ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་སྐབས་བཞི་བའི་རྣམ་བཞག་ལ་ཅུང་ཟད་དཔྱད་པ།

    པདྨ་དགྲ་འདུལ་གྱིས་བརྩམས།


ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་
སྐབས་བཞི་བའི་རྣམ་བཞག་ལ་ཅུང་ཟད་དཔྱད་པ་མི་བརྗེད་ཡིད་ཀྱི་འཁྲི་ཤིང་ཞེས་བྱ་བ་བཞུགས་སོ།།
 
                     པདྨ་དགྲ་འདུལ་གྱིས་བརྩམས།
བླ་མ་དང་ལྷག་པའི་ལྷ་མཆོག་རྗེ་བཙུན་འཇམ་པའི་དབྱངས་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་འཆིའོ་ཐུགས་བརྩེ་བ་ཆེན་པོས་དུས་ཐམས་ཅད་དུ་རྗེས་སུ་བཟུང་དུ་གསོལ། 
 
ཆོས་ཉིད་གཉུག་མའི་རང་ཞལ་མཇལ་བས་གཡོ་མེད་དོན་གྱི་རྒྱལ་སར་བསྙེགས།།
ཚོགས་གཉིས་ཉི་ཟླའི་དཀྱིལ་འཁོར་རྫོགས་ཏེ་འགྲོ་བའི་སྨག་རིམ་མ་ལུས་བསལ།།
སྡུག་བསྔལ་འཁོར་བའི་ཚ་གདུང་སེལ་ཕྱིར་ཞི་བསིལ་ཆོས་ཀྱི་ཆར་ཕབ་པའི།།
སྟོན་པ་རྣམ་འདྲེན་བཞི་བ་མཆོག་ལ་སྒོ་གསུམ་གུས་པས་ཕྱག་བགྱི་འོ།།
 
ལྷུན་འགྲུབ་གདོན་མིའི་གོ་འཕང་བརྙེས་གྱུར་ཀྱང་།།
བརྩེ་ཆེན་སྙིང་རྗེ་ཟླ་བ་དཀར་པོ་ཡིས།།
འགྲོ་ཀུན་ཐུགས་རེ་སྐོང་ཕྱིར་བྱང་སེམས་ཀྱི།།
ཚུལ་བཟུང་མགོན་པོ་མ་ཕམ་པ་ལ་འདུད།།
 
སྦས་དོན་མན་ངག་གསུང་གི་ལེགས་བཤད་ནོར་བུ་ཆུ་ཤེལ་ཀེ་ཏ་ཀ།
རང་གར་དོན་གཉེར་སྐྱེ་བོས་ཚོགས་ཀྱི་དཔལ་དུ་ཐོབ་པ་དཀའ་བས་ན།།
ཤེས་བརྩོན་རིག་པའི་གོ་ཆ་བགོས་ཏེ་མ་ནོར་ཇི་བཞིན་བཀྲལ་བ་ཡི།།
བཀའ་དྲིན་འཁོར་མེད་འཕགས་སེང་གཉིས་ཀྱང་དེང་འདིར་གུས་པའི་ཕྱག་གི་ཡུལ།།
 
རྒྱ་ཆེན་གཞུང་ལུགས་ལྷ་ལམ་ཡངས་པོ་ཡི།།
མཁས་མང་རྒྱུ་སྐར་དབུས་ན་ཟླ་བ་བཞིན།།
ཟབ་དོན་མན་ངག་འཆད་ལ་འགྲན་གྲལ་བའི།།
མཁས་པ་གཡག་རོང་རྣམ་གཉིས་ཡང་ཡང་དྲན།།
 
རྣམ་དཔྱོད་རིག་པའི་མཆེ་སྡེར་རྣོན་པོས་ལོག་སྨྲའི་ཝ་ཚོགས་རིང་དུ་སྤྲད།།
བརྩེ་ཆེན་སྙིང་རྗེ་ཕྱག་གི་སྙིམ་པས་རང་ལུགས་པདྨའི་ཡུ་བ་འཛིན།།
ས་དཀར་བསྟན་པའི་རྒྱལ་མཚན་ཐོགས་པའི་མཁས་པའི་དབང་པོ་གོ་རམས་པ།།
སྨྲ་བའི་སེང་གེ་སྨྲ་བའི་དབང་ཕྱུག་སྨྲ་བའི་ཁྱུ་མཆོག་གང་དེར་གུས།།
 
བྱམས་བརྩེ་ལྷག་བསམ་ཉི་མའི་འོད་ཟེར་གྱིས།།
ལེགས་པར་བསྐྱངས་ཏེ་བདག་བློར་ཡོན་ཏན་གྱི།།
འདབ་དྲུག་པདྨའི་དགའ་ཚལ་བསྐྲུན་མཁས་པའི།།
བཤེས་གཉེན་དམ་པའི་བཀའ་དྲིན་སླར་ཡང་དྲན།།
 
སྔར་མེད་ལེགས་བཤད་སྟོང་གིས་འདིར་མ་བརྒྱན།།
སྤྲོས་མེད་དོན་གྱི་སྙིང་པོ་འཛིན་དུ་དབེན།།
དེ་ལྟ་ན་ཡང་གཡོ་མེད་ལྷག་བསམ་གྱིས།།
ཉེ་བར་བསྐུལ་བས་རྩོམ་འདི་འབྲི་ལ་མོས།།
 
ཞེས་མཆོད་པར་བརྗོད་པ་དང་རྩོམ་པར་དམ་བཅའ་བ་སྔོན་དུ་གཏོང་སྟེ་གང་ཞིག་གླེང་བར་བྱ་བ་ནི། དེ་ཡང་སྤྱིར་བཏང་འཇིག་རྟེན་གྱི་ཁམས་ཆེན་པོ་འདིར་གནས་བཅས་པའི་སྐྱེ་འགྲོ་ཕལ་ཆེ་བར་མཐུན་མོང་དུ་གྱུར་བའི་སེམས་གཤིས་ཞིག་ཡོད་པ་ནི། བདེ་བ་ཐོབ་འདོད་དང་། སྡུག་བསྔལ་བྲལ་འདོད་ཀྱི་བྱིས་བློ་བཅོས་མ་མ་ཡིན་པ་དེ་ཡིན་ལ། དེ་ཡང་ས་སྒང་འདིའི་སྲོག་ཆགས་ཡོད་རྒུ་པོ་དུས་ཚོད་འཁོར་མོ་ཡུག་དུ་དེའི་རྒྱུ་འབྲས་ཀྱི་མཇུག་ལྡོག་ཁོ་ན་ལ་བརྩོན་པ་ལྷུར་བླངས་ནས་འཚོ་བཞིན་ཡོད་པ་ཞིག་ཡིན། དེ་ཡང་རྒྱལ་སྲས་ཆེན་པོ་ཞི་བ་ལྷས། སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང་། །སྡུག་བསྔལ་ཉིད་ལ་མངོན་པར་རྒྱུགས། །བདེ་བ་འདོད་ཀྱང་གཏི་མུག་པས། །རང་གི་བདེ་ལ་དགྲ་ལྟར་བཞོམས། །ཞེས་གསུང་པ་བཞིན། བལྟས་ཚོད་ལ་བདེ་སྐྱིད་ཀྱི་ཆེད་དུ་འབད་ཀྱིན་ཡོད་ན་ཡང་། སེམས་ཅན་ཕལ་ཆེ་བའི་རྒྱུད་ཀྱི་བློ་རིག་ནི་ཉོན་མོངས་པའི་དྲི་མས་ཡོངས་སུ་སྦགས་པས། གདེང་དང་ལྡན་པའི་ཕུག་ཆོད་པ་དང་། མཐའ་གསལ་བའི་ཤེས་སྟོབས་སོགས་གང་ཡང་མི་མངའ་བར་མ་ཟད། ལྷག་དོན་ད་ཆར་སྙིགས་མ་ལྔའི་རང་མཚངས་ངན་པ་ཆེས་ཆེར་རྡོལ་བས་སྐྱེ་འགྲོ་རྣམས་ཀྱི་ཚེ་ཚད་ཀྱི་ཉི་མ་ཇེ་ཐུང་ནས་ཇེ་ཐུང་དུ་སོང་ཞིང་། དེ་དང་ལྷན་དུ་སེམས་རྒྱུད་ཀྱི་ཉོན་མོངས་པའི་ཚོགས་ཀྱང་གོང་ནས་གོང་དུ་འཕེལ་བས་ཧམ་སེམས་དང་ཆགས་སྡང་གིས་གཞན་དབང་དུ་གྱུར་ཏེ་རང་གཞན་ཀུན་སྡུག་ལ་སྦྱོར་གྱིན་པའི་དཔེ་ནི་བགྲངས་ཀྱིས་མི་ལོངས་པ་ཞིག་ཡོད་པ་ཡིན། དེ་བས་ཡང་དག་པའི་རྒྱུ་འབྲས་ཀྱི་བླངས་དོར་ལ་མིག་ཡོངས་སུ་ལྡོང་བར་གྱུར་ཞིང་། དོན་དམ་བདེ་སྐྱིད་ཀྱི་མཇུག་ངོགས་དང་ཁ་ཐག་ཇེ་རིང་དུ་གྱུར་ཡོད་པ་སླུ་མེད་སྙོམ་མེད་ཡིན། དེའི་ཕྱིར་འགྲོ་ལ་བདེ་སྐྱིད་འབྱུང་བའི་སྒོ་གཅིག་པུ་ནི་རྒྱལ་བའི་བསྟན་པ་རིན་པོ་ཆེ་འདི་ཉིད་ཡིན་ཞིང་། འུ་ཅག་སྐྱེ་འགྲོ་མཐའ་དག་གིས་འདིའི་དོན་ཇི་ལྟ་བཞིན་ཉམས་སུ་ལེན་ཐུབ་པའམ། ཡང་ན་འདིའི་ཆོས་ཚིགས་སུ་བཅད་པ་གཅིག་ཙམ་གྱི་དོན་ཡོངས་སུ་གོ་བར་འགྱུར་ཐུབ་པ་བྱུང་ན་འདི་ཕྱི་ལེགས་ཚོགས་ཀྱི་འབྲས་བུ་ཆེན་པོ་ཞིག་ཡོད་པ་སྨྲོས་མ་དགོས་པ་ཡིན་ནོ། དེས་ཕྱིར་རང་ཅག་ནི་ཚེ་སྔོན་ལས་འབྲས་བཟང་བོ་དུས་ཐོག་ཏུ་ཡོངས་སུ་སྨིན་ཏེ་དོན་གྱི་སྙིང་པོ་ལེན་པའི་མ་ནོར་བའི་ལམ་མཆོག་བཟང་པོ་འདིར་ཅི་དགར་མཇུག་པའི་སྐལ་བཟང་གི་ཉི་མ་མངོན་དུ་ཤར་ཡོད། བློ་རྣལ་དུ་ཕབ་སྟེ་བསམ་གཞིག་ཡང་དག་ཅིག་བྱས་ན། བསོད་ནམས་འདི་གཅིག་པུ་ཡང་མི་སུ་ཡིན་ལ་ཡོད་པ་ཞིག་མ་ཡིན་པར་འདུག་པས་སེམས་ཡོད་སུ་ཞིག་དགའ་བར་མི་འགྱུར་གྲང་། རང་ཅག་ཀུན་གྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ་སྟོན་མཆོག་ཐུབ་པའི་དབང་པོ་གང་དེ་ཡིས་བདུལ་བྱའི་སེམས་རྒྱུད་ཀྱི་ཉོན་མོངས་པ་མཐའ་ཡས་པ་དེ་དག་གི་གཉེན་པོར་ཆོས་ཀྱི་འཁོར་ལོ་མཐའ་ཡས་པ་ཞིག་སྐོར་བར་མཛད་ཅིང་། དེ་དག་གི་དགོངས་འགྲེལ་གྱི་བསྟན་བཅོས་ཡང་བགྲངས་ཀྱི་མི་ལོན་པ་ཞིག་ཡོད་པ་ཡིན། དེ་ལས་ད་ལྟ་དངོས་སུ་བཤད་པར་བྱ་བ་ནི་བཀའ་བར་བ་མཚན་ཉིད་མེད་པའི་ཆོས་འཁོར་གྱི་དགོངས་འགྲེལ་ཏེ། ས་བཅུ་དབང་ཕྱུགས་མགོན་པོ་མ་ཕམ་པས་ཞལ་སྔ་ནས་མཛད་པའི་རྒྱལ་ཡུམ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བ་འདི་ཉིད་ཡིན་ནོ། འདི་ཉིད་ལ་གཙོ་བོ། ཡུལ་མཁྱེན་པ་གསུམ་དང་། ཉམས་ལེན་སྦྱོར་བ་བཞི། འབྲས་བུ་ཆོས་ཀྱི་སྐུ་སྟེ་དོན་ཚན་རྣམ་པ་བརྒྱད་དམ་ཡང་ན་སྐབས་རྣམ་པ་བརྒྱད་ཀྱི་སྒོ་ནས་གཏན་ལ་དབབ་པ་ཞིག་ཡིན་པ་ལས། སྐབས་འདིར་བཤད་པར་བྱ་བ་གཙོ་བོ་ནི་སྐབས་བཞི་བ་རྣམ་རྫོགས་སྦྱོར་བ་འདི་ཉིད་ཡིན་ནོ། །དེ་ཡང་ཀུན་མཁྱེན་གོ་རམས་པས་མཛད་པའི་བསྟན་བཅོས་སྦས་དོན་ཟབ་མོ་གཞིར་བཞག་ཅིང་འགྲེལ་བ་གཞན་དག་ལ་རང་ཚོད་ཀྱིས་ཟུར་བལྟས་ཅི་ཐུབ་བྱས་ཏེ་དེ་དག་ལ་མཐའ་དཔྱོད་ཅུང་ཙམ་དང་། གཙོ་བོ་སྐབས་བཞི་བའི་མགོ་མཇུག་གི་བརྗོད་བྱའི་གནད་ཅི་ཡོད་དག་ཅི་ཐུབ་གང་ཐུབ་ཀྱིས་བཤད་པའི་ཁུལ་བགྱི་པར་བསམ་སྟེ་བསྟན་བཅོས་འདི་ཉིད་རྩོམ་པའི་ལས་སུ་ཞུགས་པ་ཡིན་ནོ། །དེ་ལ་སློབ་དཔོན་སེང་གེ་བཟང་པོས་འགྲེལ་ཆུང་ལས། ཐམས་ཅད་ཤེས་པ་ཉིད་གསུམ་ཡོངས་སུ་ཤེས་པ་ནི། དབང་དུ་བྱ་བའི་ཕྱིར་ཡང་རྣམ་པ་ཐམས་ཅད་དང་ལམ་དང་གཞི་ཤེས་པ་བསྡུ་བའི་སྒོ་ནས་ཐམས་ཅད་མཁྱེན་པ་ཉིད་གསུམ་སྒོམ་པར་བྱེད་པས། རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ། ཞེས་པའི་མཚམས་སྦྱར་ཏེ་རྣམ་རྫོགས་སྦྱོར་བ་འདི་ཉིད་བསྟན་པ་ལ། ཀུན་མཁྱེན་མཁས་པའི་དབང་པོ་གོ་རམས་པས་བསྟན་བཅོས་སྦས་དོན་ཟབ་མོའི་གཏེར་གྱི་ཁ་འབྱེད་ཀྱི་སྐབས་སུ་སློབ་དཔོན་གྱི་འཚམས་སྦྱོར་གྱི་ཚིག་དེ་ལ་དགག་པ་ཆུང་ངུ་ཞིག་གནང་སྟེ། རང་ལུགས་ལ་མཁྱེན་གསུམ་གྱི་འོག་ཏུ་རྣམ་རྫོགས་སྦྱོར་བ་འཆད་པའི་གོ་རིམ་དེ་མངོན་པར་རྟོགས་པ་དྲུག་ཏུ་བསྟན་པའི་སྐབས་ལ་སྦྱར་ན་ལེགས་མོད། འདིར་སྐབས་དང་པོ་གསུམ་གྱི་ནང་གསེས་ཀྱི་གཞི་ཤེས་ཀྱི་འོག་ཏུ་རྣམ་རྫོགས་སྦྱོར་བ་འཆད་པ་རྒྱན་གྱི་དགོངས་པ་ཡིན་ཞིང་། དེ་ཡང་རྒྱུ་མཚན་གཙོ་བོ་མཁྱེན་གསུམ་རྒྱས་པར་གཏན་ལ་ཕབ་པའི་དོན་གཞི་བདེན་བཞིའི་སྟེང་དུ་བསྡུ་ཚུལ་གསུངས་པས། དེ་སྡུ་ཚུལ་ནི་གཞི་བདེན་བཞིའི་སྟེང་དུ་མཁྱེན་གསུམ་གྱི་རྣམ་པ་བརྒྱ་དང་བདུན་བཅུར་བསྡུས་ནས་སྒོམ་པས་ན་རྣམ་སྦྱོར་བ་ཞེས་བྱ་ཞིང་། བསྡུ་བའི་ཚེ་ཡང་རྣམ་མཁྱེན་དང་པོར་བསྟན་པ་མ་ཡིན་པར། གཞི་ཤེས་དང་པོར་བསྟན་པ་ནི་སྐབས་དོན་འདིའི་དགོངས་པ་ཡིན་ཞེས་གསུངས་པ་ལ་ལེགས་པར་བཤད་པའི་ཆ་ཞིག་ཡོད་ངེས་པ་འདྲ་མོད། གཞན་དུ་མ་ཡིན་ནོ་ཟེར་བའི་རང་རློམ་བཅིང་བར་མི་བྱའོ། ལྷག་དོན་ཀུན་མཁྱེན་གྱི་སྦས་དོན་ཟབ་མོ་ནི་ཆེད་དུ་གཙོ་བོ་གཞུང་སྔ་ཕྱིའི་འགྲེལ་དང་དཀའ་བའི་གནས་ལ་གཞོལ་ཆེ་བའི་བསྟན་བཅོས་ཤིག་ཡིན་པས་ན་གནད་ཆུང་ངུ་འདི་ཙམ་ལ་ཡང་ལེགས་པར་བསམ་པའི་རིན་ཐང་ངེས་ཅན་ཞིག་ཡོད་པར་གདོན་མི་ཟའོ། །
 
ད་ནི་དཀྱུས་ཀྱི་གཞུང་དངོས་ལ་མཇུག་པར་བྱ་བ་ལ། འདི་འཆད་པ་ས་བཅད་རྣམ་པ་གསུམ་སྟེ། རྣམ་རྫོགས་སྦྱོར་བས་སྒོམ་བྱའི་རྣམ་པ་དེ་དོན་རྣམ་དང་ཤེས་རྣམ་གང་ཡིན་དཔྱད་པ། རྣམ་རྫོགས་སྦྱོར་བས་མཁྱེན་གསུམ་གྱི་རྣམ་པ་བསྡུས་ནས་སྒོམ་པའི་ཚུལ་སོགས་ལ་དཔྱད་པ། སྒོམ་པའི་སྦྱོར་བ་ལ་འཇུག་པའི་རྟེན་གྱི་གང་ཟག་བཤད་པ་ལས་འཕྲོས་ནས་ཕྱིར་མི་ལྡོག་པའི་རྟགས་སོགས་བཤད་པ་སྟེ་གསུམ་ཡོད་པ་ལས། དང་པོ་ནི། དེ་ཡང་རྣམ་རྫོགས་སྦྱོར་བའི་སྒོམ་བྱའི་རྣམ་པ་དེ་དོན་རྣམ་ལ་འདོད་པ་དང་། ཤེས་རྣམ་ལ་འདོད་པ། ཡང་སྒོམ་བྱའི་གཙོ་བོ་ཤེས་རྣམ་ཡིན་པར་འདོད་པ་དང་། ཤེས་རྣམ་མི་སྒོམ་པར་དོན་རྣམ་ཁོ་ན་སྒོམ་པར་འདོད་མཁན་སོགས་མང་དུ་མཆིས་ན་ཡང་། ཀུན་མཁྱེན་བླ་མས་སྦས་དོན་ཟབ་མོ་གཏེར་གྱི་ཁ་འབྱེད་ལས་སྐབས་འདིའི་སྒོམ་བྱའི་རྣམ་པ་ནི་ཤེས་རྣམ་ཁོ་ན་ཡིན་ཏེ། བསྟན་བཅོས་རྩ་བར་འདིར་བསྟན་གྱི་རྣམ་པ་ལ་མཁྱེན་པ་གསུམ་དུ་ངེས་པར་གསུངས་པས་དེ་གསུམ་ཤེས་རྣམ་ཁོ་ན་ཡིན་པ་དང་། ཉི་ཁྲི་སྣང་བར་ཡང་། དེ་ལ་དངོས་པོ་ལ་དམིགས་པ་ནི་གཞི་ཤེས་པའོ་ཞེས་དང་། ད་དུང་གསེར་གླིང་པ་དང་། ཆོས་བཤེས་སོགས་ཀྱི་དགོངས་པ་ཡིན་པར་སྒྲུབ་ཅིང་། འདིར་དངོས་བསྟན་གྱི་མེད་པའི་རྣམ་པ་སོགས་ཀྱང་སྐྱེ་མེད་དང་མེད་པ་སྒོམ་བྱ་མ་ཡིན་པར་དེ་རྟོགས་པའི་འཛིན་སྟངས་ཀྱི་བྱེ་བྲག་སྒོམ་པ་ལ་གོ་དགོས་པས། མཐའ་གཅིག་ཏུ་སྐབས་འདིའི་དངོས་བསྟན་གྱི་སྒོམ་བྱའི་རྣམ་པ་ཡིན་ན་ཤེས་རྣམ་ཁོ་ན་ཡིན་པའི་ཁྱབ་པར་འདོད་དོ། གཞན་ད་དུང་ཡུམ་དོན་རབ་གསལ་དུ། ཤེས་རྣམ་ཁོ་ན་སྒོམ་བྱའི་རྣམ་པ་ཡིན་པར་འདོད་པ་དང་། དོན་རྣམ་སྒོམ་བྱའི་གཙོ་བོ་ཡིན་པ་ལས་ཤེས་རྣམ་སྒོམ་བྱའི་གཙོ་བོ་མ་ཡིན་ཞེས་འདོད་པ་དང་། ཤེས་རྣམ་སྒོམ་བྱའི་རྣམ་པ་མ་ཡིན་པར་འདོད་པ་དག་རེ་རེ་ནས་བཀག་སྟེ། ད་དུང་དོན་རྣམ་གྱི་ཐ་སྙད་མདོ་དང་བསྟན་བཅོས་གང་ལས་མ་གསུངས་ཟེར་བ་སོགས་ལ། རབ་འབྱོར་རྣམ་པ་གང་དག་དང་། རྟགས་གང་དག་དང་། མཚན་མ་གང་དག་ཅེས་པའི་སྒྲས་སྣང་རྟགས་མཚན་མས་བསྡུ་པའི་ཆོས་ཐམས་བཅད་བསྡུས་པའི་ཕྱིར་ཞེས་མི་འཐད་པར་གསུངས། ཀུན་མཁྱེན་རོང་སྟོན་གྱིས་ཚིགས་དོན་རབ་གསལ་དུ། འགའ་ཞིག་རྣམ་པ་ནི་ཤེས་རྣམ་ཁོ་ན་ཡིན་ལ། དོན་རྣམ་ཞེས་བྱ་བ་ནི་མི་རིགས་ཤིང་གཞུང་ལུགས་ཆེན་པོ་རྣམ་སུ་ཐ་སྙད་ཀྱང་མི་འབྱུང་ངོ་། བསྒོམ་བྱ་ཡང་ཤེས་རྣམ་ཁོ་ན་ཡིན་ཏེ། རྣམ་པ་སྒོམ་པའི་དགོས་པ་ནི། རྟོགས་པ་ཕུལ་དུ་ཕྱིན་པར་བྱ་བའི་ཆེད་ཡིན་ལ། དོན་རྣམ་ལ་ཕུལ་དུ་ཕྱིན་པར་བྱར་མེད་པའི་ཞེས་པའི་འདོད་པ་དེ་བཀག་ནས། རྣམ་འགྲེལ་ལས། ཡུལ་རྣམ་ཅན་ནི་ཐ་དད་པས། བློ་ཡི་རྟོགས་པ་ཐ་དད་ཕྱིར། ཞེས་གསུང་པ་དང་། མདོ་ལས་རྣམ་པ་གང་དག་དང་། རྟགས་གང་དག་དང་ཞེས་པའི་རྣམ་པའི་སྒྲས་ཕྱི་རོལ་གྱི་དོན་ཀྱང་བཟུང་བའི་ཕྱིར་རོ་ཞེས་དང་། དོན་རྣམ་སྒོམ་བྱ་མ་ཡིན་ཏེ་ཕུལ་དུ་བྱུང་བ་བྱར་མེད་པའི་ཕྱིར་ཞེས་འདོད་པ་ཡང་མི་འཐད་དེ། ཕུལ་དུ་ཕྱིན་པ་བྱར་མེད་པས་སྒོམ་བྱ་མ་ཡིན་ན། བདག་མེད་གཉིས་ཀྱང་སྒོམ་བྱ་མ་ཡིན་པར་འགྱུར་ལ་བདག་མེད་གཉིས་མ་བསྒོམས་པར་ཡང་སྒྲིབ་པ་མི་སྤོང་ངོ་ཞེས་བཀག་ཅིང་། སློབ་དཔོན་འགའ་ཞིག་གི་ནི། ཡུལ་བདེན་བཞིའི་ཁྱད་པར་དོན་རྣམ་དང་། ཡུལ་ཅན་ཡེ་ཤེས་ཀྱི་ཁྱད་པར་ཤེས་རྣམ་གཉིས་ལས། དང་པོ་ལ་གང་ཟག་གི་བདག་མེད་ཀྱི་རྣམ་པ་མི་རྟག་ལ་སོགས་བཅུ་དྲུག་དང་། རང་བཞིན་སྐྱེ་མེད་ལ་སོགས་ཆོས་ཀྱི་བདག་མེད་ཀྱི་རྣམ་པ་གཉིས་སོ། ཤེས་རྣམ་ལ་གང་ཟག་གི་བདག་མེད་རྟོགས་པ་དང་། ཆོས་ཀྱི་བདག་མེད་རྟོགས་པའི་ཡེ་ཤེས་གཉིས་སོ། །ཞེས་ཟེར་རོ། །གསུངས་ཏེ་དེའི་མཇུག་ཏུ་སྔ་རབས་པའི་བཤད་པ་ལྟར་ལེགས་མོད། འོན་ཀྱང་འདིར་བསྟན་པ་ནི་ཤེས་རྣམ་ཁོ་ན་སྟེ། མི་མཐུན་ཕྱོགས་ཀྱི་གཉེན་པོ་གསུང་བའི་ཕྱིར་དང་། མདོ་དང་བསྟན་བཅོས་གཉིས་ཀྱི་དགོངས་པ་ཡང་དེ་ཁོ་ནར་སོང་ཡོད་ཅེས་དང་། མེད་པ་དང་མི་སྐྱེས་པ་སོགས་ནི་དེ་རྟོགས་པའི་འཛིན་སྟངས་ཀྱི་བྱེ་བྲག་ལ་འཇོག་ཅེས་རྒྱ་ཆེར་གསུངས་སོ། དེས་ན་གོང་དུ་གསུང་པ་བཞིན་རང་ལུགས་ལ་སྐབས་འདིའི་སྒོམ་བྱའི་རྣམ་པ་ནི་ཤེས་རྣམ་ཁོ་ན་ཡིན་ནོ། རྣམ་པ་འདོད་ཚུལ་གྱི་གནད་འདི་ལ་ནི་ཀུན་མཁྱེན་རོང་སྟོན་དང་། ཀུན་མཁྱེན་གོ་རམས་པ་གཉིས་ཀ་དགོངས་པ་གཅིག་ཏུ་མཐུན་ཏེ། ཁོང་རྣམ་གཉིས་ཀྱིས་མདོ་ལས་དོན་རྣམ་དངོས་སུ་བསྟན་པར་འདོད་པ་མཚུངས་ལ། སྐབས་འདིའི་དངོས་བསྟན་གྱི་སྒོམ་བྱ་ནི་ཤེས་རྣམ་ཁོ་ན་ཡིན་པ་ལ་ཡང་མཐུན་པར་མངོན་ནོ། །ཀུན་མཁྱེན་རོང་སྟོན་གྱིས། དོན་རྣམ་སྒོམ་བྱ་མ་ཡིན་པ་བཀག་ནས་བདག་མེད་གཉིས་སྒོམ་བྱ་ཡིན་པར་ཁས་བླངས་པ་དེ།  ཀུན་མཁྱེན་གོ་རམས་པས་ཀྱང་ཇི་ལྟ་བ་བཞིན་ཁས་བླངས་ཡོད་དེ། གང་ལགས་ཞེས་ན། ཀུན་མཁྱེན་གྱིས་སྦས་དོན་ཟབ་མོ་ལས། མདོ་ལས་བཅོམ་ལྡན་འདས་ཡུམ་འདི་ནི་མ་མཆིས་པའི་ཕ་རོལ་དུ་ཕྱིན་པའོ། ཞེས་སོགས་དམ་བཅའ་བསྟོན་པ་རྣམས་ཀྱིས་ཤེས་རྣམ་བསྟན་ཞིང་། བཀའ་བསྩལ་བ་ནམ་མཁའ་དམིགས་སུ་མེད་པའི་ཕྱིར་རོ། ཞེས་སོགས་ཀྱིས་སྒྲུབ་བྱེད་བསྟན་པ་རྣམས་ཀྱིས་དོན་རྣམས་བསྟན་པས་དེ་དག་ཀྱང་བསྟན་བཅོས་ཀྱི་བརྗོད་བྱར་བྱེད་དགོས་ལ་དེའི་ཚེའི་ཤུགས་སུ་བསྟན་པ་ལས་འོས་མེད་པའི་ཕྱིར་རོ་ཞེས་གསུངས་པར་གཞིག་ན། དངོས་སུ་དོན་རྣམས་མི་སྒོམ་ཡང་ཤུགས་ལ་དོན་རྣམ་སྒོམ་པ་ཁས་བླངས་འདུག་པ་དང་། ཀུན་མཁྱེན་རོང་སྟོན་གྱིས་དོན་རྣམ་སྒོམ་པར་ཁས་བླངས་པའི་མཇུག་ཐོག་དེ་མ་ཐག་ནས། འོན་ཀྱང་འདིར་བསྟན་པ་ནི་ཤེས་རྣམ་ཁོ་ན་སྟེ་ཞེས་གསུངས་པར་ཞིབ་ཏུ་དཔྱད་ན་ཁོང་རྣམ་གཉིས་ཀྱིས་མཐར་དེད་ན་དོན་རྣམ་དེ་མདོ་ལས་དངོས་སུ་བསྟན་པར་བཞེད་པ་མཚུངས་པར་མ་ཟད། དོན་རྣམ་ཤུགས་ལ་སྒོམ་ཚུལ་ཡང་མཐུན་པར་སྣང་། ཀུན་མཁྱེན་རང་སྟོན་གྱིས་དོན་རྣམ་སྒོམ་བྱ་ཡིན་པར་འདོད་ཀྱང་། དངོས་སུ་སྒོམ་དང་ཤུགས་ཀྱིས་སྒོམ་པའི་ཁ་གསལ་མེད་མོད། གནད་ཀྱི་དོན་ནི། འདིར་བསྟན་པ་ནི་ཤེས་རྣམ་ཁོ་ན་ཡིན་ནོ། །ཞེས་གསུངས་པ་དེ་རེད་སྙམ། དེས་ཤེས་རྣམ་དངོས་སུ་སྒོམ་བྱར་གསུང་བས་དོན་གྱིས་གོ་བ་གཞན་ཞིག་ལེན་ཐུབ་པ་ནི་སྨྲོས་མེད་ཡིན། དེ་ཡང་དོན་རྣམ་ཤུགས་ལ་སྒོམ་པ་འཕང་པ་ལས་འོས་མེད་དེ། སྒོམ་ནི་སྒོམ་པ་ལ་དངོས་སུ་མ་སྒོམ་ན་ཤུགས་ལ་སྒོམ་པ་ལས་འདའ་ས་མེད་པའི་གནས་ལུགས་འདི་ཙམ་ཞིག་ལ་ཤེས་ལྡན་སུ་ཞིག་རྨོངས་པར་འགྱུར། ཡང་ཀུན་མཁྱེན་གྱི་ཡུམ་དོན་རབ་གསལ་ནས། ཤེས་རྣམ་ཁོ་ན་སྒོམ་བྱའི་རྣམ་པ་ཡིན་པ་བཀག་པ་ནི། ཤེས་རྣམ་ལས་དོན་རྣམ་དངོས་ཤུགས་གང་དུ་ཡང་སྒོམ་བྱའི་རྣམ་པར་རྩ་བ་ནས་ཁས་མི་ལེན་པ་དགག་པ་ཡིན་གྱི། དངོས་སུ་ཤེས་རྣམ་ཁོ་ན་སྒོམ་པ་ལ་ནི་སྐྱོན་གཏོང་བ་མ་ཡིན་ནོ། རང་ལུགས་འཇོག་སྐབས་སུ། བྱང་སེམས་ཀྱི་སྒོམ་བྱའི་རྣམ་པ་ཡིན་ན་ཤེས་རྣམ་ཁོ་ན་ཡིན་པའི་མ་ཁྱབ་སྟེེ། ཡུལ་བདག་མེད་གཉིས་པོ་དེའང་དེའི་བསྒོམ་བྱའི་རྣམ་པ་ཡིན་པའི་ཕྱིར་དང་། དེ་རྟོགས་པའི་བློའི་རྒྱུན་དེའང་དེ་ཡིན་པའི་ཕྱིར་གསུངས་པ་ནི། དངོས་སུ་བདག་མེད་གཉིས་པོ་བསྒོམ་བྱའི་རྣམ་པ་ཡིན་ཞེས་པའི་གོ་དོན་མ་ཡིན་པར། བསྒོམ་བྱའི་རྣམ་པ་ཡིན་ན་ཤེས་རྣམ་ཁོ་ན་ཡིན་པའི་མ་ཁྱབ་སྟེ། ཤུགས་ལ་དོན་རྣམ་དེ་བསྒོམ་བྱའི་རྣམ་པ་ཡིན་པ་གང་ཞིག དེ་ཤེས་རྣམ་མ་ཡིན་པའི་ཕྱིར་ཞེས་པའི་དོན་ཡིན་ནོ། འོ་ན་རྣམ་པ་འདི་དག་ལས་བསྒོམ་པར་བྱ་བ་ནི་གང་ཞེ་ན། སྔ་མ་དག་ཤེས་རྣམ་བརྒྱ་དོན་གསུམ་གྱིས་དོན་རྣམ་བརྒྱ་དོན་གསུམ་ལ་སྒྲོ་འདོགས་བཅད་ནས་བསྒོམ་པར་བྱ་བ་ཡིན་པས་དོན་རྣམ་ཉིད་བསྒོམ་བྱའོ་ཞེས་འཆད་དོ།  འོན་ཀྱང་གཞུང་ནས་སྦྱོར་བས་རྣམ་པ་སྒོམ་པར་གསུངས་པའི་དགོངས་པ་ནི་གཙོ་བོར་ཤེས་པའི་རྣམ་པ་ཉིད་སྒོམ་པར་སྣང་སྟེ། ཞེས་གསུངས་འདུག་པས་དོན་དེ་ལ་བསམ་ན་ནི་གོང་དུ་གསུངས་པ་དེ་དག་དང་ཤེས་ཆེར་མཐུན་པ་ལས་ལོགས་སུ་མི་འདུག་པ་ཞིག་རེད་སྙམ། རྗེ་བཙོང་ཁ་པས་ལེགས་བཤད་གསེར་འཕྲེང་ལས་ཀྱང་གནད་འདི་ཇི་བཞིན་འདོད་པ་འདྲ་ལ། སེ་ར་རྗེ་བཙུན་པས་ཕར་ཕྱིན་གྱི་མཐའ་དཔྱོད་དུ། ཀུན་མཁྱེན་རོང་སྟོན་གྱིས་རྣམ་པ་ཡིན་ན་ཤེས་རྣམ་ཡིན་དགོས་ཞེས་དང་། དོན་རྣམ་ཞེས་པ་མི་རིགས་ཤིང་། དེའི་ཐ་སྙད་གཞུང་ལུགས་ཆེན་པོ་རྣམས་སུ་མི་འབྱུང་བའི་ཕྱིར་ཞེས་པའི་འདོད་པ་དག་དཀག་པ་ལ། སྐྱོན་གཉིས་གཏོང་ནས། ལུགས་སྔ་མ་མི་འཐད་དེ། ཉེར་ལེན་གྱི་ཕུང་པོ་མི་རྟག་པ་དེ་རྣམ་པ་ཡིན་པའི་ཕྱིར་དང་། ལུགས་གཉིས་པ་ཡང་མི་འཐད་དེ། བསྟན་བཅོས་མངོན་རྟོགས་རྒྱན་འདིར་དོན་རྣམ་བརྒྱ་བདུན་བཅུ་མི་བསྟན་པ་ཐལ། སྐབས་འདིར་བསྟན་གྱི་རྣམ་པ་ཡིན་ན་ཤེས་རྣམ་ཡིན་དགོས་པའི་ཕྱིར་ཞེས་གསུངས་འདུག་མོད། དེ་ལ་ཕལ་ཆེར་འདོད་ལན་སྟེར་ན་ཡང་མི་འཐད་པ་ཆེན་པོ་མེད་པར་སྣང་ལ། གཞན་ད་དུང་དོན་རྣམ་མི་བསྟན་པ་ནི་ནམ་ཡང་ཁས་མི་ལེན་པས་སྐྱོན་དེ་དག་ནི་རྩ་བ་ནས་མི་འཇུག་པ་འདྲ་འོ། །རྣམ་རྫོགས་སྦྱོར་བའི་སྒོམ་བྱའི་རྣམ་པའི་སྐབས་ཀྱི་ངོས་འཛིན་ལ་དཔྱད་པ་གཏོང་བའི་རང་ལུགས་དཔལ་ལྡན་ས་སྐྱའི་མཁས་པ་གཙོ་ཆེ་བ་ནི་ཀུན་མཁྱེན་རོང་སྟོན་དང་། ཀུན་མཁྱེན་གོ་རམས་པ་གཉིས་ཡིན་པ་འདྲ་ལ། མཁས་གྲུབ་གཡག་དང་། པན་ཆེན་ཤཱཀྱ་མཆོག  མཁན་ཆེན་ངག་ཆོས་སོགས་ཀྱིས་རྣམ་པའི་ངོས་འཛིན་ལ་དཔྱད་པ་ཆེར་གཏོང་མེད་པར་མངོན་ནོ། དེས་ན་གནད་འདི་ལ་ནི་མཁས་པ་ཕལ་ཆེར་འདོད་ཚུལ་གཅིག་གི་སྟེང་དུ་བབས་འདུག་པ་འདྲ་ལ། དེ་ཡང་ཉིར་སྣང་དང་། བསྟན་བཅོས་རྩ་བའི་དགོངས་པ་ལ་ཡང་ཉེ་བར་མཐུན་པར་མངོན་ནོ། 
 
ཐོས་བསམ་ཤེས་རབ་རིག་པའི་ཉི་གཞོན་གྱིས།།
ཡུལ་གྱི་གནས་ལུགས་ཇི་བཞིན་མ་གཟིགས་ན།།
ཉམས་ལེན་སྦྱོར་བཞིའི་རྩ་བ་མི་ཚུགས་པས།།
ཐོག་མར་ཐོས་པའི་སྒྲོ་འདོགས་གཅོད་པ་གལ།།
ཞེས་པ་འདི་ནི་བར་སྐབས་ཀྱི་ངལ་གསོའི་ཚིགས་སུ་བཅད་པའོ།།
 
གཉིས་པ་ནི།  དེ་ཡང་རྣམ་རྫོགས་སྦྱོར་བ་ཞེས་པའི་དོན་ནི། བསྟན་བཅོས་མངོན་རྟོགས་རྒྱན་གྱི་སྐབས་དང་པོ་གསུམ་གྱི་གནས་སྐབས་སུ་མཁྱེན་གསུམ་ཐོས་བསམ་གྱིས་གཏན་ལ་ཕབ་པ་དག་རྣམ་པ་བརྒྱ་དང་བདུན་ཅུ་རྩ་གསུམ་དུ་བསྡུས་ནས་རྫོགས་པར་སྒོམ་པའི་སྦྱོར་བ་ཞིག་ཏུ་ངོས་འཛིན་པར་མཁས་པ་ཕལ་ཆེར་འདོད་པ་འདྲ་ལ། དེ་ཡང་རྣམ་པ་བརྒྱ་དང་བདུན་ཅུ་རྩ་གསུམ་དུ་བསྡུས་གསུང་པའི་སྡུ་ཚུལ་དེ་གང་ཞེ་ན། རྒྱན་རྩ་བར། མེད་པའི་རྣམ་པ་ནས་བཟུང་སྟེ། །ཞེས་སོགས་ཀྱིས་བསྟན་ཞིང་། མདོ་ལས། ཡུམ་འདི་ནི་མ་མཆིས་པའི་ཕ་རོལ་དུ་ཕྱིན་ནོ། །ཞེས་པ་ནས་རབ་འབྱོར་གྱིས་གསོལ་བ། བཅོམ་ལྡན་འདས། འདི་ལྟ་བུ་སྟེ། ཡུམ་འདི་ནི་མི་གཡོ་བའི་ཕ་རོལ་དུ་ཕྱིན་ནོ། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་བ། ཆོས་ཀྱི་དབྱིངས་གནས་པ་ཉིད་ཀྱི་ཕྱིར་རོ། །ཞེས་པའི་བར་གྱིས་བསྟན་ནོ། དེ་ཡང་ཐོག་མར་གཞི་ཤེས་ཀྱི་རྣམ་པ་ལ། བདེན་པ་དང་པོ་གསུམ་གྱི་རྣམ་པ་བཅུ་གཉིས། ལམ་བདེན་གྱི་ལམ་དང་པོའི་རྣམ་པ་བཞི། ལམ་གཉིས་པའི་རྣམ་པ་ལྔ། ལམ་གསུམ་པའི་རྣམ་པ་དྲུག་སྟེ་ཉེར་བདུན་དུ་བསྡུ་བར་གསུང་ཤིང་། རྣམ་པ་ཉེར་བདུན་པོ་རེ་རེ་ནས་ཞིབ་ཏུ་བྲིས་ཚེ་ཡིག་ཚོགས་མང་པ་ལས་དགོས་པ་ཆེར་མ་མཐོང་ཞིང་། ལྷག་པར་དུ་གཞུང་གི་སྐབས་སུ་རྒྱ་ཆེར་ཁ་གསལ་དང་བཅས་ཏེ་སྦྱར་ཡོད་པ་ཡིན་ནོ། དེ་ལ་ཀུན་མཁྱེན་གོ་རམས་པས། དེའི་དོན་ཡང་སྔར་གཞི་ཤེས་ཀྱི་སྐབས་སུ་ཐོས་བསམ་གྱིས་གཏན་ལ་ཕབ་པ་དེ་ཉིད་རྣམ་པར་བསྡུ་ན་མེད་པའི་རྣམ་པ་སོགས་ཉེར་བདུན་དུ་འདུ་ཞེས་པའི་དོན་ནོ། ཞེས་དང་། བདེན་པ་དང་པོ་གསུམ་གྱི་རྣམ་པ་བཅུ་གཉིས། ལམ་བདེན་གྱི་ལམ་དང་པོའི་རྣམ་པ་བཞི་སྟེ་བཅུ་དྲུག་ནི། འཕགས་སེང་གཉིས་ཀྱིས་མངོན་པ་ནས་བཤད་པའི་མི་རྟག་ལ་སོགས་བཅུ་དྲུག་དང་སྦྱར་བས་ཉན་ཐོས་ཀྱི་རྟོགས་རིགས་ཡིན་ཞེས་གསུངས་ཤིང་། ལམ་བདེན་གྱི་ལམ་གཉིས་པའི་རྣམ་པ་ལྔ། གསུམ་པའི་རྣམ་པ་དྲུག་སྟེ་བཅུ་གཅིག་ནི། གཟུང་བ་ཆོས་ཀྱི་བདག་མེད་རྟོག་པའི་བློ་ཡིན་པས་རང་རྒྱལ་གྱི་རྟོགས་རིགས་ཡིན་ནོ། །དེ་ལྟར་ཉེར་བདུན་ལ་བྱང་སེམས་ཀྱི་རྒྱུད་ལ་ཡོད་པ་ནི་རྟོགས་རིགས་དང་། ཐེག་དམན་གྱི་རྒྱུད་ལ་ཡོད་པ་རྟོགས་པ་དངོས་ཡིན་ལ། ཐེག་དམན་གྱི་རྒྱུད་ལ་ཡོད་པ་ལ་ཡང་རྟོགས་དང་པོ་བཅུ་དྲུག་ནི་ཉོན་སྒྲིབ་ཀྱི་གཉེན་པོ་གྱུར་བའི་ལམ་ཟག་མེད་ཡིན་པས་དེ་ལ་ཉན་ཐོས་ཀྱི་མཐོང་སྒོམ་ཟག་མེད་གཉིས་དང་རང་རྒྱལ་གྱི་མཐོང་སྒོམ་ཟག་མེད་གཉིས་ཏེ་བཞིར་ཡོད་པར་གསུང་པ་དང་། ལམ་གཉིས་པའི་རྣམ་པ་ལྔ་བོ་དེ་རང་རྒྱལ་གྱི་ཤེས་སྒྲིབ་གཟུང་རྟོག་གི་གཉེན་པོར་གྱུར་པའི་ལམ་ཟག་བཅས་ཡིན་པས་རང་རྒྱལ་གྱི་སྒོམ་ལམ་རྗེས་ཐོབ་ཡིན་པ་དང་། ལམ་གསུམ་པའི་རྣམ་པ་དྲུག་ནི་ཤེས་སྒྲིབ་གཟུང་རྟོག་གི་གཉེན་པོར་གྱུར་བའི་ལམ་ཟག་མེད་ཡིན་པས་རང་རྒྱལ་གྱི་མཐོང་སྒོམ་ཟག་མེད་གཉིས་ཡོད་པར་གསུངས་སོ། །འདིའི་སྐབས་ཀྱི་ལམ་བདེན་གྱི་ལམ་དང་པོ་གཉིས་པ་ཞེས་པ་ནི། མདོར་བསྟན་གྱི་སྐབས་སུ་བཤད་པ་བཞིན། ལམ་དེ་ཉིད་གཞིར་བཟུང་ནས་དེའི་སྟེང་དུ་རྣམ་པའི་གནས་ལུགས་གཏན་ལ་ཕབ་པའི་དོན་དེ་ལ་དོན་གྱི་རྣམ་པ་དང་། དེ་རྟོགས་པའི་འཛིན་སྟངས་ཀྱི་བྱེ་བྲག་ལ་ཤེས་རྣམ་ཞེས་འཇོག་པ་མ་ཡིན། སྤྱིའི་ཆ་ནས་ཉོན་སྒྲིབ་ཀྱི་གཉེན་པོའི་རིགས་སུ་གནས་པའི་ཉམས་ལེན་དེ་ལ་ལམ་དང་པོ་དང་། ཤེས་སྒྲིབ་གཟུང་རྟོག་གི་གཉེན་པོའི་རིགས་སུ་གནས་པའི་ལམ་ཟག་བཅས་རྗེས་ཐོབ་ཀྱི་མཁྱེན་པ་ཞིག་ལ་ལམ་གཉིས་པའི་རྣམ་པ་ཞེས་དང་། ཤེས་སྒྲིབ་གཟུང་རྟོགས་ཀྱི་ལམ་ཟག་མེད་ཀྱི་མཉམ་བཞག་གི་ཉམས་ལེན་ཞིག་ལ་ལམ་གསུམ་པའི་རྣམ་པ་ཞེས་འཇོག་པ་ཡིན་ནོ། དེ་བྱང་སེམས་ཀྱི་རྒྱུ་ལ་ཡང་ཡོད་ལ་ཉན་ཐོས་དང་རང་རྒྱལ་གྱི་རྒྱུད་ལ་ཡང་ཡོད་པ་ཡིན། དེ་ན་འདིར་བྱང་སེམས་ཀྱི་རྒྱུད་ལ་ཡོད་པ་དེ་རྟོགས་རིགས་དང་། ཉན་ཐོས་ཀྱི་རྒྱུད་ལ་ཡོད་པ་ལ་རྟོག་པ་དངོས་འཇོག་གོ། འོན་ཀྱང་འདིར་བསྟན་བྱ་གཙོ་བོ་ནི་བྱང་སེམས་ཀྱི་རྒྱུད་ལ་ཡོད་པ་དེ་ཡིན་ཏེ། གཞན་གྱིས་མྱོང་བ་མ་ཡིན་ཏེ། །ཞེས་སོགས་ཀྱིས་ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་སྐབས་འདི་ནས་བཤད་པ་ནི་ཐེག་པ་ཆེན་པོའི་ལམ་གྱི་རིམ་པ་ཁོ་ན་ཡིན་པར་བཤད་པའི་ཕྱིར་རོ། གོང་དུ་དྲངས་པའི་ལུང་དག་ནི་སྦས་དོན་ཟབ་མོ་ལས་ཡིན་ཞིང་། སྤྱིར་བཏང་གཞུང་གཞན་དག་ཏུ་འདི་ཡི་རྣམ་བཞག་ཅུང་ཟད་རྒྱས་པར་བཤད་པ་མང་དུ་སྣང་སྟེ། བརྗོད་བྱ་ཉུང་ཞིང་གནད་འདུས་པ་ནི་འདི་ཉིད་ཁོ་ན་མཐོང་ངོ་། རོང་སྟོན་གྱི་བཀའ་འགྲེལ་ལས། འདིར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནས་གསུངས་པའི་བདེན་བཞིའི་རྣམ་པར་ཁོ་ནར་གསུངས་པར་བྱ་བ་མ་ཡིན་ནམ། ཅིའི་ཕྱིར་ཆོས་མངོན་པ་དང་རེ་རེ་སྦྱོར་བར་མཛད་ཅེ་ན། ཆོས་མངོན་པ་ནས་གསུངས་པའི་རྣམ་པ་དང་སྦྱར་ནས་དོན་གཅིག་ཏུ་བསྟན་པ་ན་ཐེག་ཆེན་བཀར་སྒྲུབ་བྱེད་དགོས་པའི་ཉན་ཐོས་རྣམས་ཀྱི་ཐེ་ཚོམ་སེལ་བར་བྱ་བ་ལ་དགོངས་ནས་གསུངས་སོ། ཞེས་གསུངས་པ་དེ་ཡང་སྙིང་གི་དཀྱིལ་ལ་འཆིང་དགོས་པའི་ལེགས་བཤད་གཏམ་གྱི་སྦྲང་བུ་ཞིག་ཏུ་སྙམ་མོ། དེ་དག་གིས་རྣམ་རྫོགས་སྦྱོར་བས་གཞི་ཤེས་ཀྱི་རྣམ་པ་ཉེར་བདུན་དུ་བསྡུ་ཚུལ་དང་དེའི་རྣམ་བཞག་མདོར་ཙམ་ཞིག་བཤད་པ་ཡིན་ནོ། ད་ནི་ལམ་བདེན་གྱི་རྣམ་པ་དག་སོ་དྲུག་དུ་བསྡུ་ཚུལ་ཅུང་ཟད་བཤད་པར་བྱེད་པ་ལ། རྒྱན་རྩ་བར། རྒྱུ་དང་ལམ་དང་སྡུག་བསྔལ་དང་། །ཞེས་སོགས་ཀྱིས་བསྟན་ཞིང་། མདོ་ལས། ཡུམ་འདི་ནི་འདོད་ཆགས་དང་བྲལ་བའི་ཕ་རོལ་དུ་ཕྱིན་པའོ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། འདོད་ཆགས་དམིགས་སུ་མེད་པའི་ཕྱིར་རོ། ཞེས་པ་ནས་ཡུམ་འདི་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕ་རོལ་དུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དམིགས་སུ་མེད་པའི་ཕྱིར་ཞེས་པའི་བར་གྱིས་སོ། །དེ་ལ་ཡང་ཀུན་མཁྱེན་གྱིས། དེའི་དོན་ཡང་སྔར་ལམ་ཤེས་ཀྱི་སྐབས་སུ་ཐོས་བསམ་གྱིས་གཏན་ལ་ཕབ་པ་དེ་ཉིད་རྣམ་པར་བསྡུ་ན་འདོད་ཆགས་དང་བྲལ་བའི་རྣམ་པ་སོགས་སོ་དྲུག་ཏུ་འདུ་ཞེས་པའི་དོན་ནོ་ཞེས་གསུངས་སོ། དེ་ཡང་བྱང་སེམས་སོ་སྐྱེས་རྒྱུད་ལ་ཡོད་པ་རྣམ་ནི་འདོད་ཆགས་དང་བྲལ་བ་དོན་སྤྱིའི་ཚུལ་གྱིས་རྟོག་པ་ཡིན་པས་ལམ་ཤེས་ཀྱི་རྣམ་པ་དངོས་མ་ཡིན་ལ། བྱང་སེམས་འཕགས་པའི་རྒྱུད་ལ་ཡོད་པ་ནི་མངོན་སུམ་དུ་རྟོགས་པས་ལམ་ཤེས་ཀྱི་རྣམ་པ་དངོས་ཡིན་པར་གསུངས་སོ། དེ་ལྟར་ཉེར་བདུན་ལ་བྱང་སེམས་ཀྱི་རྒྱུད་ལ་ཡོད་པ་ནི་རྟོགས་རིགས་དང་། ཐེག་དམན་གྱི་རྒྱུད་ལ་ཡོད་པ་ནི་རྟོགས་པ་དངོས་ཡིན་པར་གསུངས་སོ། རྒྱུད་བླར་གསུངས་པའི་བདེན་བཞིའི་གོ་རིམ་དང་མི་འདྲ་བར་འདིར་ཀུན་འབྱུང་བདེན་པ་ཐོག་མར་གསུངས་པ་ནི། རྒྱུ་སྔར་བསྟན་ནས་འབྲས་བུ་ཕྱིས་བསྟན་པ་རྒྱུ་འབྲས་དོན་གྱི་གོ་རིམ་ཡིན་པ་དང་། གཞན་དེ་ནི་འབྲས་བུ་རྟོགས་པའི་རྒྱུ་རྟོགས་པའི་བློ་དྲངས་པ་རྟོགས་པའི་གོ་རིམ་ཡིན་པར་གསུངས་སོ། །དེས་ན་ཀུན་འབྱུང་གི་བདེན་པ་ལ་འདོད་ཆགས་དང་བྲལ་བ་སོགས་བརྒྱད་གསུངས་པ་སོགས་ཀྱིས་ལམ་བདེན་གྱི་རྣམ་པ་དག་སུམ་བཅུ་སོ་དྲུག་ཏུ་བསྡུས་ནས་གསུངས་སོ། །དེ་ཉིད་ཀྱིས་ལམ་ཤེས་ཀྱི་རྣམ་པ་དག་སོ་དྲུག་ཏུ་བསྡུས་པའི་ཚུལ་ཉུང་ངུ་ཞིག་ཞུས་ཟིན་པའི་དབང་དུ་བྱས་ནས། ད་ནི་རྣམ་མཁྱེན་གྱི་རྣམ་པ་བརྒྱ་དང་བཅུར་བསྡུ་ཚུལ་ཉུང་ངུ་ཞིག་བཤད་པར་བྱའོ། །རྒྱན་རྩ་བར། དྲན་པ་ཉེར་བཞག་ནས་བཟུང་སྟེ། ཞེས་སོགས་ཀྱིས་བསྟན་ཞིང་། མདོ་ལས། ཡུམ་འདི་ནི་དྲན་པ་ཉེ་བར་བཞག་པའི་ཕ་རོལ་དུ་ཕྱིན་པའོ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། ལུས་དང་ཚོར་བ་དང་སེམས་དང་ཆོས་དམིགས་སུ་མེད་པའི་ཕྱིར་རོ། ཞེས་དྲན་པ་ཉེར་བཞག་གི་རྣམ་པ་ནས་བཟུང་སྟེ་ཡུམ་འདི་ནི་སངས་རྒྱས་ཀྱི་ཕ་རོལ་དུ་ཕྱིན་པའོ། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་བ། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བ་ཉིད་ཀྱི་ཕྱིར་རོ། ཞེས་པས་བསྟན་ནོ། །དེ་ལ་ཡང་ཀུན་མཁྱེན་བླ་མས་སྐབས་དང་པོར་རྣམ་མཁྱེན་ཐོས་བསམ་གྱིས་རྒྱས་པར་གཏན་ལ་ཕབ་པ་དེ་ཉིད་སྒོམ་བྱུང་གིས་སྒོམ་པའི་ཚེ་རྣམ་པ་བརྒྱ་དང་བཅུས་བསྡུས་ནས་བསྒོམ་དགོས་སོ་ཞེས་པའི་དོན་ཡིན་ནོ་ཞེས་གསུངས་སོ། །དེ་ཡང་སངས་རྒྱས་ཀྱི་ཐུགས་རྒྱུད་ཀྱི་ལུས་དྲན་པ་ཉེ་བར་བཞག་པ་ནས་ཏིང་ངེ་འཛིན་འཕགས་པའི་ཡན་ལག་གི་བར་གྱི་སུམ་ཅུ་རྩ་བདུན་ནི་ཉན་ཐོས་ལ་ཡོད་པ་དང་མཐུན་པའི་རྣམ་མཁྱེན་གྱི་རྣམ་པ་དང་། རྫོགས་པའི་སངས་རྒྱས་ཀྱི་ཐུགས་རྒྱུད་ཀྱི་རྣམ་པར་ཐར་བའི་སྒོ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ནས་ཡེ་ཤེས་ཀྱི་ཕར་ཕྱིན་གྱི་བར་སུམ་བཅུ་རྩ་བཞི་ནི་བྱང་སེམས་ལ་ཡོད་པ་དང་མཐུན་པའི་རྣམ་མཁྱེན་གྱི་རྣམ་པ་དང་། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ནས་སངས་རྒྱས་ཉིད་ཀྱི་རྣམ་པའི་བར་གྱི་སུམ་བཅུ་རྩ་དགུ་སྟེ། བསྡོམ་ན་བརྒྱ་དང་བཅུ་བོ་ནི་རྣམ་མཁྱེན་གྱི་རྣམ་པ་དག་ཡིན་ནོ་ཞེས་མཁས་གྲུབ་གཡག་པས་འགྲེལ་ཡོད་དོ། །སྔར་རྣམ་པ་ལ་གཞི་ཤེས་དང་ལམ་ཤེས་རྣམ་མཁྱེན་གསུམ་དུ་ཕྱེས་པ་མ་ཡིན་ནམ། རྣམ་མཁྱེན་གྱི་རྣམ་པར་ཡང་མཁྱེན་པ་གསུམ་ཕྱེ་བའི་དགོས་པ་གང་ཡིན་སྙམ་ན། གོང་དུ་རྣམ་མཁྱེན་གྱི་རྣམ་པ་སངས་རྒྱས་ཀྱི་སར་བཞག་ན་མཁྱེན་པ་གཞན་གཉིས་སངས་རྒྱས་སར་མེད་དམ་སྙམ་པའི་ལོ་རྟོག་ཟློག་ཆེད་དང་། གཞན་རྣམ་མཁྱེན་ལ་འཕགས་པའི་ཡོན་ཏན་མཐའ་དག་ཡར་ལྡན་དུ་ཚང་བར་བཤད་པ་ཡིན་ནོ། །དེ་དག་གིས་སྔར་མཁྱེན་གསུམ་ཐོས་གསུམ་གྱིས་གཏན་ལ་ཕབ་པའི་རྣམ་པ་དག་བརྒྱ་དང་བདུན་བཅུར་བསྡུས་པའི་ཚུལ་རགས་ཙམ་ཞིག་སོང་མོད། འདིར་དཀའ་གནས་ཅུང་ཟད་ཅིག་ཞུ་ན། མཁྱེན་གསུམ་གྱི་རྣམ་པ་བསྡུས་ནས་སྒོམ་ཞེས་བཤད་པ་ལས་སྒོམ་ཚུལ་ཇི་ལྟར་ཡིན་པ་མ་གསུངས་ལ།  ཀུན་མཁྱེན་གྱི་གཞུང་ལས་བསྡུས་ཚུལ་རྒྱས་པར་གསུང་ན་ཡང་། བསྡུས་ནས་སྒོམ་ཚུལ་ལམ་སྒོམ་སྟངས་བཤད་པའི་གཞུང་གསལ་ཁ་ཅན་ཕལ་ཆེར་མེད་པར་མངོན། དེ་བཞིན་དུ་ཀུན་མཁྱེན་རོང་སྟོན་གྱིས་ཀྱང་བསྡུས་ནས་སྒོམ་ཚུལ་བཤད་པ་མི་སྣང་ངོ་། དེ་བཞིན་གཞུང་གཞན་དག་དུ་ཡང་སྒོམ་ཚུལ་ཇི་བཞིན་བཤད་པ་ཆེར་མཐོང་དུ་མེད་པར་མངོན། དེ་བས་འདིར་རང་གི་གོ་བ་ལེན་ཚུལ་ཉུང་ངུ་ཞིག་ཞུས་པ་ཡིན་ན། སྤྱིར་བཏང་རྟོགས་པའི་གོ་རིམ་མམ་མངོན་རྟོགས་ཀྱི་རིམ་པར་སྦྱར་ནས་བཤད་དགོས་ཞེས་འདོད་མཁན་ཡོད་ལ། རྣམ་རྫོགས་སྦྱོར་བ་ཡིན་ན་མཁྱེན་གསུམ་གྱི་རྣམ་པ་བསྡུས་ནས་སྒོམ་པའི་མ་ཁྱབ་པར་འདོད་མཁན་སོགས་ཁས་ལེན་ཚུལ་མང་དུ་ཡོད་པར་སྣང་། ཡིན་ན་ཡང་འདི་ལ་བསམ་བློ་གཞན་ཞིག་གཏོང་ན། ཕལ་ཆེ་བས་རྣམ་རྫོགས་སྦྱོར་བས་མཁྱེན་གསུམ་རྣམ་པ་བསྡུས་ནས་སྒོམ་ཞེས་བཤད་པ་ན། བསྡུ་མཁན་གྱི་བློ་དེ་ཡང་རྣམ་རྫོགས་སྦྱོར་བ་ཡིན་པ་དང་། བསྡུས་ནས་སྒོམ་པའི་བློ་དེ་ཡང་རྣམ་རྫོགས་སྦྱོར་བ་ཉིད་དུ་འདོད་བཞིན་ཡོད་མོད། དེ་ལ་ཅུང་ཟད་བཤད་དུ་ཡོད་དེ། ཀུན་མཁྱེན་གོ་རམས་པའི་གཞུང་གཞིར་བཞག་ན། བསྡུ་བྱེད་ཀྱི་བློ་དེ་རྣམ་རྫོགས་སྦྱོར་བ་ཉིད་དུ་ཁས་ལེན་བྱས་མེད་པ་འདྲ་སྟེ། སྦས་དོན་ཟབ་མོ་ལས། སྒོམ་པའི་སྦྱོར་བ་ལ་མཇུག་པའི་རྟེན་གྱི་གང་ཟག་བཤད་པའི་སྐབས་སུ། ཁ་གཅིག་འདིར་བསྟན་གྱི་གང་ཟག་བཞི་བོ་འོག་ནས་འཆད་པར་འགྱུར་བའི་སྦྱོར་བ་ཉི་ཤུའི་རྟེན་གྱི་གང་ཟག་ལ་འདོད་པ་ནི་མི་འཐད་དེ། འདིར་བསྟན་གང་ཟག་བཞི་བོ་ནི་ཐོས་བསམ་བྱེད་པའི་རྟེན་གྱི་གང་ཟག་ཡིན་ལ། སྦྱོར་བ་ཉི་ཤུའི་རྟེན་གྱི་གང་ཟག་ནི་སྒོམ་བྱུང་གི་རྟེན་གྱི་གང་ཟག་ཡིན་པའི་ཕྱིར། ཞེས་ཁ་གསལ་བོས་གསུངས་ཤིང་། ད་དུང་མདོར་ན་འདིར་བསྟན་གྱི་གང་ཟག་དང་པོ་གསུམ་ནི་སྐབས་དང་པོ་གསུམ་དུ་བསྟན་པའི་མཁྱེན་གསུམ་ཐོས་བསམ་གྱིས་གཏན་ལ་ཕབ་པའི་གནས་སྐབས་ཡིན་ལ། བཞི་བ་ནི། དེ་དག་རྣམ་པར་བསྡུ་བའི་གནས་སྐབས་ཡིན་པས་ཞེས་བསྡུ་བྱེད་དེ་ནི་ཐོས་བསམ་བྱེད་པའི་རིམ་པ་ལས་བརྒལ་ཞིང་། རྣམ་རྫོགས་སྦྱོར་བ་ལ་མ་མཇུག་པའི་གོང་དུ་ཡོད་པར་ངོས་འཛིན་གསལ་བོར་གནང་འདུག་གོ། །དེ་ལྟར་སོང་ན་དོག་དཔྱོད་གཞན་མི་དགོས་པར་གནད་ཡོད་ཚད་རང་གྲོལ་དུ་འགྱུར་ཏེ། དེས་རྗེས་ཀྱི་སྒོམ་པའི་བློ་གང་ཡིན་ན་ཡང་མཁྱེན་གསུམ་གྱི་རྣམ་པ་བརྒྱ་དང་བདུན་བཅུ་རྩ་གསུམ་དུ་བསྡུས་ནས་སྒོམ་པའི་བློ་ཡིན་པའི་ཁྱབ་པ་ཁས་བླངས་ཀྱང་འགལ་བ་གང་ཡང་མེད་པར་སེམས་སོ། །
 
མཁྱེན་གསུམ་ཤེས་བྱ་ནམ་མཁའི་སྐར་ཚོགས་ལ།།
སྦྱོར་བ་དང་པོའི་ཏིང་འཛིན་ཟབ་མོ་ཡིས།།
ཉམས་ལེན་གནད་ཀྱིས་ཡོངས་སུ་ཟིན་པའི་མཐུས།།
འབྲས་བུའི་རང་ཞལ་མངོན་དུ་འགྱུར་བར་སྨོན།།
ཞེས་པ་འདི་ནི་བར་སྐབས་ཀྱི་ངལ་གསོའི་ཚིགས་སུ་བཅད་པའོ།།
 
གསུམ་པ་ནི།  དེ་ལྟར་རྣམ་རྫོགས་སྦྱོར་བའི་སྒོམ་བྱའི་རྣམ་པ་དེ་ཤེས་རྣམ་དང་དོན་རྣམ་གང་ཡིན་ངོས་བཟུང་བ་དང་། རྣམ་པ་བརྒྱ་དང་བདུན་ཅུར་བསྡུས་ནས་སྒོམ་པའི་ཚུལ་སོགས་རགས་ཙམ་བཤད་ཟིན་ནས། ད་ནི་སྒོམ་པའི་སྦྱོར་བ་ལ་འཇུག་པའི་རྟེན་གྱི་གང་ཟག་བཤད་པ་སོགས་ལས་འཕྲོས་ནས་ཕྱིར་མི་ལྡོག་པའི་རྟགས་སོགས་བཤད་པ།  རྒྱན་རྩ་བར། སང་རྒྱས་རྣམ་ལ་ལྷག་པར་བྱས། །ཞེས་སོགས་བསྟན་ཏེ། འདིར་ཡུམ་ཉན་པ་དང་། ཚིག་བློ་ལ་ལེན་པ་དང་། དོན་མི་བརྗེད་པར་འཛིན་པ་དང་། ཚུལ་བཞིན་ཡིད་པ་བྱེད་པ་སྟེ་རྟེན་གྱི་གང་ཟག་བཞི་ངོས་བཟུང་ཡོད་དོ། ཀུན་མཁྱེན་བླ་མས་སྦས་དོན་ཟབ་མོ་ལས། རྟེན་གྱི་གང་ཟག་བཞི་ངོས་བཟུང་བ་དེ་སྒོམ་པ་པོའི་རྟེན་གྱི་གང་ཟག་ལ་ངོས་འཛིན་པ་མ་ཡིན་པར། ཐོས་བསམ་བྱེད་པའི་རྟེན་གྱི་གང་ཟག་ལ་ངོས་འཛིན་དགོས་ཞེས་གསུང་པ་དེ་ཉིད་གཞུང་གི་དགོང་པར་མངོན་སྟེ། རྒྱན་རྩ་བ་རུ་ཁ་གསལ་མེད་མོད་སློབ་དཔོན་སེང་གེ་བཟང་པོས་འགྲེལ་ཆུང་ལས། དེ་དག་ཀྱང་སྦྱོར་བ་པོ་མེད་པར་བརྗོད་མི་ནུས་ཞེས་དང་། དེ་ལྟར་སྦྱོར་བ་པོ་བསྟན་ནས་ཞེས་གསུང་སོ། །འདིའི་རྟེན་གྱི་གང་ཟག་བཞི་ཡི་ངོས་འཛིན་རགས་ཙམ་ཞིག་ས་བཅད་གོང་དུ་བྱས་ཟིན་པས་འདིར་བསྐྱར་བཤད་ཀྱི་ངལ་བ་མི་སྟེན་ནོ། །དེ་རྗེས་ཡུལ་ཅན་སྦྱོར་བ་དེ་ཉིད་བཤད་པ་ཡིན་ཏེ། དེ་ལྟར་ཐོས་བསམ་གྱི་གཏན་ལ་ཕབ་པའི་དོན་རྣམ་པར་བསྡུས་ནས་སྦྱོར་བ་སྒོམ་པ་ལ་འཇུག་དགོས་པས་སོ། དེ་ལྟ་བའི་ཡུལ་ཅན་སྦྱོར་བ་ལ། མི་གནས་པའི་སྦྱོར་བ་སོགས་གྲངས་ཉི་ཤུ་རྩ་བཞི་ཡོད་དོ། དེ་ལ་རང་བཞིན་གྱི་སྦྱོར་བ་ལྔ་དང་། གནས་སྐབས་ཀྱི་སྦྱོར་བ་བཅོ་ལྔ་ཡོད་པ་ལས། མི་གནས་པའི་སྦྱོར་བ་དང་། ཞེན་སྤྱོད་བཀག་པའི་སྦྱོར་བ་དང་། ཟབ་པའི་སྦྱོར་བ། གཏིང་དཔགས་དཀའ་བའི་སྦྱོར་བ། ཚད་མེད་པའི་སྦྱོར་བ་སྟེ་ལྔ་ནི་རང་བཞིན་སྦྱོར་བ་དང་། ཚེགས་ཆེན་ཡུན་རིང་དུ་རྟོགས་པ། ལུང་བསྟན་ཐོབ་པ། ཕྱིར་མི་ལྡོག་པ། ངེས་པར་འབྱུང་བའི་དང་། བར་ཆད་མེད་པའི་དང་། བྱུང་ཆུབ་ལ་ཉེ་བའི་དང་། མྱུར་བར་བྱང་ཆུབ་པའི་དང་། གཞན་དོན་གྱི་དང་། འཕེལ་འགྲིབ་མེད་པའི་དང་། ཆོས་དང་ཆོས་མིན་སོགས་མི་དམིགས་པའི་དང་། གཟུགས་སོགས་བསམ་མི་ཁྱབ་པའི་རྣམ་པ་འགོག་པ་དང་། ཟུགས་ལ་སོགས་པའི་དངོས་པོར་རྣམ་པར་མི་རྟོགས་པའི་དང་། འབྲས་བུ་རིན་པོ་ཆེ་སྦྱིན་པའི་དང་། རྣམ་པར་དག་པའི་དང་། ས་འཚམས་ཀྱི་སྦྱོར་བ་རྣམས་ནི་གནས་སྐབས་ཀྱི་སྦྱོར་བ་བཅོ་ལྔའོ། །འདིའི་སྦྱོར་བ་ཉི་ཤུའི་ས་འཚམས་ལ་སྔོན་གྱི་མཁས་པ་དག་བཞེད་ཚུལ་མི་མཐུན་པ་ཁ་ཤས་ཡོད་ན་ཡང་། རང་ལུགས་ལ་དང་པོ་ཐེག་ཆེན་ཚོགས་ལམ། དེ་ནས་བཞི་དྲོད་སོགས་བཞི་ལ་རིམ་པ་བཞིན། དེ་ནས་གཅིག་ས་དང་པོ། དེ་ནས་གཅིག་ས་གཉིས་པ་ནས་ས་བདུན་པའི་བར། དེ་ནས་ལྔ་ས་བརྒྱད་པ། དེ་ནས་གཉིས་ས་དགུ་བ་དང་བཅུ་བ་གཉིས་ལ་རིམ་བཞིན། ཐ་མ་ནི་ས་བདུན་མན་ཆད་ན་ཡོད་པར་བཞེད་དོ། །དེ་དག་རེ་རེས་ཀྱང་རྣམ་པ་བརྒྱ་བདུན་བཅུ་རྩ་གསུམ་པོ་རྫོགས་པར་སྒོམ་པ་ཡིན་ཏེ། རྣམ་རྫོགས་སྦྱོར་བ་ཡིན་པས་ཕྱིར། སྤྱིར་བཏང་སྒོམ་པའི་ཚུལ་ལ་བཞི་ཡོད་པ་ཡིན་ཏེ། ངོ་བོ་ཇི་ལྟ་བ་དང་། རྗེས་སུ་མཐུན་པ་དང་། མཚན་ཉིད་རྗེས་སུ་དཔྱོད་པ། སྨོན་ལམ་གྱི་རྣམ་པས་སྒོམ་པའོ། །དེ་ལྟར་བཞི་ལས་འདིར་མཚན་ཉིད་རྗེས་སུ་དཔྱོད་པ་དང་། སྨོན་ལམ་གྱི་རྣམ་པས་སྒོམ་པ་ཡིན་ནོ། །དེ་ལྟར་སྦྱོར་བ་སྒོམ་པ་ལ་རྟེན་ནས་མ་འོངས་པར་ཡོན་ཏན་བཅུ་བཞི་འབྱུང་བར་བཤད་པ་ནི། རྒྱན་རྩ་བར། བདུད་ཀྱི་མཐུ་བཅོམ་ལ་སོགས་པ། །ཞེས་སོགས་ཀྱིས་བསྟན་ཏེ། དེ་ལྟར་སྦྱོར་བ་རང་ལ་ཡོད་པའི་ཡོན་ཏན་གྱི་རྟགས་ཀྱིས། བདུད་ཀྱི་མཐུ་བཅོམ་པའི་ཡོན་ཏན་འབྱུང་དུ་རུང་བ་དཔོགས་པ་རྒྱུ་ཚོགས་གྲངས་ཚང་གི་རྟགས་ལས་འབྲས་བུ་འབྱུང་རུང་བསྒྲུབ་པར་བྱེད་པ་རང་བཞིན་གྱི་རྟགས་སོ། །དེ་ལྟར་མ་འོངས་པ་ན་ཡོན་ཏན་འབྱུང་བར་བསྟན་ནས་དགོས་པ་ཅི་ཡོད་སྙམ་ན། བྱང་སེམས་དབང་རྟུལ་རྣམས་ལ་ཐོག་མར་མཁྱེན་གསུམ་ཐོས་བསམ་གྱིས་གཏན་ལ་ཕབ། དེ་ཉིད་རྣམ་པ་བརྒྱ་དང་བདུན་བཅུར་བསྡུས། དེ་ཉིད་སྦྱོར་བས་སྒོམ་དགོས་པར་བཤད་ན། སེམས་ཞུམ་པར་འགྱུར་བས་དེ་དག་ལ་སྤྲོ་བ་སྐྱེད་པའི་ཆེད་དུ་ཡིན་པར་བཤད་དོ། །དེ་རྗེས་སྦྱོར་བའི་སྐྱོན་བསྟན་པ་ལ་དགོས་པ་ཡོད་དེ། སྦྱོར་བ་དེ་དག་མཐར་ཕྱིན་དགོས་ན་སྦྱོར་བའི་སྐྱོན་སྤོང་དགོས་ཤིང་དེ་སྤོང་བ་ལ་ཐོག་མར་སྐྱོན་དེ་ངོས་ཟིན་དགོས་པ་ཡིན་ནོ། །དེ་བསྟན་པ་ལ། རྒྱན་རྩ་བར། སྐྱོན་ནི་བཅུ་ཚན་བཞིར་བཅས་པ། །ཞེས་སོགས་ཀྱིས་བསྟན་དེ། རང་ལ་བརྟེན་པའི་འགལ་རྐྱེན་ཉི་ཤུ། མཐུན་རྐྱེན་མ་ཚང་བ་ཉེར་གསུམ། གཞན་ལ་རྟེན་པའི་འགལ་རྐྱེན་གསུམ་སྟེ་ཞེ་དྲུག་ཡོད་ཅིང་། རེ་རེ་ནས་མཚན་གཞི་དང་སྦྱར་ན་ཡིག་ཚོགས་མང་དུ་འགྲོ་བ་ལས་དགོས་གལ་ཆུང་བས་འདིར་མ་དྲངས་སོ། །དེའི་འོག་ཏུ་སྦྱོར་བའི་མཚན་ཉིད་བཤད་དེ། རྒྱན་རྩ་བར། གང་གིས་མཚོན་དེ་མཚན་ཉིད་དུ། ཞེས་སོགས་ཀྱིས་བསྟན་དེ། སྤྱིར་བཏང་མཚན་ཉིད་ལ་མཚོན་པར་བྱེད་པ་ལས་སྒྲུབ་ཀྱི་དབང་དུ་བྱས་པ་དང་། མཚོན་པར་བྱ་བ་བྱེད་སྒྲུབ་ཀྱི་དབང་དུ་བྱས་པ་གཅིག་སྟེ་བཞིར་ཡོད་དོ། དེ་ཡང་བྱེད་སྒྲུབ་ཀྱི་དབང་དུ་བྱས་པའི་མཚན་ཉིད་ལ་གསུམ་ཇི་ལྟར་དགོས་སྙམ་ན། ཐེག་ཆེན་སྦྱོར་བ་མཚོན་པ་ལ་སྦྱོར་བའི་ངོ་བོ་ཤེས་རབ་རྟོགས་པའི་ཆ་དང་། ཐབས་འཕྲིན་ལས་ཆ་ཟུང་དུ་འཇུག་པ་སྒོ་ནས་སྦྱོར་བ་ཡིན་པས། ཤེས་རབ་རྟོགས་པའི་ཆ་མཚོན་པར་བྱེད་པ་ཤེས་མཚན་དང་། ཐབས་འཕྲིན་ལས་ཆ་མཚོན་པར་བྱེད་པ་བྱེད་མཚན། དེ་ཉིད་ཐེག་ཆེན་དུ་མཚོན་པར་བྱེད་པ་ཐེག་དམན་ལས་ཁྱད་དུ་འཕགས་པ་མཚོན་དགོས་པས་ཁྱད་མཚན་བསྟན་པ་ཡིན་ནོ། མཚོན་པར་བྱ་བ་ལས་སྒྲུབ་ཀྱི་དབང་དུ་བྱས་པའི་མཚན་ཉིད་ཇི་ལྟ་བུ་ཞེས་ན། ངོ་བོ་ཉིད་མཚན་བཅུ་དྲུག་པོ་དེ་ཉིད་མཚན་བཞིར་བྱས་ནས་སྤྱིར་ཐེག་ཆེན་སྦྱོར་བ་དང་། བྱེ་བྲག་མཁྱེན་གསུམ་གྱི་སྦྱོར་བར་མཚོན་དགོས་པའི་ཕྱིར་རོ། །ཞིབ་ཏུ་དབྱེ་བའི་སྤྲོས་པ་སོགས་ནི་རེ་ཞིག་བསྐྱུར་བར་འོས་སོ་སྙམ། སྦྱོར་བའི་མཚན་ཉིད་ཀྱི་འོག་ཏུ་ཐར་བ་ཆ་མཐུན་བསྟན་པའི་དགོས་པ་ནི། སྔར་མཁྱེན་གསུམ་གྱི་གཏན་ལ་ཕབ་པའི་དོན་རྣམ་པར་བསྡུ་ན། སངས་རྒྱས་རྣམ་ལ་ལྷག་པར་བྱས། །ཞེས་པའི་སྐབས་སུ་རྟེན་གྱི་གང་ཟག་བཞི་ངོས་བཟུང་བའི་བཞི་བ་དེར་འགྱུར་ཞིང་། དེ་སྦྱོར་བའི་ཡོན་ཏན་དང་། སྐྱོན། མཚན་ཉིད་སོགས་ལ་མཁས་པར་འགྱུར་བ་དེའི་ཚེ་ཐར་བ་ཆ་མཐུན་སྐྱེས་པ་ཡིན་ནོ། །དེ་སྟོན་བྱེད་ཀྱི་གཞུང་ལ། རྒྱན་རྩ་བར། མཚན་མེད་རབ་ཏུ་སྦྱིན་ལ་སོགས། །ཞེས་སོགས་ཀྱིས་བསྟན་པས། འདིར་བསྟན་གྱི་ཐར་བ་ཆ་མཐུན་ཡིན་ན་སངས་རྒྱས་སོགས་ཡུལ་ལྔ་ལ་མཁས་པས་ཁྱབ་པ་ཡོད་དོ། །སྤྱིར་ཐེག་ཆེན་གྱི་ཐར་བ་ཆ་མཐུན་ཡིན་ན་དེ་ཡིན་པས་ནི་མ་ཁྱབ་སྟེ། སངས་རྒྱས་སོགས་ཡུལ་ལྔ་ལ་ཐོས་བསམ་བྱེད་པའི་ཐར་བ་ཆ་མཐུན་ཡོད་པར་བཤད་དོ། །འདི་ལ་ཐར་བ་ཆ་མཐུན་ཕལ་བ་དང་། ཡུལ་ལྔ་ལ་མཁས་པའི་ཐར་བ་ཆ་མཐུན་ལ་ཁྱད་པར་ཅན་ཞེས་སྦྱོར་དགོས་པར་གསུངས། དེའི་འོག་ཏུ་ངེས་འབྱིན་ཆ་མཐུན་བཤད་པ་ལ་རྒྱུ་མཚན་ཡོད་དེ། སངས་རྒྱས་སོགས་ཡུལ་ལྔ་ལ་མཁས་པའི་དད་སོགས་དབང་པོ་ལྔས་བསྡུས་པའི་ཐར་བ་ཆ་མཐུན་རྒྱུན་ལྡན་དུ་སྒོམ་པས་སྒོམ་བྱུང་གཙོ་བོར་གྱུར་བའི་ཉམས་སྐྱེས་པ་ན། བྱང་སེམས་ཀྱི་སྦྱོར་ལམ་སྐྱེས་པར་འཇོག་པས་ཐར་བ་ཆ་མཐུན་སྟོན་པ་ནི། རྒྱན་རྩ་བར། དྲོ་བ་རྣམས་ཀྱི་དམིགས་པ་ནི། །ཞེས་སོགས་ཀྱིས་བསྟན། འདིར་སྦྱོར་ལམ་དེ་ཉིད་གཙོ་བོ་རྗེས་ཐོབ་ཀྱིས་བསྡུས་པའི་སེམས་ཅན་ལ་དམིགས་པའི་བསམ་སྦྱོར་ཕུན་སུམ་ཚོགས་པའི་ལྡོག་པ་ནས་བསྟན་པ་ཡིན་ཞིང་། སྐབས་དང་པོར་ནི། བྱང་སེམས་ཀྱི་རྟོགས་རིགས་ཀྱི་ལྡོག་པ་དང་། སྐབས་གཉིས་པར་ཉན་ཐོས་ཀྱི་རྟོགས་རིགས་ཀྱི་ལྡོག་པ་དང་། སྐབས་གསུམ་པར་དེ་དག་ལ་ཞེན་སྤྱོད་དཀག་པའི་ལྡོག་པ་བསྟན་པས་ཟློས་པའི་སྐྱོན་ནི་མེད་དོ། །གོང་དུ་དེ་ལྟར་གཞུང་དཀྱུས་ཀྱི་རིམ་པ་གོ་རིམ་མ་འཁྲུགས་པར་ཐལ་ཆགས་སུ་སྔ་ཕྱིའི་འབྲེལ་དང་ངོས་འཛིན་ཉུང་ངུ་བྱས་པ་འདི་ནི། བསྟན་བཅོས་སྦས་དོན་ཟབ་མོ་ལ་གཞི་བཅོལ་ནས་བྲིས་པ་ཡིན་ཏེ། ཧ་ཅང་རྒྱས་པ་སྤྲོས་པའི་རྔོ་མི་ཐོག་ལ། སྤྲོས་ཀྱང་ཡིག་ཚོགས་མང་ན་སྐྱོན་དུ་མི་འགྱུར་བའི་ངེས་པ་མེད་པས་སྔ་ཕྱིའི་འགྲེལ་དང་ངོ་བོ་ཙམ་སྟོན་པའི་ཚིག་གི་ཕྲེང་བ་ཞིག་འདི་རུ་དགོས་ངེས་སུ་འདུག་པ་ཞིག་བྱུང་བ་ལ། རང་གི་རྣམ་རྟོག་གིས་གཞན་ཞིག་འཆད་པ་ནི་དོན་མ་ཡིན་པར་ལོག་པར་ཉེན་ཁ་ཆེ་ཞིང་། དགོས་དོན་ཆེར་མེད་པས་གཞུང་ཇི་ལྟ་བ་བཞིན་བཀྲལ་བའི་ཁུལ་བྱས་པ་ཡིན་ནོ། །ད་ནི་ཕྱིར་མི་ལྡོག་པའི་དགེ་འདུན་བཤད་པར་བྱ་སྟེ། ཐེག་ཆེན་གྱི་སྦྱོར་ལམ་ཐོབ་ནས་གནས་སྐབས་བླ་མེད་རྫོགས་བྱང་ལས་ཕྱིར་མི་ལྡོག་པར་ངེས་པས་དེའི་འོག་ཏུ་ཕྱིར་མི་ལྡོག་པའི་དགེ་འདུན་སྟོན་པ་ལ་ཞེས་འབྱུང་བས། ཕྱིར་མི་ལྡོག་པའི་དགེ་འདུན་ནི་སྦྱོར་མཐོང་སྒོམ་གསུམ་ལ་གནས་པའི་བྱང་སེམས་རྣམས་ཡིན་ཏེ། རྒྱན་རྩ་བར། ངེས་འབྱིན་ཡན་ལག་ནས་བཟུང་སྟེ། །ཞེས་སོགས་ཚིག་བཅད་གཅིག་གིས་བསྟན་ནོ། །དེ་དག་ཕྱིར་མི་ལྡོག་པའི་དགེ་འདུན་ཡིན་ན། དེ་དག་ཕྱིར་ནི་ལྡོག་པའི་སྒྲུབ་བྱེད་གང་ཞིག་ཡོད། མེད་ན་དམ་བཅས་པ་ཙམ་གྱིས་ངེས་ཤེས་སྐྱེད་མི་ནུས་ཤིང་། ཡོད་ན་སྒྲུབ་བྱེད་དེ་གང་ཞེ་ན། དེ་ལ་སྦྱོར་ལམ། མཐོང་ལམ། སྒོམ་ལམ་ལ་གནས་པའི་བྱང་སེམས་ཕྱིར་མི་ལྡོག་པར་སྒྲུབ་པའི་གཏན་ཚིགས་གསུམ་ལས། དང་པོ་སྦྱོར་ལམ་པ་ཕྱིར་མི་ལྡོག་པ་སྒྲུབ་པའི་གཏན་ཚིགས་ལ་ཉི་ཤུ་ཡོད་པར་བསྟན་ཏེ། རྒྱན་རྩ་བར། གཟུགས་ལ་སོགས་ལས་ལྡོག་སོགས་རྟགས། །ཞེས་པའི་ཚིགས་བཅད་གཅིག་གིས་མདོར་བསྟན་ཞིང་། དེའི་འོག་ཏུ། གཟུགས་ལ་སོགས་ལས་ལྡོག་སོགས་དང་། །ཞེས་སོགས་ཀྱིས་རྒྱས་བཤད་ཀྱིས་སྒོ་ནས་བསྟན་ཏོ། །འདིའི་སྐབས་ཀྱི་སྦྱོར་མཐོང་སྒོམ་གསུམ་གྱི་རྟགས་དག་གཞུང་གཞན་དུ་རེ་རེ་ནས་གསལ་ཁ་དང་བཅས་ཏེ་བགྲང་འདུག་པས། འདིར་བགྲང་ན་ཡིག་ཚོགས་མང་པ་ལས་དགོས་པ་མ་ཐོང་བས་མདོར་ཙམ་བསྟན་ནས་ཞིབ་ཏུ་རྟགས་རེ་རེ་སྦྱར་བའི་ངལ་བ་མི་སྟེན་པར་བྱའོ། །མཐོང་ལམ་ལ་གནས་པའི་བྱང་སེམས་ཕྱིར་མི་ལྡོག་ཏུ་བསྒྲུབ་པའི་གཏན་ཚིགས་དེ་ལ་མཉམ་བཞག་ཤེས་བཟོད་མ་སྐད་གཅིག་བཅུ་དྲུག་ཡོད་དེ། རྒྱན་རྩ་བར། མཐོང་བའི་ལམ་ལ་བཟོད་པ་དང་། །ཞེས་སོགས་དང་། གཟུགས་སོགས་འདུ་ཤེས་ལྡོག་པ་དང་། ཞེས་སོགས་ཀྱིས་བསྟན་ཏོ། །སྒོམ་ལམ་པ་ཕྱིར་མི་ལྡོག་པ་བསྒྲུབ་པའི་གཏན་ཚིག་ནི། སྒོམ་པའི་ལམ་ནི་ཟབ་པ་སྟེ། །ཞེས་སོགས་ཀྱིས་གསུངས་སྟེ། དེ་ལ་དབྱེ་ན་སྐྱེ་བ་ཟབ་པ་ནས་བརྒྱད་ཡོད་དོ། །དེ་ལྟ་བུའི་སྒོམ་ལམ་དེ་ལ་སྐོར་དགུ་བཤད་དེ། རྒྱན་རྩ་བར། ས་དགུ་ལ་ནི་ཆེན་པོ་ཡིས། །ཞེས་སོགས་ཀྱིས་བསྟན། དེ་ལ་སྒོམ་ལམ་གྱི་སྐབས་འདིར་སྒྲོ་འདོགས་ཀྱི་རྩོད་པ་དང་། སྐུར་འདེབས་ཀྱི་རྩོད་པ་གཉིས་བྱུང་སྟེ།  དེ་གཙོ་བོ་རྩོད་པའི་ཡུལ་ནི། ཟབ་མོ་སྟོང་པ་ཉིད་ལ་སོགས། །ཞེས་པར་བརྩོད་དོ། །དང་པོ་ལ། ཐེག་ཆེན་གྱི་སྒོམ་ལམ་ཆོས་ཅན། འབྲས་བུ་བསོད་ནམས་གྲངས་མེད་སོགས་མི་སྐྱེ་བ་ཐལ། དོན་དམ་པར་དེ་མི་སྐྱེད་པའི་ཕྱིར་དེ། དོན་དམ་པར་ཟབ་མོ་སྟོང་ཉིད་ཀྱི་ངོ་བོ་ཡིན་པའི་ཕྱིར། དེས་སྒོམ་ལམ་གྱིས་དོན་དམ་པར་འབྲས་བུ་སྐྱེད་པ་གྲུབ་པས་དོན་དམ་པར་སྒོམ་ལམ་ཡོད་པར་གྲུབ་བོ་ཅེས་པ་ནི་སྒྲོ་འདོགས་པའི་རྩོད་པའོ། རྩོད་སྤོང་བྱེད་ཚུལ་ནི། རྒྱན་རྩ་བར། ཀུན་རྫོབ་ཏུ་ནི་ཐུགས་བརྩེ་བའི། །ཞེས་སོགས་ཀྱིས་བསྟན་དེ། མདོར་ན་དོན་དམ་པར་སྟོང་ཉིད་ཡིན་ཡང་ཀུན་རྫོབ་ཏུ་འབྲས་བུ་བསོད་ནམས་སོགས་བསྐྱེད་པ་མི་འགལ་སྟེ། ཀུན་རྫོབ་ཏུ་དེ་ཡོད་པ་ཙམ་གྱིས་དོན་དམ་པར་ཡོད་པ་མི་གྲུབ་བོ་ཅེས་པས་སྒྲོ་འདོགས་ལས་གྲོལ་བར་བཤད། ཡང་། ཟབ་མོ་སྟོང་པ་ཉིད་ལ་སོགས། །ཞེས་པར་འདི་ལྟར་བརྩོད་དེ། རྒྱན་རྩ་བར། དངོས་པོ་བརྗོད་དུ་མེད་པ། །ཞེས་སོགས་ཀྱིས་བསྟན། ཐེག་ཆེན་གྱི་སྒོམ་ལམ་ཆོས་ཅན། སྤང་གཉེན་ཉམས་འཕེལ་གྱི་བྱ་བ་མི་བྱེད་པ་ཐལ། དོན་དམ་པར་སྟོང་ཉིད་ཀྱི་ངོ་བོ་ཡིན་པའི་ཕྱིར། ཁྱབ་སྟེ། བདེན་གྲུབ་ཀྱི་དངོས་པོར་བརྗོད་དུ་མེད་ན་སྤང་གཉེན་ཉམས་འཕེལ་གྱི་བྱ་བ་བྱེད་པར་མི་རུང་བའི་ཕྱིར་རོ། །དེས་ན་ཐེག་ཆེན་གྱི་སྒོམ་ལམ་དེས་སྤང་གཉེན་ཉམས་འཕེལ་གྱི་བྱ་བ་བྱེད་པའི་རྒྱུ་མཚན་གྱིས་བདེན་པར་གྲུབ་པ་ཡིན་ནོ་ཞེས་པ་ནི་སྒྲོ་འདོགས་ཀྱི་རྩོད་པའོ། དེ་ལ་གཙོ་བོ་ཐེག་ཆེན་གྱི་སྒོམ་ལམ་དོན་དམ་པར་ཟབ་མོ་སྟོང་ཉིད་ཀྱི་ངོ་བོ་ཡིན་ཡང་ཀུན་རྫོབ་ཏུ་སྤང་གཉེན་ཉམས་འཕེལ་གྱི་བྱ་བ་བྱེད་དེ། བྱང་ཆུབ་སྐུ་གསུམ་པོ་དེ་དོན་དམ་པར་གཟུང་འཛིན་གྱི་སྤྲོས་པ་དང་བྲལ་བའི་དེ་བཞིན་ཉིད་ཡིན་ཡང་ཀུན་རྫོབ་ཏུ་གཟུང་འཛིན་གྱི་སྤྲོས་པར་བསྟན་ནས་གདུལ་བྱའི་དོན་བྱེད་པའི་ཕྱིར། དེས་ན་ཐེག་ཆེན་གྱི་སྒོམ་ལམ་དེས་སྤང་གཉེན་ཉམས་འཕེལ་གྱི་བྱ་བ་བྱེད་ཀྱང་བདེན་པར་གྲུབ་པར་མི་འགྱུར་རོ། །ཞེས་པ་ནི་སྒྲོ་འདོགས་ལས་གྲོལ་ཚུལ་ལོ། །ད་ནི་སྐུར་འདེབས་ཀྱི་རྩོད་པ་དང་ལན་གཉིས་ལས། རྩོད་པ་ནི། ཐེག་ཆེན་སྒོམ་ལམ་གྱིས་བླ་ན་མེད་པའི་བྱང་ཆུབ་མི་སྐྱེད་པ་ཐལ། ཁྱོད་ཀྱིས་སྐད་ཅིག་སྔ་མས་ཀྱང་དེ་མི་སྐྱེད། ཕྱི་མས་ཀྱང་དེ་མི་སྐྱེད་པའི་ཕྱིར། ཞེས་པ་ནི། སྐུར་འདེབས་ཀྱི་རྩོད་པ་ཡིན་ལ། རྩོད་སྤོང་ནི་མར་མེའི་སྐད་ཅིག་སྔ་ཕྱི་གང་རུང་རེ་རེ་ཁོ་ནས་སྡོང་བུ་སྣུམ་ལྡན་རྫོགས་པར་མི་བསྲེག དེ་དག་མེད་པར་ཡང་དེ་རྫོགས་པར་མི་བསྲེག་ཀྱང་སྐད་ཅིག་སྔ་ཕྱི་ཕན་ཚུན་ལྟོས་ནས་སྡོང་བུ་སྣུམ་ལྡན་རྫོགས་པར་བསྲེག་པ་ལྟར། ཐེག་ཆེན་གྱི་སྒོམ་ལམ་སྐད་ཅིག་སྔ་ཕྱིི་རེ་རེ་ཁོ་ནས་ཀྱང་བླ་ན་མེད་པའི་བྱང་ཆུབ་མི་སྐྱེད། དེ་དག་མེད་པར་ཡང་བླ་ན་མེད་པའི་བྱང་ཆུབ་མི་སྐྱེད་ཀྱང་། དེ་དག་སྐད་ཅིག་སྔ་ཕྱི་ལྟོས་ནས་བླ་ན་མེད་པའི་བྱང་ཆུབ་སྐྱེད་པ་འཐད་པའི་ཕྱིར་ཞེས་པས་སྐུར་འདེབས་ཀྱི་རྩོད་པ་སྤོང་བའོ། །འདིའི་མཇུག་ཏུ་སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་དང་། ཞིང་དག་པའི་སྦྱོར་བ། ཐབས་ལ་མཁས་པའི་སྦྱོར་བ་སྟེ། རྣམ་རྫོགས་སྦྱོར་བ་མཚོན་བྱེད་ཀྱི་ཆོས་གསུམ་འབྱུང་ཞིང་། དེ་དག་རགས་པ་ཆེ་ལོང་ཙམ་ཞིག་བཤད་ན། སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་ནི། རྒྱན་རྩ་བར། ཆོས་རྣམས་རྨི་ལམ་འདྲ་བའི་ཕྱིར། །ཞེས་སོགས་ཀྱིས་བསྟན་ཞིང་། སྦྱོར་བ་དེས་ཆོས་རྣམས་རྨི་ལམ་དང་འདྲ་བ་ཉིད་དུ་རྟོགས་པ་དེས་ཕྱིར། སྲིད་ཞི་སྟེ་འཁོར་འདས་ཀྱི་ཆོས་ལ་བཟང་ངན་དང་རྣམ་རྟོག་སོགས་གང་ཡང་མེད་པར་བཤད་དོ། །དེ་ལ་རྨི་ལམ་དང་འདྲ་ན་ལས་གསོག་པའི་བྱ་བ་མི་འཐད་པར་ཐལ། རྨི་ལམ་དང་འདྲ་བ་ཡིན་པའི་ཕྱིར་ཞེས་སོགས་ཀྱིས་ཀླན་ཀ་བཞི་དང་། དེ་སྤོང་བའི་ལན་བཞི་ཡི་སྒོ་ནས་བསྟན་ཏེ། རྒྱན་རྩ་བར། ལས་མེད་ལ་སོགས་ཀླན་ཀ་ཡི། །ཞེས་སོགས་ཀྱིས་གསུངས། སྦྱོར་བ་འདི་གསུམ་གྱི་ས་འཚམས་ནི་དག་པ་ས་གསུམ་ལ་འཇོག་དགོས་སོ། ཞིང་དག་སྦྱོར་ནི། རྒྱན་རྩ་བར། སེམས་ཅན་འཇིག་རྟེན་དེ་བཞིན་དུ། །ཞེས་སོགས་ཀྱིས་བསྟན་ཏེ། མ་དག་ས་བདུན་གྱི་སྐབས་སུ་མ་འོངས་པ་ན་རང་ཉིད་འཚང་བརྒྱ་བའི་ཞིང་དེ་ན་སྣོད་བཅུད་ཀྱི་སྐྱོན་མེད་པར་བྱའོ་སྙམ་པའི་སེམས་བསྐྱེད་པ་ཙམ་ཡིན་ཞིང་། འདིར་ནི་རང་ཉིད་འཚང་བརྒྱ་བའི་སྣོད་བཅུད་ཀྱི་ཞིང་དེའི་དགེ་རྩ་དངོས་སུ་བསྒྲུབ་པ་ཡིན་པས་དེ་ནི་དག་སའི་ཁྱད་ཆོས་ཡིན་པར་བཤད། འདི་ལ་སྣོད་ཀྱི་ཞིང་སྦྱོང་བ་དང་། བཅུད་ཀྱི་ཞིང་སྦྱོང་བ་གཉིས་ཡོད་དོ། །ཐབས་མཁས་ཀྱི་སྦྱོར་བ་ནི། མངོན་དུ་བྱ་རྒྱུའི་ཡུལ་ཐབས་མཁས་བཅུ་པོ་དེ་མངོན་དུ་བྱེད་པའི་དུས་དང་དུས་མ་ཡིན་པར་ཤེས་པའི་སྦྱོར་བ་ལ་ནི་ཐབས་མཁས་ཀྱི་སྦྱོར་བར་ངོས་འཛིན་བྱེད་པ་ཡིན། དེ་ལ་དབྱེ་ན། རྒྱན་རྩ་བར། དགྲ་རྣམས་ལས་ནི་འདས་པ་དང་། །ཞེས་སོགས་ནས་ཐབས་ལ་མཁས་པའི་སྦྱོར་བའི་བར་བཅུ་ཡོད་དོ། །དེ་ཡན་ཆད་ཀྱིས་རྩ་བའི་ཆ་ནས་རྣམ་རྫོགས་སྦྱོར་བའི་རྣམ་བཞག་ཆ་ཚང་བ་ཞིག་མཇུག་ལེགས་པར་གྲུབ་པ་ཡིན་ཞིང་། དེར་མ་ཟད་ད་ནི་དཔྱད་རྩོམ་དངོས་ཀྱི་མཐའ་ཡོངས་སུ་རྫོགས་པས་འདིའི་འོག་ཏུ་མཇུག་རྩོམ་ཉུང་ངུ་ཞིག་སྦྱར་བར་མཐུས་པར་བྱེད་དོ། །དེར་ཡང་སྤྱིའི་ཆ་ནས་སྐབས་བཞི་བ་རྣམ་རྫོགས་སྦྱོར་བ་འདི་ནི་བརྗོད་བྱ་ཧ་ཅང་གནད་འདུས་ཤིང་། བརྗོད་བྱེད་ཀྱི་ཚིག་གི་ཚོགས་ཀྱང་མང་པོ་མེད་པ་དེ་འདྲ་ཞིག་རེད་འདུག་སྙམ། མ་གཞི་མཚོན་བྱེད་ཀྱི་ཆོས་རེ་རེའི་ནང་དུ་ཡང་གང་ཟག་ཞིག་སངས་རྒྱས་པའི་ལམ་རིམ་ཆ་ཚང་བ་ཞིག་བསྟན་ཡོད་ཅེས་གསུངས་པ་རེད་དེ། ཡིན་ན་ཡང་གང་ལྟར་མཁྱེན་པ་གསུམ་པོ་ཐོས་བསམ་གྱིས་གཏན་ལ་ཕབས་པ་ནས་བཟུང་སྟེ་སྦྱོར་མཐོང་སྒོམ་གསུམ་སོགས་ཀྱི་ལམ་གྱི་རིམ་པ་ཁ་ཚང་བ་ཞིག་བསྟན་པས་མཚོན། ཤེར་ཕྱིན་གྱི་བརྗོད་བྱ་མ་ལུས་པ་ཡོངས་སུ་རྫོགས་པ་འདིར་མ་འདུས་པ་ཞིག་ཕལ་ཆེར་མེད་པར་མངོན། ཡིན་ན་ཡང་ཁོ་བོ་ནི་ཐོས་པ་ཆུང་ཞིང་བརྩོན་པ་ཉུང་བ་སོགས་ཀྱིས་སྐྱོན་མང་པོས་གོས་པས་ཁར། གནད་གཅིག་གི་སྟེང་དུ་ཡོད་ཚད་གོང་བུ་གཅིག་ཏུ་བྱེད་པའི་རྩལ་སོགས་རྫོགས་མེད་པས་ཡིག་ཚོགས་མང་དུ་སོང་བ་དང་། བརྗོད་བྱའི་དོན་འཁྱོལ་ཏེ་གནད་ཀྱི་གཏིང་མ་ལོན་པ་དང་། གོ་བས་ཕུ་ཐག་མ་ཆོད་པས་ནོར་འཁྲུལ་གྱི་ཆ་མང་དུ་བདོག་པར་སྨྲོས་ག་ལ་དགོས། ཡིན་ན་ཡང་རང་ཉིད་ཀྱིས་འབད་བརྩོན་ཅུང་ཟད་བྱས་པ་དང་། ལྷག་པར་དུ་ཐུགས་བརྩེ་རི་ལས་ལྕི་ཞིང་ཡོན་ཏན་གྱི་ཁུར་གྱིས་ཡོངས་སུ་དུད་པའི་དགེ་བའི་བཤེས་གཉེན་བཟང་བོས་བསྐུལ་མ་ཡང་ཡང་གནང་ཞིང་། ད་དུང་གུས་རྟག་བརྩོན་པའི་སྦྱོར་བ་ལྷུར་ལེན་པའི་བརྩེ་བའི་སློབ་གྲོགས་ཚོས་ཤུགས་རྐྱེན་མང་དུ་བསྩལ་བ་སོགས་ཀྱི་རྒྱུ་རྟེན་འབྲེལ་བཟང་བོའི་མཐུ་ཡིས། ད་ཆར་རྒྱལ་ཡུམ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་རྟོགས་རྒྱན་འདིའི་གནད་ཁ་ཤས་ལ་ཅུང་ཙམ་བསམ་གཞིག་ཡང་ཡང་བགྱིས་པའི་གྲུབ་དོན་དུ་སོང་བའི་དབྱངས་གསལ་གྱི་སྦྱོར་བ་ཉུང་ངུ་འདི་མཇུག་ལེགས་པར་གྲུབ་པའི་དགའ་ཚོར་དཔག་མེད་ཀྱིས་རབ་ཏུ་བལྟས་ཡོད་དོ། །
 
ད་ལྟ་རྣམ་དཀར་ལས་ཀྱི་འབྲས་བཟང་མཐུས།།
ཟབ་དོན་མངོན་རྟོགས་པདྨའི་དགའ་ཚལ་དུ།།
བདག་བློའི་ཤེས་རབ་རིག་པའི་ཁྱེ་འུ་དེ།།
སྤྲོ་དགས་སྨྱོས་པའི་ཚུལ་འདི་ཨེ་མ་རྨད།།
 
འདི་ལྟར་ཐོས་བསམ་འོ་མཚོ་བསྲུབས་པ་ལས།།
ལེགས་པར་འཁྲུངས་པའི་འོད་ཀྱི་ཞུན་མ་དེ།།
བདག་ཡིད་མུན་པའི་མཁའ་རུ་དཔྱངས་པ་ཡིས།།
མི་ཤེས་རྒུད་པ་རྩ་ནས་ཆོད་གྱུར་ཅིག།
 
སྤྱིར་ན་སྙིགས་མའི་སེམས་ཅན་ལས་རེ་ངན།།
ཡང་སྒོས་བདག་ནི་ཉོན་མོངས་ཨ་རེ་ཆེ།།
དེ་བས་མ་ཤེས་འཁྲུལ་བ་གང་མཆིས་པ།།
གནོང་འགྱོད་དྲགས་པོས་འཐོལ་བཤགས་ཡང་ཡང་བགྱི།།
 
འདིར་འབད་དགེ་བའི་ཆ་ཤས་གང་མཆིས་པ།།
བདག་ལ་བརྩེ་བའི་དྲིན་ཆེན་ཡབ་ཡུམ་དང་།།
བཟང་ངན་ལས་ཀྱི་འབྲེལ་བའི་སེམས་ཅན་ཀུན།།
རྣམ་མཁྱེན་རྒྱལ་བའི་གོ་འཕང་ཐོབ་ཕྱིར་བསྔོ།།
ཞེས་པ་འདི་ནི་རྫོང་སར་ཁམས་བྱེ་སློབ་གླིང་བཤད་སྒྲུབ་དར་རྒྱས་གླིང་གི་ཕར་ཕྱིན་འཛིན་གྲྭ་གོང་མའི་སློབ་མ་འབར་ཆུང་པདྨ་དགྲ་འདུལ་གྱིས་ཆོས་རྗེ་འཇམ་མགོན་བླ་མ་ས་སྐྱ་པཎྜའི་ཏ་ཤར་ཕྱོགས་མངོན་དགའི་ཞིང་དུ་སྐུ་ཞི་བར་བཤེགས་པའི་དུས་དྲན་གྱི་ཉིན་མོ་སྟེ།བོད་རྒྱལ་ལོའི་ཉིས་སྟོང་གཅིག་བརྒྱ་བཞི་བཅུ་ཞེ་བརྒྱད་ལོའི་མགོ་ཟླ་བའི་དཀར་ཕྱོགས་ཡར་ངོས་སྟོང་གསུམ་པ་ལ་ལོ་མཇུག་གི་རྒྱུགས་རྩོམ་གྱི་དོད་དུ་རང་ཤག་རིག་པ་གསལ་བའི་ལྡིང་ཁང་ནས་ལེགས་པར་སྦྱར་བའོ།།

                        རྩོམ་སྒྲིག་པ། མྱི་གསར་བ།


           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


Signature is customized by Netease