འདིར་གཙོ་བོ་རྣམས་ལས་རྒྱས་པ་ཡི་གེ་མང་བར་དོགས་ནས་མ་སྤྲོས་སོ། །
​ད་དུང་ཆོས་ལུགས་རིག་པའི་ངོས་ནས་བཤད་ན། དུས་ཕྱིས་ཀྱི་ཡེ་ཤུ་ལ་དར་བའི་དམ་པའི་ཕ་དང་བུ། དམ་པའི་ཐུགས་གསུམ་ངོ་བོ་གཅིག་ལ་རྣམ་པ་མི་འདྲ་བའི་ལྟ་གྲུབ་དང་ནང་པའི་སྐུ་གསུམ་གྱི་རྣམ་བཞག་ཧ་ཅང་འདྲ་པོ་ཞིག་ཕྱིས་ཀྱི་ཡེ་ཤུའི་མཁས་པས་དམ་པའི་གསུང་རབ་ལས་རྙེད་པ་དང་། ཏོ་མ་སི་ཞེས་པའི་ལེའུ་ནང་དུ་འཁོར་བའི་རྣམ་བཞག་ཀྱང་སྔོན་ཆད་བྱུང་ཡོད་པའི་ལོ་རྒྱུས་ཡོད་(ལེའུ་འདི་ཡེ་ཤུའི་ཆོས་སྐྱོང་སྲིད་གཞུང་གིས་མེད་པར་བྱས་པ་གྲགས)པས་དེ་དག་དང་གོང་གི་བསྒྱུར་བཅོས་ཀྱི་སྡོམ་ལྔ་སོགས་ནང་པ་དང་ཐུན་མིན་དུ་གྱུར་པའི་ཆ་མང་པོ་ཡོད་མོད་རྒྱས་པ་མ་སྤྲོས་སོ། །
​དེ་བས་ན་ཡེ་ཤུ་ནི་ནང་པའི་སློབ་མ་ཞིག་ཡིན། ཡེ་ཤུའི་ཆོས་ལུགས་ནི་ནང་པའི་ཆོས་ལུགས་ལས་གྱེས་པའི་ཡན་ལག་ཅིག་རེད། སྐད་ཆ་དེ་ཕྱོགས་ཞེན་མེད་པར་ཆོས་འཇིག་རྟེན་གཉིས་ཀའི་ལུགས་དང་མཐུན་པའི་རྒྱུ་མཚན་བསྟན་ཐུབ་པས་སོམ་ཉི་མ་བྱེད་ཅིག འགའ་ཞིག་གིས་བསམ་པར་ཡེ་ཤུ་ནང་པའི་རྗེས་འཇུག་པ་ཡིན་ན། ནང་པའི་བསྟན་པ་དངོས་མ་སྤེལ་བ་ཅི་ཡིན་ཞེ་ན། དེ་ཡང་ཡུལ་སྲོལ་དུས་དང་བསྟུན་དགོས་པའི་དོན་ཡིན་ནོ། །མདོར་ན་ཁོ་བོས་སེམས་པ་ལ་ཡོའོ་ཏའི་མའི་ཆོས་ལུགས་ཀྱིས་ཡོངས་སུ་དབང་བསྒྱུར་ཟིན་པའི་ས་ཆ་དང་མི་དམངས་ཀྱི་བསམ་པའི་ཁྲོད་དུ་དམ་པའི་ཆོས་ཀྱི་སྙིང་པོ་ཕྱུང་ཐབས་ཅི་དྲག་མཛད་འདུག་སྙམ། དོན་ཚན་དང་པོ་ཡེ་ཤུ་ནི་ནང་པའི་ཡན་ལག་ཡིན་པའི་དཔྱད་པ་འདི་བོད་ལ་ཆེས་མ་གྲགས་པ་ལྟ་བུ་ཡིན་པས་ཁུངས་དང་བཅས་པ་ཡི་གེ་ཅུང་ཟད་རྒྱས་པས་སྤྲོས་སོ། །
​དོན་ཚན་གཉིས་པ་ནང་པའི་ལྟ་གྲུབ་ལ་ཇག་རྐུན་ལྟ་བུའི་ཆོས་ལུགས་གཉིས་ཡོད་པ་ལས་རྒྱ་གར་གྱི་རིག་བྱེད་མཐར་ཐུག་སྨྲ་བ(吠檀多)་འདི་བཤད་པ་དང་འབྲེལ་སྤྱི་ནས་རྒྱ་གར་ཆོས་ལུགས་ཀྱི་འཕེལ་རིམ་དེང་སང་ལ་ཡོངས་སུ་གྲགས་པ་རྣམས་བོད་ལ་དེ་ཙམ་མ་གྲགས་པས་འདིར་ཅུང་ཟད་ཞུས་ན།  དེ་ན་དང་པོའི་དུས་ཀྱི་རྒྱ་གར་གྱི་ཆོས་ལུགས་ནི་ཡ་ལེ་ཨན་གྱི་མིའི་རིགས་དེས་སྤེལ་བ་ཡིན་ལ། མི་རིགས་འདི་སྤྱི་ལོ་སྔོན་གྱི་ལོ་སུམ་སྟོང་ཙམ་ལ་ཡ་གླིང་གི་དབུས་ལ་ཆགས་ཤིང་ཕྱིས་སུ་ཕྱུན་ཏུས་ཁུས་ཧྲི(兴都库什)་རི་རྒྱུད་བརྒལ་ནས་ཡན་ལག་གཅིག་ལྷོ་ནུབ་ཀྱི་ཕྱོགས་སུ་ཕེབས་ནས་པོ་སུ་རྒྱལ་རབས་དང་ཟོ་ལོ་ཡ་སུའི་ཆོས་ལུགས་ཏེ། ཡོངས་གྲགས་སུ་མེ་དད་ཆོས་ལུགས་སུ་གྲགས་པ་འདི་སྤེལ། ཕྱོགས་གཅིག་ཤར་ལྷོའི་ཕྱོགས་ནས་གངྒཱ་སོགས་ཆུ་བོ་ཆེན་པོ་ལྔ་ཡོད་པའི་ས་ཕྱོགས་སུ་ཕེབས་ནས་རྒྱ་གར་གྱི་རིག་གནས་དང་རིག་བྱེད་ཀྱི་གཞུང་ལུགས་སྤེལ། དེ་མ་སླེབ་སྔོན་རྒྱ་གར་ལ་ཏཱ་ར་ཝིས་ཏ(Dravida)དང་མུན་ཏུས(Munda)་སོགས་ཀྱི་མི་རིགས་ཀྱང་ཡོད་མོད། ཡོངས་གྲགས་ཀྱི་རྒྱ་གར་རིག་གནས་དང་རིག་བྱེད་ཀྱི་ཕུགས་ནི་མིའི་རིགས་འདི་ཁོ་ན་ཡིན། དེས་འདི་དག་དབང་བསྒྱུར་བ་ནས་བཟུང་རྒྱ་གར་ལ་རིགས་ཀྱི་རྣམ་བཞག་ཡང་ཆགས། རྒྱ་གར་སྐད་ཐོག་ཏུ་རིགས་ཀྱི་ཚིག་(བརྞྞཱ། varṇāḥ)ལ་ཤ་མདོག་གི་གོ་དོན་ཡོད་པའི་རྒྱུ་མཚན་ཡང་དེ་ཡིན། ཡ་ལེ་ཨན་གྱི་མིའི་རིགས་ཤ་མདོག་དཀར་ལ་ཏཱ་ར་སོགས་ཤ་མདོག་ནག་པོ་ཡིན་པས་དེའི་སྒོ་ནས་རིགས་མཐོ་དམན་བཞག་པའོ། ། དེ་བས་ན་རྒྱ་གར་ཆོས་ལུགས་དང་མེ་དད་ཆོས་ལུགས་གཉིས་འདྲ་བའི་ཆ་མང་ཙམ་ཡོད་པ་ནི་དེ་གཉིས་ཁུངས་གཅིག་ཡིན་པའི་གནད་ཀྱིས་ཡིན་པ་ཡང་ཤེས་དགོས། རྒྱ་གར་གྱི་སྒྲུང་གཏམ་ཆེན་པོ་《རཱ་མ་ཡ་ན》དང《མ་ཧཱ་ཕ་ལཱ་དྷ》གཉིས་ནི་མི་རིགས་འདིས་ན་རྒྱ་གར་ཕྱི་ནང་རིམ་བཞིན་དབང་དུ་བསྡུ་སྐབས་ཀྱི་ལོ་རྒྱུས་སྟོན་པ་ཡིན་པའི་བཤད་པ་ཡང་ཐོས། དེའི་དུས་ནས་རིག་བྱེད་ཀྱི་གཞུང་བཞི་སྟེ། སྤྱི་ལོ་སྔོན་གྱི་ལོ་༡༢༠༠ཙམ་ལ་ཆོ་གའི་བསྟོད་དབྱངས་རྣམས་བསྡུས་པའི་《རད་གྷའི་རིག་བྱེད་》ཡང་ན་《སྙན་ངག་རིག་བྱེད》། སྤྱི་ལོ་སྔོན་གྱི་ལོ་༡༠༠༠ཙམ་ནས་བསྟོད་ཚིག་བསྡུས་པ《སཱ་མའི་རིག་བྱེད》ཡང་ན《ངེས་བརྗོད་རིག་བྱེད》གྲུབ། དམར་མཆོད་ཀྱི་ཆོ་ག་བསྡུས་པའི་《ཡར་ཇོའི་རིག་བྱེད》ཡང་ན་《མཆོད་སྦྱིན་རིག་བྱེད》། རིག་སྔགས་རྣམས་བསྡུས་པའི་《ཨ་དྷ་ཧྥའི་རིག་བྱེད་》ཡང་ན《སྲིད་སྲུང་རིག་བྱེད》དེ་གསུམ་དུས་མཚུངས་པར་གྲུབ། དུས་རིམ་འདི་ལ་སྟོད་སྨད་གཉིས་ཕྱེ་དགོས་ཤིང་དུས་སྟོད་ལ་ཕྱིའི་རྣམ་པ་ཙམ་ལས་སྙིང་པོའི་ལྟ་གྲུབ་གང་ཡང་མེད། དུས་སྨད་སྤྱི་ལོ་སྔོན་གྱི་ལོ་༨༠༠་ཙམ་ལ་དེའི་འགྲེལ་བ་ཚངས་པའི་གཞུང་རྣམས་བྱུང་ནས་ལྟ་གྲུབ་ཀྱི་དབུ་བཙུགས། དེའི་དུས་ཀྱི་ལྟ་བ་ནི་མཚན་ཉིད་རིག་པའི་བཤད་པ་ལྟར་ན་རྒྱུ་གཅིག་སྨྲ་བ(一元论)ཡིན།
​ས་བཅད་གཉིས་པའི་དུས་ནི་གཞུང་དེ་དག་གི་སྙིང་པོ་ཕྱུངས་པ་ནགས་ཚལ་གྱི་གསེབ་ཏུ་གསང་སྒྲོག་གི་ཚུལ་དུ་བསྟན་པས་《ནགས་ཚལ་གྱི་ཡི་གེ》གསང་ཟབ་ཀྱི་དོན་རྣམས་སློབ་དཔོན་གྱི་དྲུང་ནས་ཐོབ་དགོས་པས་《ཟབ་པའི་ཡི་གེ》རྣམས་བྱུང་།
​ས་བཅད་གསུམ་པའི་དུས་སྤྱི་ལོ་སྔོན་གྱི་ལོ་༧༠༠—སྤྱི་ལོ་༢༠༠བར་དུ་མུ་སྟེགས་སྤྱོད་པ་བ་དང་རིག་བྱེད་པ། གྲངས་ཅན་པ། རིག་པ་ཅན་པ། ཡོ་ག་སྨྲ་བ། བྱེ་བྲག་པ་སྟེ་མུ་སྟེགས་རང་གི་ཡང་དག་གི་གྲུབ་མཐའ་དྲུག་རིམ་བཞིན་བྱུང་ལ། །གཞན་ཡང་རྒྱང་འཕེན་པ་དང་གཅེར་བུ་པ་ནང་པ་བཅས་མུ་སྟེགས་ལས་ལོག་པའི་བཤད་པ་གསུམ། དེ་དང་མུ་སྟེགས་ཀྱི་སྟོན་པ་དྲུག་སྟེ། རྫོགས་བྱེད། གནམ་ལྷས་ཀྱི་བུ། ཡང་དག་རྒྱལ་བ་ཅན། ཀ་ཏའི་བུ་ནོག་ཅན། གཉེན་གྱི་བུ།(འདི་དང་གཅེར་བུའི་སྟོན་པ་གཅིག་ཡིན་མིན་དཔྱད་གཞི་འདུག)དེ་ལ་སོགས་པའི་ལྟ་གྲུབ་མང་པོ་དུས་འདིར་དབུ་བརྙེས།  དེ་དག་ཕལ་ཆེར་རྒྱུ་གཉིས་སྨྲ་བ་(二元论)དང་རྒྱུ་དུ་མ་སྨྲ་བ་(多元论)ཡིན་ལ། རྒྱུ་གཅིག་སྨྲ་བ་ནི་རིག་བྱེད་པ་འདི་ཁོ་ན་ཡིན། གཅེར་བུ་བའི་ལྟ་སྤྱོད་ནང་པ་དང་ཆ་འདྲ་བ་མང་ཡང་བདག་བདེན་གྲུབ་ཏུ་འདོད་པས་རྩ་བའི་ཆ་ནས་འདྲ་བ་མིན། འདི་ལ་དགོངས་ནས་རྒྱ་བོད་ཀྱི་མཁས་པ་རྣམས་ཀྱིས་བདེ་འགྲོ་ཐོབ་ཐུབ་པར་མུ་སྟེགས་ནང་གི་མཆོག་འདི་ལ་ངོས་འཛིན་གནང་། ཡང་ཚངས་པའི་གཞུང་དང་ནགས་ཚལ་དང་གསང་བའི་གཞུང་གི་རྒྱུ་གཅིག་སྨྲ་བའི་ལྟ་གྲུབ་དེ་རིག་བྱེད་པ་འདི་ཁོ་ནས་འཛིན་པས། སློབ་དཔོན་རིན་པོ་ཆེས་རྒྱུད་སྡེ་སྤྱི་རྣམ་ལས་རིག་བྱེད་པ་མུ་སྟེགས་ཀྱི་རྩ་བ་ཡིན་པར་གསུངས་པའི་གནད་ཀྱང་འདི་ཡིན་ནམ་སྙམ། ས་བཅད་བཞི་པའི་དུས་ནི་རིག་བྱེད་པས་མུ་སྟེགས་གཞན་གྱི་ལྟ་གྲུབ་དང་ནང་པའི་ལྟ་གྲུབ་ལ་སྐྱོན་བརྗོད་བྱས་ནས་རང་གི་གྲུབ་མཐའ་འབུར་དུ་དོད་པ་གསལ་བར་བྱེད་པའི་ཚངས་པའི་མདོ་བརྩམས་གྲུབ་པའི་དུས་ཡིན། ས་བཅད་ལྔ་པའི་དུས་ནི་དེ་ལྟ་བུའི་ཚངས་པའོ་མདོ་གྲུབ་ཟིན་པའི་རྗེས་སུ་དེ་ལ་འབྲེལ་བཤད་བྱེད་ཚུལ་རིག་བྱེད་མཐར་ཐུག་སྨྲ་བའི་ནང་དུ་དུ་མ་བྱུང་བའི་དུས་ཏེ་ས་བཅད་ཕྱི་མ་འདི་གཉིས་དངོས་གཞིར་སྤྲོས།
​འདིའི་སྐོར་གྱི་བརྒྱུད་རིམ་ལ་དེང་གི་ཞིབ་འཇུག་པ་རྣམས་ཀྱིས་ས་བཅད་འདྲ་མིན་མཛད་པ་སྣང་ཡང་ཁོ་བོས་འདིར་ས་བཅད་ལྔ་རུ་སྡོམ་པ་ཡིན་ལ། དེས་དུས་རབས་བཅུ་པ་ཡན་ཆད་ཀྱི་རྒྱ་གར་ཆོས་ལུགས་ཡོངས་ཀྱི་འཕེལ་འགྱུར་ཆེར་ཁག་རྣམས་མངོན་ཐུབ་པར་སེམས། དེ་ལྟར་རྒྱུ་གར་ཆོས་ལུགས་ཀྱི་འཕེལ་རིམ་རགས་ཙམ་བཀོད་ནས་དེའི་ཁྲོད་དུ་མངོན་གསལ་ཐུབ་པའི་གནད་ཅིག་ནི་རྒྱ་གར་ལ་མུ་སྟེགས་ཀྱི་ལྟ་གྲུབ་དར་ནས་བཟུང་། རིག་བྱེད་ཀྱི་གཞུང་དང་དེའི་འགྲེལ་བ། ནགས་ཀྱི་ཡི་གེ་དང་གསང་བའི་ཡི་གེ་ཚངས་པའི་མདོ་ལ་སོགས་པའི་རྩ་བའི་རྒྱབ་རྟེན་ཐམས་ཅད་ནས་བཤད་པའི་རྒྱུ་གཅིག་སྨྲ་བའི་ལྟ་གྲུབ་དེ་ཡང་དག་པར་འཛིན་ནུས་པ་ནི་རིག་བྱེད་མཐར་ཐུག་སྨྲ་བའམ་རིག་བྱེད་པ་འདི་ཁོ་ན་ཡིན་པས་གོང་གི་ས་བཅད་དེ་དག་གིས་དངོས་སམ་བརྒྱུད་ནས་ཆོས་ལུགས་འདིའི་ངོ་སྤྲོད་ཀྱང་བྱས་པ་ཡིན། ལུགས་འདི་ནི་རྒྱ་གར་དུས་ཕྱིས་ཀྱི་མུ་སྟེགས་ཀུན་གྱི་གཙུག་ཏོར་ལྟ་བུ་ཡིན་ལ་འདིའི་བརྒྱུད་རིམ་གོང་དུ་བཤད་པ་བཞིན་སྔ་ཕྱི་གཉིས་ཙམ་ཕྱེ་དགོས་པ་བཞིན་འདིས་ནང་བསྟན་གྱི་བཤད་པ་བརྐུས་པའི་དུས་ཡང་སྔ་ཕྱི་གཉིས་ཕྱེ་དགོས། སྔ་མ་ནི་ས་བཅད་གསུམ་པའི་དུས་ཏེ། བྷ་ཐོ་ཝ་ཡེ་ན(Badavayena)་ཞེས་པས་སྤྱི་ལོ་སྔོན་གྱི་དུས་རབས་དང་པོ་ཡན་མན་ལ་གྲུབ་མཐའ་འདི་དབུ་བཙུགས་ནས་ཚངས་པའི་མདོ་བརྩམས་པའི་འགོ་ཡང་བཙུགས་མོད། རྩོམ་འདི་མཇུག་ཡོངས་སུ་གྲུབ་པ་ནི་སྤྱི་ལོ་༢༠༠-༤༥༠བར་དུ་ཡིན་པས་དེའི་བར་ལ་ཐེག་པ་ཆེན་པོའི་གཞུང་ལས་བྱུང་བའི་སྐུ་གསུམ་ངོ་བོ་གཅིག་ལ་རྣམ་པ་མི་འདྲ་བ་སྔ་མས་ཕྱི་མའི་བདག་རྐྱེན་བྱེད་པའི་རྣམ་བཞག་གྲུབ་ཟིན་པ་དང་། གནས་ལུགས་ཀྱི་ངོ་བོ་ཚངས་པ་ཆེན་པོ་དེས་ལྷ་གཞན་དག་སྤྲུལ་པའི་རྣམ་བཞག་ཡང་གཞུང་འདི་ལས་སྔར་མེད་གསར་བྱུང་ཡིན་པ་དང་། དུས་རབས་གསུམ་པ་དང་བཞི་པར་བྱོན་པའི་རྒྱ་ནག་གི་ལོ་ཙཱ་བ་རྣམས་ཀྱིས་རྒྱ་གར་མུ་སྟེགས་པས་ལྷ་གསུམ་རྣམ་པ་མི་འདྲ་ལ་ངོ་བོ་གཅིག་གི་རྣམ་བཞག་ཁས་བླངས་ཡོད་པའི་གསུང་དང་། སློབ་དཔོན་རིན་པོ་ཆེས་རྒྱུད་སྡེ་སྤྱི་རྣམ་ལས་མུ་སྟེགས་པས་ལྷ་གསུམ་པོ་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ལ་སྦྱར་ནས་བཤད་ཡོད་པའི་གསུང་། མར་ཐེན་གྱི་རྒྱ་གར་ཆོས་འབྱུང་སོགས་དེང་གི་མཁས་པ་དུ་མའི་གསུང་ལས་དབྱངས་གཅིག་ཏུ་སྐུ་གསུམ་དང་འདྲ་བའི་བཤད་པ་འདི་ནང་པའི་ཤུགས་རྐྱེན་ཐེབས་པ་ཤ་སྟག་ཡིན་ཞེས་པ་རྣམས་གོང་འོག་བསྒྲིག་ན་གཞུང་འདིས་ནང་པའི་སྐུ་གསུམ་གྱི་རྣམ་བཞག་དེ་བརྐུས་ནས་རང་གི་གྲུབ་མཐའ་ལ་སྦྱར་ནས་སྤེལ། མུ་སྟེགས་གཞན་རྣམས་ཀྱིས་ཀྱང་དེའི་རྗེས་སུ་ཞུགས་ནས་ཁས་བླངས་པ་འདྲ། དེ་བས་ནང་པའི་ཆོས་ལུགས་ཀྱིས་དུས་ཕྱིས་ཀྱི་རྒྱ་གར་ཆོས་ལུགས་ཡོངས་ཀྱི་རྩ་བའི་ལྟ་གྲུབ་ལ་ཡང་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་ཤེས་དགོས།
​ཕྱི་མའི་དུས་ནི་ཚངས་པའི་མདོ་ལ་འགྲེལ་བཤད་མང་དུ་བྱུང་བའི་དུས་སོ། ། དེ་ལ་ཡང་དང་པོར་བདག་དང་ཚངས་པ་ངོ་བོ་འདྲ་ལ་རྣམ་པ་མི་འདྲ་བ་སྨྲ་བའི་གཅིག་མིན་གཞན་མིན་གྱི་ལྟ་བ་(དེ་ནས་ཅོ་ནེ་བར་དུ་ལྟ་གྲུབ་འདི་རང་ལས་གཞན་འགྱུར་བ་ཆེན་པོ་སོང་སྐད་མེད)དང་། དེ་ནས་ཅོ་ནེ་པོ་ཐོ་(༦༤༠-༦༩༠)དང་བདེ་བྱེད་དགའ་བའི(༧༨༨-༨༢༠)་བདག་དང་ཚངས་པ་གཉིས་སུ་མེད་ལ། ཡོན་ཏན་ཀྱང་ཁྱད་འཕགས་གང་ཡང་མེད་པའི་གཉིས་སུ་མེད་པའི་ལྟ་བ། ཡང་དེའི་རྗེས་སུ་རོ་མོ་ནུས་ཧྲིས་(༡༠༡༧-༡༡༣༧)བདག་དང་ཚངས་པའི་ངོ་བོ་དབྱེ་བ་མེད་ཀྱང་ཡོན་ཏན་སོགས་ཁྱད་པར་དུ་མ་ཡོད་པའི་ཁྱད་ཡོད་གཉིས་མེད་སྨྲ་བ། ད་དུང་དེའི་རྗེས་སུ་རིག་བྱེད་རྒྱུ་གཉིས་སྨྲ་བ། རིག་བྱེད་རྒྱུ་གཉིས་གཉིས་མེད་སྨྲ་བ། རྩ་བའི་གཉིས་མེད་སྨྲ་བ་སོགས་མང་པོ་ཡོད་ཀྱང་སྐབས་དོན་མིན་པས་རེ་ཞིག་མ་སྤྲོས། ​ལུགས་འདིའི་དུས་སྟོད་དུ་མ་ཟད། དུས་སྨད་ཀྱི་ཅོ་ནེ་དང་བདེ་བྱེད་སོགས་ཀྱི་དུས་སུ་ལྷག་ཏུ་ནང་པའི་གཞུང་གི་ཇག་རྐུན་གྱུར་བའི་ཚུལ་ལ། བདེ་བྱེད་དགའ་བོའི་སྔ་རོལ་དུ་དུས་རབས་ལྔ་པའི་སྨད་ལ་རིག་བྱེད་པ་བྷི་དྲི་ཁི་རིས་མཛད་པའི་《རྩོམ་ཡི་གེ་གཅིག་པའི་ལེའུ་》དང《འགྲེལ་ཆེན་གསལ་བཤད》་ལས་རིག་བྱེད་ཀྱི་ངག་ལ་བག་ཆགས་དང་ས་བོན་ལྟ་བུའི་ནུས་པ་ཡོད་པ་སོགས་ནང་པའི་མདོ་སེམས་ཀྱི་བཤད་པ་མང་པོ་བརྐུས་ཡོད་པ་སིམ་ཅིང་སོགས་རྒྱ་གར་ཆོས་ལུགས་ཀྱི་ཞིབ་འཇུག་པ་དག་གིས་གསུངས། དེའི་རྗེས་སུ་ཅོ་ནེ་པོ་ཐོ་《དམ་པའི་གྲུབ་མཐའ་》ཞེས་པའི་གཞུང་དེའི་ལེའུ་བཞི་པའི་མགོ་མཇུག་ཐམས་ཅད་ནང་པའི་ཐུན་མིན་གྱི་ཐ་སྙད་དང་རྩོམ་གྱི་བརྗོད་བྱ་ལ་ཡང་ནང་པའི་ལྟ་གྲུབ་མང་ཙམ་ཡོད་པར་བདེ་བྱེད་དགའ་བས་དེའི་འགྲེལ་བར་ངོས་འཛིན་བྱས། ཐ་སི་ཁོའི་ཕུས་ཐའི《མཚན་ཉིད་རིག་པའི་ལོ་རྒྱུས》ལས་སློབ་དཔོན་འདིས་རང་གི་བཤད་པ་ནང་པའི་རྗེས་སུ་འབྲང་བའི་དང་ལེན་བྱས་མྱོང་བར་གསུངས། ཧྲི་ཨོར་པ་ཚི་ཁྱིས་ཀྱི《ནང་བསྟན་གཏན་ཚིགས་རིག་པ་》ཞེས་པ་ལས་དེ་ལུགས་བཞིན་བཤད་པས། དེ་ན་བདེ་བྱེད་སྔ་རོལ་གྱི་སློབ་དཔོན་རྣམས་ཀྱིས་ཀྱང་ནང་པའི་བཤད་པ་རང་གི་གྲུབ་མཐའ་ལ་སྦྱར་བ་མང་ཙམ་ཡོད། དེ་རྗེས་བདེ་བྱེད་དགའ་བ་ཞེས་པའི་སློབ་དཔོན་འདི་ནི་མུ་སྟེགས་པའི་ཁྲོད་ཏུ་སློབ་དཔོན་ཀླུ་སྒྲུབ་ལྟ་བུའི་མཁས་པ་ཡིན་ཞེས་གྲགས་པ་མ་ཟད་དུས་རབས་དགུ་པ་ནས་བརྗོད་བྱ་དོན་གྱི་ནང་བསྟན་ཡང་འདིས་བསྣུབས་པ་ཡིན་ཞེས་དེང་སང་ཞིབ་འཇུག་པ་དང་དེའི་རྗེས་འབྲང་གི་རྒྱ་གར་གྱི་ཆོས་ལུགས་པ་འགའ་ཞིག་གིས་བཤད་མོད་བརྗོད་བྱ་དོན་གྱི་ནང་བསྟན་དུས་རབས་དགུ་པ་མ་ཟད་ད་ལྟའི་བར་དུ་ཡང་རྒྱ་གར་ལ་ཡེ་ནས་ནུབ་མེད་པར་གོང་དུ་ཞུས་ཟིན། འདིའི་བཤད་པ་ཡང་ཕལ་མོ་ཆེ་ནང་པ་ལས་བརྐུས་པ་ཡིན་པས་དེ་འདྲའི་བཤད་པ་ལ་བདེན་ཆ་ཅུང་ཟད་ཀྱང་མེད་པ་མ་ཟད་ཆོས་ཀྱི་གྲགས་པས་ལན་གསུམ་ཚར་བཅད་ནས་ཆུ་ནང་དུ་ལྕེབས་པའི་བདེ་བྱེད་དགའ་བ་ཡང་འདི་ཡིན་ནམ་སྙམ་མོད། ཡིན་ཡང་འདི་དང་ཆོས་གྲགས་གཉིས་ཀྱི་བར་ལོ་བརྒྱ་ཙམ་གྱིས་ཆོད་པས་དཔྱད་གཞི་ཡིན། འདིས་ནང་པའི་ལྟ་གྲུབ་བརྐུས་པ་རྣམས་བསྡོམས་ན་དྲུག་སྟེ། ༡་མུ་སྟེགས་གཞན་ལ་མ་གྲགས་པའི་གནས་ལུགས་ཀྱི་ངོ་བོ་ཚངས་ཆེན་དེ་ཡང་དག་པའི་ངོར་བཟང་ངན་དང་སྐྱོན་ཡོན་གང་ཡང་བརྗོད་དུ་མེད་པ་དབུ་མ་པའི་དོན་དམ་བརྗོད་བྲལ་གྱི་རྣམ་བཞག་དེ་བརྐུས་པ། ༢་ཡང་དག་པའི་ཤེས་རབ་དང་མ་དག་པའི་ཤེས་རབ་ཀྱི་ངོས་གཉིས་ཀྱི་སྒོ་ནས་གྲུབ་མཐའ་འཇོག་པ་དབུ་མའི་ལུགས་ཀྱི་བདེན་གཉིས་ཀྱི་རྣམ་བཞག་ལས་བརྐུས་པ། ༣་ཡུལ་ལ་རིག་བྱ་རིག་བྱེད་རིག་པ་གསུམ་སོ་སོར་མེད་པ་དབུ་མའི་མཚན་མེད་ཀྱི་ལྟ་བ་བརྐུས་པ། ༤་མ་དག་པའི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཡིན་པར་དབུ་མའི་སློབ་དཔོན་ཀླུ་སྒྲུབ་ཀྱི་རྩ་ཤེར་ལས་རྨི་ལམ་ཇི་བཞིན་སྒྱུ་མ་བཞིན། དྲི་ཟའི་གྲོང་ཁྱེར་ཇི་བཞིན་ནོ་ཞེས་པའི་བཤད་པ་དེ་བརྐུས་པ། ༥་ལྷ་བདག་ནི་སྣང་བའི་ཆོས་ཐམས་ཅད་ཀྱི་འཆར་གཞིར་འདོད་ནས་དེའི་སྟེང་དུ་ས་བོན་དང་འབྲས་བུ་རྣམ་བཞག་འཇོག་པ་སེམས་ཙམ་པའི་ཀུན་གཞི་རྣམ་ཤེས་འཁོར་འདས་ཀྱི་གཞི་འཇོག་ཚུལ་ལས་བརྐུས་པ། ༦་བྱེ་སྨྲ་བའི་གྲུབ་མཐའ་འགོག་བྱེད་ཀྱི་རིགས་པ་ཡང་དབུ་མ་འཇུག་པའི་གཞན་གྱིས་བསགས་པ་གཞན་གྱིས་མྱོང་བར་འགྱུར་བའི་རིགས་པ་དེ་བརྐུས་ནས་དགག་པ་སོགས་སོ། ། སློབ་དཔོན་འདིའི་བཤད་པ་ལ་དེའི་རྗེས་སུ་སྤྱོད་པ་བའི་མཁས་པ་འོད་བྱེད། རིག་བྱེད་པའི་མཁས་པ་ཡེ་མུས་ན། རཱོ་མོོར་ནུ། མཱོ་དྷོ་ཕུ། ཧྥ་ལ་ཕུ་སོགས་ཀྱིས་དབྱངས་གཅིག་ཏུ་སློབ་དཔོན་འདི་མུ་སྟེགས་པའི་འབག་གྱོན་པའི་ནང་པ་ཡིན་ཞེས་སྐྱོན་བརྗོད་བྱེད་པ་ཡང་འདིས་རྟག་རྟན་གྱི་ཚངས་པ་དང་ལྷ་བདག་དབྱེར་མེད་དུ་ཁས་བླངས་པ་ལས་གཞན་ཕལ་ཆེར་ནང་པ་ལས་བརྐུས་པའི་རྒྱུ་མཚན་གྱིས་ཡིན། དུས་རིམ་དང་བརྗོད་བྱ་སོགས་ལ་བལྟས་ན་ཇོ་བོ་རྗེའི་(༩༨༢-༡༠༥༤)རྣམ་ཐར་ཡོངས་སུ་གྲགས་པ་ལས་ནང་པ་དང་ཁྱད་འབྱེད་དཀའ་བའི་མུ་སྟེགས་ཀྱང་སྤྱིར་རིག་བྱེད་པའི་ལུགས་དང་བྱེ་བྲག་ཏུ་ལུགས་འདི་ཡིན་པ་འདྲ་སྟེ། དེང་བོད་མཁས་པ་རྣམས་ཀྱིས་དེ་གྲངས་ཅན་པ་ལ་ངོས་འཛིན་བཞིན་ཡོད་ཀྱང་དེའི་དུས་སུ་རིག་བྱེད་པ་སྟོབས་ཆེ་དྲགས་པས་གྲངས་ཅན་སོགས་མུ་སྟེགས་གཞན་དག་ཕལ་ཆེར་ནུབ་ལ་མ་ནུབ་ཀྱང་ཉག་ཕྲ། བརྗོད་བྱའི་ངོས་ནས་ཀྱང་སྤྱིར་ན་གྲངས་ཅན་ནི་རྒྱུ་གཉིས་སྨྲ་བ་སྟེ། བེམ་སེམས་གཉིས་ཀྱིས་འཇིག་རྟེན་གྲུབ་ལ་དེ་གཉིས་ཀའི་ངོ་བོ་བདེན་པར་འདོད་པས་ནང་པའི་མདོ་སྡེ་པ་ཡན་ཆད་ནས་ཁྱད་འབྱེད་དཀའ་དོན་མེད། རྒྱུ་གཅིག་སྨྲ་བ་ནི་ཡོངས་རྫོགས་ཀྱི་རྩ་བ་སེམས་ལས་བྱུང་བ་སྟེ། བདེ་བྱེད་ཀྱི་རང་གཞུང་དུ་ནང་པའི་སེམས་ཙམ་པས་ཕྱི་དོན་མེད་པའི་བཤད་པ་ལ་རྒོལ་ཡང་ཞེ་འདོད་ལ་ཕྱི་དོན་བེམ་པོ་ཞིག་ཡོད་པའི་དོན་མིན་གྱི་དེ་དག་ཚངས་པའི་སྤྲུལ་པ་ཡིན་པས་ཚངས་པའི་ངོ་བོ་ལས་གཞན་མིན་པའི་དོན་ཡིན་ལ། དོན་གྱིས་ན་སེམས་ཙམ་རྣམ་བདེན་པའི་བཤད་པ་དང་འདྲ་མོ་ཞིག་ཁས་བླངས་སོ། །
​དེ་ལྟར་དུས་སྔ་ཕྱི་གཉིས་སུ་ནང་པའི་བཤད་པ་བརྐུས་པའི་ཚུལ་ངོ་སྤྲོད་རགས་ཙམ་བྱས་ཏེ། སྤྱིར་རྒྱ་གར་ཆོས་ལུགས་ཀྱི་འཕེལ་རིམ་དང་བྱེ་བྲག་ཏུ་རྒྱ་གར་ཆོས་ལུགས་ཀྱི་གཙུག་ཏོར་ལྟ་བུའི་རིག་བྱེད་མཐར་ཐུག་སྨྲ་བ་འདི་ནང་པའི་ཇག་རྐུན་དུ་གྱུར་ཚུར་རགས་ཙམ་ཞུས་པ་ལགས་སོ།
​ཡང་ཏོའོ་ཅོའོ་ཞེས་པ་གནའ་བོའི་རྒྱ་ནག་གི་ཡུལ་དུ་དར་བའི་ཆོས་ལུགས་འདི་དེང་སང་ཕྱི་ཕྱོགས་ཀྱི་མཁས་པ་དང་ལྷག་པར་དུ་བོད་རྣམས་ཀྱིས་ཆོས་ལུགས་འདི་གཏིང་ཟབ་པ་དང་ཡ་མཚན་ཆེན་པོ་ཞིག་ལ་བརྩི་སྲོལ་འདུག ཡིན་ཡང་དེ་ནི་རྒྱ་ནག་གི་ཆོས་ལུགས་ལོ་རྒྱུས་ལ་རྒྱུས་ལོན་ཅུང་ཟད་མེད་པའི་རྐྱེན་གྱིས་ཡིན་ཤས་ཆེ། ཆེས་ཐོག་མར་ཏོའོ་ཅོའོ་དང་ཏོའོ་ལུགས་གཉིས་ཁྱད་འབྱེད་ཤེས་དགོས་པ་གནད་ཆེ་ཡང་དེ་ཤེས་མཁན་དཀོན་པོ་འདྲ། དེ་གཉིས་ཀྱི་ངོ་བོ་ལ་ཏོའོ་ལུགས་ནི་ལོར་ཙི་དང་ཀྲོམ་ཙི་གཉིས་གཙོས་བྱས་པའི་ཁྲུན་ཆིའུ་ཀྲན་གོའི་དུས་སུ་བྱུང་བའི་བཤད་པ་ཞིག་ཡིན་ལ། ཏོའོ་ཅོའོ་ནི་དེའི་རྗེས་སུ་ཀྲང་ཏོ་ལིང་སོགས་ཀྱི་རང་གཞུང་མེད་པར་ནང་པའི་ལྟ་སྤྱོད་བརྐུས་ནས་བྱུང་བའི་ཆོས་ལུགས་ཤིག་རེད། དེས་ན་འདིར་རྒྱ་ནག་རང་གི་མཁས་པ་རྣམས་ཀྱིས་ཏོའོ་ཅོའོ་ཞེས་པ་འདི་ནང་པའི་ཇག་རྐུན་ཡིན་པ་དང་འདིས་ངོ་ཚ་མེད་པར་ནང་པའི་ལྟ་གྲུབ་བརྐུས་པ་མ་ཟད་ཁྱབ་སྲིད་བེད་སྤྱོད་བཏང་ནས་ནང་པ་ལ་གནོད་འཚེ་བཏང་བ་དང་ད་རུང་སྟོན་པ་བཅོམ་ལྡན་འདས་ལོར་ཙིའི་སློབ་མ་ཡིན་པའི་སྨྱོ་གཏམ་སྤེལ་ཚུལ་ལ་ཟུར་ཟ་བྱེད་ཚུལ་ཅུང་ཟད་དྲངས། དེ་ཡང་རྒྱ་ནག་དུས་ཕྱིས་ཀྱི་མཁས་དབང་ལོམ་ཁྱིས་ཁྲོའི(梁启超)《རྒྱ་ནག་ནང་བསྟན་འཕེལ་རིམ་རགས་བཤད་》ལས་འདི་ལྟར་བཤད་དེ“ཏོའོ་ཅོའོ་ཞེས་པ་ནི་ལོར་ཀྲམ་གཉིས་ཀྱིས་བཤད་པ་དེ་མ་ཡིན་ལ་ཀྲམ་ཏོའོ་ལིང་རྗེས་འཇུག་དག་གིས་སྤེལ་བའི་ལོག་བཤད་ཅིག་ཡིན། རང་ལ་གྲུབ་མཐའ་ཅི་ཡང་མེད་མོད་ནང་པའི་བཤད་པ་ཅུང་ཟད་བརྐུས་ནས་བྱུང་། གོ་དོན་ཟབ་པོ་ཅི་ཡང་མེད་ལ་སྔ་ཕྱིའི་བཤད་པ་འགལ་བ་ཁོ་ན་ཡིན། སྔོན་གྱི་དུས་སུ་ནང་པའི་མཁས་པ་ཡིན་མིན་ཅི་རིགས་པས་ལུགས་འདི་ལ་ནན་གྱིས་དགག་པ་བྱས་མྱོང་། ཡང་《ལོར་ཙིས་ཧོར་འདུལ་གྱི་མདོ》ཞེས་པའི་ཡི་གེ་བརྫུན་མ་ཞིག་བྱས་ནས་ནང་ཆོས་ཏོའོ་ཅོའོ་ནས་བྱུང་བའི་ལོག་བཤད་སྤེལ། རྒྱ་ནག་རྒྱལ་རབས་ཀྱི་ལོ་རྒྱུས་ཁྲོད་དུ་ནང་བསྟན་ལ་རྒྱལ་སྲིད་ཀྱི་གནོད་འཚེ་ལན་གཉིས(་མཆན་དུ་ཐམ་དབུས་ཙམ་གྱིས་གནོད་འཚེ་གཏོང་བ་དེ་ཁ་སྐོང་འདུག)་བྱུང་བ་ལས་གནོད་སྐྱོན་ཆེས་ཆེ་བ་ཡང་ཆོས་ལུགས་འདིས་པེ་ཝེས་དབུས་རྒྱལ་བསླུས་ནས་བྱུང་བ་ཡིན།” ཡོངས་གྲགས་ཀྱི་རྒྱ་ནག་མཁས་པ་ལུས་ཕྱིང་(鲁迅)ལས་“ནང་པའི་ཆོས་ལུགས་ཤར་ཕྱོགས་སུ་དར་ཚེ་ནང་པའི་སློབ་མ་རྣམས་ཀྱིས་མདོ་བསྒྱུར་ནས་ཆོས་སྤེལ་བའི་དུས་སུ། ཏོའོ་ཅོའོ་པ་རྣམས་ཀྱིས་ནང་པའི་མདོ་བརྐུས་ནས་ཏོའོ་མདོ་བཟོས། དེ་ནས་ཕྱོགས་གཅིག་ནས་ཏོའོ་མདོ་ལ་བརྟེན་ནས་ནང་ཆོས་སྨད། ཕྱོགས་གཅིག་ནས་མ་རབས་ཀྱི་སྤྱོད་པ་དུ་མས་ནང་པའི་གྲྭ་བཙུན་རྣམས་ལ་གནོད་འཚེ་བཏང་ནས་རྫབ་བེ་རྫུབ་བེའི་ལས་ཀ་དུ་མ་བྱས།” ཧོར་ཧྥི་ཁྲིན་(胡孚琛)་གྱིས་《ཏོའོ་རིགས་སྤྱིའི་ལོ་རྒྱུས་》ལས་“ཏོའོ་ཅོའོ་པ་རྣམས་ཀྱིས་ཏོའོ་མདོ་ཡང་དག་པར་བྱ་བའི་ཆེད་དུ། སངས་རྒྱས་ཤཱཀྱ་ཐུབ་པ་ལ་དཔེ་བྱས་ནས་ཡོན་ཧྲི་ཐོན་ཙིན(ཁ་སྐོང་རྒྱུ་ཞིག་ལ་ཁོང་ཚོས་ལྷ་གསུམ་པོ་དེ་ཡང་一气化三清་ངོ་བོ་གཅིག་ལ་རྣམ་པ་འདྲ་མིན་འདོད་པ་དེ་ཡང་ནང་པའི་སྐུ་གསུམ་གྱི་རྣམ་བཞག་དེ་ལས་བརྐུས་པ་འདྲ)་སོགས་ཀྱི་ལྷ་འདྲ་བཟོ་བྱས་ནས། ལོ་རྒྱུས་ཐོོག་སྐད་གྲགས་ཆེ་ཤོས་ཀྱི་ཏོའོ་མདོ་ཕལ་ཆེར་བས་ལྷ་འདི་དག་ལ་ཁ་གཡར་ནས་ནང་པའི་ལྷ་ཡུལ་དང་དམྱལ་ཁམས། འཁོར་བའི་རྣམ་བཞག ལས་རྒྱ་འབྲས། མྱང་འདས་དང་འདས་བསྔོ་སོགས་རང་ལ་སྦྱར་བ་རེད།”ཞེས་དང་ད་རུང་ཡང་ཨང་ཏུས་ཅན(翁独健)ཧྥང་ཡི་ལན(冯友兰)ཧོ་ཧྲི་(胡适) ཅིས་ཕྱན་ལིང་(季羡林)ལིས་སི་མོན(吕思勉)ཁྲིན་ཡིང་ཁུ(陈寅恪) ལ་སོགས་པའི་རྒྱ་ནག་ཡོངས་གྲགས་ཀྱི་མཁས་དབང་རྣམས་ཀྱིས་སྔ་མ་བཞིན་དབྱངས་གཅིག་ཏུ་བཀག་མོད། ཡི་གེ་མང་དུ་དོགས་ནས་མ་བཀོད་དོ། ། མདོར་ན་ཏོའོ་ཅོའོ་ཞེས་པ་འདི་ནི་ནང་ཆོས་ལ་ཕྱོགས་གང་ཅིའི་ཐད་ནས་བཤད་ཀྱང་ངོ་ཚ་མེད་པའི་ཇག་རྐུན་ཆེན་པོ་ཞིག་ཡིན་འདུག་པས། འདི་ངོ་མི་ཤེས་པ་འདི་ལ་བརྩིས་ཐང་ཆེན་པོ་འཇོག་པ་ནི་བླུན་པོའི་རྣམ་འགྱུར་འབའ་ཞིག་ཡིན་ནོ། །
​གོང་གི་དེ་དག་མིན་པ་ད་དུང་ཡང་ནང་པའི་ཆོས་ལུགས་ཀྱི་ཤུགས་རྐྱེན་ཐེབས་པའི་ཆོས་ལུགས་ཤིན་ཏུ་མང་པོ་ཡོད་ཀྱང་། དེའི་ནང་དུ་ཆོས་ལུགས་ཆེ་ཤོས་གསུམ་ལ་ཤུགས་རྐྱེན་ཐེབས་པའི་ཚུལ་ངོ་སྤྲོད་ཙམ་ཞིག་ཞུས་ན་དང་པོ་རུས་ཅོའོ་ཞེས་པ་འདི་ནི་ཁྲུན་ཆིའུ་ཀྲན་གོའི་དུས་ནས་བྱུང་བ་ཞིག་ཡིན་ལ། རྒྱལ་སྤྱིའི་སྟེང་དུ་འདི་ཆོས་ལུགས་མིན་པ་མཚན་ཉིད་རིག་པ་ཙམ་ཡིན་པའི་བཤད་པའང་ཡོད། གང་ལྟར་ཡང་ཕྱིས་སུང་དང་མིང་རྒྱལ་རབས་གཉིས་ཀྱི་དུས་སུ་འདིའི་འཇིག་རྟེན་དང་གནས་ལུགས་བཤད་ཚུལ་དེ་ནང་པའི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པར་ལེ་ཡོང་ཧེས་མཛད་པའི(赖永海)《སངས་རྒྱས་ཆོས་ལུགས་དང་རུས་ཅོའོ》ཞེས་པའི་དེབ་ནང་དུ་གསལ་བས་འདིར་ཡི་གེ་མང་དུ་དོགས་ནས་མ་སྤྲོས་སོ། ། ཡང་མུ་ནེ་ཆོས་ལུགས་ཞེས་པ་འདི་ནི་སྤྱི་ལོ་དུས་རབས་གསུམ་པ་ཙམ་ནས་ནང་ཆོས་དང་ཡེ་ཤུའི། མེ་དད་ཆོས་ལུགས་སོགས་ཀྱི་བཤད་པ་བསྡུས་ནས་བྱུང་བའི་ཆོས་ལུགས་ཤིག་ཡིན་ལ། འདི་གཙོ་བོ་དར་སའི་མི་རིགས་ནི་ཁ་ཆེ་ཡིན། ཆོས་ལུགས་འདིའི་སྟོན་པ་མུ་ནེས་འདི་ལྟར་བཤད་དེ“ཤེས་རབ་དང་ལྷའི་ལག་རྗེས་ནི་བར་མ་ཆད་པ་ལྷ་རྣམས་ཀྱིས་ཕོ་ཉ་ལ་བརྟེན་ནས་འཇིག་རྟེན་གྱི་མི་ལ་གནང་བཞིན་ཡོད་ལ། དུས་རབས་གཅིག་གི་ཕོ་ཉ་ནི་རྒྱ་གར་གྱི་སངས་རྒྱས་ཡིན་ལ། གཅིག་ནི་པོ་སུའི་ཟོ་ལོ་ཡ་སུ་(མེ་དད་ཆོས་ལུགས་ཀྱི་སྟོན་པ)ཡིན། གཞན་ཡང་དུས་རབས་གཅིག་ནི་ཡེ་ཤུ་ཡིན། དུས་རབས་འདི་ལ་ནི་ཁོང་ཡིན།”ཞེས་བཤད་པ་དང་ཆོས་ལུགས་འདིས་སྐྱེ་བ་སྔ་ཕྱི་ཁས་ལེན་པ་སོགས་ནང་པའི་རིག་གཞུང་གི་ཤུགས་རྐྱེན་དང་ལྷའི་རྣམ་པ་སོགས་ཀྱང་ནང་པའི་སྒྱུ་རྩལ་གྱི་ཤུགས་རྐྱེན་ཐེབས་ཡོད་པ་གྱོང་བྲིས་སོགས་ལས་མངོན་གསལ་ཡིན། འདི་དག་ཡང་དེང་སང་ལ་ཡོངས་སུ་གྲགས་པ་ཡིན་པས་མི་སྤྲོས། ཡང་འཇར་པན་གྱི་ཆོས་ལུགས་རིག་པའི་འཕེལ་འགྱུར་ལ་བལྟས་ན་ཆེས་ཐོག་མ་རྒྱ་ནག་ཧན་རྒྱལ་རབས་ཀྱི་མི་རྣམས་གནས་དེ་ལ་སྤོས་པ་དང་ལྷན་དུ་སྐད་རིགས་དང་ལག་རྩལ། ཆོས་ལུགས་ལ་རུས་ཅོའོ་ཡང་གནས་དེར་དར། དེས་འཇར་པན་མིའི་གཤིས་ཀ་དང་རྩ་བའི་ཁྲིམས་ལུགས་རིག་པའི་རྨང་གཞི་བཙུགས། དེ་རྗེས་དུས་རབས་དྲུག་པ་ནས་ནང་ཆོས་བྱུང་ནས་དེ་ད་ལྟའི་བར་དུ་ཡང་དར། ལྷག་པར་དུ་ཧྲིན་དྷི་རྒྱལ་སྲས་ཀྱི་དུས་སུ་ཁྲིམས་སྲིད་ཡོངས་ཀྱི་རྒྱབ་ལྗོངས་སུ་སོང་ཚུལ་ས་བཅད་གསུམ་པ་རུ་སྤྲོ་རྒྱུ་ཡིན། དེ་ཙམ་མ་ཟད་འཇར་པན་གྱི་དཔའ་བརྟུལ་ལམ་ལུགས་ལ་ཡང་ཤུགས་རྐྱེན་ཆེན་པོ་སྟེར་ཡོད་ཚུལ་སོགས་ནི་དེང་གི་ལོ་རྒྱུས་སྨྲ་བའི་ཁྲོད་ལ་ཡོངས་སུ་གྲགས་པར་འདྲ། ཡང་ཧྲན་ཏོའོ་ཆོས་ལུགས་འདི་ནང་པའི་ཤུགས་རྐྱེན་ཐེབས་ནས་ཆོ་ག་དང་གྲུབ་མཐའི་ལྟ་གྲུབ་རྣམས་ནང་པའི་རྗེས་སུ་འབྲང་ཡོད་པའི་ཚུལ་《འཇར་པན་ལོ་རྒྱུས་ཁྲོད་དུ་ནང་ཆོས་དང་ཧྲན་ཏོའོ་ཆོས་ལུགས་བར་གྱི་འབྲེལ་འདྲིས་》སོགས་ཀྱི་རྩོམ་ལས་གསལ་བས་མ་སྤྲོས་སོ། ། 
ལེ་ཚན་དང་པོའི་མཇུག་བསྡུ། དུས་རབས་ཉི་ཤུ་པའི་སྨད་ནས་མགོ་བཙུགས་ཏེ་འཛམ་བུའི་གླིང་ལ་ཡོངས་སུ་གྲགས་ཆེ་ཤོས་ཀྱི་དཔྱད་བརྗོད་ཅིག་ནི་“འཛམ་གླིང་ཆོས་ལུགས་ཕན་ཚུན་བར་གྱི་གླེང་མོལ”ཞེས་པ་འདི་ཡིན། དེང་གི་དཔྱད་བརྗོད་པ་རྣམས་ཀྱིས་འཛམ་བུ་གླིང་གི་ཆོས་ལུགས་ཆེ་ཤོས་རྣམས་ལ་ཐུན་མོང་གི་ཆ་མང་པོ་རྙེད་ཅིང་། འཛམ་གླིང་ཤར་ནུབ་ཀྱི་གླིང་ཆེན་གཉིས་དང་ལོ་ངོ་སྟོང་ཕྲག་ལྷག་གིས་ཆོད་པའི་ཆོས་ལུགས་དེ་དག་བར་རྒྱུ་མཚན་ཅིའི་ཕྱིར་དུ་དེ་ལྟར་བྱུང་བའི་སྟེང་དུ་མཁས་པ་དེ་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་ཀྱི་དཔྱད་པ་ཡང་མང་པོ་སྤེལ་ཡོད་མོད། ཆོས་ལུགས་དང་ལོ་རྒྱུས་རིག་པ་གཉིས་ཀའི་སྒོ་ནས་དྲང་བདེན་གྱི་རྒྱབ་ལྫོངས་ཡོད་པའི་འགྲེལ་བཤད་ཡིད་ཚིམ་ཐུབ་པ་ཞིག་མ་མཐོང་། དེས་ན་འདིར་ཕྱིའི་ཚིག་གིས་དོན་གྱི་གོ་བ་ཅུང་ཟད་མ་སྒྲིབ་པའི་བླ་མ་དམ་པའི་ཞབས་ནས་དམ་པའི་ཆོས་ཀྱི་ཉིང་ཁུ་ཅུང་ཟད་ཐོབ་སྟེ་ཕྱི་ནང་གི་རིག་གནས་ལ་ཡང་མི་འཇིགས་པའི་སྤོབས་པ་ཅུང་ཟད་རྙེད་ནས་ནང་བསྟན་གྱིས་འཛམ་གླིང་གི་ཆོས་ལུགས་ཆེ་ཤོས་ཀྱི་ཁྲོད་ལ་ཤུགས་རྐྱེན་ཐེབས་པའི་ཚུལ་རྒྱུ་མཚན་དང་བཅས་པ་གཟུར་གནས་བློ་གྲོས་ཀྱིས་རྒྱན་ཏེ་ཁ་སྐོང་གི་ཚུལ་དུ་རགས་ཙམ་བྲིས་པ་འདིས་ཀྱང་འགྲོ་དྲུག་སེམས་ཅན་ཐམས་ཅད་ལ་དམ་པའི་ཆོས་ཀྱི་སྙིང་པོ་ཐོབ་པའི་རྒྱུར་གྱུར་ཅིག དགེ་ལེགས་འཕེལ།།
                  རྩོམ་སྒྲིག་པ། མྱི་གསར་བ།

           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


Signature is customized by Netease