མངོན་རྟོགས་རྒྱན་གྱི་སྤྱི་དོན་རབ་ཏུ་གསལ་བའི་བློ་གྲོས་ཀྱི་ལང་ཚོ།

    བཀྲ་ཤིས་རྒྱལ་མཚན་གྱིས་བརྩམས།


ཕར་ཕྱིན་མངོན་རྟོགས་རྒྱན་གྱི་སྤྱི་དོན་རབ་ཏུ་གསལ་བའི་བློ་གྲོས་ཀྱི་ལང་ཚོ་ཞེས་བྱ་བ། 

                          བཀྲ་ཤིས་རྒྱལ་མཚན་གྱིས་བརྩམས།
ཆོས་རྗེ་ས་སྐྱ་པཎ་ཆེན་དང་གཉིས་སུ་མ་མཆིས་པའི་འཇམ་པའི་རྡོ་རྗེ་ལ་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་། སྐྱབས་སུ་མཆིའོ། ། དུས་ཀུན་ཏུ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ།
 
སྦྱོར་བཞི་སྨན་གྱི་ས་བོན་ལས་འཁྲུངས་ཤིང་། །
སྐུ་གསུམ་ཡོན་ཏན་འབྲས་བུ་ཁུར་གྱིས་ལྕི། །
གདུལ་བྱའི་སྒྲིབ་པའི་རིམས་ནད་སེལ་མཛད་པ། །
རྒྱལ་ཡུམ་སྨན་གྱི་ལྗོན་པས་རྟག་ཏུ་སྲུངས། །
 
སྒྲིབ་གཉིས་སྤྲིན་ཚོགས་སྟུག་པོ་དབྱིངས་སུ་ཐིམ། །
སྐུ་གསུམ་ནམ་མཁའི་མཛོད་ལ་དབང་འབྱོར་ཞིང་། །
གདུལ་བྱའི་བསོད་ནམས་རི་ལ་འཚམ་པ་ཡི། །
དམ་ཆོས་འོད་སྟོང་འབྱེད་མཛད་གང་དེ་རྒྱལ། །
 
བགྲོད་གཅིག་ལམ་ནས་ཕ་རོལ་ཕྱིན་ན་ཡང་། །
རྗེས་འཇུག་སྐྱེ་བོའི་ཞེན་ལྟ་བཟློག་པའི་ཕྱིར། །
རྒྱལ་སྲས་ཚུལ་བཟུང་ཡུམ་གྱི་སྦས་པའི་དོན། །
གསལ་མཛད་མི་ཕམ་མགོན་པོ་གུས་པས་མཆོད། །
 
ཆོས་དང་དམ་པའི་ཚུགས་ཀ་མ་བོར་ཞིང་། །
རིགས་དང་རུས་ཀྱི་འདུ་བྱེད་མ་ཤོར་བར། །
ས་དཀར་རྒྱལ་བའི་བསྟན་གྱི་བརྒྱུད་པའི་སྲོལ། །
ལུང་རིགས་ཟུང་གིས་སྤེལ་མཛད་རྒྱལ་གྱུར་ཅིག །
 
ཕ་རོལ་ཕྱིན་པའི་གཞུང་ལུགས་འོ་མའི་མཚོ། །
ལུང་རིགས་མན་ངག་གསུམ་གྱིས་བསྲུབས་པ་ལས། །
སྒྲོ་སྐུར་བཅུད་ཀྱིས་མ་བསླད་སྙིང་པོའི་ལམ། །
བདག་བློའི་ལུས་ཟུངས་བརྟས་པའི་ཟས་སུ་སྤེལ། །
དེ་ཡང་བདག་ཅག་གི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་འདི་ཉིད་ཀྱིས་རིགས་ཅན་གསུམ་གྱི་གདུལ་བྱ་མཐའ་དག་འདུལ་བའི་ཆེད་དུ། སྐུ་རྫུ་འཕྲུལ་གྱི་ཆོ་འཕྲུལ། གསུང་རྗེས་སུ་བསྟན་པའི་ཆོ་འཕྲུལ། ཐུགས་ཀུན་ཏུ་བརྗོད་པའི་ཆོ་འཕྲུལ་ཏེ། ཆོ་འཕྲུལ་རྣམ་པ་གསུམ་ལ་བརྟེན་ནས་ཆོས་ཀྱི་འཁོར་ལོ་དཔག་ཏུ་མེད་པར་སྐོར་ཞིང་། དེ་དག་ལས་ཆེས་ཟབ་ཤོས་ནི་མཚན་ཉིད་མེད་པའི་ཆོས་འཁོར་ཡིན། དེ་ལ་ཡང་དངོས་བརྒྱད་ལུས་སུ་བྱས། དོན་བདུན་ཅུ་ཡན་ལག་ཏུ་བྱས་ནས་སྟོན་པའི་མདོ་དང་། དེ་ལྟར་མི་སྟོན་པ་ཟབ་མོ་སྟོང་ཉིད་ཀྱི་ལྟ་བ་ཙམ་རྩལ་ཏུ་བཏོན་ནས་སྟོན་པའི་མདོ་སྟེ། རྒྱས་སྤྲོས་བྱས་ན་མཚན་ཉིད་མེད་པའི་ཆོས་འཁོར་ལ་དཔག་ཏུ་མེད་པ་ཞིག་ཡོད་ཀྱང་བསྡུས་ན་དེ་གཉིས་ཀྱི་ཁོངས་སུ་འདུས་ཤིང་། ད་ལྟ་ང་ཚོའི་བསོད་ནམས་ཀྱི་བགོ་སྐལ་དུ་སྡེ་དགེ་བཀའ་འགྱུར་གྱི་ཁྲོད་འབུམ་ཀ་པ་ནས་ཤེས་རབ་སྣ་ཚོགས་ཀ་པའི་སྟོད་ཡན་ཆད་དེ། པོད་ཕྱེད་དང་ཉེར་གཅིག་དང་། ཆོས་ཚན་ཉེར་གསུམ་དུ་བཞུགས་ཤིང་། དེ་དག་གི་སྦས་དོན་གསལ་བར་བྱེད་པའི་དགོངས་འགྲེལ་ལ་ཡང་བསྟན་འགྱུར་གྱི་ཁྲོད་དུ་ཤེར་ཕྱིན་གྱི་བསྟན་བཅོས་ཀྱི་ཁོངས་སུ་བཞི་བཅུ་དང་། དབུ་མའི་བསྟན་བཅོས་ཀྱི་ཁོངས་སུ་བགྲང་བའི་ཐུབ་པའི་དགོངས་རྒྱན་ཏེ། ཞེ་གཅིག་ཙམ་བཞུགས་ཡོད་པ་ལས་ཆེས་ཁྱད་པར་དུ་འཕགས་པ་ནི། ཡུལ་སྟོང་པ་ཉིད་དང་སྦྱར་ཏེ་ཤེར་ཕྱིན་གྱི་མདོའི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་འཇིག་རྟེན་གྱི་ཁམས་འདིར་ཐོག་མར་སྲོལ་འབྱེད་པའི་བསྟན་བཅོས་ཏེ། མགོན་པོ་བྱམས་པས་མཛད་པའི་ཕར་ཕྱིན་མངོན་རྟོགས་རྒྱན་འདི་ཉིད་ཡིན་ལ། དེ་ནི་ཤེར་ཕྱིན་གྱི་བསྟན་བཅོས་ཀུན་གྱི་རྩ་བ་དང་། ཕར་ཕྱིན་ཐེག་པའི་ལམ་རིམ་སྟོན་པའི་མན་ངག་གི་སྙིང་པོ་ཡིན་པས། ཕར་ཕྱིན་ཐེག་པའི་ལམ་རིམ་འཆད་པ་ལ་འདིའི་རྗེས་སུ་འབྲང་བ་ནི་ཤིན་ཏུ་གཅེས་སོ། །ཇི་སྐད་དུ། ཀུན་མཁྱེན་བླ་མས་དབུ་མའི་སྤྱི་དོན་ལས། རིགས་པས་ནི་དབུ་མའི་གཞི་དང་ལྟ་བ་ངེས་པར་བྱེད། ལུང་གིས་འབྲས་བུ་དང་སྤོང་བ་ངེས་པར་བྱེད། མན་ངག་གིས་ལམ་གྱི་ཉམས་ལེན་ངེས་པར་བྱེད། ཅེས་གསུངས་པའི་མན་ངག་བདུད་རྩི་ཐིགས་པ་འདི་ཉིད་ཕར་ཕྱིན་མངོན་རྟོགས་རྒྱན་འཆད་པ་ལའང་ཧ་ཅང་མཁོ་བའི་སྡོམ་ཞིག་སྟེ། འདིར་གཞི་མཁྱེན་གསུམ་གྱི་ལྟ་བ་ཐོས་བསམ་གྱི་ཡུལ་དུ་རིགས་པས་གཏན་ལ་ཕབ་ཅིང་། མན་ངག་གིས་ལམ་གྱི་ཉམས་ལེན་སྦྱོར་བཞི་ལ་འཇུག་སྟེ། ལུང་གིས་སྤང་བྱ་སྤོང་བའི་ཚུལ་དང་འབྲས་བུའི་ཡོན་ཏན་ཕུན་སུམ་ཚོགས་པ་རྣམས་གཏན་ལ་ཕབ་པ་ནི། བསྟན་བཅོས་འདིའི་དབུ་ཞབས་ཀྱི་དགོངས་པ་ཡིན་ཞིང་། རྒྱུད་བླར་ཡང་། མདོ་ཁོ་ན་དང་སྦྱར་ཏེ་འབྲས་བུ་བྱང་ཆུབ་དང་དེ་བཞིན་གཤེགས་པའི་ཡོན་ཏན། ཕྲིན་ལས་དང་ཕན་ཡོན་རྣམས་རྒྱས་པར་གསུངས་པའི་མཇུག་ཐོགས་སུ་ནན་ཏན་གྱི་ཚུལ་དུ། དེ་ལྟར་ཡིད་ཆེས་ལུང་དང་རིགས་པ་ལ། །བརྟེན་ནས་བདག་ཉིད་འབའ་ཞིག་དག་ཕྱིར་དང་། །ཞེས་སོགས་རྒྱས་པར་གསུངས་པའི་དགོངས་པའང་འདི་ཉིད་ཡིན་པས། ད་ནི་དེ་དག་གི་རྗེས་སུ་འབྲང་ནས་གཞུང་འདིའི་ཆིངས་བཅའ་བ་ལ་གསུམ་སྟེ། གཞིའི་ལྟ་བ་གཏན་ལ་ཕབ་སྟེ་མཁྱེན་གསུམ་ལ་དཔྱད་པ། ལམ་སྒོམ་པའི་རིམ་པ་གཏན་ལ་ཕབ་སྟེ་སྦྱོར་བཞི་ལ་དཔྱད་པ། འབྲས་བུ་ཆོས་སྐུ་གཏན་ལ་ཕབ་སྟེ་སྐུ་དང་ཡེ་ཤེས་ལ་དཔྱད་པའོ། །
 
དང་པོ་ནི།
 
མངོན་རྟོགས་རྒྱན་གྱི་རྩ་བའི་བཤད་བྱའི་མདོ་གཙོ་བོ་ནི། དངོས་བརྒྱད་ལུས་སུ་བྱས། དོན་བདུན་ཅུ་ཡན་ལག་ཏུ་བྱས་ནས་སྟོན་པའི་མདོ་རྣམས་ཡིན་པས། དེ་དག་གིས་དངོས་བརྒྱད་སྦས་དོན་དུ་བྱས་ཤིང་། དོན་བདུན་ཅུ་སྦས་དོན་ཡིན་མིན་ཅི་རིགས་སུ་བཤད་དེ་དངོས་བསྟན་ཟབ་མོ་སྟོང་པ་ཉིད་ཀྱི་དོན་རྩལ་དུ་བཏོན་ནས་གཏན་ལ་ཕབ་ཅིང་། རྒྱན་འདིས་དེ་དག་གིས་དངོས་སུ་བསྟན་པའི་ཟབ་མོ་སྟོང་པ་ཉིད་དང་སྦྱར་ཏེ། དོན་བདུན་ཅུའི་སྒོ་ནས་ཡུལ་ཅན་མངོན་རྟོགས་བརྒྱད་པོ་རྩལ་དུ་བཏོན་ནས་བཤད་པས་གཞུང་ལུགས་གཞན་ལས་ཁྱད་པར་དུ་འཕགས་ཤིང་། དོན་བདུན་ཅུའི་གྲངས་ངེས་དང་མཚན་གཞིའི་ཐད་ནས་རྒྱ་འགྲེལ་ཉེར་གཅིག་གི་ཁྲོད་ནས་ཀྱང་བཞེད་ཚུལ་མི་མཐུན་པ་རེ་ཟུང་མཆིས་ཀྱང་། སློབ་དཔོན་རཏྣ་ཀཱིརྟིས་མཛད་པའི་འགྲེལ་བ་གྲགས་པའི་ཆ་ལས། དངོས་པོ་བདུན་ཅུ། ཞེས་དང་། ཁ་ཆེ་དྷརྨ་ཤྲཱིས་མཛད་པར་གྲགས་པའི་སྟོང་ཕྲག་བརྒྱ་པའི་རྣམ་བཤད་ལས། སྐབས་བུ་ཆུང་བདུན་ཅུ་ཞེས་ཐ་སྙད་དངོས་སུ་འབྱུང་ཞིང་། དངོས་པོ་བརྒྱད་སོ་སོའི་མཚོན་བྱེད་ཆོས་ཀྱི་རྐང་གྲངས་དང་མཚན་གཞི་བཅས་གཞུང་འདི་གཉིས་དང་དག་ལྡན་གསུམ་ཆར་དུའང་སྦས་དོན་རབ་གསལ་ཇི་བཞིན་བཤད་ཅིང་། བསྡུས་དོན་གྱི་གཞུང་དང་ཡང་ཧ་ཅང་མཐུན་པས་སྨྲ་བ་མང་ན་མི་མཛེས་སོ། །དེས་ན་རྒྱན་འདིར། ཡུལ་ནི་རྣམ་པ་གསུམ། ཞེས་སྐབས་དང་པོ་གསུམ་དུ་མཁྱེན་གསུམ་ཡུལ་གྱི་ལྡོག་པ་ནས་བསྟན་པར་གསུངས་ཤིང་། ཇོ་བོ་རྗེས་དོན་བསྡུས་སྒྲོན་མ་ལས། ཐོས་བསམ་ཡུལ་དུ་མཁྱེན་པ་གསུམ། །ཞེས་མཁྱེན་གསུམ་ཐོས་བསམ་གྱི་ཡུལ་དུ་བྱས་པའི་ལྡོག་པ་ནས་བསྟན་པར་གསུངས་པས། རྒྱན་གྱི་སྐབས་དང་པོ་གསུམ་དུ་མཁྱེན་གསུམ་ཡུལ་གྱི་ལྡོག་པ་ནས་གཞིའི་ལྟ་བ་གཏན་ལ་ཕབ་པ་སྟེ། སྐབས་དང་པོར། ཐོག་མར་རྣམ་མཁྱེན་སྒྲུབ་པར་བྱེད་པའི་མཚོན་བྱེད་ཀྱི་ཆོས་བཅུའི་སྒོ་ནས་ཚོགས་ལམ་ནས་རྒྱུན་མཐའི་བར་གྱིས་སྒྲུབ་པའི་ཡན་ལག་བཅས་རྒྱས་པར་བཤད་དེ། མཇུག་ཏུ་རྣམ་པ་ཐམས་ཅད་མཁྱེན་ཉིད་ཅེས་སྒྲུབ་པའི་འབྲས་བུ་མཐར་ཐུག་པ་ནི་རྣམ་མཁྱེན་ཡིན་ནོ་ཞེས་པའི་ཚུལ་གྱིས་རྣམ་པའི་གནས་ལུགས་ཀུན་མཁྱེན་པའི་རྣམ་མཁྱེན་ཐོས་བསམ་གྱི་ཡུལ་དུ་གཏན་ལ་ཕབ་ཅིང་། སྐབས་གཉིས་པར། མཚོན་བྱེད་ཀྱི་ཆོས་བཅུ་གཅིག་གི་སྒོ་ནས་ལམ་གསུམ་མི་དམིགས་པར་རྟོགས་པའི་ལམ་ཤེས་ཀྱི་ངོ་བོ་རྒྱས་པར་གཏན་ལ་ཕབ་ལ། སྐབས་གསུམ་པར། མཚོན་བྱེད་ཀྱི་ཆོས་དགུས་གཞི་ཕྱི་ནང་གི་ཆོས་ཀུན་སྐྱེ་མེད་དུ་རྟོགས་པའི་གཞི་ཤེས་ཐོས་བསམ་གྱི་ཡུལ་དུ་གཏན་ལ་ཕབ་པའོ། །སྐབས་དང་པོ་གསུམ་དུ་མཁྱེན་གསུམ་ཐོས་བསམ་གྱི་ཡུལ་གྱི་ལྡོག་པ་ནས་བསྟན་པའི་ཚུལ་ཅུང་གོ་དཀའ་བས་རྣམ་རྫོགས་སྦྱོར་བ་དང་འབྲེལ་ཏེ་བཤད་ན་དེའི་དོན་འབད་མེད་དུ་རྟོགས་ནུས་ཏེ། སྐབས་བཞི་པར། སྐབས་དང་པོ་གསུམ་དུ་གཏན་ལ་ཕབ་པའི་མཁྱེན་གསུམ་བསྒོམ་བྱར་བྱས་ཏེ་དེ་སྒོམ་པའི་རྣམ་ཀུན་སྦྱོར་བ་རྒྱས་པར་བཤད་པའི་ཕྱིར། དེ་ལྟ་བུའི་མཁྱེན་གསུམ་ནི་རིམ་བཞིན་གཞི་ལམ་རྣམ་གསུམ་སྐྱེ་མེད་དུ་རྟོགས་པ་ལ་འཇོག་དགོས་ཤིང་། དེའི་ཡུལ་སྐྱེ་མེད་དངོས་སྟོབས་ཀྱི་རིགས་པས་གྲུབ་པས་ཡུལ་ཅན་མཁྱེན་གསུམ་གྱི་ལྟ་བ་ཡང་རིགས་པ་ལ་བརྟེན་ནས་གྲུབ་པ་ཡིན་ནོ། །འདི་ལས་འཕྲོས་ཏེ་མཁྱེན་གསུམ་གྱི་ངོ་བོ་དང་། དེ་དག་ལ་སྣང་བ་ཡོད་མེད་དཔྱད་པ་གཉིས་ལས།

དང་པོ་ནི། མཁྱེན་གསུམ་འཕགས་པ་སོ་སོའི་མཁྱེན་པ་འདོད་པ་ནི་སྐབས་གསུམ་པ་དང་བཞི་པ་གཉིས་དང་འགལ་བས་མི་འཐད་པར་ཤེས་སླ་ཞིང་། འཕགས་རྒྱུད་ཀྱི་མཁྱེན་པར་འདོད་དགོས་མིན་ལ་དཔྱད་ན། སྐབས་གཉིས་པར། ངེས་འབྱེད་ཆ་མཐུན་ལམ་ཤེས་ཀྱི་རྒྱུར་བཤད་པས་ལམ་ཤེས་ལ་འཕགས་རྒྱུད་ཀྱི་མཁྱེན་པས་ཁྱབ་པར་རྩ་འགྲེལ་རྣམས་ལས་རྟོགས་ནུས་ཤིང་། གཞི་ཤེས་ལ་གསལ་བར་མ་བྱུང་ཡང་། གྲོལ་སྡེ་རྣམ་གཉིས་ཀྱིས་སྐབས་ལྔ་པའི་རྣམ་འཕེལ་བཅོ་ལྔ་པའི་སྐབས་སུ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཕུན་སུམ་ཚོགས་པ་ཤེས་པ་དང་མཐོང་བས་དེ་དག་བལྟས་ཏེ་འདའ་བར་བྱའོ། །ཞེས་པས་རྗེས་དཔག་བསལ་བའི་ཆེད་དུ་མཐོང་བ་དང་། འཁྲུལ་བ་བསལ་བའི་ཆེད་དུ་ཤེས་པ་སྨོས་ཞེས་གསུངས་པ་འདི་རོང་སྟོན་ཆོས་རྗེས་གཞི་ཤེས་ལ་མངོན་སུམ་གྱིས་ཁྱབ་པའི་སྒྲུབ་བྱེད་དུ་འདོད་ཀྱང་། དེས་ལམ་ཤེས་ཀྱིས་ཉན་རང་གི་སྤངས་པ་རྫོགས་ཤིང་རྟོགས་པ་ལས་འདའ་བ་ལ་རྟོག་བྲལ་མ་འཁྲུལ་བ་དགོས་པར་གསུངས་ཤིང་། མཐོང་ལམ་སྡུག་བསྔལ་ཆོས་བཟོད་ཀྱི་གནས་སྐབས་སུ་འདའ་བ་སྐབས་གསུམ་པའི་མཇུག་ཏུ་བཤད་པས་སྒྲུབ་བྱེད་དུ་འགྲོ་དཀའ་ཡང་། ལམ་ཤེས་ལ་འཕགས་རྒྱུད་ཀྱི་མཁྱེན་པས་ཁྱབ་པའི་རིགས་པས་སྔ་ཕྱི་གཉིས་ལ་ཡང་དེ་ལྟར་སྒྲུབ་ནུས་ཤིང་། ཉིར་སྣང་གི་སྐབས་དང་པོའི་མཆོད་བརྗོད་ཀྱི་སྐབས་སུ། འཕགས་པའི་གང་ཟག་ཐམས་ཅད་ཀྱི་དབང་དུ་མཛད་ནས་ཐམས་ཅད་མཁྱེན་པ་རྣམ་པ་གསུམ་གྱི་ཐུན་མོང་མ་ཡིན་པའི་ཡོན་ཏན་ཉེ་བར་དགོད་པ་སྔོན་དུ་འགྲོ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་འདི་ཉིད་སྒྲུབ་བྱེད་གཙོ་བོ་ཡིན་ལ། འགྲེལ་ཆེན་གྱི་རྣམ་མཁྱེན་གྱི་ཤེས་མཚན་གྱི་སྐབས་སུའང་འཕགས་གྲོལ་གྱིས་མཁྱེན་གསུམ་ལ་དགོངས་ནས་འཕགས་པའི་གང་ཟག་གསུམ་གྱི་དབང་དུ་མཛད་ཅེས་གསུངས་པའང་གནད་གཅིག་གོ །དེ་དག་གི་ངོ་བོ་སྦས་དོན་རབ་གསལ་ལྟར་བཞག་ཏུ་རུང་ཞིང་། དེའི་ཚེ་རང་བཞིན་མེད་པར་རྟོགས་པ་དང་འཕགས་རྒྱུད་ཀྱི་མཁྱེན་པ་གཉིས་གཞི་མཐུན་དུ་བྱས་པ་ལས་སོ་སོར་ཕྱེ་བ་ནི་གཞུང་གི་དགོངས་པ་མ་ཡིན་ཏེ། འཕགས་སེང་གཉིས་ཀྱིས་སྐབས་བཞི་པའི་གཞི་ཤེས་ཀྱི་འགྲེལ་བ་ལས། ལམ་གཉིས་པའི་རྣམ་པ་ལྔ་པོ་རྗེས་ཐོབ་ཏུ་བཞག་པས་རྗེས་ཐོབ་ཀྱིས་སྣང་ལ་རང་བཞིན་མ་གྲུབ་པར་རྟོགས་པར་གསུངས་ཤིང་། ཀུན་མཁྱེན་བླ་མས་སྡོམ་གསུམ་ཁ་སྐོང་གི་བྱང་སྡོམ་གྱི་སྐབས་སུ། པཎ་ཆེན་གྱིས་གང་ཟག་དང་དེའི་བདག་གཅིག་ཏུ་འདོད་པ་ལ། གཞན་དུ་ཆོས་ཀྱང་ཆོས་བདག་ཏུ། །འགྱུར་ཏེ་བཙལ་ཚུལ་མཚུངས་ཕྱིར་རོ། །འདོད་ན་འཕགས་པའི་རྗེས་ཐོབ་ཀྱིས། །ཆོས་ཀྱི་བདག་མེད་རྟོགས་པའི་ཚེ། །ཆོས་ཙམ་མེད་པར་རྟོགས་པར་འགྱུར། །ཞེས་བྱང་འཕགས་ཀྱི་རྗེས་ཐོབ་ཡེ་ཤེས་ཀྱིས་ཆོས་ཀྱི་བདག་མེད་རྟོགས་པར་གསུངས་ཤིང་། བྱང་འཕགས་ཀྱི་རྗེས་ཐོབ་ལ་རྣལ་མངོན་གྱིས་ཁྱབ་པར་སྦས་དོན་ཟབ་མོའི་སྐབས་གཉིས་པ་རྣམས་སུ་བཤད་པ་མ་ཟད། སྐབས་གསུམ་པར། བྱང་འཕགས་ཀྱི་རྒྱུད་ཀྱི་གཞི་ལམ་འབྲས་གསུམ་ལ་མཚན་མར་འཛིན་པའི་བློ་ཐམས་ཅད་བྱང་འཕགས་ཀྱི་ལམ་གྱི་མི་མཐུན་ཕྱོགས་སམ་སྤང་བྱར་བཤད་པ་དང་། འགྲེལ་ཆུང་གི་སྐབས་བཞི་པར། མཐོང་ལམ་གྱིས་དྲངས་པའི་ངེས་ཤེས་བཅུ་དྲུག་ལ་མངོན་ཞེན་མེད་པར་ཡང་གསུངས་པས། འཕགས་པའི་རྗེས་ཐོབ་ཀྱིས་སྟོང་ཉིད་མངོན་སུམ་དུ་མ་རྟོགས་པས་ལམ་གསུམ་རང་བཞིན་མེད་པར་མ་རྟོགས་པར་སྒྲུབ་མི་ནུས་ལ། བྱང་འཕགས་ཀྱི་རྗེས་ཐོབ་ཐམས་ཅད་ཀྱིས་ལམ་གསུམ་གྱི་སྟེང་དུ་རང་བཞིན་བཀག་པའི་སྒོ་ནས་ལམ་གསུམ་རང་བཞིན་མེད་པ་ལ་སྒྲོ་འདོགས་ཆོད་པའི་མངོན་སུམ་ཡིན་པས་ལམ་གསུམ་རང་བཞིན་མེད་པར་མངོན་སུམ་དུ་རྟོགས་ཤིང་། སྡེ་བདུན་རབ་གསལ་ལས། བྱང་སེམས་སོ་སྐྱེ་དང་འཕགས་པའི་རྒྱུད་ཀྱི་སྤྱན་དང་མངོན་ཤེས་གཉིས་རང་རིག་དང་རྣལ་མངོན་ཡིན་མིན་གྱི་ཁྱད་པར་གསུངས་པ་ཡང་དེའི་སྒོ་ནས་རྟོགས་པར་འགྱུར་རོ། །འོན་ཀྱང་བྱང་འཕགས་ཀྱི་རྗེས་ཐོབ་ཀྱིས་ཆོས་ཀྱི་སྟེང་དུ་སྤྲོས་པ་དང་སྐྱེ་བ། མི་སྟོང་བ་སོགས་བཀག་པའི་སྒོ་ནས་ཆོས་སྤྲོས་བྲལ་དང་སྐྱེ་མེད། སྟོང་པ་ལ་སྒྲོ་འདོགས་ཆོད་མ་ནུས་པས་སྤྲོས་བྲལ་སོགས་མངོན་སུམ་དུ་མ་རྟོགས་ཤིང་། མངོན་སུམ་གྱིས་སྤྲོས་བྲལ་སོགས་རྟོགས་པ་ལ་དེའི་ལོག་ཕྱོགས་སྣང་དུ་མི་རུང་ཞིང་འགོག་དགོས་པ་ནི། ཀླུ་སྒྲུབ་ཀྱི་རིགས་པ་དྲུག་ཅུ་པ་ལས། སྐྱེ་མེད་མངོན་སུམ་དུ་རྟོགས་དང་སྐྱེ་བ་སྣང་བར་འགལ་བར་གསུངས་པའི་རིགས་པའི་ཡང་སྙིང་ཡིན་ནོ། །
 
གཉིས་པ་ནི། དེ་ལྟར་མཁྱེན་པ་སྔ་མ་གཉིས་ལ་སློབ་པའི་གནས་སྐབས་སུ་མཉམ་རྗེས་གཉིས་སུ་ཡོད་པའི་མཉམ་བཞག་གི་སྐབས་སུ་གཉིས་སྣང་དང་བཅས་པའི་ཚོགས་དྲུག་བཀག་དགོས་པ་ནི། སྐབས་གསུམ་པར། མཐོང་བ་ལ་སོགས་བཀག་པ་ཡིས། །ཞེས་པའི་རྩ་འགྲེལ་རྣམས་དང་ལྷག་པར་དུ་འགྲེལ་ཆེན་ལས་གསལ་ཞིང་། ཡིད་ཤེས་ལ་ཕྱི་དོན་གྱི་སྣང་བ་དང་གཉིས་སྣང་མེད་པ་ནི། ཕྱི་དོན་སྣང་ལ་རང་བཞིན་མེད་པར་རྟོགས་པའི་ལམ་གཉིས་པའི་རྣམ་པ་ལྔ་པོ་རྗེས་ཐོབ་ཏུ་བཞག་པ་དང་། སྐབས་བདུན་པར། རྨི་ལམ་དང་ནི་དེ་མཐོང་ལྟར། །གཉིས་ཀྱི་ཚུལ་དུ་མི་མཐོང་ལྟར། །ཞེས་དང་། སློབ་དཔོན་གྱི་འགྲེལ་བ་ཆེ་ཆུང་གཉིས་ཀྱི་དེའི་ཐད་དུ། དེའི་འོག་ཏུ་ཡུན་རིང་མོ་ཞིག་ནས་བར་ཆད་མེད་པར་གཉིས་སུ་སྣང་བ་སྤང་བ་ལ་གོམས་པ་ངང་དུ་གྱུར་པས་གཉིས་སུ་སྣང་བའི་བག་ཆགས་དྲུངས་ཕྱུང་བའི་བྱང་ཆུབ་སེམས་དཔའ་གང་གི་ཚེ་གཟུང་བ་དང་འཛིན་པའི་ཚུལ་དུ་རྨི་ལམ་ལ་གཟུང་བ་དང་རྨི་ལམ་མཐོང་བ་ལ་འཛིན་པར་མཐོང་བ། ཞེས་སོགས་ཀྱིས་བྱང་འཕགས་ཀྱི་མཉམ་བཞག་གི་སྐབས་སུ་ཡིད་ཤེས་ལ་གཉིས་སྣང་མེད་པ་དང་། སངས་རྒྱས་སར་གཉིས་སྣང་གི་རྒྱུ་མ་ལུས་པ་སྤངས་ཟིན་པར་གསུངས་པས། མཁྱེན་གསུམ་ལ་སྣང་བ་ཡོད་མེད་ཀྱི་ཁྱད་པར་ཤེས་ནུས་ལ། འོན་ཀྱང་སློབ་དཔོན་གྱིས་སྐབས་ལྔ་པར། སྤྲོས་བྲལ་རྟོགས་པའི་རྣལ་འབྱོར་གྱི་ས་བཤད་པའི་སྐབས་སུ། སྒྱུ་མ་ལྟ་བུའི་བདག་ཉིད་དུ་སྣང་བའི་བློ། ཞེས་མཉམ་བཞག་ཡེ་ཤེས་ལ་ཆོས་ཀུན་སྒྱུ་མ་ལྟ་བུར་སྣང་བར་བཤད་པ་ནི། སྒྱུ་མ་དང་འདྲ་བ་རང་བཞིན་མེད་པར་སྣང་བའི་དོན་ཡིན་ཞིང་།  རང་ཉིད་མྱོང་བ་ཙམ་ལ་སྣང་བར་བཤད་རུང་མོད། རང་ལས་གཞན་པའི་ཀུན་རྫོབ་ཀྱི་སྣང་བ་མེད་པ་ནི་འཕགས་སེང་གཉིས་ཀྱིས་དགོངས་པ་ཡིན་ཞིང་། སློབ་དཔོན་འཇིགས་མེད་འབྱུང་གནས་སྦས་པས་ཐུབ་པའི་དགོངས་རྒྱན་གྱི་ལེའུ་གསུམ་པར། འཕགས་པའི་ལུགས་ལ་མཉམ་བཞག་སྣང་མེད་དུ་བསྒྲུབས་ཤིང་། སློབ་དཔོན་ཆོས་བཤེས་ཀྱིས་ཚིག་གསལ་གྱི་སྐབས་ལྔ་པ་དང་བདུན་པ་གཉིས་སུ། སློབ་དཔོན་གྱི་ལུགས་ལ་ཟག་མེད་སྒོམ་ལམ་དང་ས་དང་པོ་རབ་ཏུ་དགའ་སོགས་སྣང་མེད་དུ་གསུངས་པས་འཕགས་པའི་ཡུལ་དུའང་འཕགས་སེང་གཉིས་ཀྱིས་སློབ་པའི་མཉམ་བཞག་གིས་ཆོས་ཅན་སྣ་ཚོགས་པ་མི་སྣང་བར་འདོད་པར་བཤད་ཅིང་། ཀུན་མཁྱེན་བླ་མའི་དགོངས་པའང་འདི་ཉིད་ཡིན་ནོ། །གཞན་ཡང་སློབ་དཔོན་གྱིས་འགྲེལ་ཆེན་གྱི་སྐབས་དང་པོ་ཚོགས་སྒྲུབ་བཅུ་པ་ཟུང་དུ་འབྲེལ་བའི་ལམ་གྱི་སྐབས་སུ། དབུ་མ་བདེན་གཉིས་ཀྱི་ལུང་ཤེས་བྱེད་དུ་དྲངས་ཏེ། ཉམས་སུ་མྱོང་བ་གང་ཡིན་པ་དེ་བཀག་ན་མངོན་སུམ་དང་འགལ་བར་གསུངས་ཤིང་། སྡུད་འགྲེལ་རྟོགས་སླའི་སྐབས་དང་པོར་ཡང་། ཕྱི་དོན་བཀག་ནས་ཉམས་སུ་མྱོང་བའི་ཀུན་རྫོབ་འགོག་ན་ཚད་མས་གནོད་པར་གསུངས་པ་མ་ཟད། སློབ་དཔོན་འཇིགས་མེད་འབྱུང་གནས་ཀྱིས་གནད་ཀྱི་ཟླ་འོད་ཀྱི་སྐབས་དང་པོ་ལས། ཞི་བ་མཚོ་དང་དེའི་རྗེས་འབྲང་སློབ་དཔོན་སེང་བཟང་སོགས་ཀྱིས་ཀུན་རྫོབ་ཏུའང་ཕྱི་དོན་མི་འདོད་པར་བཤད་པས་རང་ཉིད་མྱོང་བ་ཙམ་ལ་སྣང་བའི་ཐ་སྙད་འདོགས་རུང་ཡང་ཕྱི་དོན་མི་སྣང་བ་དང་། སློབ་དཔོན་འདི་སྤྱིར་དབུ་མ་རང་རྒྱུད་པ་དང་བྱེ་བྲག་རྣལ་འབྱོར་སྤྱོད་པའི་དབུ་མ་པ་ཡིན་པར་ཀུན་མཁྱེན་བླ་མ་དང་རོང་སྟོན་ཆོས་རྗེ་གཉིས་ཀྱིས་རིམ་བཞིན་དུ་ལྟ་བའི་ཤན་འབྱེད་དང་དཀའ་འགྲེལ་གནད་ཀྱི་ཟླ་འོད་རྣམས་སུ་གསུངས་པའང་ཤིན་ཏུ་རྨད་དོ། །
 
གཉིས་པ་ནི། 
 
རྒྱན་ལས། རྒྱུ། །སྦྱོར་བ་བཞིའི་བདག་ཉིད་དང་། །ཞེས་སྐབས་བར་པ་བཞིས་ཆོས་སྐུའི་རྒྱུ་སྦྱོར་བཞིའི་ལྡོག་པ་ནས་གཏན་ལ་ཕབ་པར་གསུངས་ཤིང་། ཇོ་བོ་རྗེས་དོན་བསྡུས་སྒྲོན་མ་ལས་ཀྱང་། སྒོམ་པའི་དུས་སུ་སྦྱོར་བ་བཞི། །ཞེས་ཉམས་ལེན་སྦྱོར་བཞིའི་ལྡོག་པ་ནས་གཏན་ལ་ཕབ་པར་གསུངས་པ་གཉིས་གནད་གཅིག་པ་སྟེ། སྐབས་དང་པོ་གསུམ་ལ་ལྟོས་ན་བར་པ་བཞི་མཁྱེན་གསུམ་ཉམས་སུ་ལེན་པའི་སྦྱོར་བའི་སྒོ་ནས་བསྟན་ཅིང་། སྐབས་བརྒྱད་པ་ལ་ལྟོས་ན་འབྲས་བུ་ཆོས་སྐུ་འཐོབ་པར་བྱེད་པའི་རྒྱུའི་སྦྱོར་བ་ཡིན་པའི་ཕྱིར། དེས་ན་སྦྱོར་བ་བཞི་ཉམས་ལེན་གྱི་ལྡོག་པ་ནས་བསྟན་ཏེ། སྐབས་དང་པོ་གསུམ་དུ་མཁྱེན་གསུམ་ཐོས་བསམ་གྱིས་གཏན་ལ་ཕབ་པ་དེ་དག་གི་རྣམ་པ་བརྒྱ་དང་བདུན་ཅུ་རྩ་གསུམ་དུ་བསྡུས་ཏེ་སྒོམ་པའི་སྦྱོར་བ་སྐབས་བཞི་པར་བཤད། དེ་ལྟ་བུའི་རྣམ་རྫོགས་སྦྱོར་བས་འབྲས་བུ་སྤངས་རྟོགས་ཕུན་སུམ་ཚོགས་པ་བསྒྲུབ་དགོས་པས། སྐབས་ལྔ་པར། མཁྱེན་གསུམ་གྱི་རྣམ་པ་རྣམས་བསྡུས་ནས་བསྒོམས་པས་བསྒོམ་བྱའི་རྣམ་པ་ལ་སྒོམ་བྱུང་གཙོ་བོར་གྱུར་པའི་ཉམས་སྐྱེས་པའི་སྒོ་ནས་བྱང་སེམས་ལམ་གྱི་མི་མཐུན་ཕྱོགས་སྤོང་བའི་གཉེན་པོ་མཉམ་བཞག་གིས་བསྡུས་པའི་ཉམས་ལེན་རྣམས་གཙོ་བོ་གཏན་ལ་ཕབ། སྐབས་དྲུག་པར། རྩེ་སྦྱོར་གྱིས་བྱང་སེམས་ཀྱི་ལམ་གྱི་མི་མཐུན་ཕྱོགས་མ་ལུས་པར་སྤངས་ཀྱང་ཡོན་ཏན་མངོན་པར་སྒྲུབ་པ་མེད་ན་སངས་རྒྱས་སར་སྤངས་པ་ཕྱོགས་གཅིག་འགྱུར་ཞིང་རྟོགས་པ་ཕུན་སུམ་ཚོགས་པ་མི་འགྲུབ་པས་དེ་འགྲུབ་པའི་ཆེད་དུ་མཁྱེན་གསུམ་གྱི་རྣམ་པ་གོ་རིམ་དུ་སྒོམ་པའི་མཐར་གྱིས་པའི་ཉམས་ལེན་བཤད་ཅིང་། སྐབས་བདུན་པར། ཟག་མེད་ཀྱི་རྟོགས་རིགས་གཅིག་མངོན་དུ་བྱེད་པ་ན་དེ་དང་རིགས་མཐུན་པའི་རྟོགས་རིགས་ཐམས་ཅད་མངོན་དུ་བྱེད་ནུས་པའི་མཁྱེན་གསུམ་གྱི་སྦྱོར་བའི་མཐར་ཐུག་པའི་ཉམས་ལེན་གཏན་ལ་ཕབ་པའི་ཕྱིར་རོ། །འདི་ལས་འཕྲོས་ཏེ། རྣམ་རྫོགས་སྦྱོར་བས་རྣམ་པ་སྒོམ་ཚུལ་ལ་དཔྱད་པ། རྩེ་སྦྱོར་ལ་བརྟེན་ནས་བྱང་སེམས་ལམ་གྱི་སྤང་གཉེན་ལ་དཔྱད་པ། མཐར་གྱིས་པས་མཁྱེན་གསུམ་གོ་རིམ་དུ་སྒོམ་ཚུལ་ལ་དཔྱད་པ། སྐད་ཅིག་མའི་སྦྱོར་བས་ཡོན་ཏན་མངོན་དུ་བྱེད་ཚུལ་ལ་དཔྱད་པ་དང་བཞི་ལས།
 
དང་པོ་ནི། བུདྡྷ་ཤྲཱིས་ཤེས་རབ་སྒྲོན་མེའི་ཕྲེང་བའི་སྐབས་བཞི་པའི་མཚམས་སྦྱར་ལས། ད་ནི་དེ་དག་དབང་དུ་བྱ་བ་ཉིད་ཀྱི་ཕྱིར་གཞི་དང་ལམ་དང་རྣམ་པ་མ་ལུས་བསྡུ་བའི་སྒོ་ནས་ཅིག་ཅར་རྣམ་པ་གང་ཡིན་པ་ཞེས་གསུངས་ཤིང་། སྦས་དོན་ཟབ་མོ་ལས། རྣམ་རྫོགས་སྦྱོར་བའི་དོན་ནི་རྣམ་པར་བརྒྱ་བདུན་ཅུ་རྩ་གསུམ་རྫོགས་པར་སྒོམ་པ་ཡིན་པས། ཞེས་སོགས་རྒྱས་པར་གསུངས་པ་ལྟར་སྐབས་བཞི་པའི་དངོས་བསྟན་གྱི་རྣམ་རྫོགས་སྦྱོར་བས་རྣམ་པ་མ་ལུས་པར་སྒོམ་ཞིང་། དེ་ཡང་སྐབས་དང་པོ་གསུམ་དུ་མཁྱེན་གསུམ་ཐོས་བསམ་གྱིས་གཏན་ལ་ཕབ། སྐབས་བཞི་པར་བསམ་བྱུང་གི་ཤེས་རབ་ཀྱིས་ཐོག་མར་རྣམ་པ་བརྒྱ་དང་བདུན་ཅུ་རྩ་གསུམ་དུ་བསྡུས་ཏེ། དེ་དག་གི་འཛིན་སྟངས་མ་བརྗེད་པའི་ངང་ནས་མཁྱེན་གསུམ་གྱི་རྣམ་པ་རྣམས་སྒོམ་ཚུལ་བཞི་པོ་ཅི་རིགས་པའི་ཚུལ་གྱིས་སྒོམ་པ་སྟེ། དཔེར་ན། བྱང་སེམས་ཀྱིས་ཐོག་མར་གང་ཟག་བདག་མེད་གཏན་ལ་ཕབ་ནས་དེ་རྟོགས་པའི་བློའི་འཛིན་སྟངས་ཀྱི་རྒྱུན་མི་གཅོད་པར་མ་བརྗེད་པའི་ངང་ནས་གཟུང་བ་ཆོས་ཀྱི་བདག་མེད་གཏན་ལ་ཕབ་སྟེ། དེ་སྒོམ་པའི་ཚེ་སྔར་གྱི་བདག་མེད་རྟོགས་པའི་བློའི་འཛིན་སྟངས་ཀྱི་རྒྱུན་བསྐྱངས་པས་དེ་སྒོམ་པ་འཐད་ཅིང་། དེ་གཉིས་རྟོགས་པའི་བློའི་འཛིན་སྟངས་ཀྱི་རྒྱུན་མི་གཅོད་པར་མ་བརྗེད་པའི་ངང་ནས་འཛིན་པ་ཆོས་ཀྱི་བདག་མེད་གཏན་ལ་ཕབ་ནས་སྒོམ་པའི་ཚེ་ཡང་སྔ་མ་གཉིས་པོ་སྒོམ་པར་འཐད་པས་བློའི་རྟོགས་ཚུལ་དང་སྒོམ་ཚུལ་མི་གཅིག་སྟེ། སྒོམ་ཚུལ་ལ་རྣམ་པ་བཞིར་བཤད་ཅིང་། རྟོགས་ཚུལ་ལ་དེ་ལྟར་མ་བཤད་པའི་ཕྱིར་རོ། །མཁྱེན་གསུམ་གྱི་རྣམ་པ་རྣམས་སྒོམ་ཚུལ་བཞི་པོ་ཅི་རིགས་ཀྱིས་སྒོམ་པའི་ཚེ་ཐེག་དམན་གྱི་གཞི་ཤེས་བྱང་སེམས་ཀྱིས་སྒོམ་པར་འདོད་པ་མི་འཐད་དེ། ཤེས་རྣམ་དེ་སྨོན་ལམ་དང་མཚན་ཉིད་རྗེས་སུ་དཔྱོད་པ། རྗེས་སུ་མཐུན་པའི་ཚུལ་དུ་སྒོམ་པ་ལ་ངེས་པར་དུ་ཤེས་རྣམ་དེ་རང་རྒྱུད་ལ་འཐོབ་པའི་ཆེད་དུ། སྨོན་ལམ་འདེབས་པ་དང་། མཚན་ཉིད་ལ་དཔྱད་པ་བཏང་ནས་སྒོམ་པ་དང་། འཛིན་སྟངས་རྗེས་སུ་མཐུན་པ་ཞིག་སྒོམ་དགོས་ཤིང་། ངོ་བོ་ཇི་ལྟ་བ་བཞིན་སྒོམ་པ་ལ་རང་རྒྱུད་ལ་ཡོན་ཏན་གང་ཞིག་འཐོབ་པའི་ཆེད་དུ་དེ་ཉམས་མྱོང་གིས་ཚུལ་དུ་ཤེས་དགོས་པའི་ཕྱིར་དང་། ཐེག་དམན་གྱི་ལམ་ནི་བྱང་སེམས་ཀྱི་ལམ་ལ་ལྟོས་ན་དོར་བྱ་ཡིན་ཞིང་། ཉམས་སུ་བླང་བྱ་མ་ཡིན་པས་བསྒོམ་བྱ་ག་ལ་རུང་། དེས་ན་སྐབས་བཞི་པའི་དངོས་བསྟན་གྱི་རྣམ་རྫོགས་སྦྱོར་བས་རྣམ་པ་མ་ལུས་པ་སྒོམ་པ་དང་དེའི་སྔོན་དུ་མཁྱེན་གསུམ་ཐོས་བསམ་གྱིས་གཏན་ལ་ཕབ་པ་སྔོན་དུ་འགྲོ་དགོས་ཀྱང་། སྤྱིར་རྣམ་རྫོགས་སྦྱོར་བ་ནི་ཡུམ་དོན་རབ་གསལ་ལས་འབྱུང་བ་བཞིན་མཁྱེན་གསུམ་བསྡུས་ནས་སྒོམ་པའི་སེམས་དཔའི་རྣལ་འབྱོར་ཙམ་གྱིས་ཆོག་ལ། མཁྱེན་གསུམ་བསྡུས་ནས་སྒོམ་པའི་ཚུལ་ལ་རིམ་དང་ཅིག་ཆར་གཉིས་སུ་ཡོད་པས་བསྡུས་ནས་སྒོམ་པ་ལ་གསུམ་ཆར་སྒོམ་མི་དགོས་ཤིང་། དེ་ཡང་མཁྱེན་གསུམ་གྱི་རྟོགས་པ་ཕུལ་དུ་ཕྱིན་པ་རང་རྒྱུད་ལ་འཐོབ་པའི་ཆེད་དུ་དེ་གསུམ་རེ་རེ་སྒོམ་ནའང་མཁྱེན་གསུམ་བསྡུས་ནས་སྒོམ་པ་སྟེ། དཔེར་ན་ཁ་པར་གསུམ་བསྡུས་པའི་ཆེད་དུ་དེ་གསུམ་པོ་རེ་རེ་བསྡུས་ནས་འགྲོ་བའང་ཁ་པར་གསུམ་བསྡུས་ནས་འགྲོ་ཞེས་པའི་ཐ་སྙད་འཐད་པ་བཞིན། དེའི་གནད་ཀྱིས་ཉན་རང་གིས་རང་རྒྱུད་ལ་གཞི་ཤེས་འཐོབ་པའི་ཆེད་དུ་གཞི་ཤེས་ཀྱི་རྣམ་པ་སྒོམ་པ་ཡོད་ཀྱང་མཁྱེན་གསུམ་འཐོབ་པའི་ཆེད་དུ་དེ་ལྟར་སྒོམ་པ་མེད་པས་མཁྱེན་གསུམ་བསྡུས་ནས་སྒོམ་པ་མེད་དེ། ཁ་པར་གཅིག་ཁོ་ན་བསྡུ་བའི་ཆེད་དུ་འགྲོ་བའི་སྐབས་སུ་གསུམ་བསྡུས་ནས་འགྲོ་ཞེས་པའི་ཐ་སྙད་མི་འཐད་པ་བཞིན་ནོ། །དེ་ལྟ་བུའི་མཁྱེན་གསུམ་གྱི་རྣམ་པ་ཐོས་བསམ་གྱིས་བསྡུས་ནས་སྒོམ་པ་ལས་འདས་ཏེ། སྒོམ་བྱུང་གིས་བསྡུས་ནས་སྒོམ་པའི་ཚེ་ན་སྐབས་བཞི་པར་བཤད་པའི་ཐར་པ་ཆ་མཐུན་ནམ་ཚོགས་ལམ་ཁྱད་པར་ཅན་རྒྱུད་ལ་སྐྱེས་ཤིང་། ཚོགས་ལམ་གྱི་སྐབས་སུ་སྤྱིར་སྒོམ་བྱུང་གཙོ་བོར་གྱུར་པའི་བློ་མེད་ཀྱང་ཚོགས་ལམ་ཁྱད་པར་ཅན་དང་ཡུལ་ཅན་གྱི་སྦྱོར་བ་རྣམས་སྒོམ་བྱུང་གི་བློ་ཡིན་པར་སྦས་དོན་ཟབ་མོ་ལས་ཤིན་ཏུ་གསལ་ཞིང་། འཇམ་མགོན་བླ་མས་རབ་དབྱེ་ལས། ནན་ཏན་གྱིས་ནི་དེ་སྒྲུབ་པ། །སྒོམ་པ་ཞེས་བྱ་བརྗོད་པ་ཡིན། །ཞེས་བསམ་བྱུང་གིས་ཐག་ཆོད་པའི་དོན་དེ་ནན་ཏན་གྱིས་ཚུལ་དུ་ཡང་ཡང་གོམས་འདྲིས་བྱེད་པ་ལ་སྒོམ་བྱུང་དུ་གསུངས་ཤིང་། འགྲེལ་ཆུང་དུ་ཡང་། ཡུམ་ལ་ཐོས་བསམ་བྱེད་པའི་སྣོད་བཞི་པོ་ཡུལ་ཅན་སྦྱོར་བ་སྒོམ་པ་ལ་འཇུག་པའི་གང་ཟག་ཏུ་བཤད་ཅིང་། སྦྱོར་བ་སྒོམ་པ་པོའི་གང་ཟག་ཏུ་མ་བཤད་པའི་ཕྱིར་ན་འཁྲུལ་བ་མེད་དོ། །དེ་ལྟ་བུའི་ཚོགས་ལམ་གྱི་རྒྱུན་བསྐྱངས་ཏེ་མཁྱེན་གསུམ་ལ་གོམས་པ་ངང་དུ་གྱུར་པ་སྟེ། སྒོམ་བྱུང་གཙོ་བོར་གྱུར་པའི་ཚེ་སྦྱོར་ལམ་ཐོབ་ཅིང་། དེའི་ཚེ་སྔར་གྱི་སྤྲོས་བྲལ་རྟོགས་པའི་བློའི་བྱེད་པ་མ་ཉམས་པའི་ངང་ནས་ཆོས་ཀུན་དོར་བྱའི་གཟུང་བ་རང་བཞིན་མེད་པ་འཛིན་སྟངས་བྱེད་པའི་དྲོད་དང་། ཆོས་ཀུན་བླང་བྱའི་གཟུང་བ་རང་བཞིན་མེད་པ་འཛིན་སྟངས་བྱེད་པའི་རྩེ་མོ་དང་། ཆོས་ཀུན་རྫས་ཡོད་རང་བཞིན་མེད་པ་འཛིན་སྟངས་བྱེད་པའི་བཟོད་པ་དང་། ཆོས་ཀུན་བཏགས་ཡོད་རང་བཞིན་མེད་པ་འཛིན་སྟངས་བྱེད་པའི་ཆོས་མཆོག་མཉམ་བཞག་རྣམས་རིམ་བཞིན་དུ་སྐྱེས་པས། མཐོང་སྤང་གཟུང་འཛིན་གྱི་རྣམ་རྟོག་མངོན་འགྱུར་བ་བཞི་པོ་རིམ་བཞིན་དུ་སྤོང་བ་མ་ཟད། ཆོས་ཀུན་བླང་བྱའི་གཟུང་བ་རང་བཞིན་གྲུབ་པ་སོགས་ཀྱི་སྤྲོས་པ་བཞི་པོ་རིམ་བཞིན་དུ་དངོས་སུ་བཀག་ནས། ནམ་ཞིག་དེ་དག་ཅིག་ཆར་དུ་བློ་གཅིག་གིས་དངོས་སུ་བཀག་པ་དེའི་ཚེ་མཐོང་ལམ་ཐོབ་པའི་ཚུལ་འདི་ནི་རྒྱུད་བླའི་དགོངས་པ་དང་། སློབ་དཔོན་སེང་གེ་བཟང་པོ་དང་ཆོས་རྗེ་ས་པཎ། ཀུན་མཁྱེན་བླ་མ་རྣམས་ཀྱིས་རྒྱན་རྩ་བའི་དགོངས་པ་གསལ་བར་བྱེད་པའི་མན་ངག་ཡིན་པས། རང་བློ་ཁོ་ན་ཚད་མར་མ་བཟུང་བར་ཡིད་གཉིས་དང་ཐེ་ཚོམ་སྤངས་ཏེ་རྗེས་སུ་འཇུག་པར་རིགས་སོ། །
 
གཉིས་པ་ནི། རྩ་བར། རྩེ་མོར་ཕྱིན་ཞེས་འབྱུང་བས་མཁྱེན་གསུམ་ལ་སྒོམ་བྱུང་གཙོ་བོར་མ་གྱུར་པའི་རྩེ་མོར་ཕྱིན་པའི་སྦྱོར་བ་ཡིན་ཞིང་། དེ་ཡང་མ་མཐའ་སྦྱོར་ལམ་ནས་འཇོག་དགོས་པ་སྟེ། མངོན་རྟོགས་རྒྱན་འདིར་སྦྱོར་མཐོང་སྒོམ་གསུམ་གྱི་རྣམ་བཞག་བཤད་པའི་སྐབས་སུ་སྦྱོར་ལམ་ལ་རྩ་བའི་དབྱེ་བ་དྲོད་སོགས་བཞིར་བཤད་ཅིང་། འདིར་མཐོང་ལམ་རྩེ་སྦྱོར་གྱི་སྔོན་དུ་རྩེ་སྦྱོར་བཞིར་བཤད་པས་སྦྱོར་ལམ་བཞི་ལ་སྦྱར་བ་གཞུང་འདིའི་འགྲོས་ཡིན་ཞིང་། འབུམ་དང་བརྒྱད་སྟོང་རྣམས་སུ། སེམས་ཀུན་གནས་ཀྱི་རྩེ་སྦྱོར་གྱིས་རྗེས་སུ་ཡི་རང་བྱེད་ཡུལ་གང་ཟག་བཞིར་གསུངས་པའི་དང་པོ་ཐེག་པ་ལ་གསར་དུ་ཞུགས་པ་ཚོགས་ལམ་པར་འཇོག་ན། དེའི་སྔོན་དུ་བྱང་སེམས་དང་རྩེ་སྦྱོར་གཉིས་ཡོད་པར་ཐལ་བས་ས་དང་པོ་ནས་འཇོག་དགོས་པ་རིགས་པའི་ཚུལ་ཡིན་པས་སེམས་ཀུན་གནས་ཀྱི་རྩེ་སྦྱོར་ཆོས་མཆོག་ལ་བཞག་པར་གྲུབ་པས་དང་པོ་གསུམ་དྲོད་རྩེ་བཟོད་གསུམ་ལ་བཞག་དགོས་པ་རིགས་པས་གྲུབ་ཅིང་། དེའི་སྟེང་དུ་ཀུན་མཁྱེན་བླ་མའི་རིགས་པ་ཡང་སྦྱར་རོ། །འདིའི་དངོས་བསྟན་གྱི་རྩེ་སྦྱོར་རྣམས་ནི་སྤང་བྱ་སྤོང་བའི་གཉེན་པོ་ཁོ་ན་སྟེ། སྐབས་བཞི་པར་བསྟན་པའི་རྣམ་རྫོགས་སྦྱོར་བས་སྤངས་རྟོགས་ཕུན་ཚོགས་གཉིས་སྒྲུབ་པར་བྱེད་ཅིང་། དེ་ལྟ་བུའི་སྒྲུབ་བྱེད་ཀྱི་རྒྱུ་སྐབས་ལྔ་པ་དང་དྲུག་པ་གཉིས་སུ་རིམ་བཞིན་བཤད་པའི་ཕྱིར་ཏེ། མདོར་རྩེ་སྦྱོར་བཞི་པ་རྗེས་ཐོབ་རྗེས་སུ་ཡི་རང་བའི་ལྡོག་པ་ནས་བསྟན་བཞིན་དུ་བསྟན་བཅོས་སུ། མཉམ་བཞག་ཏིང་ངེ་འཛིན་གྱི་ལྡོག་པ་ནས་བསྟན་པའི་ཕྱིར་རོ། །དེའི་རྐྱེན་གྱིས་དངོས་བསྟན་ལ་དེ་ལྟར་ཡིན་དགོས་ཀྱང་སྤྱིར་རྩེ་སྦྱོར་ལ་རྗེས་ཐོབ་ཀྱིས་བསྡུས་པའི་རྣལ་འབྱོར་ཡོད་པ་གོང་གི་མདོ་ལས་ཤེས་ནུས་ཤིང་། ཡུམ་དོན་རབ་གསལ་ལས་ཀྱང་། རོང་སྟོན་ཆོས་རྗེའི་འདོད་པ་བཀག་སྟེ་འདི་བཞིན་གསུངས་པས་རྗེས་སུ་འཇུག་པར་རིགས་སོ། །དེ་ལྟ་བུའི་རྩེ་སྦྱོར་ལ་རིགས་ཀྱི་སྒོ་ནས་སྦྱོར་མཐོང་སྒོམ་གསུམ་གྱི་རྩེ་སྦྱོར་གསུམ་ཡོད་ཀྱང་སྦྱོར་ལམ་རྩེ་སྦྱོར་གྱིས་མཐོང་སྤང་མངོན་འགྱུར་བ་ཙམ་ལས་སྤོང་མི་ནུས་པས་བྱང་སེམས་ཀྱི་སྤང་བྱ་ལ་མཐོང་སྤང་དང་སྒོམ་སྤང་གཉིས་སུ་ངེས་ཤིང་། མཐོང་སྤང་ནི་སྐབས་དང་པོར་བསྟན་པའི་གཟུང་འཛིན་གྱི་རྣམ་རྟོག་བཞིའི་ས་བོན་དང་བཅས་པ་ཡིན་ཏེ། སྐབས་ལྔ་པར་མཐོང་སྤང་རྟོག་པ་ལ་བཞིར་ཕྱེ་བའི་སྐབས་ཡ་གྱལ་རྫས་འཛིན་རྟོག་པར་བགྲང་ཞིང་། སྒོམ་སྤང་རྟོག་པ་བཞིའི་སྐབས་ཡ་གྱལ་རྫས་འཛིན་རྟོག་པ་མ་བགྲང་ཡང་། སྐབས་དང་པོར་གཟུང་འཛིན་རྟོག་པ་བཞིའི་སྐབས་ཡ་གྱལ་རྫས་དང་ཞེས་རྫས་འཛིན་རྟོག་པ་བགྲང་ཞིང་། གྲོལ་སྡེ་རྣམ་གཉིས་ཀྱིས་ཀྱང་སྐབས་དང་པོའི་དངོས་བསྟན་གྱི་རྟོག་པ་མཐོང་སྤང་ཡིན་པ་རིམ་བཞིན་ལན་གཉིས་དང་གསུམ་དུ་གསལ་བར་གསུངས་པའི་ཕྱིར། དེ་ལྟ་བུའི་རྣམ་རྟོག་བཞི་པོ་མཐོང་ལམ་གྱིས་སྤོང་བའི་ཚེ་སྡུག་བསྔལ་ཆོས་བཟོད་གཅིག་ཉིད་ཀྱིས་ཅིག་ཆར་དུ་སྤོང་སྟེ། སྐབས་ལྔ་པར། མཐོང་སྤང་སྤོང་བའི་གཉེན་པོའི་དབང་དུ་བྱས་ཏེ། མཐོང་ལམ་སྡུག་བསྔལ་ཆོས་བཟོད་སྐད་ཅིག་མ་གཅིག་ཁོ་ནར་བཤད་པའི་ཕྱིར་དང་། མངོན་པ་ཀུན་བཏུས་དང་མ་བསྲེས་པའི་འཕགས་སེང་སོགས་ཀྱི་གཞུང་ལས་འདི་བཞིན་འབྱུང་ཞིང་། ཇོ་བོ་རྗེས་དོན་བསྡུས་སྒྲོན་མ་ལས་ཀྱང། སྡུག་བསྔལ་ཆོས་བཟོད་ཀྱིས་མཐོང་སྤང་ཐམས་ཅད་ཅིག་ཆར་དུ་སྤོང་བ་ནི་ཐེག་ཆེན་གྱི་ལུགས་ཡིན་པར་གསུངས་པའི་ཕྱིར་རོ། །སྒོམ་སྤང་ལ་མཉམ་བཞག་དང་རྗེས་ཐོབ་ཀྱི་སྤང་བྱ་གཉིས་ལས། དང་པོ་ནི། སྐབས་གཉིས་པར། སྤང་བྱ་སྐོར་དགུ་དང་གཉེན་པོ་སྐོར་དགུར་གསུངས་ཤིང་། གཉེན་པོ་དེས་སྤང་བྱ་སྤོང་བའི་ཚུལ་ལ་ཁམས་གསུམ་ས་དགུའི་སྒོམ་སྤང་དགུ་སྒོམ་ལམ་དགུས་རིམ་བཞིན་དུ་སྤོང་བ་དང་། ས་རེ་རེའི་སྒོམ་སྤང་དགུ་སྒོམ་ལམ་དགུས་རིམ་བཞིན་དུ་སྤོང་བའི་ལུགས་གཉིས་ལས། དང་པོ་གཏན་ལ་དབབ་པ་བསྡུ་བ་ལས། ཁམས་གསུམ་གྱིས་བསྡུས་པའི་མཐོང་སྤང་ཅིག་ཅར་དུ་སྤོང་བ་དང་། སྒོམ་སྤང་རིམ་ཅན་དུ་སྤོང་བ་བཤད་པ་སྟེ། སེམས་ཙམ་པ་མན་ཆད་ཀྱི་གཞུང་ལུགས་ཕལ་ཆེར་ལས་སྒོམ་སྤང་རིམ་ཅན་དུ་སྤོང་བའི་རྣམ་བཞག་གསུངས་ཀྱང་དེ་དག་དབུ་མ་པའི་ལུགས་སུ་བསྲེས་པ་ནི་ཡོད་པའི་སྒོ་བོར་ནས་མེད་པའི་སྲང་དུ་འཆག་པ་ཡིན་པས་ལུགས་འདིར་མི་རུང་ཞིང་། དེ་དག་གིས་ཅིག་ཅར་བའི་ཉན་ཐོས་ཀྱི་ཁམས་གསུམ་གྱིས་བསྡུས་པའི་སྒོམ་སྤང་ཅིག་ཅར་དུ་སྤོང་ནུས་པར་བཤད་པ་དང་། ཐེག་ཆེན་རང་བཞིན་གྱིས་དབང་པོ་རྣོན་པོར་བྱང་སར་བཤད་པས་ཁམས་གསུམ་སས་བསྡུས་ཀྱི་སྒོམ་སྤང་ཤེས་སྒྲིབ་ཅིག་ཅར་དུ་སྤོང་མི་ནུས་པ་འདོད་པའང་ནང་འགལ་ལོ། །སྐབས་འདིར་སྒོམ་སྤང་ཤེས་སྒྲིབ་སྐོར་དགུ་པོར་ཆུང་འབྲིང་ཆེ་གསུམ་དུ་ཕྱེ་བ་ནི་སྤང་དཀའ་སླའི་སྟེང་དུ་བཞག་དགོས་པས། འདོད་པའི་སྒོམ་སྤང་རྟོག་པའི་ས་བོན་དང། གཟུགས་མེད་ཀྱི་སྒོམ་སྤང་རྟོག་པའི་ས་བོན་གཉིས་ལ་སྤང་དཀའ་སླའི་ཁྱད་པར་མེད་ན་ས་གཉིས་པ་སོགས་ཀྱི་བར་ཆད་མེད་ལམ་དང་། ས་དགུ་པ་སོགས་ཀྱི་བར་ཆད་མེད་ལམ་རྣམས་སྟོབས་ཆེ་ཆུང་གི་སྒོ་ནས་བཞག་པར་འགལ་ཞིང་། དག་པ་ས་གསུམ་ན་རྟོག་པ་ཡོད་པར་ཐལ་བའི་སྐྱོན་གནས་ཏེ། གཟུགས་མེད་ཀྱི་སྒོམ་སྤང་ཤེས་སྒྲིབ་ས་བརྒྱད་པར་སྤོང་བ་འགོ་འཛུགས་པའི་ཕྱིར། དེས་ན་ཁམས་གསུམ་ས་དགུ་རེ་རེ་ལ་ཆེ་འབྲིང་ཆུང་གསུམ། དེ་རེ་རེ་ལའང་གསུམ་གསུམ་སྟེ་དགུ་ཡོད་པས། ཆེན་པོ་དང་འབྲིང་། ཆུང་ངུའི་སྐོར་དགུ་ལས་སྔ་མ་སྔ་མ་སྤོང་སླ་བར་རིགས་པས་གྲུབ་ཅིང་། སྒོམ་ལམ་སྐོར་དགུ་ལས་ཕྱི་མ་ཕྱི་མ་སྟོབས་ཆེ་བས་ཆེན་པོའི་སྐོར་དགུ་སོགས་ཅིག་ཅར་དུ་སྤོང་བ་ཁུངས་ཐུབ་ཀྱི་གཞུང་གི་དགོངས་པ་སྟེ། རྒྱན་ལས། དེ་ལ་ཀླན་ཀ་སྤངས་པ་ཡིས། །ལམ་ནི་འཇལ་དང་གཞལ་བྱ་དག །མཉམ་པ་ཉིད་ཀྱིས་ཁམས་གསུམ་གྱི། །གཉེན་པོ་ཉིད་དུ་འདོད་པ་ཡིན། །ཞེས་ཁམས་གསུམ་གྱི་ཤེས་བྱེད་དང་ཤེས་བྱ་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པའི་རྒྱུ་མཚན་གྱིས་ཁམས་གསུམ་གྱི་སྒོམ་སྤང་གི་གཉེན་པོར་རུང་བར་གསུངས་ཤིང་། སྤང་བྱ་རིམ་གྱིས་པའི་སྤོང་ཚུལ་ལྟར་ན་ཐེག་ཆེན་གྱི་སྒོམ་ལམ་ཡིན་ན་ཁམས་གསུམ་གྱི་སྒོམ་སྤང་གི་གཉེན་པོར་མི་རུང་བའི་ཕྱིར་རོ། །འདིར་ས་བཅུ་པའི་བར་ཆད་མེད་ལམ་དང་རྒྱུན་མཐའི་ཡེ་ཤེས་གཉིས་གཅིག་ཡིན་མིན་གྱི་དོགས་གནས་ཤིན་ཏུ་མཆིས་ཏེ། གཅིག་ཡིན་ན་ཐེག་པ་ཆེན་པོའི་གཞུང་ལུགས་ཚད་མ་རྣམས་སུ་ས་བཅུ་པའི་རྗེས་ཐོབ་ཀྱི་གནས་སྐབས་སུ། སངས་རྒྱས་དང་མཚུངས་པའི་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་སྐོར་བར་གསུངས་པ་དང་། ས་བཅུ་པའི་མཉམ་བཞག་གི་སྟོབས་ཀྱིས་རྗེས་ཐོབ་ཏུ་ཡོན་ཏན་བསམ་གྱིས་མི་ཁྱབ་པ་འབྱུང་བ་སོགས་གསུངས་པའི་གཞུང་ལུགས་ཀུན་དང་འགལ་བས་མི་འཐད་ཅིང་། གཅིག་མིན་ན་ས་དགུ་ལ་ནི་ཆེན་པོ་ཡི། །ཞེས་སོགས་ཀྱིས་སྒོམ་ལམ་བར་ཆད་མེད་ལམ་སྐོར་དགུ་དང་། དེའི་སྤང་བྱ་ལ་སྐོར་དགུར་བཞག་པར་མི་འཐད་པར་འགྱུར་ཏེ། ས་བཅུ་པའི་བར་ཆད་མེད་ལམ་གྱི་རྗེས་སུ་སངས་རྒྱས་ཀྱི་རྣམ་གྲོལ་ལམ་མི་སྐྱེ་བ་དེ་གཉིས་ཀྱི་བར་དུ་རྒྱུན་མཐའི་ཡེ་ཤེས་ཀྱིས་བསྡུས་པའི་བར་ཆད་མེད་ལམ་གྱིས་ཆོད་པས་སོ་སྙམ་ན། ཁ་ཅིག་གིས་སྒོམ་སྤང་སྐོར་དགུར་ཕྱེ་བ་དེ་སྒོམ་ལམ་མཉམ་བཞག་གི་དབང་དུ་བྱས་ཤིང་། ས་བཅུ་པའི་བར་ཆད་མེད་ལམ་གྱིས་སྒོམ་སྤང་ཆུང་ངུའི་ཆུང་ངུ་སྐོར་དགུ་སྤངས་ནས། རྗེས་ཐོབ་ཀྱི་གནས་སྐབས་སུ་སྒོམ་སྤང་སྐོར་དགུ་ལས་ལོགས་སུ་གྱུར་པའི་སྤང་བྱ་སྤོང་བ་ལ་བརྩོན་ནས་དེའི་རྩ་བ་དང་བཅས་པ་སྤོང་བའི་རྒྱུན་མཐའ་ཡེ་ཤེས་ནི་རྗེས་ཐོབ་ཡིན་པས་སྐྱོན་མེད་དོ་ཞེས་མགྲིན་པར་གཟེངས་སུ་བསྟོད་དེ་སྒྲོགས་ཀྱང་། སྐབས་གཉིས་པར། སངས་རྒྱས་ཀྱི་རྣམ་དག་སྒྲུབ་བྱེད་དུ་སྒོམ་སྤང་སྐོར་དགུ་སྤངས་ཟིན་པའི་རྒྱུ་མཚན་གྱིས་སྒྲུབ་པ་དང་། སློབ་དཔོན་གྱི་སྐབས་ལྔ་པའི་འགྲེལ་བར། སྒོམ་ལམ་གྱི་ཡོན་ཏན་འཆད་པའི་སྐབས་སུ་སྒོམ་སྤང་གཟུང་འཛིན་གྱི་རྣམ་རྟོག་བརྒྱ་རྩ་བརྒྱད་སྤངས་མ་ཐག་ཏུ་སངས་རྒྱས་ཀྱི་སས་བསྡུས་པའི་ཐེག་པ་གསུམ་གྱི་རྟོགས་རིགས་ཕུན་སུམ་ཚོགས་པ་ཐམས་ཅད་འབྱུང་བར་གསུངས་པ་དང་འགལ་བས་ཡིད་རྟོན་མི་རུང་ངོ་། །དེས་ན་ས་བཅུ་པ་ལ་བར་ཆད་མེད་ལམ་གཉིས་དང་། སྒོམ་སྤང་ཆུང་ངུའི་ཆུང་ངུ་ལའང་གཉིས་སུ་ཕྱེ་དགོས་པ་གཞུང་ལུགས་ཆེན་པོའི་དགོངས་པ་ཡིན་པས་རིགས་ཀྱི་སྒོ་ནས་སྒོམ་ལམ་བར་ཆད་མེད་ལམ་ལ་སྐོར་དགུ་དང་། སྒོམ་སྤང་ཤེས་སྒྲིབ་རྣམ་རྟོག་ལའང་སྐོར་དགུར་ངེས་སོ། །འོ་ན་ས་སྔ་མ་རྣམས་སུ་ཡང་དེ་ལྟར་ཕྱེ་དགོས་པར་ཐལ་ལོ་སྙམ་ན། མི་མཚུངས་ཏེ། ས་སྔ་མ་རྣམས་སུ་འཕོ་བའི་ཚེ་སྦྱོར་བའི་ལམ་ནས་འཕོས་ཤིང་། འདིར་སངས་རྒྱས་སར་འཕོ་བའི་ཚེ་བར་ཆད་མེད་ལམ་ནས་འཕོས་པའི་ཕྱིར། འདིར་རོང་སྟོན་ཆོས་རྗེ་དང་པཎ་ཆེན་ངག་ཆོས་སོགས་ཀྱིས་དག་པ་ས་གསུམ་ན་གཟུང་འཛིན་གྱི་རྣམ་རྟོག་མེད་ཀྱང་ས་བོན་ཡོད་པར་གསུངས་ཀྱང་། ཀུན་མཁྱེན་བླ་མས་འཇུག་པ་དཀའ་འགྲེལ་ལས། ས་བརྒྱད་པ་ལ་དྲི་མ་དེ་དག་རྩ་བཅས་ཉེ་བར་ཞི་ཞེས་པའི་དོན་དྲི་མ་ནི་བྱང་སེམས་ཀྱི་སྤང་བྱའི་རྣམ་རྟོག་ལ་བཞག་ནས་དེའི་རྩ་བ་བཅས་ས་བརྒྱད་པ་ནས་སྤངས་ཟིན་པར་གསུངས་ཤིང་། དེ་ཉིད་རིགས་པས་ཀྱང་གྲུབ་སྟེ། ས་བརྒྱད་པ་ཡན་ཆད་དུ་གཟུང་འཛིན་གྱི་རྣམ་རྟོག་ཆེད་དུ་གཉེར་ནས་སྤོང་ཕྱིར་གཉེན་པོ་བསྒོམས་ཏེ། ས་བརྒྱད་པ་ཐོབ་པ་ན་སླར་མི་སྐྱེ་བའི་ཆོས་ཅན་དུ་བྱས་པས་ས་བོན་མི་སྤོང་བ་འགལ་བའི་ཕྱིར། འོ་ན་སྒོམ་སྤང་སྐོར་དགུ་གཟུང་འཛིན་གྱི་རྣམ་རྟོག་ལ་བཞག་སྟེ་སྒོམ་ལམ་མཉམ་བཞག་སྐོར་དགུས་སྤོང་བ་ཇི་ལྟར་འཐད་སྙམ་ན། སྒོམ་སྤང་རྟོག་པ་གཅིག་ཉིད་མངོན་འགྱུར་དང་ས་བོན། བག་ཆགས་བཅས་ཕྱེ་སྟེ། སྒོམ་ལམ་བར་ཆད་མེད་ལམ་དགུས་རིམ་བཞིན་དུ་སྤོང་བའི་དོན་ཡིན་པས་དག་ས་གསུམ་ན་དེ་དག་གི་བག་ཆགས་ཡོད་ཅིང་། རོང་སྟོན་ཆོས་རྗེས་དཀའ་འགྲེལ་ལས། འདི་དག་ལ་མངོན་འགྱུར་དང་ས་བོན་རགས་པ། ས་བོན་ཕྲ་བ་གསུམ་དུ་ཕྱེ་བ་ཁོང་གི་མན་ངག་ཡིན་པར་གསུངས་ཀྱང་། ཀུན་མཁྱེན་གྱི་ལུགས་ལ་གསུམ་པ་ལ་རྣམ་རྟོག་གི་བག་ཆགས་ཞེས་ཐ་སྙད་སྦྱར་ན་ལེགས་སོ། །སྒོ་ལྔའི་དབང་ཤེས་ལ་ཡོད་པའི་གཉིས་སྣང་ཕྲ་བའི་ཆ་སྒོམ་སྤང་སྐོར་དགུ་ལས་དགུ་པའི་ཕྱི་མ་འདོད་དགོས་པ་འདྲ་སྟེ། སྒོམ་ལམ་མཉམ་བཞག་གི་སྤང་བྱ་ཐམས་ཅད་སྐོར་དགུར་བསྡུས་ཏེ། མཉམ་བཞག་སྐོར་དགུས་སྤོང་བར་གསུངས་ཤིང་། གཉིས་སྣང་ཕྲ་བའི་ཆ་རྒྱུན་མཐའི་སྐབས་གཞི་ནས་འཇོམས་པ་གོང་དུ་བཤད་ཟིན་པ་ལྟར་རོ། །དེས་ན་ས་ནས་སར་འཕོས་པའི་ཚེ་མཉམ་བཞག་ནས་མཉམ་བཞག་ཏུ་འཕོས་པ་ཀུན་མཁྱེན་བླ་མས་སྦས་དོན་ཟབ་མོའི་སྐབས་གཉིས་པར་གསུངས་པ་ལྟར་ཤིན་ཏུ་ལེགས་ཏེ། རྒྱུན་མཐའི་ཡེ་ཤེས་ནི་སྒོམ་སྤང་ཤེས་སྒྲིབ་ལ་སྐོར་དགུར་ཕྱེ་བའི་ནང་གི་སྤང་བྱ་ཞིག་སྤོང་པའི་གཉེན་པོ་ཡིན་པས། མཉམ་བཞག་ཡིན་པར་གྲུབ་སྟེ། སྐབས་འདིའི་སྤང་བྱ་སྤོང་པའི་གཉེན་པོ་ལ་སྒྲུབ་པ་སྒོམ་ལམ་གྱིས་ཁྱབ་པ་སྐབས་གཉིས་པའི་གཞུང་དཔང་པོ་ཡོད་ཅིང་། སྦྱོར་ལམ་ནས་མཐོང་ལམ་དུ་འཕོས་པའི་ཚེའང་མཉམ་བཞག་ནས་འཕོས་པ་སྟེ། རིགས་པ་སྔ་ཕྱི་གཉིས་ཀྱིས་ས་ནས་སར་འཕོས་པའི་ཚེ་མཉམ་བཞག་ནས་མཉམ་བཞག་ཏུ་འཕོས་པའང་གྲུབ་བོ། །སྒོམ་ལམ་རྗེས་ཐོབ་ཀྱི་སྤང་བྱ་ནི་སྒོམ་ལམ་མཉམ་བཞག་དེ་དང་དེས་ངོ་སྐལ་གྱི་སྤང་བྱ་དེ་དང་དེ་སྤོང་བའི་ཚེ་གསར་དུ་བཞག་པའི་གནས་ངན་ལེན་ནམ་བག་ཆགས་ཤིག་ཡིན་ཞིང་། དེ་དག་མཉམ་བཞག་དེ་དང་དེའི་རྗེས་ཐོབ་ཀྱིས་སྤོང་བར་ཉིར་སྣང་དང་འགྲེལ་ཆེན་གྱི་ཡོངས་སྦྱོང་གི་སྐབས་སུ་བཤད་དེ། སའི་ཡོངས་སྦྱོང་ཞེས་པའི་སྐབས་ཀྱི་ས་དེ་མཉམ་བཞག་ལ་བཞག་སྟེ། དེས་སྤང་བྱ་སྤོང་བའི་ཚེ་སྤང་བྱ་དེས་གསར་དུ་བཞག་པའི་སྒྲིབ་པ་ཡོངས་སུ་སྦྱོང་བའི་མཁྱེན་པ་ལ་སའི་ཡོངས་སྦྱོང་དུ་གསུངས་པའི་ཕྱིར་རོ། །
 
 
གསུམ་པ་ནི། སྤྱིར་མཐར་གྱིས་པ་ལ། མདོར་མཐར་གྱིས་པའི་སྤྱོད་པ་དང་བསླབ་པ། ནན་ཏན་ནམ་འཇུག་པར་གསུངས་ཤིང་། དེའི་དོན་གྲོལ་སྡེ་རྣམ་གཉིས་ཀྱིས་མཐར་གྱིས་པའི་བགྱི་བ་དང་བསླབ་པ། སྒྲུབ་པ་བཤད་པས་ས་མཚམས་ཀྱང་དང་པོ་ཚོགས་ལམ། གཉིས་པ་སྦྱོར་ལམ། གསུམ་པ་མཐོང་སྒོམ་གྱི་ལམ་ནས་བཞག་པས་མ་མཐའ་ཚོགས་ལམ་ནས་ཡོད་ཀྱང་དེའི་མཁྱེན་གསུམ་གྱི་རྣམ་པ་གོ་རིམ་དུ་སྒོམ་པའི་ཚུལ་ཇི་ལྟར་སྙམ་ན། སློབ་དཔོན་གྱིས་སྐབས་དང་པོ་གསུམ་དུ་མཁྱེན་པ་གསུམ་པོ་ལུགས་ཟློག་གི་ཚུལ་དུ་སོ་སོར་བསྟན་པ་དེ་རྣམ་རྫོགས་སྦྱོར་བའི་སྐབས་སུ་ལུགས་འབྱུང་གི་ཚུལ་དུ་རྣམ་པ་བརྒྱ་དང་བདུན་ཅུ་རྩ་གསུམ་དུ་བསྡུས་ནས་མཐར་གྱིས་པས་གོ་རིམ་དུ་སྒོམ་པར་བཤད་ཀྱང་། གོ་རིམ་དུ་སྒོམ་ཚུལ་རྒྱ་འགྲེལ་ཉེར་གཅིག་ལས་ཆེར་གསལ་ཤོས་ནི། སློབ་དཔོན་ཆོས་བཤེས་ཀྱི་ཚིག་གསལ་ཡིན་ཞིང་། དེར་སྡོང་པོ་བཀོད་པའི་མདོའི་རྗེས་སུ་འབྲང་སྟེ། མཐར་གྱིས་པའི་དོན་ཚོགས་ལམ་ཕལ་བ་ནས་ས་བཅུ་པའི་བར་གྱི་རང་གཞན་གྱི་དོན་ཇི་སྙེད་པ་དེ་དག་ལ་རབ་ཏུ་འདྲིས་པས་སླར་ཡང་ཡིད་ལ་བྱེད་པ་དང་། དེའི་མངོན་རྟོགས་ནི་རྣམ་པ་རྣམས་དུས་ཇི་ལྟ་བ་རིམ་གྱིས་རྟོགས་པ་ལ་མངོན་དུ་ཕྱོགས་པར་འཇོག་པ་དེ་ཡིན་ཞིང་། བོད་འགྲེལ་རྣམས་སུ་མཐར་གྱིས་པས་མཁྱེན་གསུམ་གོ་རིམ་དུ་སྒོམ་པ་འདོད་མིན་གཉིས་སུ་མཆིས་ཀྱང་། རྩ་བར། དེ་ཡི་གོ་རིམ་ཞེས་དེ་སྒྲ་འདས་པ་ཐག་པའི་དབང་དུ་བྱས་ཏེ་ཐོས་བསམ་གྱི་ཡུལ་དུ་གཏན་ལ་ཕབ་པའི་མཁྱེན་གསུམ་ལ་མཚན་ཉིད་ཅེས་གཅིག་ཏུ་བསྡུས་ནས་དེ་སྒྲ་འཇུག་སའི་གཞིར་བྱས་པས་མཐར་གྱིས་པས་མཁྱེན་གསུམ་གོ་རིམ་དུ་སྒོམ་པ་རྩ་བའི་དགོངས་པ་ཡིན་མོད། སྐབས་དྲུག་པར། མཐར་གྱིས་པ་ལ་དངོས་སུ་བཅུ་གསུམ་དུ་ཕྱེ་བ་ཙམ་ལས་གོ་རིམ་དུ་སྒོམ་ཚུལ་གསལ་བར་མི་འབྱུང་ཡང་། བསམ་པ་ཕུན་ཚོགས་ལ་བརྟེན་ནས་སྦྱོར་བ་ཕུན་ཚོགས་ཕར་ཕྱིན་དྲུག་གི་ཉམས་ལེན་ལ་འཇུག་ཅིང་། དེ་ཡང་ལྟ་བ་རྟོགས་པའི་ཤེས་རབ་ཀྱིས་ཟིན་པ་སྟེ། ལམ་ལ་འཇུག་པའི་གོ་རིམ་མ་ནོར་བ་ཞིག་བསྟན་པ་འདིས་མཐར་གྱིས་པས་མཁྱེན་གསུམ་སྒོམ་པའི་ཚེ་གོ་རིམ་མ་ནོར་བར་དུས་ངེས་ཅན་དུ་གོམས་འདྲིས་བྱེད་དགོས་པར་བསྟན་ཞིང་། དེ་ཉིད་མཁྱེན་གསུམ་གོ་རིམ་དུ་སྒོམ་པའི་ཚུལ་ཡིན་པ་ལས། མཐའ་གཅིག་ཏུ་དང་པོ་གཞི་ཤེས། དེ་རྗེས་ལམ་ཤེས་དང་རྣམ་མཁྱེན་གྱི་རྣམ་པ་རིམ་བཞིན་དུ་སྒོམ་པ་ནི་མཁྱེན་གསུམ་གོ་རིམ་དུ་སྒོམ་པའི་ཚུལ་མ་ཡིན་པ་དེས་ན་མཐར་གྱིས་པས་མཁྱེན་གསུམ་གྱི་རྣམ་པ་སྒོམ་པའི་ཚེ་གོ་རིམ་མ་ནོར་བ་དུས་ངེས་ཅན་དུ་གོམས་འདྲིས་བྱེད་པ་ནི་མཁྱེན་གསུམ་གོ་རིམ་དུ་སྒོམ་པའི་ཚུལ་ཡིན་ཞིང་། དེ་ཡང་ཚོགས་ལམ་གྱི་སྐབས་སུ་སངས་རྒྱས་རྗེས་དྲན་སོགས་ཇི་ལྟ་བ་བཞིན་བྱེད་མི་ནུས་པ་ཐོས་བསམ་གྱི་སྒོ་ནས་གཙོ་བོར་བྱ་བ་བྱེད་པས་མཐར་གྱིས་པའི་བགྱི་བའམ་བྱ་བར་བཞག་ཅིང་། སྦྱོར་ལམ་གྱི་སྐབས་སུ་སྒོམ་བྱུང་གཙོ་བོར་གྱུར་པའི་སྒོ་ནས་གཙོ་བོར་ཉམས་ལེན་བྱེད་པས་མཐར་གྱིས་པའི་བསླབ་པར་བཞག །མཐོང་སྒོམ་གྱིས་ཇི་ལྟ་བ་བཞིན་ཤེས་པའི་སྒོ་ནས་ཉམས་སུ་ལེན་པས་མཐར་གྱིས་པའི་སྒྲུབ་པའམ་སྦྱོར་བ་བཞག་པ་སྟེ། འདིར་སངས་རྒྱས་སོགས་རྗེས་སུ་དྲན་པའི་ཚུལ་ནི། སངས་རྒྱས་སོགས་ཐ་སྙད་ཙམ་དུ་ཡོད་ཀྱང་དོན་དམ་པར་རང་བཞིན་མི་དམིགས་པ་མངོན་སུམ་དུ་རྟོགས་པའི་སྒོ་ནས་ཉམས་སུ་ལེན་པར་ཡིན་པས་ས་དང་པོ་མ་ཐོབ་བར་དུ་ཇི་ལྟ་བ་བཞིན་ཤེས་མི་ནུས་ཤིང་། ཕར་ཕྱིན་དྲུག་གི་མཐར་གྱིས་པའི་སྦྱོར་བ་ནི། ལམ་ཕར་ཕྱིན་གྱིས་ཟིན་པའི་ཉམས་ལེན་ལ་བཞག་ཅིང་། ལམ་ཕར་ཕྱིན་མ་མཐའ་མཐོང་ལམ་ནས་འཇོག་པ་སློབ་དཔོན་གྱི་འགྲེལ་ཆེན་དང་། ཀུན་མཁྱེན་བླ་མའི་ཡུམ་སྦས་གཉིས་སུ་གསལ་བར་གསུངས་ཤིང་། སྦྱོར་བ་དང་སྒྲུབ་པ་དོན་གཅིག་པ་ཡིན་ཞིང་གྲོལ་སྡེ་རྣམ་གཉིས་ཀྱིས་མཐར་གྱིས་པའི་སྒྲུབ་པ་མཐོང་སྒོམ་གྱི་ལམ་ལ་བཞག་ཅིང་། ཡུམ་རྒྱས་འབྲིང་གཉིས་ལས་ཀྱང་། མཐར་གྱིས་པའི་སྦྱོར་བའི་སྐབས་སུ། ཉན་རང་གི་ས་ལས་འདས་ཏེ་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་ཞུགས་ཟིན་པར་གསུངས་པ་དང་།  ལྷག་ཏུ་མཐར་གྱིས་པའི་འཇུག་པའམ་སྒྲུབ་པ་རྒྱུད་ལ་སྐྱེད་པའི་ཚེ་སེམས་དང་པོ་བསྐྱེད་པར་གསུངས་ཤིང་། དེ་ལྟ་བུའི་སེམས་དང་པོ་དེ་དོན་དམ་སེམས་བསྐྱེད་ལ་གོ་དགོས་ཏེ། དེའི་ཚེ་ཆོས་ཀུན་རང་བཞིན་མེད་པར་རྟོགས་པར་གསུངས་ལ། རྒྱན་འདིའི་དངོས་བསྟན་གྱི་གདུལ་བྱ་ནི་དང་པོ་སེམས་བསྐྱེད་བླངས་ནས་དེ་ནས་མཁྱེན་གསུམ་གྱི་ལྟ་བ་གཏན་ལ་ཕབ་པའི་སྤྱོད་པ་སྔོན་འགྲོ་ཅན་གྱི་གང་ཟག་ཡིན་པའི་ཕྱིར་ན་མཐར་གྱིས་པའི་སྦྱོར་བ་མ་མཐའ་ས་དང་པོ་ནས་འཇོག་པའི་ཚུལ་འདི་ནི་མདོ་དང་ཚད་ལྡན་གྱི་བསྟན་བཅོས་དག་གི་དགོངས་པ་ཕྱོགས་གཅིག་པའོ། །

བཞི་པ་ནི། སྐད་ཅིག་མའི་སྦྱོར་བ་རྩ་བའི་དངོས་བསྟན་ལ་དུས་སྐད་ཅིག་མ་གཅིག་ལ་མངོན་པར་རྫོགས་པར་བྱང་ཆུབ་པའི་སྒྲུབ་པ་ལ་བཞག་ཅིང་། དོན་ཐོབ་ལ་དུས་སྐད་ཅིག་མ་གཅིག་ལ་འབད་རྩོལ་གྱི་མཚན་མར་ལྟོས་པའི་མ་དག་ས་བདུན་པའི་ཟག་མེད་དང་། འབད་རྩོལ་གྱི་མཚན་མ་ལ་ལྟོས་པ་དང་བྲལ་བའི་དག་པ་ས་གསུམ་གྱིས་བསྡུས་པའི་ཟག་མེད་ཀྱི་རྟོགས་རིགས་དེ་དག་གི་རིགས་མ་ལུས་པ་མངོན་དུ་བྱེད་དེ་སྒོམ་པ་ལ་འཇོག་དགོས་ཤིང་། མཁྱེན་གསུམ་ལ་བརྟན་པ་ཐོབ་པའི་དོན་ཡང་དེ་ཉིད་ཡིན་ནོ། །དེའི་གནད་ཀྱིས་ཟག་མེད་ཀྱི་རྟོགས་རིགས་ཀྱི་རིགས་ཐམས་ཅད་མངོན་དུ་བྱེད་པའི་དོན་ཡང་། སློབ་ལམ་གྱིས་བསྡུས་པའི་ཟག་མེད་ཀྱི་རྟོགས་རིགས་ལ་བཞག་པའི་སྐབས། སྐད་ཅིག་མའི་སྦྱོར་བས་དུས་སྐད་ཅིག་གཅིག་གིས་དེ་དག་མ་ལུས་པ་མངོན་དུ་བྱེད་པ་དང་། མི་སློབ་ལམ་གྱིས་བསྡུས་པའི་ཟག་མེད་ཀྱི་རྟོགས་རིགས་ལ་བཞག་པའི་ཚེ། དུས་སྐད་ཅིག་མ་གཅིག་ལ་མངོན་དུ་བྱེད་ནུས་པ་ལ་འཇོག་དགོས་ཤིང་། རྩ་བར། རྒྱུན་མཐའི་ཡེ་ཤེས་ཀྱིས་དུས་སྐད་ཅིག་མ་གཅིག་ལ་རྣམ་པ་སྨིན་པ་མིན་པ་དང་སྨིན་པའི་ཟག་མེད་ཀྱི་རྟོགས་རིགས་ཀྱི་རིགས་ཐམས་ཅད་མངོན་དུ་བྱེད་པ་དང་། མཚན་མའི་སྤྲོས་པ་ཐམས་ཅད་དང་བྲལ་ནས་མཚན་མ་མེད་པའི་དབྱིངས་སུ་རོ་གཅིག་པར་རྟོགས་པ་དང་། གཟུང་འཛིན་གཉིས་སྣང་གི་བག་ཆགས་མ་ལུས་པར་སྤངས་པས་རྒྱུན་མཐའི་ཡེ་ཤེས་གཅིག་ཉིད་ལ་རྣམ་པ་སྨིན་པའི་སྐད་ཅིག་མའི་སྦྱོར་བ་སོགས་ལྡོག་པའི་སྒོ་ནས་བཞིར་ཕྱེ་བ་ཡིན་པར་ཤེས་པར་བྱའོ། །འདིར་རྩ་བ་དང་རྒྱ་འགྲེལ་ཕལ་ཆེར་ལས་སྐད་ཅིག་མའི་སྦྱོར་བ་གཉིས་པའི་སྐབས་སུ་རྣམ་སྨིན་ཆོས་ཉིད་ཅེས་པ་ཙམ་ལས་མ་བྱུང་ཞིང་། དེའི་སྟོབས་ཀྱིས་སྐད་ཅིག་མའི་སྦྱོར་བ་དང་པོ་རྣམ་པ་སྨིན་པ་མིན་པའི་སྐད་ཅིག་མའི་སྦྱོར་བ་ཡིན་པར་ཤུགས་སུ་གོ་ནུས་ཤིང་། སློབ་དཔོན་བུདྷ་ཤྲཱི་ཛྙ་ནའི་ཤེས་རབ་སྒྲོན་མེའི་ཕྲེང་བ་དང་། ཁ་ཆེ་གཞོན་ནུ་དཔལ་དང་། ཤེར་འབྱུང་བློ་གྲོས་གཉིས་ཀྱི་མདོ་སྡུད་པའི་བསྡུས་དོན་ཏེ་གསུམ་དུ་གསལ་བར་ཡོད་དོ། །
 
གསུམ་པ་ནི།
 
རྒྱན་ལས། ཆོས་སྐུ་ཕྲིན་ལས་འབྲས་བུ་ནི། །ཞེས་པས་སྐབས་བརྒྱད་པར་ཆོས་སྐུ་དང་ཕྲིན་ལས་གཉིས་སྦྱོར་བཞི་བསྒོམས་པའི་འབྲས་བུའི་ལྡོག་པ་ནས་གཏན་ལ་ཕབ་པར་གསུངས་ཤིང་། ཇོ་བོ་རྗེས་དོན་བསྡུས་སྒྲོན་མ་ལས་ཀྱང་། འབྲས་བུ་མཐར་ཐུག་ཆོས་ཀྱི་སྐུ། །ཞེས་ཆོས་སྐུ་འབྲས་བུའི་སྒོ་ནས་བསྟན་པར་གསུངས་པས་སྐབས་བརྒྱད་པར། སྦྱོར་བཞི་བསྒོམས་པའི་རྣམ་སྨིན་གྱི་འབྲས་བུ་མཐར་ཐུག་པའི་སྒོ་ནས་གཏན་ལ་ཕབ་པ་ནི་དོགས་གནས་མ་མཆིས་སོ། །འདི་ལས་འཕྲོས་ཏེ། སྐུ་དང་ཡེ་ཤེས་ཀྱི་གྲངས་ངེས་འདོད་ཚུལ་སྣ་ཚོགས་སུ་བཀོད་པ་དང་། དེ་དག་གི་གནད་བསྡུས་ཏེ་མཇུག་བསྡུ་བའོ། །དང་པོ་ནི། སྤྱིར་སྐུ་དང་ཡེ་ཤེས་ཀྱི་གྲངས་ངེས་ལ་མདོ་དང་སྔགས། ཁྱད་པར་མདོའི་ལུགས་ལའང་འཕགས་བོད་ཀྱི་མཁས་པ་རྣམས་ཀྱིས་བཞེད་ཚུལ་མང་དུ་མཆིས་ཀྱང་དེ་དག་རེ་ཞིག་བཏང་སྙོམས་སུ་བཞག་སྟེ། དེ་ཐེངས་མངོན་རྟོགས་རྒྱན་གྱི་ལུགས་ལ་སྐུ་དང་ཡེ་ཤེས་ཀྱི་གྲངས་ངེས་འདོད་ཚུལ་སྣ་ཚོགས་སུ་འགོད་ན། རྒྱ་འགྲེལ་ཉེར་གཅིག་ལས། གྲོལ་སྡེ་རྣམ་གཉིས་ཀྱི་འགྲེལ་བ་ལས། སྐུ་གསུམ། སློབ་དཔོན་གྱི་འགྲེལ་ཆེན་གྱི་མཇུག་རྩོམ་དང་ལེ་བརྒྱད་མ་གཉིས་ལས་སྐུ་གསུམ། འགྲེལ་ཆེན་ལས་སྐུའི་སྤྱི་དོན་གྱི་སྐབས་དང་འགྲེལ་ཆུང་གི་དངོས་བསྟན་ལ་སྐུ་བཞི། སྡུད་འགྲེལ་ལས། ངོ་བོ་ཉིད་སྐུ་ལ་སོགས་པ་བཞི་ཕྲིན་ལས་དང་བཅས་པ་ཐོབ་ནས། ཞེས་པ་ཙམ་ལས་མི་གསལ། སློབ་དཔོན་རིན་ཆེན་འབྱུང་ལྡན་གྱི་དག་ལྡན་དང་སྙིང་པོ་མཆོག་གཉིས་སུ། སྐུ་གསུམ། པནྡི་ཏ་སྨྲི་ཏི་ཛྙ་ན་ཀིརྟིའི་ཡུམ་གསུམ་དོན་བརྒྱད་དུ་མཐུན་པ་དང་། ཁ་ཆེ་གཞོན་ནུ་དཔལ་གྱི་བསྡུས་དོན་དང་། སློབ་དཔོན་བུདྷ་ཤྲཱི་ཛྙ་ནའི་ཤེས་རབ་སྒྲོན་མེའི་ཕྲེང་བ་གསུམ་དུ། སྐུ་བཞི། སློབ་དཔོན་འཇིགས་མེད་འབྱུང་གནས་སྦས་པའི་ཐུབ་པའི་དགོངས་རྒྱན་དང་། སློབ་དཔོན་བུད་དྷ་ཤྲཱི་ཛྙཱ་ནའི་སྡུད་པའི་དཀའ་འགྲེལ་གཉིས་སུ། སྐུ་གསུམ་དང་ཡེ་ཤེས་ལྔ། སློབ་དཔོན་རཏྣ་ཀཱིརྟིའི་གྲགས་པའི་ཆ་ལས། སྐུ་གསུམ་དུ་བཤད་པ་ནི་ཕར་ཕྱིན་ཐེག་པའི་ལུགས་ཡིན་ཞིང་། སྐུ་བཞི་དང་ལྔ་བཤད་པ་ནི་ཐེག་པ་གཞན་གྱི་ལུགས་ཡིན་པར་གསུངས། སློབ་དཔོན་འཇིགས་མེད་འབྱུང་གནས་ཀྱིས་གནད་ཀྱི་ཟླ་འོད་ལས། མདོ་སྡེ་རྒྱན་དང་ཀླུ་སྒྲུབ་སོགས་ཀྱི་ལུང་ལ་བརྟེན་ནས་ཕར་ཕྱིན་ཐེག་པའི་ལུགས་ལ་སྐུ་གསུམ་དུ་བཤད་དེ་སེང་བཟང་གིས་བཞིར་བཞེད་པ་རང་བཟོ་ཡིན་ཞིང་། ཡེ་ཤེས་ནི་ལྔ་ཡོད་པར་བཞེད། ཇོ་བོ་རྗེས་དོན་བསྡུས་དུ། སྐུ་གཅིག་ནས་ལྔའི་བར་འདོད་ཚུལ་མང་དུ་མཆིས་ཀྱང་བྱམས་པས་སྐུ་གསུམ་དུ་འདོད་པར་གསུངས། ཁ་ཆེ་དྷརྨ་ཤྲཱིས་མཛད་པར་གྲགས་པའི་སྟོང་ཕྲག་བརྒྱ་པའི་རྣམ་བཤད་དུ། སྐུ་བཞི་ཞེས་པའི་ཐ་སྙད་དངོས་སུ་མི་འབྱུང་ཡང་ཟག་མེད་ཀྱི་སྡེ་ཚན་ཉེར་གཅིག་སྐུ་གསུམ་ལས་ལོགས་སུ་ཆོས་ཀྱི་སྐུ་ཞེས་བགྲང་བས་བཞིར་འདོད་པར་མངོན། སློབ་དཔོན་ཤེར་འབྱུང་བློ་གྲོས་ཀྱི་བསྡུས་དོན། ཁ་ཆེ་དྷརྨ་ཤྲཱིའི་ཤེར་ཕྱིན་མཛོད་ཀྱི་ལྡེ་མིག་གཉིས་སུ་གསལ་བར་མ་བྱུང་ངོ་། །ཆོས་བཤེས་ཀྱིས་ཚིག་གསལ་ལས། སློབ་དཔོན་གྱིས་སྐུ་གསུམ་དང་བཞིར་གསུངས་པ་ལ་འགལ་བ་མེད་ཅིང་གཉིས་ཀའང་རང་ལུགས་སུ་རུང་ལ། ལོངས་སྐུ་ལ་གཙོ་ཕལ་གཉིས་སུ་ཕྱེ་སྟེ། སྐུ་ལྔར་བཤད།  གསེར་གླིང་པས་རྟོགས་དཀའི་སྣང་བ་ལས། སངས་རྒྱས་སྐུ་ལྔ་བདག་ཉིད་ཅན། །ཞེས་པའི་མཚན་བརྗོད་སྒྲུབ་བྱེད་དུ་བྱས་ཏེ། སྤྲུལ་སྐུ་ལ་རྣམ་པ་སྨིན་མ་སྨིན་གཉིས་སུ་མཛད་དེ་སྐུ་ལྔ་དང་། སྐབས་ལྔ་པའི་འགྲེལ་བར། ཆོས་དབྱིངས་གཉིས་མེད་ཡེ་ཤེས་སུ་གསུངས་པས་འབྲས་དུས་ཀྱི་ཆོས་དབྱིངས་ཡེ་ཤེས་སུ་འདོད་པ་སློབ་དཔོན་འདིའི་ལུགས་ཡིན་པར་སྣང་བས་ཡེ་ཤེས་ལྔར་བཞེད་པར་མངོན་ནོ། །

གཉིས་པ་ནི། སློབ་དཔོན་བསོད་ནམས་རྩེ་མོས་རྒྱུད་སྡེ་སྤྱི་རྣམ་གྱི་གདམས་ངག་དྲུག་ལས་བརྗོད་བྱའི་མན་ངག་གསུམ་བཤད་པའི་སྐབས་སུ། ཕར་ཕྱིན་ཐེག་པའི་ལུགས་ལ་ཆོས་དབྱིངས་ཡེ་ཤེས་བཤད་པར་མེད་ཅིང་། སྐུ་ཡང་གསུམ་ལས་མ་བཤད་པས། སྐུ་གསུམ་དང་ཡེ་ཤེས་བཞིའི་རྣམ་བཞག་ནི་རྒྱུད་སྡེའི་ལུགས་ཡིན་པར་གསུངས་པའང་སྤྱིར་དཔྱད་དགོས་པ་སྣང་སྟེ། ཆོས་རྗེ་ས་པཎ་གྱིས་ཐུབ་པ་དགོངས་གསལ་གྱི་འབྲས་བུའི་སྐབས་སུ། མདོ་རྒྱུད་འགའ་ཞིག་ལས། སྐུ་བཞིར་བཤད་པ་ལྟར་ན། ཞེས་རྒྱུད་མ་ཟད་མདོ་འགར་ཡང་སྐུ་བཞིར་བཤད་པར་གསུངས་ཤིང་། ཕལ་པོ་ཆེའི་མདོ་ལས། ཆོས་དབྱིངས་ཡེ་ཤེས་དང་། མྱང་འདས་ཀྱི་མདོ་དང་དྲིན་ལན་བསབ་པའི་མདོ་གཉིས་སུ། ཡེ་ཤེས་ལྔ་ཞེས་འབྱུང་བས། ཀུན་མཁྱེན་བླ་མས། གོང་གི་སློབ་དཔོན་གྱི་གཞུང་སྒྲུབ་བྱེད་དུ་བྱས་ཏེ་སྐུ་བཞི་དང་ཡེ་ཤེས་ལྔ་ནི་སྔགས་ལུགས་ཀྱི་ཐུན་མོང་མིན་པ་ཡིན་པར་གསུངས་པའང་སྒྲ་ཇི་བཞིན་དུ་ཁས་བླངས་ན་མདོ་ཡོད་ཚད་བཀླགས་ནས་ཐག་གཅོད་དགོས་པས་དཀའ་གནད་ཤིན་ཏུ་ཆེ་མོད། ཆོས་རྗེ་ས་པཎ་གྱིས་ནི་དེ་ལྟ་བུའི་རྣམ་བཞག་དེ་སྔགས་ལུགས་ལ་གཙོ་ཆེར་གྲགས་པར་གསུངས་ཤིང་། ཀུན་མཁྱེན་བླ་མས་ཀྱང་མདོ་ལུགས་ལ་སྐུ་བཞི་དང་ལྔའི་རྣམ་བཞག་གཏན་མི་འདོད་པ་མ་ཡིན་ཏེ། དབུ་མའི་སྤྱི་དོན་ལས། འཇམ་དཔལ་གྱི་རང་གི་ལྟ་བའི་འདོད་པ་མདོར་བསྟན་པའི་མདོ་ལས།  སྐུ་གཅིག་ནས་ལྔའི་བར་གྱི་རྣམ་གཞག་བཤད་པ་ཡོད་ཀྱང་།  བྱམས་མགོན་དང་ཀླུ་སྒྲུབ་ཀྱི་གཞུང་ལས།  སྐུ་གཉིས་ཀྱི་རྣམ་གཞག་དང་།  སྐུ་གསུམ་གྱི་རྣམ་གཞག་གསུངས་ཞེས་འབྱུང་བས། གོང་གི་ཁྱད་ཆོས་རྣམས་ཀྱང་བཀའ་བར་པ་དང་། དེའི་དགོངས་འགྲེལ་བྱམས་ཀླུ་གཉིས་ཀྱིས་མཛད་པའི་གཞུང་ལུགས་དང་ཐུན་མོང་མིན་པའི་ཁྱད་ཆོས་ཡིན་པར་ཤེས་ནུས་པས། ཕར་ཕྱིན་ཐེག་པའི་བསྟན་བཅོས་ཀུན་གྱི་རྩ་བ་མངོན་རྟོགས་རྒྱན་དང་། དེའི་གཏན་ལ་དབབ་བྱའི་མདོ་རྣམས་ལ་སྦྱར་ཏེ་གོང་གི་ཁྱད་ཆོས་དེ་དག་ཅུང་ཙམ་སྤྲོ་ན། རྒྱན་འདིར། ཀུན་མཁྱེན་བླ་མས་གསུངས་པ་བཞིན་སྐུ་གསུམ་ལས་བཞིར་བཤད་པར་མེད་ཅིང་། མདོ་ལས་ཀྱང་། སྐུ་བཞི་མི་གསལ་བར་མ་ཟད་འབྲས་བུའི་ཆོས་སྐུ་ལ་མདོ་སྦྱར་གསལ་བར་ཡོད་པའི་འབུམ་དང་ཉིར་ཁྲི། ཁྲི་བརྒྱད་སྟོང་པ་རྣམས་སུ། ཟག་མེད་ཀྱི་སྡེ་ཚན་ཉེར་གཅིག་དང་། མཚན་དང་དཔེ་བྱད། ཕྲིན་ལས་ཉེར་བདུན་ཏེ། གསུམ་ལ་མདོ་སྦྱར་གསལ་བར་ཡོད་ཅིང་། དེའི་དོན་རོང་སྟོན་ཆོས་རྗེས་སྟོང་ཕྲག་བརྒྱ་པའི་རྣམ་བཤད་ལས། སྐུ་གསུམ་སྦས་དོན་དང་དེ་དག་གི་ཡོན་ཏན་དངོས་སུ་བསྟན་པར་གསུངས་པ་ལྟར་དོན་ལ་ཡང་གནས་ཤིང་། མཚན་དཔེ་ལོངས་སྐུའི་ཡོན་ཏན་དང་། ཕྲིན་ལས་སྤྲུལ་སྐུའི་ཡོན་ཏན་ཡིན་པས་སྐུ་གསུམ་ལས་ལོགས་སུ་མི་བགྲང་བ་ལོངས་སྐུ་དང་སྤྲུལ་སྐུའི་ཁོངས་སུ་བསྡུས་ཏེ་བཤད་དགོས་པ་བཞིན། ཟག་མེད་ཀྱི་ཡེ་ཤེས་ཀྱང་ངོ་བོ་ཉིད་སྐུའི་ཡོན་ཏན་ཡིན་པས་ངོ་བོ་ཉིད་སྐུའི་ཁོངས་སུ་བསྡུས་པ་ལས་སྐུ་ལོགས་སུ་བགྲང་བར་མི་འཐད་པར་ཤེས་སླ། དངོས་པོ་བརྒྱད་ཀྱི་ཡ་གྱལ་ཆོས་སྐུ་ལ་སྐུའི་གྲངས་ངེས་དཔྱད་པར་བྱ་བ་སྐབས་ཀྱི་དོན་ཡིན་ཞིང་། སྐུ་བཞི་དང་ལྔར་འདོད་པ་དག་གིས་མཚན་དང་དཔེ་བྱད་ཀྱང་ཆོས་སྐུར་འདོད་དགོས་པས་སྐུ་ལྔ་དང་དྲུག་རྣམས་སུ་མི་འདོད་བཞིན་དུ་ཁས་བླངས་དགོས་པར་འགྱུར་བས་གཞུང་དང་ཡང་འགལ་ཞིང་། དེས་ན་ཡུམ་དོན་རབ་གསལ་ལས་འབྱུང་བ་བཞིན་སྡེ་ཚན་གྱི་གྲངས་ངེས་ཡིན་ཞིང་། དེའི་ཚེ་ཡོན་ཏན་གྱི་སྡེ་ཚན་གསུམ་པོ་སྐུ་དེ་དང་དེའི་ཁོངས་སུ་བསྡུས་པ་སྟེ། སྐུ་དེ་དང་དེར་འཇོག་པ་ལ་ངེས་པར་ཡོན་ཏན་དེ་དང་དེ་ལྡན་པའི་སྒོ་ནས་འཇོག་དགོས་ཤིང་། གཞུང་ལས་ཀྱང་དེ་དང་དེའི་ཡོན་ཏན་གྱི་ལྡོག་པ་ནས་བསྟན་པའི་ཕྱིར། དཔེར་ན། རྒྱུད་བླར། སངས་རྒྱས་ཀྱི་སྐུ་ལ་རང་དོན་དང་གཞན་དོན་གྱི་སྐུ་གཉིས་སུ་བཤད་ཅིང་། དང་པོའི་ཡོན་ཏན་སྟོབས་བཅུ། མི་འཇིགས་པ་བཞི། མ་འདྲེས་པ་བཅོ་བརྒྱད་དེ་སོ་གཉིས་དང་། ཕྱི་མའི་ཡོན་ཏན་མཚན་བཟང་སོ་གཉིས་ཏེ། ཡོན་ཏན་དྲུག་ཅུ་རེ་བཞིར་བཤད་ཀྱང་སྐུ་ལ་གཉིས་སུ་ངེས་པར་བཤད་པ་བཞིན་ནོ། །མདོ་སྡེ་རྒྱན་དང་ཀླུ་སྒྲུབ་ཀྱི་སྐུ་གསུམ་ལ་བསྟོད་པ་རྣམས་སུ་ཡང་འདི་བཞིན་དུ་བཤད་ཅིང་། རྒྱུད་བླར། རང་དོན་དང་གཞན་དོན་གྱི་སྐུ་གཉིས་སུ་བཤད་ཅིང་། རྒྱན་འདིར་ཕྱི་མར་ལོངས་སྤྲུལ་གཉིས་སུ་དབྱེ་ཡང་སྔ་མ་ལ་དབྱེ་བར་མ་གསུངས་པའི་གནད་ཀྱང་དེ་ཡིན་ནོ། །ཆོས་དབྱིངས་ནི་སྟོང་ཉིད་ཀྱི་ལྡོག་པ་ནས་བསྟན་པ་མ་གཏོགས་ཡེ་ཤེས་སུ་བཤད་པར་རྒྱན་དང་དེའི་བཤད་བྱའི་མདོ་ལས་མ་བཤད་ཅིང་། སེམས་ཀྱི་རང་བཞིན་འོད་གསལ་བར་བཤད་ཀྱང་། བརྒྱད་སྟོང་པའི་ལེའུ་དང་པོའི་དྲོད་ཆུང་ངུའི་རྣམ་པའི་སྐབས་སུ། དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་སེམས་ནི་སེམས་མ་མཆིས་པ་སྟེ། སེམས་ཀྱི་རང་བཞིན་འོད་གསལ་བ་ལགས་སོ། །ཞེས་སེམས་ཀྱི་རང་བཞིན་འོད་གསལ་བའི་དོན་སེམས་སེམས་ཉིད་དུ་མ་གྲུབ་པ་ལ་བཤད་ཅིང་། གསལ་ཞིང་རིག་པ་ལ་མ་བཤད་པས་ཆོས་དབྱིངས་ཡེ་ཤེས་སུ་མི་འཐད་པ་དེས་ན་ཕར་ཕྱིན་ཐེག་པའི་གཞུང་འདི་དང་སྦྱར་ཏེ། ཡེ་ཤེས་ལྔ་དང་སྐུ་བཞིའི་རྣམ་བཞག་མི་རུང་ཞིང་སྔགས་ལུགས་ཐུན་མོང་མིན་པའི་ཚུལ་ལེགས་པར་གྲུབ་བོ། །འོ་ན་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་མངོན་རྟོགས་ལྗོན་ཤིང་དུ། ཆོས་སྐུ་བསྟན་པའི་བསྡུས་དོན་ལུས་རྣམ་བཞག་གི་རྒྱན་ཚིག་དངོས་སུ་དྲངས་ཏེ། སྐུ་བཞིར་གསུངས་པ་དང་འགལ་ལོ་སྙམ་ན། དེ་ནི་འགྲེལ་ཆུང་གི་དངོས་བསྟན་ལྟར་རྒྱན་ལ་སྦྱར་ཏེ་སྐུ་བཞིར་གསལ་བར་གསུངས་པས་རང་སོར་བཞག་དགོས་པ་ལས། སྦས་དོན་ཟབ་མོ་ལས། མངོན་པར་རྟོགས་པའི་རྒྱན་ཕར་ཕྱིན་ཐེག་པར་འཆད་པའི་ཚེ་གཞུང་གི་དགོངས་པ་མ་ཡིན་ཏེ། ཞེས་པའི་ཤུགས་བསྟན་ལ་རྒྱན་འདི་སྔགས་ལུགས་སུ་འཆད་པའི་ཚེ་སྐུ་བཞིར་རུང་ཞིང་། རྗེ་བཙུན་གྱི་དགོངས་པའང་དེ་ཡིན་པའི་ཚུལ་གསུངས་པར་ཐོས་ཀྱང་འཐད་པར་མ་མཐོང་སྟེ། རྗེ་བཙུན་གོང་མ་རྣམས་དང་ཁྱད་པར་ཀུན་མཁྱེན་བླ་མས་མདོ་སྔགས་གཉིས་མ་འདྲེས་པར་སོ་སོའི་ཁྱད་ཆོས་རྩལ་ཏུ་བཏོན་ནས་བཤད་ཅིང་། མདོ་སྔགས་ཀྱི་ཐ་སྙད་རྣམས་ཕན་ཚུན་འདྲེས་ཏེ་འཆད་པའི་ལུགས་མ་ཡིན་པའི་ཕྱིར་སྙམ་དུ་བསམ་མོ་དཔྱད་པར་བྱའོ། །འདིར་རྒྱན་གྱི་གནད་ཆེ་ཤོས་རྣམས་བསྡུས་ཤིང་ཚིག་གི་སྤྲོས་པ་དོར་ཏེ། གཞུང་ཚིག་ཇི་བཞིན་མ་བཀོད་ཀྱང་གཞུང་ལུགས་དེ་དག་ལས་གསལ་པོར་བྱུང་བ་མ་གཏོགས་རང་གི་རྣམ་རྟོག་ལ་ཤར་ཚད་གཞུང་ལུགས་དེ་དག་ལས་ཡོད་མདོག་གིས་མ་བཤད་ཅིང་། གཞུང་ལས་དངོས་སུ་མི་གསལ་བའི་དོན་གྱི་གོ་བ་རྣམས་དེར་གསལ་བའི་ཚུལ་དུ་མ་བཀོད་པ་དེའི་དོན་ཅི་ནུས་སུ་འགྲེལ་ལ། ཁོ་བོས་དཔྱད་གཞིར་བཟུང་བའི་གོང་གི་གཞུང་ལུགས་དེ་དག་ནི་བཤད་གྲྭ་སྤྱི་དང་ཁྱད་པར་སློབ་གླིང་འདིར་ཁྱབ་རྒྱ་ཆེ་མིན་ཅི་རིགས་ཡོད་པས། ཤོག་གྲངས་ཡོད་ཚད་བཀོད་ན་དགོས་པ་མ་མཐོང་ཞིང། ཅི་རིགས་སུ་བཀོད་ན་མི་མཛེས་པའི་ཆ་ཅུང་ཙམ་མཐོང་སྟེ་དངོས་སུ་མ་བཀོད་ཀྱང་ཡིད་ཆེས་སུ་རུང་བའོ། །

སླར་སྨྲས་པ།
 
ཕར་ཕྱིན་ཐེག་པའི་ཟབ་གནད་ཕྲེང་བའི་ཚོམས། །
ལུང་རིགས་སྲེད་བུར་བརྒྱུས་ཏེ་བདག་བློ་ཡི། །
མི་བརྗེད་སེམས་ཀྱི་མགྲིན་པར་བརྒྱན་པ་འདི། །
ཚུལ་བཞིན་གཞུང་དུ་བགྲོད་པའི་དན་རྟགས་ཡིན། །
 
རྨོངས་པས་བསླུས་ཏེ་ཕར་ཕྱིན་ཐེག་པའི་གནད། །
ལོག་པར་རྟོག་ན་རྒྱལ་བ་སྲས་བཅས་ཀྱིས། །
རྗེས་སུ་བཟུང་སྟེ་མ་དག་འཁྲུལ་བའི་ཚོགས། །
རྣམ་དག་དབྱིངས་སུ་ཞི་བའི་ཐུགས་རྗེ་མཛོད། །
 
འདི་ཕྱི་ཀུན་ཏུ་རྣམ་དག་དགེ་བའི་བཤེས། །
འབྲལ་མེད་ཐུགས་རྗེས་བཟུང་སྟེ་འགྲོ་བ་ཀུན། །
ཐེག་མཆོག་བདུད་རྩི་རྒྱ་མཚོའི་བཅུད་རོལ་ཏེ། །
རྫོགས་ལྡན་བདེ་སྐྱིད་དཔལ་གྱིས་མཛེས་གྱུར་ཅིག །
 
མཆོག་ལ་དད་པའི་ས་བོན་ལེགས་བཏབ་ཅིང་། །
བསླབ་གསུམ་ཚུལ་ཁྲིམས་གཙང་མའི་ཞིང་ས་ན། །
ཐོས་བསམ་སྒོམ་གྱི་ཆར་རྒྱུན་རྟག་ཕབ་སྟེ། །
སྐུ་གསུམ་མྱུ་གུ་སྨིན་པའི་རྒྱུར་གྱུར་ཅིག །
 
ཕྱི་ནང་ཟུང་གི་ཡོངས་འཛིན་མ་བོར་ཞིང་། །
ཐབས་ཤེས་ཟུང་གི་ལམ་མཆོག་མ་ནོར་བས། །
འབྲས་བུ་ཟུང་གི་ཡོན་ཏན་མངོན་གྱུར་ཏེ། །
སྐུ་མཆོག་ཟུང་གིས་དོན་ཆེན་འགྲུབ་པར་ཤོག །
ཅེས་པ་འདིའང་ཁམས་ཀྱི་ཆོས་སྡེ་ཆེན་པོ་མ་ཡུམ་རྫོང་སར་ཁམས་བྱེའི་ལྔ་རིག་སློབ་གླིང་ནས་མི་ལོ་གསུམ་གྱི་རིང་ལ་བསྐལ་བ་མང་པོར་བསགས་པའི་བསོད་ནམས་ཀྱི་འབྲས་བུ་སྨིན་ཏེ། ཡོན་ཏན་གྱིས་རྒྱུད་ཕྱུག་ཅིང་གཞན་ཕན་དང་ལྷག་བསམ་གྱིས་མཛེས་པའི་དགེ་བའི་བཤེས་གཉེན་དག་གི་ཞབས་རྡུལ་སྤྱི་བོར་བླངས་ནས་བྱམས་ཆོས་སྡེ་ལྔ་དང་། ཁྱད་པར་མངོན་རྟོགས་རྒྱན་གྱི་འགྲེལ་བར་བཅས་གསན་ཏེ། ཆོས་མཐུན་གྱི་གྲོགས་པོ་རྣམས་དང་ལྷན་དུ་ལུང་རིགས་གཉིས་ཀྱི་སྒོ་ནས་བརྡར་ཤ་མི་དམན་པར་གཅོད་པའི་གོ་སྐལ་བཟང་པོར་གྱུར་པ་ཤར་མི་ཉག་ལྷ་འབྲི་ཐུབ་བསྟན་དགེ་འཕེལ་གླིང་གི་གྲལ་མཐར་འཁོད་པ་བཀྲ་ཤིས་རྒྱལ་མཚན་དུ་འབོད་པས་རབ་བྱུང་བཅུ་བདུན་པའི་འཕར་བ་ལྕགས་གླང་ལོའི་སྨིན་དྲུག་ཟླ་བའི་དམར་ཕྱོགས་རྫོགས་པ་གཉིས་པ་སྟེ། དགེ་ལྡན་བསྟན་པའི་སྲོག་ཤིང་རྒྱལ་བ་ཙོང་ཁ་པ་ཆེན་པོའི་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་དུས་ཁྱད་པར་ཅན་གྱི་ཉིན་གུང་གི་ཐུན་མཚམས་སུ་རྟེན་འབྲེལ་རང་འགྲིག་གི་ངང་ནས་རང་ཤག་དཔེ་ཆའི་མཛོད་དུ་མཇུག་རྫོགས་པར་གྲུབ་པས་རང་གཞན་ཀུན་རྒྱུད་སྡོམ་པའི་ཚུལ་ཁྲིམས་ཀྱིས་མཛེས་ཤིང་། བསྟན་འགྲོ་དོན་ཆེན་འགྲུབ་པའི་ཤེས་རབ་ཀྱི་འོད་སྣང་ཁྱད་པར་ཅན་གྱིས་མ་རིག་པའི་མུན་པར་བསལ་ཏེ་བློ་གྲོས་ཐོགས་པ་མེད་པའི་རྒྱུར་གྱུར་ཅིག། །།   ༢༠༢༡-༡༢-༢༩

                       རྩོམ་སྒྲིག་པ། མྱི་གསར་བ།


           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


Signature is customized by Netease