སྟོང་ཕྲག་ཉི་ཤུ་ལྔ་པའི་བཤད་པ་བྱམས་པའི་འཐད་རྒྱན། སྟོད་ཆ།

    ཤཱཀྱའི་དགེ་སློང་གླང་ཡག་ངག་དབང་རྒྱ་མཚོས་བརྩམས།


༄༅།། འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པའི་བཤད་པ་མངོན་རྒྱན་ཡུམ་ལ་འཇུག་པའི་ལེགས་བཤད་
བྱམས་པའི་འཐད་རྒྱན་ཞེས་བྱ་བ་བཞུགས་སོ།། སྟོད་ཆ།
 
                      ཤཱཀྱའི་དགེ་སློང་གླང་ཡག་ངག་དབང་རྒྱ་མཚོས་བརྩམས།


རྒྱལ་བ་ཐམས་ཅད་ཀྱི་མཁྱེན་བརྩེ་གཅིག་ཏུ་བསྡུས་པ་བཅོམ་ལྡན་འཇམ་པའི་རྡོ་རྗེ་དང་དབྱེར་མ་མཆིས་པའི་བརྩེ་ཆེན་བསྟན་པའི་བདག་པོར་གྱུར་བ་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། ། ཐུགས་བརྩེ་བ་ཆེན་པོས་རྗེས་སུ་གཟུང་དུ་གསོལ།
 
བརྗིད་ཆགས་ལྷུན་པོ་མཁྱེན་པའི་དབང་ཕྱུག་དམིགས་མེད་ཐུགས་རྗེའི་ཉི་འོད་སེར་པོ་མཐའ་མེད་འགྲོ་བའི་ཡིད་མཁར་དྲངས་ཤིང་མི་འཇིགས་རྣམ་བཞིས་ཆོས་ཆར་ཕབས་པས་ལྷ་མི་དང་བཅས་བདུད་ཚོགས་རྣམས་ཀྱིས་ཁྱོད་ཞབས་པདྨོ་སྤྱི་བོས་མཆོད།།
ཐབས་མཁས་ཐུགས་རྗེའི་རྩིབས་སྟོང་འཁོར་ལོ་སྔོན་བསགས་བསོད་ནམས་བརྒྱ་ལས་གྲུབ་པའི་སྐལ་ལྡན་གླིང་བཞིའི་ཁྱོན་དུ་བསྐོར་བས་ཕྱོགས་ལས་རྣམ་རྒྱལ་ཕྱོགས་ཀྱི་མགོན་གྱུར་ཐེག་གསུམ་དཔའ་བོའི་འཁོར་ཚོགས་དབུས་སུ་ཆོས་འཁོར་གསུམ་གྱི་ཁྲིམས་ཆེན་བཅས།།
རྒྱལ་ཀུན་གཤེགས་པའི་རྒྱལ་ཡུམ་འཁོར་ལོ་གཞི་ལམ་འབྲས་བུའི་གསེར་གྱི་ཅོད་པན་མཁྱེན་བཟང་ཁྱོད་ཀྱི་ལེགས་པར་བཅིངས་ལ་ཕྱོགས་བཅུའི་རྒྱལ་བས་བསྟོད་ཅིང་བཀུར་བའི་ཟབ་དོན་ཆོས་ཀྱི་སྒོ་ཆེན་འབྱེད་པའི་བསླུ་མེད་སྐྱོབས་པ་ཚད་མར་གྱུར། །
ཡང་དག་གོམ་པ་རབ་མཐར་ཕྱིན་པས་སྤང་རྟོགས་རྫོགས་པའི་བདེ་གཤེགས་བརྙེས་མཛད་མཁྱེན་གསུམ་སྙིང་རྗེའི་བ་དན་དཀར་པོ་ཕྱོགས་མེད་གདུལ་བྱའི་སྤྱི་བོར་བཀུར་ཞིང་སྣ་ཚོགས་ཆོས་ཀྱི་རྔ་དབྱངས་སྒྲོགས་པའི་སྟོན་པ་མི་མཇེད་བདག་པོར་མཆོད།།
 
ཕྱག་སོར་རྡེབ་པའི་རྩེད་འཇོའི་ཚུལ་གྱིས་བརྗོད་མེད་སྟོང་བ་ཆེན་པོ་སྟོན། །
འཛུམ་ཞལ་པདྨའི་ལང་ཚོའི་རྒྱན་དུ་ཕྱོགས་མེད་སྙིང་རྗེའི་དྲི་ཞིམ་བཏགས། །
རྒྱལ་ཀུན་མཁྱེན་པའི་ཁབ་ཏུ་བཞུགས་པ་ཟབ་དབྱངས་དཀྲོལ་བའི་དབྱངས་ཅན་ལྷ།།
འཆི་མེད་ངག་དབང་བྱིན་ཆེན་ཕོབ་པའི་གསོལ་སྨོན་དེའང་གྲངས་མེད་ཞུ། །
 
རྣམ་མཁྱེན་རྒྱལ་བའི་ཡེ་ཤེས་བརྙེས་པས་རྒྱ་ཆེན་ཤེས་བྱའི་དཀྱིལ་འཁོར་རྫོགས། །
བྱམས་པའི་ཕྱག་ཟུང་འགྲོ་བའི་ཁམས་ལ་རྟག་ཁྱབ་ཀུན་ཏུ་སྩོལ་མེད་བརྐྱངས། །
མ་འོངས་དུས་ན་སྟོབས་བཅུའི་སྟོབས་ལྡན་མི་འཇིགས་བཞི་ཡིས་ཆོས་འཁོར་བསྐོར། །
དགའ་ལྡན་ལྷ་ཡི་ཕོ་བྲང་དབུས་ཀྱི་རྒྱལ་ཚབ་བྱམས་པའི་མགོན་ལ་འདུད། །
 
མ་ཕམ་བླ་མ་བྱམས་མགོན་སྙིང་རྗེའི་ཟབ་དོན་ཆོས་ཀྱི་བདུད་རྩི་ཡིས། །
རྒྱ་ཆེན་རྟོགས་པ་རབ་ཏུ་རྒྱས་པ་འཕགས་པ་ཐོགས་མེད་ཞབས་ཉིད་དང་། །
གཞུང་ལུགས་འབུམ་སྡེ་དགུ་བཅུ་གོ་དགུའི་མཁྱེན་པའི་དཀྱིལ་འཁོར་རབ་གང་བ། །
རྒྱལ་བ་གཉིས་པ་དབྱིག་གཉེན་ཞབས་ལ་ཕྱག་འཚལ་མཆོད་པའི་དགའ་བ་བསྐྱེད། །
 
བློ་གྲོས་ཉི་མའི་འོད་སྣང་འཆར་བས་ཡུམ་དོན་གེ་སར་གསལ་བའི་མགོན། །
སྙན་པའི་གྲགས་པ་གླིང་བཞིར་ཁྱབ་པ་འཕགས་པ་རྣམ་གྲོལ་སྡེ་མཆོག་དང་། །
མཁས་པ་དགའ་བའི་ལེགས་བཤད་གསུང་གི་འཕྲིན་ལས་རྒྱ་ཆེར་མཛད་པའི་རྗེ། །
སློབ་དཔོན་ཆེན་པོ་སེང་གེ་བཟང་པོར་གུས་པའི་སྙན་པ་རབ་ཏུ་གདལ། །
 
ཐུབ་བསྟན་གངས་ཀྱི་ལྷུན་པོའི་ཁུར་བརྗིད་ཡོན་ཏན་དམ་པའི་ཚུལ་དགུས་རྒྱན། །
ཟབ་ཡངས་མཁྱེན་པའི་འཕྲིན་ལས་སྤྲིན་དཀར་ཉི་འོག་ཀུན་དུ་དག་པར་ཁྱབ། །
སངས་རྒྱས་སྟོང་ལས་བཀའ་དྲིན་ལྷག་པ་གདུལ་བྱ་རྒྱ་མཚོའི་སྐྱབས་གནས་ཆེ། །
དཔལ་ལྡན་ས་སྐྱའི་པཎ་གྲུབ་རིམ་བྱོན་བདག་སྙིང་པདྨའི་གདན་དུ་བཞུགས། །
 
རྒྱ་ཆེན་བརྩོན་པའི་བློ་གྲོས་རྣོན་པོས་མདོ་སྔགས་གཉིས་ཀྱི་ཟབ་དོན་མཇལ། །
ལྷག་བསམ་ཐུགས་ཀྱི་ཤེས་བྱའི་བདུད་རྩིས་བྱང་ཕྱོགས་ཁ་བའི་སྐྱེ་འགྲོ་བསྐྱངས། །
རླབས་ཆེན་དགེ་བའི་མཛད་ཕྲིན་ཉི་ཟླ་བསྟན་དང་འགྲོ་བའི་དཔལ་དུ་ཤར། །
རབ་དཀར་གངས་ཀྱི་སྔོན་བྱོན་ལོ་ཙྭ་བཀའ་དྲིན་གཞལ་མཐའ་བྲལ་རྣམས་གུས། །
 
མཁས་དགུའི་དཔལ་ལ་འགྲན་ཟླ་བྲལ་བ་ལུང་རིགས་སྨྲ་བའི་དབང་པོར་གྱུར། །
བཙུན་པའི་ཚུགས་ཀྱིས་གཞན་ཡིད་འཕྲོག་པ་རྒྱལ་སྲས་དཔའ་བོའི་སྤྱོད་ལམ་རྫོགས། །
བཟང་པོའི་ཚིག་ལ་བསྡུ་དངོས་བཞི་འཛོམས་སྐལ་ལྡན་འགྲོ་བའི་སྐྱབས་ཀྱི་ལྷ། །
ཀུན་མཁྱེན་བླ་མ་བསོད་ནམས་སེངྒེར་དྭངས་བའི་མེ་ཏོག་རབ་ཏུ་བརྩེགས། །
 
སྒལ་ཚིགས་གངས་ཀྱི་ལྷུན་པོའི་རྩེ་ནས་མཁྱེན་གཉིས་ཉི་ཟླའི་གཡུ་རལ་ངོམ། །
ཟབ་དོན་ཁྲོལ་ཞིང་ལུགས་གཉིས་འབྱེད་པའི་རྔམ་བརྗིད་གསུང་གི་ང་རོ་སྒྲོགས། །
བསླབ་གསུམ་གངས་རིའི་ཁྲི་འཕང་དབུས་སུ་རྒྱལ་སྲས་གཞོན་ནུའི་ཚུལ་བཟུང་བའི། །
གཞན་ཕན་བླ་མ་འགྲོ་མགོན་སྙིང་པོའི་ཞབས་རྡུལ་སྤྱི་བོས་ཡང་ཡང་ལེན། །
 
ཚེ་ཡི་སྐུད་ཐག་ནམ་ཆད་མི་ཚོར་བསྐལ་བ་ཧ་ཅང་ཐུང་བའི་དུས། །
ལུས་ཀྱི་ཕུང་བོ་བྱ་ཁྱུའི་ཚོགས་ལ་དུམ་བུ་དུམ་བུར་མ་གཏོར་གོང་། །
དཀའ་བས་བསགས་པའི་མང་ཐོས་ཟབ་དོན་ཡི་གེའི་གཟུགས་སུ་གྱུར་བ་འདིས། །
ན་མཉམ་གྲོགས་དག་རྒྱལ་ཡུམ་རྒྱ་མཚོའི་གླིང་དུ་བགྲོད་པའི་གྲུ་གཟེངས་ཤོག །

       དེ་ཡང་འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས། ཀུན་དགའ་བོ་ཇི་སྲིད་དུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་འཇིག་རྟེན་ན་གནས་པ་དེ་སྲིད་དུ་དེ་བཞིན་གཤེགས་པ་ཡང་བཞུགས་པར་རིག་པར་བྱ། དེ་སྲིད་དུ་དེ་བཞིན་གཤེགས་པ་ཆོས་འཆད་པར་རིག་པར་བྱའོ། །ཞེས་གསུངས་ཏེ་སྟོན་པ་འགྲོ་བའི་སྒྲོན་མེ་གང་གིས་འཇིག་རྟེན་གྱི་ཁམས་ཆེན་པོ་འདིར། མདོ་ཕར་ཕྱིན་ཐེག་པའི་དོན་ལ་འཆད་ཉན་གྱི་འཕྲིན་ལས་དར་བའི་ཕྱོགས་དེར་དེ་བཞིན་གཤེགས་པ་བཞུགས་ཡོད་ལ། དུས་དེ་སྲིད་དུ་གདུལ་བྱའི་སེམས་རྒྱུད་བསླབ་པ་གསུམ་ལྡན་དུ་འཆོས་པའི་དམ་ཆོས་འཆད་པར་རིགས། ཞེས་རྡོ་རྗེའི་བཀའ་ལུང་གིས་ཡང་ཡང་བསྔགས་པའི་ཟབ་ཆོས། བཀའ་བར་བ་མཚན་ཉིད་མེད་པའི་ཆོས་འཁོར་གྱི་ཁོངས་གཏོགས་ཕར་ཕྱིན་རྒྱས་འབྲིང་བསྡུས་གསུམ་ལས། འབྲིང་གི་རྒྱས་པ་འཕགས་པ་སྟོང་ཕྲག་ཉི་ཤུ་ལྔ་བའི་བཤད་པ་མངོན་རྒྱན་ཡུམ་ལ་འཇུག་པའི་ལེགས་བཤད་བྱམས་པའི་འཐད་རྒྱན་ཞེས་བྱ་བ། མངོན་རྟོགས་རྒྱན་ལས་འབྱུང་བའི་དངོས་བརྒྱད་དོན་བདུན་ཅུའི་བཤད་པ་སྟོང་ཕྲག་ཉེར་ལྔ་པར་སྦྱར་ཞིང་། སྐབས་སྐབས་སུ། ཁམས་གསུམ་འགྲོ་བའི་སྒྲོན་མེ། བརྩེ་ཆེན་བསྟན་པའི་མཛེས་རྒྱན། ཀུན་མཁྱེན་གོ་བོ་རབ་འབྱམས་པ་བསོད་ནམ་སེངྒེའི་བཞེད་སྲོལ་རང་ལུགས་སུ་བྱས་ཏེ་དཔྱད་པ་ཅུང་ཙམ་རེ་བྱས་ནས་བྲི་བར་སྤྲོ་བ་བརྟས་སོ། །འདི་ལ་དོན་གསུམ་ཏེ། ཤེར་ཕྱིན་གྱི་མདོ་དང་བསྟན་བཅོས་བྱུང་ཚུལ་དང་ཞོར་དུ་མདོ་རྒྱན་སྦྱར་པའི་དགོས་པ་བཤད། སྟོང་ཕྲག་ཉེར་ལྔ་བ་དང་མངོན་རྒྱན་སྦྱར་བའི་གཞུང་ཁོག་དངོས་བཤད། དངོས་པོ་བརྒྱད་ཀྱི་སྨོན་ལམ་གྱི་སྒོ་ནས་མཇུག་བསྡུ་བ་གསུམ་ལས། དང་པོ། ཤེར་ཕྱིན་གྱི་མདོ་དང་བསྟན་བཅོས་བྱུང་ཚུལ་དང་ཞོར་དུ་མདོ་རྒྱན་སྦྱར་པའི་དགོས་པ་བཤད་པ་ལ། རྒྱ་གར་འཕགས་པའི་ཡུལ་དུ་ཤེར་ཕྱིན་གྱི་མདོ་དང་བསྟན་བཅོས་བྱུང་ཚུལ་བཤད། བོད་གངས་ཅན་གྱི་ལྗོངས་སུ་ཤེར་ཕྱིན་གྱི་མདོ་དང་བསྟན་བཅོས་བྱུང་ཚུལ་བཤད། ཞོར་དུ་མདོ་རྒྱན་སྦྱར་བའི་དགོས་པ་བཤད་པ་དང་གསུམ་ལས་། དང་པོ་ནི། འཇམ་དཔལ་མཚན་བརྗོད་ལས། སངས་རྒྱས་ཐོག་མ་ཐ་མ་མེད།། དང་པོ་སངས་རྒྱས་རྒྱུ་མེད་པ།། ཞེས་གསུང་པ་ལྟར་སངས་རྒྱས་ལ་ཐོག་མ་དང་ཐ་མ་མེད་པར་གསུངས་པས། དེའི་གསུངས་བའི་ཆོས་དང་བསྟན་པ་ལའང་ཐོག་མ་དང་ཐ་མ་མེད་མོད། འོན་ཀྱང་མདོ་སྡེ་བསྐལ་བཟང་ལས།། བསྐལ་པ་ལ་སངས་རྒྱས་འཇིག་རྟེན་དུ་བྱོན་པའི་བསྐལ་པ་དང་། སངས་རྒྱས་འཇིག་རྟེན་དུ་མི་བྱོན་པའི་བསྐལ་བ་གཉིས། ཞེས་གསུངས་བ་དང་མཐུན་པར་བྱས་ནས་ཅུང་ཙམ་བཤད་ན། ད་ལྟའི་བསྐལ་བ་འདི་སངས་རྒྱས་འཇིག་རྟེན་དུ་བྱོན་པའི་བསྐལ་བ་ཡིན་པར། བཀའ་བསྟན་གྱི་གསུང་རབ་བྲག་རི་རྩིག་པ་དག་ལས་མཇལ་ཐུབ་བོ། ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། དང་པོ་བྱང་ཆུབ་མཆོག་ཏུ་ཐུཊ་བསྐྱེད་དེ། བསྐལ་པ་གྲངས་མེད་གསུམ་དུ་ཚོཊ་བསཊ་ཤིང་།། བར་དུ་གཅོད་པའི་བདུད་བཞི་འཇོམས་མཛད་པ།། བཅོམ་ལྡན་སེང་གེ་དེ་ལ་ཕྱག་འཚལ་ལོ།། ཞེས་གསུངས་པ་ལྟར། སྟོན་པ་མི་མཇེད་ཀྱི་བདག་པོ་གང་། གདུལ་བྱ་སེམས་ཅན་གྱི་དོན་དུ་སྲིད་པ་འཇིག་རྟེན་གྱི་ཁམས་ཆེན་པོ་འདིར་བྱོན་ནས། དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་གྲངས་མེད་གསུམ་དུ་ཚོགས་བསགས། མཐར་ཡུལ་དབུས་རྒྱ་གར་རྡོ་རྗེ་གདན། མ་ག་དྷཱ་ཡི་བྱང་ཆུབ་ཤིང་དྲུང་དུ་མངོན་པར་རྫོངས་པར་སངས་རྒྱས་པའི་ཚུལ་བསྟན་ནས། ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ངམ། གདུལ་བྱ་སྐལ་ལྡན་གྱི་ཚོགས་ལ་སྒྲིབ་གཉིས་མངོན་བྱང་གི་ཐབས་སུ། གནས་དུས་འཁོར་ཆོས་དགོས་པ་སྟེ་ལྔ་ལྔའི་སྒོ་ནས་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་གསུངས་བའི། བཀའ་བར་བ་མཚན་ཉིད་མེད་པའི་ཆོས་འཁོར་གྱི་ཁོངས་གཏོགས་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་འདི་ཡིན་ནོ། །མདོ་སྡེ་རིན་པོ་ཆེ་འདིའང་གནས་དུས་འཁོར་ཆོས་དགོས་པ་ལྔའི་སྒོ་ནས་འཕགས་ཡུལ་དུ་བྱོན་ཚུལ་མདོར་ཙམ་ཞིག་བརྗོད་ན། དང་པོ་གནས་ནི་ཉི་ཁྲིའི་གླིང་གཞི་ལས། འདི་སྐད་བདག་གི་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་བོའི་ཁབ་ཀྱི་རི་བྱ་རྒོད་ཕུང་པོ་ལ། ཞེས་གསུངས་བ་བཞིན་བྱ་རྒོད་ཕུང་པོའི་རི་ནི་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་གསུངས་བའི་གནས་སོ། ། གཉིས་པ་དུས་ནི་ཆོས་འཁོར་འདི་བསྐོར་བའི་དུས་ལ་ཆོས་འབྱུང་དག་ལས་བཞེད་ཚུལ་མི་མཐུན་པ་མང་དུ་འདུག་པས་རྩོད་མེད་ཅིག་རྙེད་པར་རབ་ཏུ་དཀའ། འོན་ཀྱང་། སློབ་དཔོན་ཤཱུ་རཾ་ག་བཛྲས་མཛད་པའི་སྟོང་ཕྲག་ཉེར་ལྔའི་བཤད་པ་ལས། ཡང་འཁོར་རྣམས་ཀྱིས་དུས་གང་གི་ཚེ་ཐོས། སྟོན་པ་གང་ལས་ཐོས། གནས་གང་དུ་ཐོས། འཁོར་སུ་དང་ལྷན་ཅིག་ཏུ་ཐོས། བཤད་པའི་ཆོས་ཅི་ཐོས་ཤེ་ན། དྲི་བ་ལྔའི་ལན་དུ་རྒྱུད་ཀྱི་གླེང་གཞི་གསུངས་ཏེ། དུས་གཅིག་ན་ནི་ཀུན་རྫོབ་ཏུ་ལན་ཅིག་འདི་ཐོས་ལ། དུས་གཞན་གྱི་ཚེ་ནི་གཞན་དག་ཀྱང་ཐོས་སོ། །དེས་ན་ཐོས་པ་མང་བར་སྟོན་ཏོ། །དོན་དམ་པར་ན་རྒྱུད་ཀྱི་དོན་རྣམ་པར་ཐར་པའི་སྒོ་མཐའ་ཡས་པས་དུས་ཀྱི་མཐའི་སྐད་ཅིག་མ་གཅིག་ལ་རྟོགས་ཏེ། དེ་ཡང་། བློ་གྲོས་ཆེན་པོས་མཐོང་རྣམས་ཀྱི། །རྣམ་པ་ཐམས་ཅད་ཅིག་ཅར་ངེས། །ཞེས་བཤད་དོ། ། ཞེས་གསུངས་ཏེ། དུས་གང་དུ་མདོ་འདི་གསུངས་པར་དྲིས་པའི་ལན་དུ་མདོ་ཡི་གླེང་གཞི་དག་ལས“འདི་སྐད་བདག་གི་ཐོས་པ་དུས་གཅིག་ན”ཞེས་པའི་ཚིག་ཟུར་གྱི“དུས་གཅིག་ན”ཞེས་པའི་ཚིག་འདི་གསུངས་ཤིང་། དེའི་དོན་ཡང་དུས་གཅིག་ན་ཆོས་འདི་འདྲ་ཐོས་ཀྱང་དུས་གཞན་དང་གཞན་དུའང་ཐོས་ཞེས་བའི་དོན་དུ་བཀྲལ་ནས། མདོ་འདི་གསུངས་བའི་དུས་འདི་ཡིན་གྱི་ཐག་མ་བཅད་པར་ངེས་མེད་དུ་བསྟན་ཏེ་གསལ་ཁ་མ་གསུངས་པར་བཞག  རོང་སྟོང་ཆོས་ཀྱི་རྒྱལ་མཚན་གྱིས་ཀྱང་། སྟོང་ཕྲག་བརྒྱ་བའི་རྣམ་འགྲེལ་ལས། མདོ་ཡི་གླེང་གཞི་དག་ལས“འདི་སྐད་བདག་གི་ཐོས་པ་དུས་གཅིག་ན”ཞེས་གསུངས་ཏེ་དུས་ངེས་མེད་དུ་མཛད་པ་ནི། དེ་བཞིན་གཤེགས་པས་དུས་སྐད་གཅིག་མ་གཅིག་ལ། འཇིག་རྟེན་གྱི་ཁམས་མཐའ་ཡས་པ་ན། གདུལ་བྱ་སྣ་ཚོགས་པ་ལ་ཆོས་སྣ་ཚོགས་པ་དུས་གཅིག་ལ་སྟོན་པར་མཛད་པས་། གདུལ་བྱ་ནང་ཕན་ཚུན་ཆོས་གསུང་བའི་དུས་ལ་རྩོད་པ་ཅན་དུ་འགྱུར་བས། རྩོད་པ་མེད་པར་བྱ་བའི་ཕྱིར་དུས་ངེས་མེད་དུ་བསྟན་གསུངས་འདུག་པས། ཁོ་བོས་ཀྱང་། ཆོས་འབྱུང་དང་མཁས་དབང་དག་གི་གསུངས་མང་དུ་བཀླགས་ཀྱང་དུས་ཚིག་འདི་ཡིན་གྱི་རྩོད་མེད་གཅིག་མ་བརྙེད་པས། སྟོང་ཕྲག་ཉེར་ལྔ་པའི་གླེང་གཞི་ལས། འདི་སྐད་བདག་གི་ཐོས་པ་དུས་གཅིག་ན། ཞེས་དང་། འདི་ལྟར་སློབ་པ་རྒྱུན་ཏུ་ཞུགས་པ་ཚེ་དང་ལྡན་པ་དགའ་བོའོ། །དགེ་སློང་མ་གྲགས་འཛིན་དང་། སྐྱེ་དགུའི་བདག་མོ་ལ་སོགས་པ་ལྔ་བརྒྱ་ཙམ་དང་། ཞེས་གསུངས་པའི་རྗེས་སུ་འབྲང་སྟེ་འཁོར་དག་པ་རྣམ་བཞིས་ཡོངས་སུ་བསྐོར་བའི་དུས་ཤིག་ཏུ་གསུངས་ཟེར་ནས་འཇོག་པར་བྱའོ། གསུམ་པ་འཁོར་ནི་སྟོང་ཉིས་བརྒྱ་ལྔ་བཅུའམ་ལྔ་སྟོང་གི་དགེ་སློང་དང་དགེ་སློང་མ་དང་དགེ་བསྙེན་ཕ་མ་དང་། བྱང་ཆུབ་སེམས་དཔའི་འཁོར་བྱེ་བ་ཕྲག་ཁྲིག་བརྒྱ་སྟོང་ལའོ། །ཞེས་བུ་སྟོན་ཆོས་འབྱུང་ལས་གསུངས་སོ། །བཞི་བ་ཆོས་ནི་ཤེར་ཕྱིན་གྱི་ལུས་ཡོངས་རྫོགས་སྟོན་པའི་མདོ་དང་ཤེར་ཕྱིན་གྱི་དོན་ཙམ་སྟོན་པའི་མདོ་གཉིས་ཀྱིས་བསྡུས་པ་ཡུམ་རྒྱས་འབྲིང་བསྡུས་གསུམ་དང་། བསྡུས་དོན་ཚིགས་སུ་བཅད་པའི་མདོ་རྣམས་ནི། རྒྱ་གར་འཕགས་ཡུལ་དུ་བྱོན་པའི་ཤེར་ཕྱིན་གྱི་མདོ་སྡེར་གྱུར་བའི་ཆོས་དག་ཡིན་ནོ། དེ་ཡང་ཆོས་འབྱུང་དག་ལས། ཡུམ་རྒྱས་འབྲིང་གཉིས་ལའང་རྒྱས་འབྲིས་བསྡུས་པ་གསུམ་གསུམ་དུ་ཕྱེས་ནས་རྣམ་གཞག་མཛད་པ་ནི། རྒྱས་པའི་རྒྱས་པ་ཤེར་ཕྱིན་བྱེ་བ་ཕྲག་བརྒྱ་པ། རྒྱས་པའི་འབྲིང་ཤེར་ཕྱིན་འབུམ་ཕྲག་བརྒྱ་པ། རྒྱས་པའི་བསྡུས་པ་འཕགས་པ་ཀླུ་སྒྲུབ་ཀྱིས་ཀླུ་ཡུལ་ནས་མི་ཡུལ་དུ་གདན་དྲངས་པའི་སྟོང་ཕྲག་བརྒྱ་པ་ད་ལྟ་སྡེ་དགེའི་བཀའ་འགྱུར་དུ་བཞུགས་པའི་དུམ་པ་བཅུ་གཉིས་ཅན་དུ་གྱུར་བ་དེའོ། །སྟོང་ཕྲག་ཉི་ཤུ་ལྔ་པ་དང་། ཁྲི་བརྒྱད་སྟོང་པ་དང་། ཤེས་རབ་ཁྲི་པ་གསུམ་ནི་རིམ་པ་བཞིན་འབྲིང་གི་རྒྱས་འབྲིང་བསྡུས་གསུམ་དུ་ཕྱེ་བ་དག་གོ ། བསྡུས་པ་ནི་བརྒྱད་སྟོང་པ་སྟེ་བམ་པོ་ཉེར་ལྔ་དང་། ཤོ་ལོ་ཀ་སྟོང་ཕྲག་བརྒྱད་ཀྱི་བདག་ཉིད་ཅན་དུ་གྱུར་བ་དེའོ། ། སི་ཏུའི་བཀའ་འགྱུར་དཀར་ཆག་ཏུ། འབུམ། ཉི་ཁྲི། བརྒྱད་སྟོང་གསུམ་ལ་རྒྱས་འབྲིང་བསྡུས་གསུམ་གྱི་ཐ་སྙད་སྦྱར་བ་ནི་བོད་དུ་འགྱུར་བའི་ཤེར་ཕྱིན་གྱི་མདོ་ཡི་དབང་དུ་བྱས་ནས་གསུངས་ཞེས། ཁོ་བོའི་བླ་མ་གཞན་ཕན་སྙིང་པོས་སྟོང་ཕྲག་བརྒྱ་བའི་དཀར་ཆག་ཟབ་དོན་ནོར་བུའི་བང་མཛོད་ལས་གསུངས་པ་འདི་དོན་དང་ལྡན་པར་གནས་སོ། །བཞི་བ་བསྡུས་དོན་གྱི་མདོ་ནི། གླེང་གཞི་ལས། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་འཁོར་བཞི་པོ་དེ་དག་ཡང་དག་པར་རབ་ཏུ་དགའ་བར་མཛད་པའི་ཕྱིར། ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སྟོན་ཅིང་། དེའི་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །ཞེས་གསུང་པ་བཞིན་འཁོར་དག་པ་རྣམ་བཞི་དགའ་བར་བྱ་བའི་ཕྱིར། ཚིགས་སུ་བཅད་པའི་ཚུལ་གྱིས་མ་ག་དྷའི་སྐད་ཀྱིས་གསུངས་པའི་བཀའ་ཡོན་ཏན་རིན་པོ་ཆེ་མདོ་སྡུད་པ་འདི་ཉིད་ཡིན་ནོ། །དེས་ནས་དངོས་བརྒྱད་དོན་བདུན་ཅུ་དང་བཅས་པ་རྫོགས་པར་སྟོན་པ་མ་ཡིན་ཀྱང་། ལྟ་བ་སྟོང་ཉིད་དང་། སྤྱོད་པ་ཕར་ཕྱིན་དྲུག་གི་ཉམས་ལེན་སྟོན་པར་བྱེད་པའི་ཤེར་ཕྱིན་གྱི་དོན་ཙམ་སྟོན་པའི་མདོ་དག་ནི། ཤེར་ཕྱིན་བདུན་བརྒྱ་པ་ལ་སོགས་པ་ཤེར་ཕྱིན་གྱི་མདོ་ཕྲན་ཇི་སྙེད་བྱུང་བ་དག་གོ །འདི་དག་རེ་རེ་བཞིན་བགྲང་བར་ཡིག་ཚོགས་མང་དུ་དོགས་པས་འདིར་མ་བཀོད་ལ། ཕར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེའི་བྱུང་བ་མཁྱེན་འདོད་ཀྱི་སྤྱན་རས་ཡངས་པ་དག་གིས། ཆོས་འབྱུང་དང་བཀའ་འགྱུར་གྱི་དཀར་ཆག་དག་ཏུ་གཟིགས་པར་མཁྱེན། ཁོ་བོ་ལ་ནི་དེ་ལས་གཞན་པའི་གསལ་ཁ་གང་ཡང་བྲི་བྱ་མེད་དོ། ། ལྔ་བ་དགོས་པ་ནི་རྒྱ་ཆེར་རོལ་བ་ལས། ཀུན་གཞི་མེད་ཅིང་སྤྲོས་པ་མེད། །སྐྱེ་འགག་མེད་ཅིང་བླང་དོར་མེད། །སྟོང་བ་ཉིད་དུ་ཚུལ་གཅིག་པའི། །ཆོས་ཀྱི་འཁོར་ལོ་རབ་བསྐོར་རོ། །བླང་བ་མེད་ཅིང་དོར་མེད་ལ། །མཚན་མ་མེད་ཅིང་མཚན་ཉིད་མེད། །མཉམ་པ་ཉིད་ཀྱི་ཆོས་བསྟན་པའི། །འཁོར་ལོ་སངས་རྒྱས་ཀྱིས་བསྐོར་རོ། །ཅེས་གསུངས་པ་ལྟར། གདུལ་བྱ་རྣམས་ཀྱི་ལྟ་བ་ངན་པའི་སྒྲིབ་གཡོགས་དག་བསལ་ནས་བགྲོད་པ་གཅིག་པུའི་ལམ་སྟོང་པ་ཉིད་དུ་ཚུལ་གཅིག་པར་འགོད་པར་བྱ་བའི་ཕྱིར་དུ་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་འདི་གསུངས་ཤིང་བྱུང་བ་ཡིན་ནོ། །འདི་དག་ནི་རྒྱ་གར་འཕགས་པའི་ཡུལ་དུ་ཤེར་ཕྱིན་གྱི་མདོ་སྡེ་བྱུང་བའི་ཚུལ་ཡིན་ནོ། །ད་ནི་འཕགས་ཡུལ་དུ་ཤེར་ཕྱིན་གྱི་བསྟན་བཅོས་བྱུང་བའི་ཚུལ་ཅུང་ཙམ་བརྗོད་ན། སྟོན་པ་བླ་ན་མེད་པ། ཆོས་འཁོར་མ་ལུས་པ་བསྐོར་བའི་ཆོས་ཀྱི་རྒྱལ་པོ་ཆེན་པོ། སྐུ་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ལོན་པའི་རྗེས་སུ་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེའི་དགོངས་འགྲེལ་དག་རིམ་པར་བྱུང་བར་གསལ་ལ། དེ་ཡང་ཆོས་ཀྱི་བཤེས་གཉེན་གྱིས། ཤེར་ཕྱིན་ལ་སྙིང་པོའི་དོན་སྟོན་པ་དང་མངོན་པར་རྟོགས་པའི་དོན་སྟོན་པ་གཉིས་སོ། །ཞེས་གསུངས་པ་བཞིན་ཤེར་ཕྱིན་གྱི་མདོ་ཡི་བརྗོད་བྱ་ནི་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་དང་། སྦས་དོན་མངོན་རྟོགས་ཀྱི་རིམ་པ་གཉིས་སུ་འདུས་པས། སྒྲིབ་གཉིས་མ་སྤོང་བའི་སོ་སྐྱེ་དག་གིས་རྗེས་འཇུག་མཁས་པའི་དགོངས་འགྲེལ་ལ་མ་བརྟེན་པར། བཀའ་ཡི་དགོངས་དོན་རང་སྟོབས་ཀྱི་རྟོགས་པར་མི་ནུས་སོ། །དེ་བས་རྒྱལ་པ་ཉིད་ཀྱིས་ལུང་གིས་ཟིན་པའི་ཤིང་རྟ་ཆེན་པོ་རྣམ་གཉིས་ཀྱི་ཡ་གྱལ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་ཐོག་མར་དབུ་མ་རིགས་ཚོགས་ལྔ་མཛད་དེ་མདོ་ཕར་ཕྱིན་ཐེག་པའི་ཟབ་དོན། དངོས་བསྟན་སྟོན་ཉིད་ཀྱི་རིམ་པ་རྣམས་གསལ་བར་གཏན་ལ་ཕབ། དེའི་རྗེས་སུ་འཕགས་པ་ཐོགས་མེད་ཀྱི་ལོ་སྐོར་བཅུ་གཉིས་ཀྱི་བར་དུ། རྒྱལ་ཚབ་བྱམས་པ་མགོན་པོ་བསྒྲུབས་ཏེ། དགའ་ལྡན་ལྷ་ཡུལ་དུ་བྱོན་པ་ན། རྒྱལ་ཚབ་བྱམས་པ་མགོན་པོས་ཐུགས་བརྩེ་བ་ཆེན་པོ་སྒོ་ནས་ཕྱི་རབས་ཀྱི་གདུལ་བྱའི་དོན་དུ། སྦམ་དོན་མངོན་རྟོགས་ཀྱི་རིམ་པ་རྣམས་གསལ་བར་མཛད་པའི་བསྟན་བཅོས་ཚད་མ། བྱམས་པའི་ཆོས་སྡེ་ཆེན་པོ་ལྔ་ཞེས་ཡོངས་སུ་གྲགས་པ་འདི་དག་མི་ཡུལ་དུ་བྱོན་པ་ནས་བཟུང་། ཤེར་ཕྱིན་གྱི་དགོངས་འབྲེལ་བསྟན་བཅོས་དག་རིམ་པར་བྱུང་པ་ཡིན་ནོ། ། བསྟན་འགྱུར་གྱི་ཁྲོད་དུ་ཤེར་ཕྱིན་གྱི་མདོ་སྡེ་རིན་པོའི་ཆེའི་དགོངས་འགྲེལ་བསྟན་བཅོས་བསྡོམས་པའི་བཞི་བཅུ་ཙམ་ཞིག་བཞུགས་པར་གསུངས་ཡང་། རྒྱ་གར་འཕགས་པའི་ཡུལ་ནི་ནང་བསྟན་ཆོས་གཞུང་གི་ལྟ་བའི་གནད། ལྷག་ཏུ་མདོ་ཕར་ཕྱིན་ཐེག་པའི་ཟབ་དོན་གསལ་བར་མཁྱེན་པའི་མཁས་འགྲུབ། གནམ་གྱིས་ས་ཁེབ་པ་ལྟ་བུ་བྱུང་བའི་ནང་བསྟན་གྱི་ལྟེ་གནས་སུ་གྱུར་ཡོད་པས། ཕར་ཕྱིན་གྱི་མདོ་སྡེའི་དགོངས་འགྲེལ་མཐའ་ཡས་པ་ཞིག་བྱུང་ཡོད་པའང་དོགས་པའི་གནས་མ་མཆིས། དེ་བས་འདིས་འཕགས་ཡུལ་དུ་བྱུང་བའི་ཤེར་ཕྱིན་གྱི་དགོངས་འགྲེལ་བསྟན་བཅོས་དག་གི་གྲངས་ངེས་ཀྱི་ཁ་ཚོན་གཅོད་མི་ཐུབ་བོ། །དེ་ལྟར་འཕགས་ཡུལ་དུ་ཤེར་ཕྱིན་གྱི་མདོ་བསྟན་བྱུང་ཚུལ་མདོར་བསྡུས་ཙམ་ཞིག  ཆོས་འབྱུང་དང་སྔོན་བྱོན་མཁས་དབང་རྣམས་ཀྱི་གསུང་རྩོམ་ཁག་ལས་བཏུས་པ་ཡིན་པས། ཤེར་ཕྱིན་གྱི་མདོ་བསྟན་དེ་དག་གི་མཚན་བྱང་དང་བྱུང་བ་རེ་རེ་བཞིན་ཤེས་འདོད་སྐྱེས་ཚེ། གནའ་བོའི་ལོ་རྒྱུས་སྨྲ་བའི་མཁས་དབང་དག་གི་ཆོས་འབྱུང་དང་བསྟན་རྩིས། ལྷག་ཏུ་མདོ་དང་བསྟན་བཅོས་བརྩམས་པའི་མཁའ་གྲུབ་དེ་དག་གི་རྣམ་ཐར་ཞིབ་མཇལ་བྱེད་པ་ནི་ཅེས་ཀྱང་འགང་ཆེ་བའི་གནས་སོ། །འདིར་ནི་ཡིག་ཚོགས་མང་བས་མ་བཀོད་དོ། ། གཉིས་པ་བོད་གངས་ཅན་གྱི་ལྗོངས་སུ་ཤེར་ཕྱིན་གྱི་མདོ་བསྟན་བྱུང་ཚུལ་ནི། ཁ་བ་གངས་ཅན་གྱི་ཡུལ་ཞེས་མི་ཡུལ་གྱི་དག་ཞིང་། གནས་ཕུན་ཚོགས་ལྷ་ཡུལ་གྱི་དཔལ་དང་མཉམ་པའི་ལྗོངས་འདིར། ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་བྱུང་བའི་ཚུལ་མདོར་ཙམ་ཞིག་བརྗོད་ན། ཐོག་མར་ཤེར་ཕྱིན་འབུམ་པ་སྟོང་ཕྲག་བརྒྱ་པ་དེ་ཉིད་བོད་དུ་བསྒྱུར་ཚུལ། འགྱུར་གྱི་རིམ་པ་དང་མཐུན་པར་བརྗོད་ན། དེ་ཡང་བསྟན་པ་སྔ་དར་གྱི་སྐབས་སུ་རྒྱལ་པོ་ཁྲི་སྲོང་སྡེ་བཙན་གྱིས་ཐེག་ཆེན་གྱི་ཆོས་ལ་གུས་པ་ཆེན་པོས། གངས་ཅན་གྱི་ཡུལ་འདིར་འབུམ་སྤྱན་དྲངས་པར་ཐུགས་ཐག་བཅད་ནས། བློ་རྣོ་བའི་མཆོག་དུ་གྱུར་བ་རླངས་ཁམས་པ་གོ་ཆ་ལ་གསེར་མང་པོ་བསྐུར་ནས་རྒྱ་གར་དུ་བཏང་སྟེ། ཁོང་གིས་ཐུགས་ལ་བཟུང་ནས་བོད་དུ་ཐུགས་ནས་ཕྱུང་སྟེ་བྲིས་པས། འབུམ་ཐུགས་འགྱུར་དུ་གྲགས་པ་དེ་བྱུང་། འདི་ནི་བཙུན་མོའི་ཁྲག་ལ་སྣག་ཚའི་དོད་བྱས། རའི་འོ་མ་ལ་དམ་རྩི་བྱས་ནས་བྲིས་པའི་དུམ་པ་བཞི་ཅན་གྱི་ར་གཟིགས་དམར་པོར་གྲགས་པ་དེའང་ཡིན་པར་གསལ།  དེའི་ཕྱིས་ཉང་ཨིཎྜ་ཨ་རོ་དང་། སྦས་མཉྫུ་ཤྲི་གཉིས་ཀྱིས་རྒྱ་གར་ནས་དཔེ་བླངས་ཏེ་བསྒྱུར་བས། བཅའ་འབུམ་དུ་མཚན་ཐོགས་པའི་འབུམ་དུམ་བཞི་མ་ཞིག་བྱུང་བར་གྲགས། འདི་ནི་ར་གཟིགས་དམར་པོ་གྲགས་པའི་འབུམ་ཐུགས་འགྱུར་ཞུ་བ་དེར་རྒྱལ་པོ་ཐུགས་མ་ཆེས་ཏེ། འབངས་ལས་བཅའ་བསྟུས་ནས་ཉང་ཨིཎྜ་ཨ་རོ་དང་། སྦས་མཉྫུ་ཤྲི་གཉིས་གདན་འདྲེན་དུ་བཏང་ཞིང་། དེས་རམས་ལ་སྣག་ཚ་དང་རའི་འོ་མ་ལ་དམ་རྩི་བྱས་ནས་བྲིས་པས། ར་གཟིགས་སྔོན་པོ་བྱ་བར་བཏགས་ཞེས། རོང་སྟོན་ཤེས་བྱ་ཀུན་གཟིགས་ཀྱིས་སྟོང་ཕྲག་བརྒྱ་བའི་རྣམ་འགྲེལ་ལས་གསལ། །དེ་ནས་པ་གོར་བཻ་རོ་ཙ་ནས་ར་གཟིགས་སྔོན་པོ་དང་། རྒྱ་དཔེ་གཉིས་བསྟུན་ནས་ཞུ་ཆེན་མཛད་དེ། འགྲེས་རྐང་ཆད་པ་སོགས་ཁ་བསྐང་ནས་བརྗོད་བདེར་བསྒྱུར་བའི་འབུམ་ཁབ་ཅན་དུ་གྲགས་པ་དེ་བྱུང་བར་བཤད།  དེ་ནས་མངའ་བདག་ཁྲི་རལ་པ་ཅན་གྱི་སྐབས། རྒྱ་གར་དབུས་ཀྱི་པཎྜི་ཏ་སུ་ལེནྟྲ་བོ་དྷི་དང་། ཤཱཀྱ་པྲ་བྷ་ཝ་དང་། བོད་ཀྱི་ལོ་ཙྭ་བ་ཆེན་པོ་འཕན་ཡུལ་གྱི་སྐ་བ་དཔལ་བརྩེགས་དང་། ཅོག་རོ་ཀླུའི་རྒྱལ་མཚན་སོགས་ཀྱི་འགྱུར། ན་བཟའ་ལ་མཚན་ཐོགས་པ་ཤ་སྒྲོ་ཅན་དུ་གྲགས་པ་དེ་བྱུང་བར་གསལ། དེའི་ཕྱིས་རྔོག་ལོ་ཙྭ་བ་ཉིད་ཀྱིས་ར་གཟིགས་སྔོན་པོ་ལ་གཟིགས་ནས་འགྱུར་མཛད་པའི་འབུམ་ཤ་སྒྲོ་ཅན་དུ་གྲགས་པ་དེ་བྱུང། །ཡང་སུ་ཏུ་པཎ་ཆེན་གྱིས་སྡེ་པར་དཀར་ཆག་ཡལ་འདབ་བདུན་པ་ལས། རྔོག་ལོ་ཆེན་པོས་བལ་པོ་ཕམ་མཐིང་གི་གཙུག་ལག་ཁང་གི་འབུམ་ལ་གཏུགས་ནས། ཤེས་རབ་སྒྲོན་མ། སྣང་བ་གསལ་བ། ཟླ་བའི་སྒྲོན་མའི་ཏིང་ངེ་འཛིན་གསུམ་གྱི་མིང་གསར་དུ་བཅུག་པ་སོགས་དག་པར་མཛད་པ་ནས། ཏིང་ངེ་འཛིན་བརྒྱ་ཉེར་གཅིག  སྒོ་གསུམ་རྣམ་གྲངས་བཅུ་གཅིག  ཞུས་ལན་བརྒྱ་དང་ཉི་ཤུ། འགྲེས་རིང་བརྒྱ་དང་ལྔ་བཅུ།  ཕྱོགས་སྐོར་བདུན་བཅུ་རྩ་བཞི། མཚོན་བྱེད་ཀྱི་ཆོས་བདུན་བཅུ། འགྲེས་རྩ་བདུན་བརྒྱ་དང་བཅུ་གཅིག  འགྲེས་ཐུང་བསྣན་པའི་འགྲེས་རྩ་ཁྲི་དང་བཞི་བརྒྱ་ཉེར་དགུ་ཞེས་དཔྱོད་ལྡན་རྣམས་ལ་ཡོངས་སུ་གྲགས་པ། ཤཱོ་ལོ་ཀ་སྟོང་ཕྲག་བརྒྱ་སྟེ་འབུམ་ཕྲག་གཅིག་ཡོད་པས་མཚན་ཡང་དེ་ལྟར་སྨོས་པ་སྟེ། ཀླུ་སྒྲུབ་ཀྱིས་ཀླུའི་གནས་ནས་སྤྱན་དྲངས་པའི་ཚེ་བྱམས་ཞུས། ཆོས་འཕགས། རྟག་ངུ་། ཡོངས་གཏད་དེ་ལེའུ་བཞི་ཀླུས་མ་བསྐུར་བས་མ་ཚང་བ། ཕྱིས་ཉི་ཁྲི་དང་བརྒྱད་སྟོང་ནས་ཁ་བསྐང་བའི་ལུགས་ཀྱང་ཡོད་དེ། འདིར་ཁ་མ་བསྐང་པའི་ལུགས་ཀྱིས་བམ་པོ་སུམ་བརྒྱ་དང་གཅིག་ལེའུ་དོན་གཉིས་སུ་ཡོད། ཅེས་གསུངས་འདུག་པས། སྡེ་པར་གྱི་པར་གཞིའང་འདི་ཉིད་དུ་གནས་ཤིང་། ད་ལྟར་བཞུགས་པའི་འབུམ་དུམ་པ་བཅུ་གཉིས་སུ་གྲགས་པ་དེ་ཉིད་ཡིན་པར་གསལ། འོན་ཀྱང་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱིས་མཛད་པའི་ཤེས་བྱ་ཀུན་ཁྱབ་མཛོད་དང་། ཀུན་མཁྱེན་རོང་སྟོན་ཆོས་རྗེས་མཛད་པའི་སྟོང་ཕྲག་བརྒྱ་བའི་རྣམ་འགྲེལ་སོགས་མཁས་དབང་དག་གིས་གསུངས་རབ་ལས། ཤེར་ཕྱིན་འབུམ་པ་སྟོང་ཕྲག་བརྒྱ་པ་དེ་ལ་བླ་འགྱུར་ཆེ་འབྲིང་ཆུང་གསུམ་གྱི་ཐ་སྙད་མཛད་དེ་གསུངས་པ་ལྟར་ན། སྟོང་ཕྲག་བརྒྱ་པ་འདི་ལ་པོད་བཅུ་དྲུག་དང་། བཅུ་བདུན་ཡོད་པ་ཞིག་ཀྱང་བྱུང་བར་སྣང་། མདོར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་འདི་ཉིད། རླངས་ཁམས་པ་གོ་ཆ་དང་། བཻ་རོ་ཙ་ན། ལྕེ་ཁྱི་འབྲུག  ཞང་ཡེ་ཤེས་སྡེ་ལ་སོགས་ལོ་ཙྭ་བ་དུ་མས་ལྷག་བསམ་གྱི་ཐུགས་བསྐྱེད་ལས་བོད་ཁ་བ་ཅན་གྱི་བསོད་ནམས་ཀྱི་དཔལ་དུ་བྱོན་པའོ། ། ཡང་སྡེ་དགེའི་བཀའ་འགྱུར་དཀར་ཆག་ཏུ་འཁོད་པ་ལྟར་ན་ལོ་ཙྭ་བ་ཞང་ཡེ་ཤེས་སྡེ་སོགས་ལོ་ཙྭ་བ་མང་པོ་ཞིག་གི་བཀའ་དྲིན་ལས། ཡུམ་འབྲིང་པོ་སྟོང་ཁྲག་ཉི་ཤུ་ལྔ་བ། བམ་པོ་བརྒྱད་ཅུ་རྩ་གསུམ་དང་ཤོ་ལོ་ཀ་བརྒྱ་པ་ཅན་ཡང་བོད་དུ་འགྱུར། དེ་ནས་ཁྲི་བརྒྱད་སྟོང་པ་བམ་པོ་དྲུག་ཅུ་ཅན་དུ་གྱུར་བའང་འགྱུར་བར་གསུང་ལ་། འདིའང་ཡེ་ཤེས་སྡེ་སོགས་ལོ་ཙྭ་བ་གང་མང་ཞིག་གིས་བསྒྱུར་ཞེས་བུ་སྟོན་ཆོས་འབྱུང་ལས་གསལ། མདོ་སྡེ་རིན་པོ་ཆེ་འདི་དག་ནི་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐབས་སུ་བོད་སྐད་དུ་བསྒྱུར་བར་སྣང་ངོ་། ། དེ་ནས་ཡུམ་བསྡུས་པ་བརྒྱད་སྟོང་པ་བམ་པོ་ཉེར་བཞི་རྔོག་ལོ་ཆེན་པོ་སོགས་ཀྱི་འགྱུར། འདི་ལ་རྒྱ་དཔེ་ཐ་དད་པའི་དབང་གིས་འཕྲེང་བ་ཅན། གཟོ་སྦྱངས། སྡེ་ཅན་ཏེ་ཚིག་སྣ་རིང་ཐུང་དང་། འགྱུར་ཁྱད་མི་འདྲ་བ་གསུམ་ཡོད་པར་སྡེ་དགེའི་དཀར་ཆག་ལས་འབྱུང་། དེ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསྡུས་དོན་ཚིགས་སུ་བཅད་པ་སྡུད་པ་ནི། ལོ་ཙྭ་བ་བནྡེ་དཔལ་བརྩེགས་དང་། པཎྜིཏ་བྱཱ་ཀ་ར་སིང་ཧས་བསྒྱུར་བ་སྟེ། ཤེར་ཕྱིན་གྱི་མདོ་སྡེ་ཕལ་ཆེ་བ་ཞིག་བསྟན་པ་སྔ་དར་གྱི་དུས་སུ་བྱུང་བར་ཆོས་འབྱུང་སོགས་ལས་གསལ་ལོ། །དེ་ལྟར་སྟོན་པ་ཐུགས་རྗེ་ཅན་གྱི་གསུང་ཤེེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་འདི། བོད་ཡུལ་དུ་བྱོན་ཚུལ་མདོར་བསྡུས་ཙམ་ཞིག  ཆོས་འབྱུང་དང་དཀར་ཆག་སོགས་མཁས་པའི་གསུང་རབ་ལས་བཏུས་ཏེ་འདིར་བཀོད་པ་ཡིན་པས། ནོར་འཁྲུལ་ཡོད་མེད་མཁྱེན་ལྡན་དག་གིས་དཔྱད་པར་འཚལ་ལོ། ། ད་ནི་བོད་གངས་ཅན་གྱི་ལྗོངས་སུ་ཤེར་ཕྱིན་གྱི་བསྟན་བཅོས་བྱུང་ཚུལ་རགས་ཙམ་ཞིག་བརྗོད་ན། དེ་ཡང་སྤྱིར་བུ་སྟོན་ཆོས་འབྱུང་ལས་རྒྱ་གར་ནས་བོད་ཡུལ་དུ་བྱུང་བའི་ཤེར་ཕྱིན་གྱི་བསྟན་བཅོས་བཞི་བཅུ་ལྷག་ཙམ་གཅིག་གསུང་འདུག་པ་དང་། རྗེ་ཙོང་ཁ་བའི་ལེགས་བཤད་གསེར་ཕྲེང་ལས། གཞུང་བཤད་ཐབས་ཀྱི་སྔོན་འགྲོའི་སྐབས་སུ་རྒྱ་འགྲེལ་ཉེར་གཅིག་གི་གྲངས་འདྲེན་དོགས་གཅོད་དང་བཅས་པ་ལེགས་པར་གསུངས་པ་དེ་དག་ལ་ཞིབ་ཀྱིས་མཇལ་ན། བོད་ཁ་བ་རི་བའི་ལྗོངས་ཆེན་པོ་འདིའི་བསོད་ནམས་ཀྱི་དཔལ་དུ་ཤེར་ཕྱིན་གྱི་བསྟན་བཅོས་མང་དུ་བྱོན་ཡོད་པ་ནམ་ལངས་ཉི་ཤར་དུ་གྱུར་འདུག་པས། ཁོ་བོ་འདིར་དེ་དག་རེ་རེ་བཞིན་བགྲང་ནས་སྤྲོས་པ་རྒྱ་ཆེར་བྱེད་པ་ནི་ཡི་གེ་མང་བ་ཙམ་ལས་དགོས་པ་ཆེར་མི་སྣང་བས། སྤྲོས་པ་རྒྱ་ཆེན་གྱི་མཚན་མ་སྤང་སྟེ་མངོན་རྟོགས་རྒྱན་དང་འབྲེལ་བའི་ཤེར་ཕྱིན་གྱི་བསྟན་བཅོས། བོད་ཡུལ་དུ་ཡོངས་སུ་གྲགས་ཆེ་བ་འགའི་བྱུང་ཚུལ་མདོར་ཙམ་ཞིག་འབྲི་བར་བྱའོ། ། དེ་ཡང་། བསྟན་པ་སྔ་དར་གྱི་དུས་སུ་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱིས་རྒྱལ་ཚབ་བྱམས་པ་མགོན་པོས་མཛད་པའི་ཤེར་ཕྱིན་མངོན་རྒྱན་འདི་བོད་ཡུལ་དུ་བསྒྱུར་ཞིང་གཏན་ལ་ཕབ་སྟེ་འཆད་ཉན་གྱི་སྲོལ་བཟང་པོ་གཏོད། དེ་ནས་བསྟན་པ་ཕྱི་དར་གྱི་སྐབས་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས། འཕགས་པ་རྣམ་གྲོལ་སྡེས་མཛད་པའི་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་བའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པའམ། ཉི་ཁྲི་སྣང་བ་དང་། སློབ་དཔོན་སེངྒེ་བཟང་པོས་མཛད་པའི་བརྒྱད་སྟོང་པའི་འགྲེལ་བ་མངོན་པར་རྟོགས་པའི་རྒྱན་གྱི་སྣང་བའམ། བརྒྱད་སྟོང་འགྲེལ་ཆེན་གཉིས་བསྒྱུར་ཏེ་གཏན་ལ་ཕབ་པར་མཛད། ཡང་ཞུ་ཆེན་གྱི་ལོ་ཙཱ་བནྡེ་དཔལ་བརྩེགས་ཀྱིས་སློབ་དཔོན་སེང་གེ་བཟང་པོས་མཛད་པའི་འགྲེལ་ཆུང་དོན་གསལ་འདི་བོད་དུ་བསྒྱུང་ཞིང་། དེའི་རྗེས་སུ་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་སོགས་ཀྱིས་ཀྱང་ལེགས་པར་གཏན་ལ་ཕབ་པར་གསུངས། ། གཞན་ཡང་། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་ཕྱི་ལོ་བརྒྱ་ཕྲག་དགུ་བ་དང་བཅུ་བའི་བར་སློབ་དཔོན་སེང་གེ་བཟང་བོའི་མཛད་པའི་ཉི་ཁྲི་ལེའུ་བརྒྱད་མ་བོད་དུ་བསྒྱུར་ཞིང་གཏན་ལ་ཕབ། སྒྲ་བསྒྱུར་གྱི་ལོ་ཙཱ་བ་ཆེན་པོ་དགེ་སློང་རིན་ཆེན་བཟང་པོས་གསེར་གླིང་པ་ཆོས་ཀྱི་གྲགས་པས་མཛད་པའི་འགྲེལ་བ་རྟོགས་པར་དཀའ་བའི་སྣང་བ་ཡང་ཕྱི་ལོ་བརྒྱ་ཕྲག་དགུ་བ་དང་བཅུ་བའི་བར་དེར་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པར་མཛད། དེ་ནས་བུ་སྟོན་ཆོས་འབྱུང་ལས་བསྟན་པ་བཞིན་རྔོག་ལོ་ཙཱ་བ་ཆེན་པོས། སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པའི་བརྒྱད་སྟོང་པའི་དོན་བསྡུས་དང་། དེའི་རྒྱ་ཆེར་འགྲེལ་པ་སློབ་དཔོན་དཀོན་མཆོག་འབངས་ཀྱིས་མཛད་པ་གཉིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པར་མཛད། གཞན་ཡང་། ལོ་ཙཱ་བ་འབྲོ་སེང་དཀར་ཤཱཀྱ་འོད་ཀྱིས་བཙུན་པ་རྣམ་གྲོལ་སྡེས་མཛད་པའི་ཉི་ཁྲི་རྣམ་འགྲེལ་དང་། སློབ་དཔོན་སེང་གེ་བཟང་པོའི་མཛད་པའི་བསྡུ་པ་ཚིགས་སུ་བཅད་པའི་དཀའ་འགྲེལ་ལམ། སྡུད་འགྲེལ་རྟོགས་སླ་གཉིས་བསྒྱུར་ཞིང་གཏན་ལ་ཕབ། ཡང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་སློབ་དཔོན་དབུ་མ་པ་ཆོས་ཀྱི་གཤེས་གཉེན་གྱིས་མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པའི་འགྲེལ་བཤད་ཚིག་རབ་ཏུ་གསལ་བ་དེ་ཉིད་ལེགས་པར་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པར་མཛད་དོ། ། དེ་ལྟར་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེའི་དགོངས་འགྲེལ་བསྟན་བཅོས། བོད་གངས་ཅན་གྱི་ལྗོངས་སུ་ཡོངས་སུ་གྲགས་ཤིང་རྒྱས་པ་འདི་དག་གི་བྱུང་ཚུལ་མདོར་ཙམ་ཞིག་མཁྱེན་དཔྱོད་ཡངས་བ་དག་གི་སྤྱན་ལམ་དུ་ཕུལ་བའོ། ། 
རྒྱལ་བ་མཆོག་དང་རྒྱལ་སྲས་ཚོགས་ཀྱི་བཀའ་བསྟན་བྱུང་བ་མ་ཤེས་ན། །
འཕགས་ཡུལ་མཁས་དང་བོད་ཡུལ་ལོ་ཙཱའི་ཕྱོགས་མེད་སྙིང་རྗེའི་ཕྲིན་ལས་དང་། །
མཇལ་མཐའ་བྲལ་བའི་བཀའ་དྲིན་ཚོགས་རྣམས་ཇི་ལྟར་རྟོགས་སམ་དེ་ལྟ་བས། ། 
ཕར་ཕྱིན་མདོ་དང་དེ་ཡི་དགོངས་འབྲེལ་རྒྱ་བོད་གཉིས་སུ་བྱོན་པའི་ཚུལ། །
ཆོས་འབྱུང་དག་ལས་ཇི་ལྟར་འབྱུང་བཞིན་བློ་གསར་དགའ་བའི་སྐྱེས་སུ་ཕུལ། །
ཅེས་པ་འདི་ནི་སྔོན་བྱོན་མཁས་པའི་མཛད་རྗེས་དང་བཀའ་དྲིན་དྲན་པའི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། ། གསུམ་པ་ཞོར་དུ་མདོ་རྒྱན་སྦྱར་བའི་དགོས་པ་བཤད་པ་ནི། སྤྱིར་ན། འཕགས་པ་རྣམ་གྲོལ་སྡེས། ཉི་ཁྲི་དང་སྦྱར་ནས་མངོན་རྟོགས་རྒྱན་གྱི་བཤད་པ་ཉི་ཁྲི་སྣང་བ་འདི་ཉིད་འཇིག་རྟེན་དུ་བྱོན་པ་ནས་བཟུང་། འཕགས་བོད་ཀུན་དུ་མཁས་ཤིང་གྲུབ་པའི་སྐྱེས་ཆེན་གནམ་གྱི་ས་ཁེབ་པ་ལྟ་བུ་མང་དུ་བྱོན་ཞིང་། ཕར་ཕྱིན་རྒྱས་འབྲིང་བསྡུས་གསུམ་དང་སྦྱར་བའི་མངོན་རྒྱན་གྱི་བཤད་པ་རབ་ཏུ་མང་པོ་བྱུང་ཡོད། ལྷག་ཏུ་གངས་ཅན་མཛེས་པར་བྱེད་པའི་རྒྱན་དགུའི་ཡ་གྱལ་ཀུན་མཁྱེན་སངས་རྒྱས་དཔལ་དང་རོང་སྟོན་ཤེས་བྱ་ཀུན་གཟིགས་རྣམ་གཉིས་ཀྱིས། མཚམས་སྦྱར་དང་རྩ་བ། འགྲེལ་བ་དང་། ཤེར་ཕྱིན་འབུམ་པའི་མདོ་ཚིག་སོགས་དངོས་སུ་སྨྲས་ཏེ། རྒྱས་བསྡུས་སྣ་ཚོགས་པའི་སྒོ་ནས་འགྲེལ་བ་འགྲེལ་བཤད་གང་མང་ཞིག་མཛད་དེ། མཚན་སྙན་གྱི་གྲགས་པ་གངས་ཅན་ཁ་བའི་ལྗོངས་སུ་ཁྱབ་ཅིང་། ཕྲིན་ལས་ཀྱི་ཆུ་རྒྱུན་མཚམས་མ་ཆད་པར་ད་རབ་དུ་གནས་ཡོད་པ་ཡིན། འོན་ཀྱང་། ད་རེབ་ཁོ་བོས་རྒྱ་བོད་ཀུན་ཏུ་ཉི་ཟླ་ལྟར་གྲགས་པའི་འཕགས་སང་གཉིས་ཀྱི་ཡ་གྱལ་འཕགས་པ་རྣམ་གྲོལ་སྡེས་མཛད་པའི་ཉི་ཁྲི་སྣང་བའི་གཙོས་ཉི་ཁྲི་ལྔ་སྟོང་པའི་བཤད་པ་འགའ་དང་སྒྲིག་ནས། སྟོང་ཕྲག་ཉེར་ལྔ་པར་རག་ཙམ་ཞིག་མཇལ་བའི་སྐལ་བཟང་གི་ཉི་མ་ཞིག་ལེགས་པར་འཆར་བས། ཉི་ཁྲི་སྣང་བ་སོགས་སྟོང་ཕྲག་ཉེར་ལྔ་པ་དང་སྦྱར་བའི་རྒྱན་འབྲེལ་དེ་དག་ཏུ། རྒྱན་ཚིག་གི་བརྗོད་དོན་བསྟན་པའི་མདོ་ཚིག་རེ་བཟུང་བཀོད་དེ་སོགས་སྒྲ་སྦྱར་བ་མ་གཏོགས། སྟོང་ཕྲག་ཉེར་ལྔ་པའི་གླེགས་བུམ་གྱི་དུམ་པ་དང་། དེབ་ངོས་ཀྱི་གྲངས་འདི་དང་འདི་ཡི་བར་གྱིས། མངོན་རྒྱན་ལས་གསུངས་བའི་བརྗོད་དོན་དག་འབྱུང་བར་བྲིས་པའི་གསལ་ཁ་མ་གསུངས་པར་འདུག་པས། མངོན་རྒྱན་གྱི་གཞུང་ཚིག་དང་དེའི་བརྗོད་དོན་སྟོན་པའི་མདོ་ཚིག་ཤོག་ངོས་ཀྱི་གྲངས་དང་བཅས་པ་དངོས་སུ་བསྒྲག་ནས་བཀོད་ན། ཡུན་རིང་གི་ངར་བ་བསྟན་མི་དགོས་པར། རྒྱན་གྱི་བརྗོད་དོན་མདོ་ལ་སྦྱར་ནས། མདོ་ལ་བདེ་བླག་ཏུ་འཇུག་པར་ཅུང་ཙམ་ཕན་ཐོག་ཏུ་འགྱུར་བར་སྙམ་སྟེ། དེ་ལྟར་ཨེ་ཡོང་གི་སྨོན་ལམ་དང་གཅིག ། གཉིས་སུ་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་དག་ལ་འཆད་རྩོད་རྩོམ་གསུམ་དང་། ཐོས་བསམ་སྒོམ་སྒྲུབ་ཀྱི་ལས་ལ་ཞུགས་པའི་བསོད་ནམས་ནི། སོ་སྐྱེས་ཕལ་དག་གིས་དཔག་པར་དཀའ་བའི་གནས་ཤིག་ཡིན་པར། སྟོན་པ་ཉིད་ཀྱི་བཀའ་ལས་ཡང་ཡང་བྱུང་བ་ལགས་ན། སྲེད་པའི་འཆིང་ཐག་གིས་དམ་དུ་བཅིངས་ཤིང་། བླུ་རྨོངས་མ་རིག་གི་གཞན་དབང་དུ་སོང་སྟེ། འཁོར་བ་ཐོག་མེད་ནས་ད་བར་དུ་སྲིད་པའི་ཁམས་ཆེན་མོ་འདིར་དབང་མེད་དུ་འཁྱམས་པའི་ཁོ་བོས། སྒྲིབ་གཉིས་མངོན་བྱང་གི་ཚོགས་ཆུང་ངུ་ཞིག་འགྲུབ་ན་སྙམ་པའི་སྨོམ་ལམ་གྱི་དབང་གིས། མདོ་རྒྱན་སྦྱར་བའི་བཤད་པ་འདི་འབྲི་བར་སྤྲོ་བ་བལྟས་སོ། ། གཞན་ཡང་ཁོ་བོས། མཁྱེན་གསུམ་ཀྱི་སྐབས་གཙོའི་གཞུང་གི་སྐབས་འགའ་ལ་ཀུན་མཁྱེན་ཆོས་རྗེའི་དགོངས་དོན་སོར་བཞག་ནས། རྒྱ་བོད་ཀྱི་མཁས་པ་འགའ་དང་མི་མཐུན་པའི་བཤད་པ་རེ་བྱུང་བ་ནི། མཁས་གྲུབ་གཞན་དག་ལ་སྡང་ཞེན་གྱི་མི་དགེ་བའི་ལམ་དུ་སོང་བ་མ་ཡིན་པར། རང་ཉིད་སྔོན་བསགས་བསོད་ནམས་ཀྱི་དཔལ་ལས་གང་དང་འཕྲད་པའི་ཆོས་སྐལ་གཙོར་འཛིན་བྱས་ནས་ཕ་རྗེས་བུ་འཇུག་གི་རྣམ་ཐར་འཛིན་པའི་ཁུལ་ཙམ་བྱས་པ་ཡིན་ནོ། ། འོན་ཀྱང་། ད་ལྟའི་དུས་རབས་འདི་ནི་རྣམ་གཡེང་དང་འུར་ཟིང་ཧ་ཅང་ཆེ་ཞིང་། ཚེ་ཡི་ཉི་མ་རབ་ཏུ་ཐུང་བའི་དུས་ཤིག་ཏུ་གྱུར་འདུག་པས། ཤེས་རབ་ཁབ་མིག་ལས་ཀྱང་གུ་དོགས་པའི་ཁོ་བོས། བརྗོད་བྱའི་གཏིང་མཐའ་ཟབ་ཅིང་། བརྗོད་བྱེད་གྲངས་ཀྱིས་མི་ལོན་པའི་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེའི་ཟབ་དོན་གྱི་རྒྱ་ཁྱོན་མཇལ་བར་རློམ་པ་ནི། ཚུལ་མཐུན་གྱི་སྒྲུབ་བྱ་ཞིག་མིན་པས། མཁྱེན་དཔྱོད་ཡངས་བ་ཚོས་ནོར་འཁྲུལ་གྱི་ཆ་གང་མཆིས་ལུང་རིགས་ཀྱི་ལམ་ནས་སློབ་སྟོན་བྱོས་དང་བླུན་པོའི་ཨུ་ཚུགས་མི་བྱེད་པའི་དམ་བཅའ་བ་ལེགས་སོ། །རྩ་བའི་ས་བཅད་གཉིས་པ། སྟོང་ཕྲག་ཉེར་ལྔ་བ་དང་མངོན་རྒྱན་སྦྱར་བའི་གཞུང་ཁོག་དངོས་བཤད་པ་ལ་བརྒྱད་ལས།  དང་པོ། དོན་བདུན་བཅུ་ལས། རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ་བཤད་པ་ལ་མདོར་བསྟན་དང་། རྒྱས་བཤད་གཉིས་ལས།  མདོར་བསྟན་ནི། རྒྱན་རྩ་བ་ལས། སེམས་བསྐྱེད་པ་དང་གདམས་ངག་དང་། །ངེས་འབྱེད་ཡན་ལག་རྣམ་བཞི་དང་། །སྒྲུབ་པ་ཡི་ནི་རྟེན་གྱུར་པ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང་། །དམིགས་པ་དག་དང་ཆེད་དང་ནི། །གོ་ཆ་འཇུག་པའི་བྱ་བ་དང་། །ཚོགས་ནི་ངེས་པར་འབྱུང་བཅས་རྣམས། །ཐུབ་པའི་རྣམ་ཀུན་མཁྱེན་པ་ཉིད། ། ཅེས་པས་མཚན་མཚོན་གྱི་རྣམ་གྲངས་འདོར་བསྟན་པ་ཡིན་ནོ། །གཉིས་པ་རྒྱས་བཤད་ལ་བཅུ་ལས། ༡རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ་ལས། དང་པོ་སེམས་བསྐྱེད་རྒྱས་པར་བཤད་པ་ནི། རྒྱན་རྩ་བ་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར།། ཞེས་པ་ནས། རྣམ་པ་ཉི་ཤུ་རྩ་གཉིས་སོ། ། ཞེས་པའི་བར་ཚིགས་བཅད་གསུམ་གྱིས་བསྟན་ཅིང་། སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་ལས། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ། ། ཞེས་པ་ནས། དེ་ལྟར་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འདོད་པ་ཡོངས་སུ་ཤེས་ཀྱང་སེམས་ཅན་ཐབས་མཁས་པ་མ་ཡིན་པ་རྣམས་ཡོངས་སུ་སྨིན་པར་བྱ་བའི་དོན་དུ་འདོད་པའི་ཡོན་ཏན་ལྔ་ལས་སྐྱོ་བར་བྱ་བ་དང་། འདོད་པའི་ཡོན་ཏན་ལྔ་དང་དབྲལ་བའི་ཕྱིར། འདོད་པའི་ཡོན་ཏན་ལྔ་ཉེ་བར་སྟོན་ཏེ། དེ་དག་གིས་མྱོས་པར་འགྱུར་བ་ཡང་མྱེད། བག་མྱེད་པར་འགྱུར་བ་ཡང་མྱེད། འདོད་པའི་རྒྱུ་དང་། འདོད་པའི་གཞིས་སྡིག་ཏོའི་ལས་བྱེད་པར་འགྱུར་བ་ཡང་མྱེད་དོ། ། ཞེས་པའི་བར་ཏེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉེར་ལྔ་པ་སྡེ་པར་གྱི་གླེགས་བམ་ཀ་དུམ་གྱི་ཤོག་ངོས་ཉེར་བརྒྱད་པ་ནས་ཞེ་གཉིས་པའི་བར་གྱིས་བསྟན་ཏོ། །དེ་ཡང་འདིར་སེམས་བསྐྱེད་ཀྱི་དམིགས་པ་བྱང་ཆུབ་དང་གཞན་དོན་མདོར་བསྟན་ནི། ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ། ། ཞེས་པས་བསྟན་ཅིང་། སེམས་བསྐྱེད་ཀྱི་དམིགས་པ་བྱང་ཆུབ་དང་གཞན་དོན་རྒྱས་བཤད་ནི་དེའི་འོག་ཏུ་འབྱུང་བའི་མདོ་ཚིག་དག་གིས་བསྟན་ཏོ། །འོན་ཀྱང་འདིར། ཇོ་ནང་ཀུན་མཁྱེན་དོལ་པོ་པས། ཉི་ཁྲི་ལྔ་བའི་བཤད་པ་ལས། འཕགས་པ་རྣམ་གྲོལ་སྡེས། སེམས་བསྐྱེད་རྒྱས་བཤད་ཀྱི་མདོ་སྦྱོར་ཉི་ཁྲི་ལེ་བརྒྱད་མ་ལས་སོ་སོ་སྦྱར་བར་གསུངས་འདུག་ཀྱང་། འཕགས་པ་རྣམ་གྲོལ་སྡེས། སེམས་བསྐྱེད་རྒྱས་བཤད་ཀྱི་མདོ་སྦྱོར་ཉི་ཁྲི་ལྔ་སྟོང་པ་དང་མ་སྦྱར་བ་ནི་མ་ཡིན་ཏེ། སྟོང་ཕྲག་ཉེར་ལྔ་པ་རང་ལས། ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གནས་པ་མེད་པའི་ཚུལ་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། སྦྱིན་པ་དང་གཏོང་བ་དང་ཡོངས་སུ་ལེན་པ་མི་དམིགས་པའི་ཕྱིར། ཡོངས་སུ་གཏོང་བ་མེད་པའི་ཚུལ་གྱིས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། ། ཞེས་སོགས་ཀྱིས་བྱང་ཆུབ་ཀྱི་ངོ་བོ་ཕར་ཕྱིན་དྲུག་ཏུ་ཕྱེས་ནས་བསྟན་པ་སོགས་སེམས་བསྐྱེད་ཀྱི་དམིགས་པ་བྱང་ཆུབ་རྒྱས་པར་གསུངས་ཡོད་ལ། འཕགས་པས་ཀྱང་དེ་བཞིན་མཛད་ནས་སྟོང་ཕྲག་ཉེར་ལྔ་པར་སྦྱར་ཡོད། གལ་ཏེ་དམིགས་པ་གཞན་དོན་རྒྱས་བཤད་ཀྱི་མདོ་སྦྱོར་ཉི་ཁྲི་ལྔ་བ་དང་མ་སྦྱར་པར་ལེ་བརྒྱད་མ་དང་སྦྱར་ནས་གསུངས་སྙམ་ན། དེའང་མི་འཐད་དེ། ཉི་ཁྲིའི་གཞུང་ལས། ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཇི་ལྟར་ན་བདག་གིས་རྐང་པའི་མཐིལ་འཁོར་ལོའི་རྩིབས་སྟོང་དང་ལྡན་པ་གཉིས་ནས་འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་བཀྱེ་སྟེ། མི་ཁོམ་པ་དང་ངན་སོང་གི་སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱས་ནས། སེམས་ཅན་ཐམས་ཅད་བདེ་བར་བྱ་བར་འགྱུར་སྙམ་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། ། ཞེས་སོགས་ཀྱིས་གཞན་དོན་དུ་ཤེར་ཕྱིན་ལ་སློབ་ཚུལ་མང་དུ་བསྟན་པར་འདུག་པས། སྟོང་ཕྲག་ཉེར་ལྔ་པ་ལས་ཀྱང་སེམས་བསྐྱེད་ཀྱི་དམིགས་པ་གཞན་དོན་རྒྱས་པར་འབྱུང་བས། རྣམ་གྲོལ་སྡེས་ཀྱང་མངོན་རྒྱན་ནས་འབྱུང་བའི་སེམས་བསྐྱེད་ཀྱི་དམིགས་པ་གཞན་དོན་རྒྱས་བཤད་དེ་ཉི་ཁྲི་ལས་མ་འབྱུང་བར་ཁས་ལེན་མི་ཐུབ་བོ། །འོ་ན། རྣམ་གྲོལ་སྡེས་སེམས་བསྐྱེད་ཀྱི་རབ་དབྱེ་ལས་འབྱུང་བའི་དམིགས་པ་གཞན་དོན་རྒྱས་བཤད་ཀྱི་མདོ་སྦྱོར་བྱས་པའི་མདོ་ཚིག་འདི་དག་ཉི་ཁྲི་ལས་མ་འབྱུང་བ་ཅི་ཡིན་སྙམ་ན། དེ་ནི་ཤེར་ཕྱིན་འབུམ་པ་སོགས་མདོ་རྒྱས་པ་ལ་ལྟོས་ན་ཉི་ཁྲི་ལྔ་སྟོང་པ་འདི་བསྡུས་པས། མངོན་རྟོགས་རྒྱན་ནས་འབྱུང་བའི་སེམས་བསྐྱེད་ཀྱི་དམིགས་པ་གཞན་དོན་རྒྱས་བཤད་ཀྱི་དཔེ་དོན་རེ་རེ་བཞིན་སྟོན་པ་ལ་ལེ་བརྒྱད་མ་དང་སྦྱར་བས་གདུལ་བྱ་རྣམས་ཀྱི་གོ་སླ་བར་དགོངས་ནས་སྟོང་ཕྲག་ཉེར་ལྔ་པ་དང་མ་སྦྱར་བ་ཡིན་ན་མ་གཏོགས། སྟོང་ཕྲག་ཉེར་ལྔ་པ་ལས་སེམས་བསྐྱེད་ཀྱི་དམིགས་པ་གཞན་དོན་རྒྱས་པར་མ་བསྟན་པར་དགོངས་ནས་མ་སྦྱར་པ་ག་ལ་ཡིན་ཏེ་མ་ཡིན་ནོ། ། དེས་ན་ཀུན་མཁྱེན་གོ་བོ་རབ་འབྱམས་པས། གཏེར་ལྟ་བུ་མན་ཆད་ཀྱིས་སེམས་བསྐྱེད་ཀྱི་དམིགས་པ་གཞན་དོན་རྒྱས་པར་ཕྱེ་ནས་བསྟོན་པའི་རྒྱུ་མཚན་དུ། གཞན་དོན་དུ་ཤེར་ཕྱིན་ལ་སློབ་ཚུལ་དཔེ་དུ་མས་བསྟན་པར་བཀོད་འདུག་པ་འདིའི་དོན་རྟོགས་ན་འཁྲུལ་བའི་གནས་མེད་དོ། ། ཡང་འཕགས་སེང་གཉིས་ཀྱིས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། ཞེས་པའི་སྐབས་ཀྱི་སེམས་དེ་གཙོ་སེམས་སུ་བཞེད་ནས། སེམས་བྱུང་དུ་གྱུར་བའི་སེམས་བསྐྱེད་ཅིག་མེད་པར་གསུངས་ཡོད། འོན་ཀྱང་འདི་ཉིད་ཅུང་ཙམ་ཁས་ལེན་པར་དཀའ་སྟེ། འཕགས་པ་རྣམ་གྲོལ་སྡེས། ཉིར་སྣང་དུ། སེམས་བསྐྱེད་པ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་སྟེ། རྣམ་པར་རིག་པའོ་རྣམ་པར་ཤེས་པ་དེ་ཡང་གང་ཞེ་ན་ཡིད་ཀྱི་རྣམ་པར་ཤེས་པ་སྟེ། དཀར་པོའི་ཆོས་ཐམས་ཅད་ལ་དམིགས་པ་ནི་དེ་ལ་སྲིད་པའི་ཕྱིར། ཅེས་དང་། སློབ་དཔོན་སེངྒེ་བཟང་པོས་འགྲེལ་ཆུང་དོན་གསལ་ལས། སེམས་བསྐྱེད་པ་ནི་སེམས་ཡུལ་ཁྱད་པར་དུ་འཕགས་པ་སྣང་བ་ཅན་དུ་འབྱུང་བ་མ་ཡིན་ནམ། ཇི་ལྟར་ན་སེམས་བསྐྱེད་པ་ཡིན་པར་འགྱུར་ཞེ་ན། བདེན་མོད་ཀྱི་ཞེས་པའི་ལན་གསུངས་ཏེ། སེམས་བསྐྱེད་དུ་འགྱུར་བ་ལ་སེམས་ཡུལ་ཁྱད་པར་དུ་འཕགས་པ་བྱང་ཆུབ་དང་གཞན་དོན་གཉིས་དམིགས་དགོས་པས། སེམས་བྱུང་གིས་དེ་ལ་དམིགས་མི་ནུས་པའི་རྒྱུ་མཚན་གཙོ་བོ་བཀོད་ནས་སེམས་བསྐྱེད་ལ་གཙོ་སེམས་ཀྱི་ཁྱབ་པ་སྒྲུབ་ཡོད་ལ། དེའི་རྗེས་ཀྱི་འགྲེལ་བཤད་མཛད་མཁན་དག་གིས་ཀྱང་། རྒྱུ་མཚན་དེ་དག་བསྐྱར་བྲིས་བྱས་ནས་འདུག་པ་ལས། སེམས་བྱུང་གི་ངོ་བོ་གྱུར་བའི་བློ་ཞིག་ཡིན་ན་བྱང་ཆུང་དང་གཞན་དོན་ལ་དམིགས་མི་ནུས་པའི་ལུང་རིགས་ཀྱི་རྒྱུ་མཚན་གསལ་ཁ་ཅན་ཞིག་དང་། འཐད་སྒྲུབ་ཀྱི་རིགས་པ་རྣམ་དག་ཅིག་བཀོད་མེད་ལ། སྟོང་ཕྲག་ཉེར་ལྔ་པ་ལས་ནི་གཙོ་སེམས་དུ་བཞེད་པའི་ཚིག་ཟུར་ཙམ་ཡང་མེད་པར་མ་ཟད། གཞུང་ཟིན་ལ་ནི་འདུན་པའི་ངོ་བོར་གྱུར་བའི་སེམས་བསྐྱེད་མང་དུ་འབྱུང་འདུག་པའི་ཕྱིར་རོ། ། དེས་ན་སེམས་བསྐྱེད་ཀྱི་ངོ་བོར་གྱུར་བའི་སེམས་དེ་ལ་གཙོ་སེམས་དང་སེམས་བྱུང་གཉིས་ཀ་མེད་པར་རྒྱུ་མཚན་མེད་པས། ཐེག་ཆེན་གྱི་ས་དང་པོའི་མཉམ་གཞག་གིས་བསྡུས་པའི་གཙོ་སེམས་གཅིག་སེམས་བསྐྱེད་དུ་སོང་བའི་ཚེ། དེ་དང་མཚུངས་ལྡན་གྱུར་བའི་སེམས་སེམས་བྱུང་གི་ཉམས་ལེན་མཐའ་དག་ཐེག་ཆེན་སེམས་བསྐྱེད་དུ་འགྱུར་བ་ཡིན་ལ། འཕགས་པ་ཐོག་མེད་ཀྱིས། བྱང་སའི་ཚུལ་ཁྲིམས་ལེའུར། ཉེས་སྤྱོད་སྤོང་བ། དགེ་བ་ཆོས་སྡུད། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་པོ་དེ་འཇུག་པ་སེམས་བསྐྱེད་དུ་གསུངས་ཤིང་གསུམ་པོ་དེས་མ་བསྡུས་པའི་བྱང་སེམས་ཀྱི་ཉམས་ལེན་མེད་པར་གསུངས་པ་འདིས་ཀྱང་ལེགས་པར་གྲུབ་བོ། ། རིགས་པ་འདིས་ནི་སྨོན་འཇུག་གཉིས་དང་དོན་དམ་སེམས་བསྐྱེད་ཀྱི་གཞི་མཐུན་མེད་པར་འདོད་པའི་ལོག་རྟོག་གི་ཚེར་མ་དེའང་ལེགས་པར་བསལ་བ་ཡིན་ནོ། །གཞན་ཡང་འདིར་སྨོན་འཇུག་གཉིས་ལ་རིམ་པ་བཞིན། སྨོན་པ་ཙམ་དང་། སྨོན་པ་སེམས་བསྐྱེད། སྨོན་པ་མི་མཉམ་པར་སྲུང་བ་དང་གསུམ། འཇུག་པ་ཙམ་དང་། འཇུག་པ་སེམས་བསྐྱེད་པ་དང་། འཇུག་པ་མི་མཉམ་པར་སྲུང་བ་གསུམ་གྱི་སྒོ་ནས་འཇོག་པ་ནི་རྗེ་བཙུན་གོང་མའི་དགོངས་པ་འཁྲུལ་མེད། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས་ལེགས་པར་བླངས་པ་དེ་ཉིད་གསེར་གྱི་ཅོད་པན་བཞིན་དུ་སྤྱི་བོར་ལེན་རིགས་སོ། ། ༢རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ་ལས། གཉིས་པ་གདམས་ངག་རྒྱས་པར་བཤད་པ་ནི། རྒྱན་རྩ་བ་ལས། སྒྲུབ་དང་བདེན་པ་རྣམས་དང་ནི། ཞེས་པ་ནས། བསེ་རུ་དང་ནི་ཉི་ཤུ་འོ། ། ཞེས་པའི་བར་ཚིགས་བཅད་བཞིས་བསྟན་ཅིང་། སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་ལས། བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བྱང་ཆུབ་སེམས་དཔའ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། བྱང་ཆུབ་སེམས་དཔའི་མྱིང་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །བྱང་ཆུབ་སེམས་དཔའི་སྤྱོད་པ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། ། ཞེས་པ་ནས། ཚེ་དང་ལྡན་པ་རབ་འབྱོར་གྱིས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མི་མཁས་པས་ཕ་རོལ་དུ་ཕྱིན་པ་དྲུག་ལ་སྤྱོད་ཅིང་། ཐབས་མི་མཁས་པས། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་ལ་བརྟེན་ཏེ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་སར་ཡང་མི་ལྟུང་ལ། བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཡང་མི་འཇུག་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྐྱོན་ནོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ན་དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྐྱོན་དུ་འགྱུར། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྐྱོན་ཞེས་བྱ་བ་ནི། འདི་ལྟ་སྟེ། ཆོས་ལ་སྲེད་པའོ། །ཞེས་པའི་བར་ཏེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉེར་ལྔ་པ་སྡེ་པར་གྱི་གླེགས་བམ་ཀ་དུམ་གྱི་ཤོག་ངོས་ཞེ་གཉིས་པ་ནས་བརྒྱ་དང་ཉི་ཤུའི་བར་གྱིས་བསྟན་ཏོ། ། ༣རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ་ལས། གསུམ་པ་ངེས་འབྱེད་ཡན་ལག་རྒྱས་པར་བཤད་པ་ནི། རྒྱན་རྩ་བ་ལས། དམིགས་པ་དང་ནི་རྣམ་པ་དང་། ། ཞེས་པ་ནས། རྣམ་པ་ཀུན་ཏུ་ཡོངས་འཛིན་ཡིན། ། ཞེས་པའི་བར་ཚིགས་བཅད་བཅུ་གཉིས་ཀྱིས་བསྟན་ཅིང་། སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་ལས། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ན། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྐྱོན་དུ་འགྱུར། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྐྱོན་ཞེས་བྱ་བ་ནི།  འདི་ལྟ་སྟེ། ཆོས་ལ་སྲེད་པའོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཆོས་ལ་སྲེད་པ་གང་ཡིན། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་སྟོང་ཞེས་བྱ་བར་མངོན་པར་ཆགས་ཤིང་། གནས་ཏེ་འདུ་ཤེས་པ་དང་། ཚོར་བ་སྟོང་ཞེས་བྱ་བར་མངོན་པར་ཆགས་ཤིང་། གནས་ཏེ་འདུ་ཤེས་པ་དང་། འདུ་ཤེས་སྟོང་ཞེས་བྱ་བར་མངོན་པར་ཆགས་ཤིང་། གནས་ཏེ་འདུ་ཤེས་པ་དང་། འདུ་བྱེད་སྟོང་ཞེས་བྱ་བར་མངོན་པར་ཆགས་ཤིང་གནས་ཏེ་འདུ་ཤེས་པ་དང་། རྣམ་པར་ཤེས་པ་སྟོང་ཞེས་བྱ་བར་མངོན་པར་ཆགས་ཤིང་། གནས་ཏེ་འདུ་ཤེས་པ་འདི་ནི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མཐུན་པའི་ཆོས་ལ་སྲེད་པ་སྟེ།  སྐྱོན་དུ་འགྱུར་བའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་མི་རྟག་ཅེས་བྱ་བར་མངོན་པར་ཆགས་ཤིང་། གནས་ཏེ་འདུ་ཤེས་པ་དང་། ཚོར་བ་མི་རྟག་ཅེས་བྱ་བར་མངོན་པར་ཆགས་ཤིང་། གནས་ཏེ་འདུ་ཤེས་པ་དང་། འདུ་ཤེས་མི་རྟག་ཅེས་བྱ་བར་མངོན་པར་ཆགས་ཤིང་གནས་ཏེ་འདུ་ཤེས་པ་དང་། འདུ་བྱེད་མི་རྟག་ཅེས་བྱ་བར་མངོན་པར་ཆགས་ཤིང་། ཞེས་པ་ནས། སྡུག་བསྔལ་བ་དང་། བདག་མེད་པ་དང་། ཞི་བ་དང་། སྟོང་པ་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པ་དང་། དབེན་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་སྟོན་པ་དང་། དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་བར་དུ་མི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། ཞི་བ་དང་། སྟོང་པ་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པ་དང་། དབེན་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་སྟོན་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་བར་དུ་མི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། ཞི་བ་དང་། སྟོང་པ་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པ་དང་། དབེན་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་སྟོན་པ་དེ་ལྟ་བུའི་བདུད་ཀྱི་ལས་གྱི་རྣམ་པ་དག་མི་སྨྲ་མི་སྟོན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོར་རིག་པར་བྱའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྡིག་པའི་གྲོགས་པོ་དག་རིག་པར་བྱ་སྟེ། དེ་ལྟར་ཤེས་ནས་ཀྱང་ཡོངས་སུ་སྤོང་བར་བྱའོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས་ལེའུ་བདུན་པའོ།། །། ཞེས་པའི་བར་ཏེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉེར་ལྔ་པ་སྡེ་པར་གྱི་གླེགས་བམ་ཀ་དུམ་གྱི་ཤོག་ངོས་བརྒྱ་དང་ཉི་ཤུ་ནས་བརྒྱ་དང་དོན་བརྒྱད་པའི་བར་གྱིས་བསྟན་ནོ། ། འདིར་བོད་གདོང་དམར་བའི་མཁས་པ་དག་གི་ཁྲོད་དུ། སྐབས་འདིའི་དངོས་བསྟན་གྱི་སྦྱོར་ལམ་དེ་བློ་རིག་གང་ཡིན་ངོས་འཛིན་གྱི་ཐད་ལ། བཞེད་ཚུལ་མི་མཐུན་པ་མང་དུ་འདུག་ནའང་། རང་ལུགས་ཀུན་མཁྱེན་ཆེན་པོའི་དགོངས་དོན་དང་སྦྱར་ནས་ཅུང་ཙམ་ཞུས་ན། སྐབས་འདིར་བསྟན་གྱི་སྦྱོར་ལམ་ནི་ཁྱད་ཆོས་བཞིས་སྒོ་ནས་གསུངས་ཡོད་ལ། འདིར་བསྟན་སྦྱོར་ལམ་བཞི་ལ་རྟོག་པ་བཞི་ལྡན་པར་བཤད་པ་ནི་སྤང་བྱར་ལྡན་པའི་གོ་བ་མ་ཡིན་པར། ངོ་བོར་ལྡན་པའི་གོ་བ་བྱས་ནས་ལེགས་པར་གསུངས་ཡོད། དེས་ན་ཁོ་བོས་ནི་ལུང་རིགས་གང་དུ་བསམ་ཚེ། སྐབས་འདིར་བསྟན་གྱི་སྦྱོར་ལམ་དེ་རྟོག་པ་ཞིག་ལས་རྟོག་མེད་ཅིག་དུ་ནམ་ཡང་ཁས་ལེན་མི་ནུས་པར་མཐོང་སྟེ། ཀུན་མཁྱེན་ཆེན་པོས། བློ་ཡི་ངོ་བོ་གཅིག་ལ་མི་རྟག་སོགས་སུ་མངོན་པར་ཞེན་པའི་ཆ་གཅིག་དང་། དེར་མངོན་ཞེན་བཀག་པའི་ཆ་གཅིག་སྟེ་གཉིས་ཕྱེས་ནས་ཞེན་ཆ་དེ་འདིར་བསྟན་གྱི་རྟོག་པ་ཡིན་ཀྱང་སྦྱོར་ལམ་མ་ཡིན་པ་དང་། མི་རྟག་སོགས་སུ་མངོན་ཞེན་བཀག་པའི་ཆ་དེ་སྦྱོར་ལམ་དུ་འདོད་ཀྱང་འདིར་བསྟན་གྱི་རྟོག་པ་མ་ཡིན་པར་གསུངས་འདུག་པ་དང་། འདིའི་ཐད་ཀྱི་སྟོག་ཕྲག་ཉེར་ལྔ་པ་ལས་ཀྱང་། འདིར་བསྟན་གྱི་རྟོག་པ་དེ་མི་རྟག་སོགས་སུ་མངོན་ཞེན་ཅན་གྱི་བློ་ཞིག་ཏུ་ཡང་ཡང་གསུངས་པས། བློ་ཡི་ངོ་བོ་གཅིག་ལ་མངོན་ཞེན་ཅན་གྱི་རྟོག་པ་ཞིག་དང་མངོན་ཞེན་མེད་པའི་རྟོག་མེད་གཉིས་འབྱུང་བ་གཏན་ནས་མི་སྲིད་པས། ངོ་བོར་གཅིག་ཏུ་ལྡན་བྱའི་བློ་གཉིས་ཀའང་རྟོག་པ་ལས་མ་འདས་སོ། ། དེ་བས་སྦྱོར་ལམ་རྟོག་པར་ཁས་བླངས་བ་ཙམ་དུ་མ་ཟད་རང་ཡུལ་ལ་མངོན་ཅན་གྱི་བློ་ཞིག་ཏུའང་ཁས་ལེན་དགོས་ཏེ། སྒྲ་དོན་འདྲིས་འཛིན་གྱི་བློ་ལ་ཞེན་བློ་མ་ཡིན་པ་གཏན་ནས་མེད་དེ། དེ་ཡིན་ན་སྣང་ཡུལ་ལ་ཞེན་ཡུལ་དེ་རུ་ཞེན་ནས་འཁྲུལ་བའི་བློ་ཡིན་དགོས་པའི་ཕྱིར། ཀུན་མཁྱེན་ཆེན་པོས་ཀྱང་། དྲོད་ཀྱི་ཉམས་གཞག་ཏུ་ཀུན་ནས་ཉོན་མོངས་ཀྱི་གཟུང་བ་རང་བཞིན་མེད་པར་རྟོགས་པའི་ཚེ་དེར་ཞེན་པ་ལས་མ་འདས་ཏེ། སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་ཡིན་པའི་ཕྱིར། ཞེས་གསུངས་བ་འདིས་ཀྱང་ལེགས་པར་ངོ་སྤྲོད་ཀྱིན་མེད་དམ། འོ་ན། མངོན་ཞེན་ཅན་གྱི་བློ་ཡིན་ན་མངོན་ཞེན་བཀག་པའི་རྣམ་པ་ཅན་དུ་གསུངས་བ་ཅི་སྙམ་ན། གཞུང་ལས་འབྱུང་བ་ནི་མི་རྟག་སོགས་སུ་མངོན་ཞེན་བཀག་པའི་རྣམ་པ་ཅན་དུ་གསུང་པའི་དོན་ལས། མངོན་ཞེན་གཏན་ནས་མེད་པའི་ཉི་ཚེ་བའི་བཤད་པ་དེ་འདྲ་ནི་ཀུན་མཁྱེན་གོ་རམས་པས་རྨི་ལམ་དུའང་གསུང་མེད་པར་ཐག་གིས་ཆོད་དོ། །དེས་ན་དེང་སང་སློབ་གྲོགས་འགས་སྒྲ་དོན་འདྲིས་འཛིན་གྱི་རྟོག་པ་ཡིན་ཡང་མངོན་ཞེན་མེད་པའི་བློ་ཡིན་ཏེ། གཞུང་ལས་མངོན་ཞེན་བཀག་པའི་རྣམ་པ་ཅན་དུ་གསུངས་པའི་ཕྱིར། ཟེར་ནས་གཞུང་ལུགས་ཀྱི་གོ་བ་མ་ལོན་པའི་ཝ་སྐད་དང་། རིགས་ལམ་གྱི་འགྲོས་མི་ཤེས་པའི་རང་རློམ་གྱི་བཤད་ཡམ་འདི་འདྲ་བྱུང་བ་ནི་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས་གཞུང་གི་སྐབས་གོང་འོག་མང་པོར་མི་ཤེས་པ་དག་གིས་སྨྲ་བ་ཉུང་ན་མཛེས་གསུངས་པའི་ཞལ་གདམས་དེ་ཡང་ཡང་དྲན་རིགས་སོ། ། ༤རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ་ལས། བཞི་བ་སྒྲུབ་པའི་རྟེན་རིགས་རྒྱས་པར་བཤད་པ་ནི། རྒྱན་རྩ་བ་ལས། རྟོགས་པ་ཡི་ནི་ཆོས་དྲུག་དང་། ། ཞེས་པ་ནས། དེ་ཡི་དབྱེ་བ་ཡོངས་སུ་བརྗོད། ། ཅེས་པའི་བར་ཚིགས་བཅད་གསུམ་གྱིས་བསྟན་ཅིང་། སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་ལས། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་ཞེས་བགྱི་བའི་ཚིག་འདིའི་དོན་གང་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ ། །རབ་འབྱོར་བྱང་ཆུབ་སེམས་དཔའི་ཚིག་གི་དོན་ནི། ཚིག་གི་དོན་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ཀྱང་མ་སྐྱེས་ལ། སེམས་ཅན་ཡང་མ་སྐྱེས་པའི་ཕྱིར་ཏེ། རབ་འབྱོར་བྱང་ཆུབ་ལ་ཡང་ཚིག་མྱེད། སེམས་ཅན་ལ་ཡང་ཚིག་མྱེད་པས། དེའི་ཕྱིར་བྱང་ཆུབ་སེམས་དཔའི་ཚིག་གི་དོན་ནི། ཚིག་གི་དོན་མྱེད་པའོ ། ། ཞེས་པ་ནས། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་འོད་ལ་གནས་མེད་དོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་འོད་ལ་གནས་མེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བྱང་ཆུབ་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་དང་། བྱང་ཆུབ་སེམས་དཔའི་ཚིག་གི་དོན་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ཀྱང་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་ཏེ། གཟུགས་མེད་པ། བསྟན་དུ་མེད་པ།  ཐོགས་པ་མེད་པ། འདི་ལྟར་མཚན་ཉིད་མེད་པར་མཚན་ཉིད་གཅིག་པ་ཤ་སྟག་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ལ་མ་ཆགས་པ་དང་། མེད་པ་ཡང་དག་པ་ཉིད་ལ་བསླབ་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་ལ་རྟོག་པ་མེད་ཅིང་། རྣམ་པར་རྟོག་པ་མེད་པར་ཡང་རིག་པར་བྱའོ། ། ཞེས་པའི་བར་ཏེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉེར་ལྔ་པ་སྡེ་པར་གྱི་གླེགས་བམ་ཀ་དུམ་གྱི་ཤོག་ངོས་བརྒྱ་དང་དོན་བརྒྱད་ནས་བརྒྱ་དང་གྱ་ལྔའི་བར་གྱིས་བསྟན་ཏོ། ། དེ་ཡང་སྤྱིར་ཤེར་ཕྱིན་གྱི་མདོ་ལས། ཤཱ་རིའི་བུ་སེམས་ཅན་གྱི་ཁམས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་སྙིང་པོའི་ཚིག་བླ་དྭགས་སོ། ཞེས་སོགས་བདེ་བར་གཤེགས་པའི་གསུང་རབ་རྣམས་ལས་སེམས་ཅན་གྱི་ཁམས། སངས་རྒྱས་ཀྱི་རིགས། བདེ་བར་གཤེགས་པའི་སྙིང་པོ། རང་བཞིན་དུ་གནས་པའི་རིགས་སོགས་མིང་གི་རྣམ་གྲངས་དུ་མ་བྱུང་བས། བོད་གངས་ཅན་གྱི་མཁས་པ་ཚོའི་གྲལ་དུའང་བཞེད་པ་མི་མཐུན་པའི་རྣམ་བཤད་སོ་སོར་མཛད་ཡོད། རྗེ་ཙོང་ཁ་བ་རྗེས་འབྲང་དང་བཅས་པས། ཆོས་ཅན་གསལ་བའི་སྟེང་གི་བདེན་སྟོང་མེད་དགག་གི་ཆ་དེ་ཉིད་ཆོས་དབྱིངས་སུ་འདོད་ཅིང་། རང་བཞིན་གནས་རིགས་ཀྱང་དེ་ཉིད་དུ་བཞེད། འོན་ཀྱང་། བདེན་སྟོང་མེ་དགག་ཆད་མཐར་གནས་པ་འདི་ཉིད་གནས་ལུགས་མ་ཡིན་པས་དེ་ལས་བདེ་གཤེགས་འཁྲུངས་བ་མེད་ལ། དགག་བྱ་བཅད་ཙམ་གྱི་གཞན་སེལ་རྟག་པ་འདི་ཉིད་འཆིང་གྲོལ་ཀུན་གྱི་གཞི་རུ་ཇི་ལྟར་རུང་དེ་མི་རུང་བའི་ཕྱིར་ཏེ། དེ་ནི་རྟག་པར་གནས་པས་རྟག་པ་ལ་བྱ་བྱེད་ཀྱི་འགྱུར་བ་མི་སྲིད་པའི་ཕྱིར། དེས་ན་འདི་ནི་མཁས་དགུའི་ཡིད་དབང་འཕྲོག་པའི་གཏམ་དུ་མ་ངེས་སོ། །འོ་ན། རོང་སྟོན་ཆེན་པོས། རང་གཞིན་གནས་རིགས་ལ་འདུ་བྱས་འདུ་མ་བྱས་གཉིས་སུ་གསུངས་པ་མ་ཡིན་ནམ། དེ་དང་འགལ་བར་འགྱུར་རོ་སྙམ་ན། དེ་ནི་བདེན་སྟོང་མེ་དགག་འདུ་མ་བྱས་དེ་རང་བཞིན་གནས་རིགས་ཡིན་ན། ཆོས་ཅན་གསལ་བའང་རང་བཞིན་གནས་རིགས་སུ་འགྱུར་བར་མཚུངས་པའི་མགོ་མཚུངས་ཀྱི་རིགས་པ་ཙམ་ལས་རང་ལུགས་ཀྱི་བཞེད་དོན་དངོས་མ་ཡིན། ཀུན་མཁྱེན་ཆོས་རྗེས་ཀྱང་། སྦས་དོན་ཟབ་མོ་ལས། ཕུགས་ཀྱི་བཞེད་པ་ནི་མ་ཡིན་ཏེ། ངོ་བོ་ཉིད་སྐུ་དབྱིངས་རིག་དབྱེར་མེད་ལ་བཞེད་པས་དེའི་རྒྱུར་གྱུར་པའི་རང་གཞིན་གནས་རིགས་དེ་ཡང་དབྱིངས་རིག་དབྱེར་མེད་དུ་གྲུབ་པའི་ཕྱིར། ཞེས་གསུངས་པས། གདམས་པ་དེ་ཉིད་རྟོགས་ན་འགལ་དོགས་ཀྱི་ཉེས་པ་མེད་དོ། ། དེས་ན་བརྩེ་ཆེན་བསྟན་པའི་མཛེས་རྒྱན་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས། གསུང་རབ་དགོངས་གསལ་ལས། ཐོག་མ་མེད་པའི་དུས་ནས་སངས་རྒྱས་ཀྱི་སའི་བར་དུ་རྒྱུན་མ་ཆད་པ། དགེ་མི་དགེ་ལ་སོགས་པའི་རིས་སམ་ཕྱོགས་སུ་མ་ཆད་པ། ཐབས་ཀྱིས་ཟིན་མ་ཟིན་གྱི་བྱེ་བྲག་གིས་འཆིང་གྲོལ་ཀུན་གྱི་གཞིར་གྱུར་པ། ཐབས་ཀུན་རྫོབ་ཀྱི་མཚན་ཉིད་གསལ་ཙམ་མ་འགགས་པ། དོན་དམ་དཔྱོད་བྱེད་ཀྱི་རིགས་པས་རང་གི་ངོ་བོ་ལ་བརྟགས་ན་ཡོད་མེད་དང་རྟག་ཆད་ལ་སོགས་པའི་མཐའ་གང་དུའང་མ་གྲུབ་པའི་སྤྲོས་བྲལ་ལས་མ་འདས་པའི་གསལ་སྟོང་ཟུང་འཇུག་དེ་ཉིད་བདེ་གཤེགས་སྙིང་པོར་གསུངས་པ་འདི་ཉིད་གདུགས་དཀར་བཞིན་དུ་སྤྱི་བོར་ལེན་ནོ། ། དེ་ཡང་། རྒྱལ་ཚབ་བྱམས་མགོན་གྱིས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་སེམས་ཅན་ཐམས་ཅན་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་གསུངས་པ་དང་། མགོན་པོ་ཀླུ་སྒྲུབ་ཀྱིས། ཉོན་མོངས་དྲྭ་བས་གཡོགས་པ་ན། །སེམས་ཞེས་བྱ་བ་བརྗོད་པ་ཡིན། །དེ་ཉིད་ཉོན་མོངས་བྲལ་གྱུར་ན། །སངས་རྒྱས་ཞེས་ནི་བརྗོད་པར་བྱ། །ཞེས་གསུངས་ཏེ། སེམས་ཅན་ཐམས་ཅད་ལ་རིགས་ཀྱིས་ཁྱབ་ཅིང་། བདེ་གཤེགས་སྙིང་པོ་སྒྲིབ་པའི་ཚུལ་གྱིས་ཡོད་ལ། སྒྲིབ་པ་ལས་མ་གྲོལ་གྱི་བར་ཏུ་འཁོར་བར་འཁྱམས་པས། སེམས་ཅན་གྱི་རྒྱུད་ཀྱི་བསྡུས་པའི་སངས་རྒྱས་ཀྱི་རྒྱུའམ། རིགས་ཞེས་བྱ་བའང་དེ་ཉིད་དུ་གནས་ལ། འཆིང་གྲོལ་གྱི་གཞིའང་འདི་ཉིད་ཡིན་པ་དང་། །ཡང་དེ་ཉིད་རྐྱེན་སངས་རྒྱས་ཀྱི་ཕྲིན་ལས་འཇུག་རུང་དང་། འགལ་རྐྱེན་གྱི་སྒྲིབ་པ་སྤང་རུང་གི་ཚུལ་དུ་ཡོད་པས། སྒྲིབ་པ་སྤང་བས་ཀྱང་། འབྲས་བུ་སངས་རྒྱས་ཀྱི་ཡོན་ཏན་འབྱུང་རུང་དུ་ཡོད་པར་གསུངས་སོ། །འདིར་མཁས་པ་འགས། བདེ་གཤེགས་སྙིང་པོ་བདེ་གཤེགས་ལ་ཡོད་པ་ལས་སེམས་ཅན་ལ་མེད་པར་རྩོད་པ་ནི། ཟླ་བྲལ་སྨྲ་བའི་དབང་པོ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས། སྡོམ་གསུམ་ཁ་བསྐོང་སོགས་སུ་ལེགས་པར་བཀག་ཟིན་པས་འདིར་ཡིག་ཚོགས་མང་དུ་འཇིགས་པས་མ་བྲིས་སོ། ། འོན་ཀྱང་། མཁས་པ་རྣམས་ཀྱིས་དཔྱད་ན་དཔྱད་རིན་ཡོད་ལ་དཔྱད་དཀའ་བའི་གནས་ཤིག་ཏུ་གྱུར་བ་དེ་ནི། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་གཞི་བདེ་བར་གཤེགས་པའི་སྙིང་པོ་ཁྱད་མེད་དུ་གནས་ཤིང་། སྒྲིབ་གཉིས་སྤང་རུང་དང་སངས་རྒྱས་ཀྱི་ཡོན་ཏན་འབྱུང་རུང་དུ་ཡོད་ཀྱང་། འཁོར་བའི་མཐའ་བཟུང་དུ་མེད་པར་བཞེད་པ་འདི་མ་ཡིན་ནམ། འཁོར་བའི་མཐའ་ཡོད་མེད་ཀྱི་རྩོད་གཞི་འདི་ནི་ཧ་ཅང་དཀའ་བའི་ཟབ་གནད་ཅིག་ཏུ་འགྱུར་འདུག་པས། འདི་ནི་ཆོས་རའི་ནང་གི་སྡུས་གྲྭའི་རིག་ལམ་འཁྱལ་འཁྱོལ་འགས་ཡར་འདེད་མར་འདེད་བྱས་ནས་ཐག་བཅད་ཐུབ་པ་ཞིག་དང་། འཛིན་མཚམས་ཡིན་ལ་མིན་ལ་རེ་བཟུང་ནས་འཇོག་ཐུབ་པ་ཞིག་གཏན་ནས་མ་ཡིན་པར། ཚད་ལྡན་གྱི་གསུང་རབ་ཚད་མ་དག་ལ་ཞིབ་མཇལ་བྱས་ནས་གོ་བའི་འབབ་སྟེགས་ཀྱི་ཐོག་ཏུ་ལང་ཐུབ་པ་ཞིག་བྱེད་རྒྱུ་ནི་ཧ་ཅང་གལ་ཆེ་བར་སེམས་སོ། །དེས་ན་ཁོ་བོས་གཞུང་ལུགས་ཚད་མ་དག་གི་ཟབ་དོན་ལ་ཡང་ཡང་མཇལ་སྐབས་འཁོར་བ་མཐའ་མེད་ཀྱི་དམ་བཅའ་འདི་ནི་མཁས་པ་དགའ་བའི་སྒྲུབ་བྱ་ཞིག་ཏུ་གྱུར་འདུག་སྙམ་པས་འདི་བཞིན་དུ་བཤད་པར་བྱ་སྟེ། དེ་ཡང་། རྒྱལ་བའི་རྒྱལ་ཚབ་བྱམས་པ་མགོན་པོས། ཆོས་སྐུའི་ཡོན་ཏན་གྱི་སྐབས། ཐོགས་པ་མེད་དང་རྟག་གནས་དང་། ཞེས་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤང་བས་ཤེས་བྱ་ཐམས་ཅད་ལ་ཐོག་མེད་དུ་འཇུག་པའི་ཡོན་ཏན་མངའ་ཞིང་། རྟག་ཏུ་སེམས་ཅན་གྱི་དོན་རྒྱ་ཆེན་པོ་མཛད་པར་གསུངས་པ་དང་། གཞན་ཡང་། ཆོས་སྐུ་རྟག་པ་ལ་རྩོད་སྤང་བྱེད་སྐབས། དེ་ཉིད་ཟད་པ་མེད་པའི་ཕྱིར། །རྟག་པ་ཞེས་ཀྱང་བརྗོད་པ་ཡིན། ། ཞེས་སངས་རྒྱས་གཞན་དོན་ལ་རྟག་ཏུ་བཞུགས་བའི་རྒྱུན་གྱི་རྟག་པར་གསུངས་པ་དག་གིས་འཁོར་བ་ལ་མཐའ་མེད་པའི་གོ་བ་ཡང་དག་ཅིག་ར་སྤྲོད་ཀྱིན་མེད་དམ། སངས་རྒྱས་ཀྱི་འཕྲིན་ལས་ལ་ཟད་པ་མེད་པ་དང་གཞན་དོན་རྒྱུན་ཆད་པ་མེད་པ་ཡིན་ན། གཞན་དོན་བྱ་ཡུལ་གྱི་སེམས་ཅན་ཡང་རྒྱུན་ཆད་མེད་པར་ཡོད་དགོས་པ་ལས། བྱ་ཡུལ་མེད་པའི་བྱེད་པོ་ཞིག་ནི་ཧ་ཅང་དགོད་བྲོ་པའི་གནས་སུ་གྱུར་བ་ཡིན་ནོ། ། ཡང་། རྒྱུད་བླ་མ་ལས། རྒྱུ་མཐས་ཡས་དང་སེམས་ཅན་ཟད་མེད་དང་། །བརྩེ་དང་འཕྲུལ་དང་མཁྱེན་དང་ཕུན་ཚོགས་ལྔན། །ཆོས་ཀྱི་དབང་ཕྱུག་འཆི་བའི་བདུད་བཅོམ་དང་། །ངོ་བོ་མེད་ཕྱིར་འཇིག་རྟེན་མགོན་པོ་རྟག ། ཅེས་པ་དང་། དཔལ་ལྡན་ཟླ་བས། འཇུག་པ་ལས། རྒྱལ་བ་ཇི་སྲིད་འཇིག་རྟེན་མཐའ་དག་མཆོག་ཏུ་རབ་ཞི་བར། །འགྲོ་བ་མིན་ཞིང་ནམ་མཁའ་རྣམ་འཇིག་འགྱུར་མིན་དེ་སྲིད་དུ། །ཤེས་རབ་ཡུམ་གྱིས་བསྐྱེད་པ་ཁྱོད་ལ་ཐུགས་བརྩེ་མ་མ་ཡིས། །ཚུལ་ལུགས་བྱེད་པས་རབ་ཏུ་ཞི་བར་འགྱུར་བ་ག་ལ་མངའ། ། ཞེས་གསུངས་ཏེ། གཟུགས་སྐུ་རྟག་པར་བསྟན་ཞིང་། ནམ་མཁའ་མ་ཞིག་གི་བར་དུ་གཞན་དོན་དུ་བཞུགས་དགོས་པ་དང་། སེམས་ཅན་ལ་ཟད་མཐའ་མེད་པར་གསུངས་པ་འདིས་ཀྱང་། འཁོར་བ་མཐའ་མེད་ཀྱི་ཟབ་གནད་ཅིག་སྟོན་ཡོད་དེ། གལ་ཏེ་འཁོར་བ་ལ་མཐའ་ཡོད་པ་དང་། སེམས་ཅན་ཐམས་ཅད་སངས་རྒྱས་ཟིན་པའི་དུས་ཡོད་ན། རྒྱལ་ཚབ་བྱམས་མགོན་གྱི་ཞལ་ནས་སེམས་ཅན་ཟད་མེད་དུ་གསུངས་བའི་གཏམ་འཁྲུལ་བ་འདི་འདྲ་ཡོང་རེ་ཀན། གཞན་ཡང་། དཔལ་ལྡན་ཟླ་བས་སངས་རྒྱས་ཀྱི་འཕྲིན་ལས་ནམ་མཁར་དཔེ་བླངས་སྟེ་གསུངས་པ་འདིས་ཀྱང་ནམ་མཁའི་རྒྱ་ཆོན་བཟུང་དུ་མེད་པ་དང་ནམ་མཁའ་ཞིག་པ་མེད་པ་ནང་བཞིན། སངས་རྒྱས་ཀྱི་འཕྲིན་ལས་ཀྱང་རྒྱ་ཆེ་བ་དང་ཆད་པ་མེད་པའི་གོ་བ་སྟབས་བདེ་ཞིག་དཔེ་ཡི་ལམ་ནས་སྟོན་གྱིན་མེད་དམ། གཞན་ཡང་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་གོ་བོ་རབ་འབྱམས་པ་དང་། རོང་སྟོང་ཤེས་བྱ་ཀུན་གཟིགས་རྣམས་གཉིས་ཀྱིས་ཀྱང་། སེམས་ཐམས་ཅན་ལ་གཞི་བདེ་གཤེགས་སྙིང་པོས་ཁྱབ་པ་རྒྱུ་མཚན་དུ་བྱས་ནས་སེམས་ཅན་ཐམས་ཅད་སངས་རྒྱ་བའི་ཁྱབ་པ་བསྟན་ཞིང་། སེམས་ཅན་ཟད་མེད་དང་སངས་རྒྱས་ཀྱི་གཞན་དོན་རྒྱུན་ཆད་མེད་པར་གསུང་བ་འཐད་ལྡན་དུ་བྱས་ནས། འཁོར་བ་མཐའ་མེད་དང་སེམས་ཅན་ཐམས་ཅད་སངས་རྒྱས་ཟིན་པའི་དུས་མེད་པར་ཡང་ཡང་གསུངས་ཀྱིན་་ཡོད་པས། ཁོ་བོས་ནི་རིག་པ་ཡིན་ལ་མིན་ལ་རེའི་རྗེས་སུ་རྒྱུག་ནས། རྟགས་ན་ངེས་པ་མི་རྙེད་པའི་ཐག་བཅད་རེ་བྱས་ཏེ་འདུག་པས་རང་སེམས་མ་འགུ་བར། འདི་ཕྱི་གང་ལའང་བསླུ་བ་མེད་པའི་གཞུང་ལུགས་ཚད་ལྡན་དག་གི་གོ་བའི་འབབ་སྟེགས་ཀྱི་སྒང་ནས་ལང་སྟེ་བཤད་པ་ཡིན་པས་གཞུང་ལུགས་ཀྱི་ཟབ་དོན་ལ་དགའ་བ་དག་གིས་འདི་ཉིད་ཅེས་ཀྱང་ལེན་རིགས་སོ། ། ༥རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ་ལས། ལྔ་བ་སྒྲུབ་པའི་དམིགས་པ་རྒྱས་པར་བཤད་པ་ནི། རྒྱན་རྩ་བ་ལས། དམིགས་པ་ཆོས་རྣམས་ཐམས་ཅད་དེ། ། ཞེས་པ་ནས། གང་དག་ཐུབ་པའི་ཐུན་མོང་མིན། ། ཞེས་པའི་བར་ཚིགས་བཅད་གཉིས་ཀྱིས་བསྟན་ཅིང་། སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་ལས། གསོལ་པ། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་གང་ལགས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་གང་རྣམས་ཀྱི་མ་ཆགས་པ་དང་མཆིས་པ་མ་ལགས་པ་ཡང་དག་པ་ཉིད་ལ་ཇི་ལྟར་བསླབ་པར་བགྱི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་ནི་གང་རྣམས་རིག་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཆོས་ཐམས་ཅད་ཅེས་བྱ་བ་ནི་དགེ་བ་དང་མི་དགེ་བ་དང་ལུང་དུ་བསྟན་པ་དང་།  ལུང་དུ་མ་བསྟན་པ་དང་། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་། འདུས་བྱས་དང་། འདུས་མ་བྱས་དང་། ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མེད་པ་དང་། ཐུན་མོང་དང་། ཐུན་མོང་མ་ཡིན་པ་དག་སྟེ། རབ་འབྱོར་དེ་དག་ནི་ཆོས་ཐམས་ཅད་ཅེས་བྱ་སྟེ། ཞེས་པ་ནས། གསོལ་པ།  བཅོམ་ལྡན་འདས་ཐུན་མོང་མ་ལགས་པའི་ཆོས་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཐུན་མོང་མ་ཡིན་པའི་ཆོས་ཞེས་བྱ་བ་ནི། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱི་བར་དག་སྟེ། དེ་དག་ནི་ཐུན་མོང་ མ་ཡིན་པའི་ཆོས་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་ཐམས་ཅད་ལ་རྟོག་པ་མེད་པས། ཆགས་པར་མི་བྱའོ། །ཆོས་ཐམས་ཅད་གཉིས་སུ་མེད་པའི་ཚུལ་གྱིས་རྟོག་པ་མེད་ཅིང་། རྣམ་པར་རྟོག་པ་མེད་པའི་ཕྱིར། ཆོས་ཐམས་ཅད་ཁོང་དུ་ཆུད་པར་བྱའོ། ། ཞེས་པའི་བར་ཏེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉེར་ལྔ་པ་སྡེ་པར་གྱི་གླེགས་བམ་ཀ་དུམ་གྱི་ཤོག་ངོས་བརྒྱ་དང་གྱ་ལྔ་ནས་བརྒྱ་དང་གྱ་བརྒྱད་བར་གྱིས་བསྟན་ཏོ། ། ༦རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ་ལས། དྲུག་པ་སྒྲུབ་པའི་ཆེད་དུ་བྱ་བ་རྒྱས་པར་བཤད་པ་ནི། རྒྱན་རྩ་བ་ལས། སེམས་ཅན་ཀུན་མཆོག་ཉིད་སེམས་དང་། །སྤངས་དང་རྟོགས་དང་གསུམ་པོ་ལ། །ཆེན་པོ་གསུམ་གྱི་རང་བྱུང་གི །ཆེད་དུ་བྱ་བ་འདི་ཤེས་བྱ། ། ཞེས་པས་བསྟན་ཅིང་། སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་ལས། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་འདི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱི་བ་དེ་ཅིའི་སླད་དུ། བྱང་ཆུབ་སེམས་དཔའ་ལ་སེམས་དཔའ་ཆེན་པོ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་སེམས་ཅན་གྱི་ཕུང་པོ་ཆེན་པོ་ངེས་པའི་ཕུལ་བྱེད་པར་འགྱུར་བས། དེའི་ཕྱིར་བྱང་ཆུབ་སེམས་དཔའ་ལ་སེམས་དཔའ་ཆེན་པོ་ཞེས་བྱའོ། ། ཞེས་པ་ནས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི་བྱང་ཆུབ་ཀྱི་སེམས་མི་མཉམ་པ་དང་མཉམ་པའི་སེམས། ཉན་ཐོས་དང། །རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་པའི་སེམས་དེས་ཀྱང་ཆོས་ཐམས་ཅད་ལ་དམྱིགས་པ་མྱེད་པའི་ཚུལ་གྱིས་རློམ་སེམས་སུ་འགྱུར་བ་མྱེད། མངོན་པར་ཆགས་པར་འགྱུར་བ་མེད་པས་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱའོ། ། ཞེས་པའི་བར་ཏེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉེར་ལྔ་པ་སྡེ་པར་གྱི་གླེགས་བམ་ཀ་དུམ་གྱི་ཤོག་ངོས་བརྒྱ་དང་གྱ་བརྒྱད་ནས་བརྒྱ་དང་གོ་བཞིའི་བར་གྱིས་བསྟན་ཏོ། ། ༧རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ་ལས། བདུན་པ་གོ་སྒྲུབ་རྒྱས་པར་བཤད་པ་ནི། རྒྱན་རྩ་བ་ལས། དེ་དག་སོ་སོར་སྦྱིན་ལ་སོགས། །རྣམ་པ་དྲུག་ཏུ་བསྡུས་པ་ཡིས། །གོ་ཆའི་སྒྲུབ་པ་གང་ཡིན་དེ། དྲུག་ཚན་དྲུག་གིས་ཇི་བཞིན་བཤད། ། ཅེས་པས་བསྟན་ཅིང་། སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་ལས། དེ་ནས་ཚེ་དང་ལྡན་པ་བྱམས་གང་གི་བུས། །བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དོན་གང་གི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱི་བ་དེ་ལ་བདག་ཀྱང་སྤོབས་པ་སྐྱེའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་པོ་ཁྱོད་ཀྱིས་སྤོབས་པ་སྐྱེད་ཅིག། གང་པོས་གསོལ་པ། བཅོམ་ལྡན་འདས་དེ་ནི་གོ་ཆ་ཆེན་པོ་བགོས་པའི་སེམས་ཅན་ལགས་ཏེ། བཅོམ་ལྡན་འདས་དེ་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་སེམས་ཅན་ལགས་ལ། དེ་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པའི་སེམས་ཅན་ལགས་པས། དེའི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱིའོ། ། ཞེས་པ་ནས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་གོ་ཆ་ཆེན་པོ་བགོས་པ་ལ། ཤར་ཕྱོགས་དང་། ལྷོ་དང་། ནུབ་དང་། བྱང་དང་། བྱང་ཤར་དང་། ཤར་ལྷོ་དང་། ལྷོ་ནུབ་དང་། ནུབ་བྱང་དང་། འོག་དང་། སྟེང་གི་ཕྱོགས་ཀྱི་ཕྱོགས་རེ་རེའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་བཞུགས་པ་རྣམས་ཀྱང་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་ཅིང་། མིང་ཡོངས་སུ་སྒྲོག་པ་མཛད་དེ། འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་འདི་ལྟ་བུ་ཞིག་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་དོ། །རྫུ་འཕྲུལ་གྱིས་རྣམ་པར་རྩེའོ་ཞེས་སྒྲ་བརྗོད་པ་མཛད་དེ། དབྱངས་རྗེས་སུ་སྒྲོག་གོ། ཞེས་པའི་བར་ཏེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉེར་ལྔ་པ་སྡེ་པར་གྱི་གླེགས་བམ་ཀ་དུམ་གྱི་ཤོག་ངོས་བརྒྱ་དང་གོ་བཞི་ནས་ཉིས་བརྒྱ་གཅིག་བར་གྱིས་བསྟན་ཏོ། ། ༨རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ་ལས། བརྒྱད་པ་འཇུག་སྒྲུབ་རྒྱས་པར་བཤད་པ་ནི། རྒྱན་རྩ་བ་ལས། བསམ་གཏན་གཟུགས་མེད་སྦྱིན་སོགས་དང་། ། ཞེས་པ་ནས། འཛེགས་པ་ཡིན་པར་ཤེས་པར་བྱ། ། ཞེས་པའི་བར་ཚིགས་བཅད་གཉིས་ཀྱིས་བསྟན་ཅིང་། སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་ལས། ཚེ་དང་ལྡན་པ་གང་པོ་ཇི་ཙམ་གྱིས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་ ཡང་དག་པར་ཞུགས་ཞེས་བྱ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་གང་ཡིན། གང་པོས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཕ་རོལ་དུ་ཕྱིན་པ་དྲུག་ལ་སྤྱོད་དེ། དེ་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཅིང་། འདོད་པས་དབེན། སྡིག་ཏོ་མི་དགེ་བའི་ཆོས་ཀྱིས་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན། བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། ། ཞེས་པ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ། བླ་ན་མེད་པའི་ཐེག་པ། ཐེག་པའི་མཆོག་ལ་གནས་པ་འདི་ཞེས་བྱ་བ་ཞིག །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས་ཀྱང་། ཆོས་ཀྱི་འཁོར་ལོ་བསྐོར་བར་བྱེད་དོ་ཞེས་གྲགས་པ་སྒྲོག་ཅིང་། དབྱངས་སུ་བརྗོད་པ་མཛད་དོ། །དེ་ལྟར་ན་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་ཞེས་བྱའོ། ། ཞེས་པའི་བར་ཏེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉེར་ལྔ་པ་སྡེ་པར་གྱི་གླེགས་བམ་ཀ་དུམ་གྱི་ཤོག་ངོས་ཉིས་བརྒྱ་གཅིག་ནས་ཉིས་བརྒྱ་དང་བདུན་བར་གྱིས་བསྟན་ཏོ། ། ༩རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ་ལས། དགུ་བ་ཚོགས་ཀྱི་སྒྲུབ་པ་རྒྱས་པར་བཤད་པ་ནི། རྒྱན་རྩ་བ་ལས། བརྩེ་དང་སྦྱིན་ལ་སོགས་པ་དྲུག ། ཞེས་པ་ནས། གཉེན་པོ་རྣམ་པ་བརྒྱད་ཅེས་བྱ། ། ཞེས་པའི་བར་ཚིགས་བཅད་ཉེར་དྲུག་གིས་བསྟན་ཅིང་། སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་ལས། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གོ་ཆ་ཆེན་པོ་བགོས་སོ། །གོ་ཆ་ཆེན་པོ་བགོས་སོ་ཞེས་བགྱི་ན། བཅོམ་ལྡན་འདས་ཅི་ཙམ་གྱིས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་ཞེས་བགྱི་བ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཞེས་པ་ནས། ཤིན་དུ་རྣམ་པར་དག་པ་ཉེ་བར་བཟུང་ན། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་ཕྱིར། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་དམིགས་སུ་མེད་དོ། །ཤིན་དུ་རྣམ་པར་དག་པ་ཉེ་བར་བཟུང་ན། ནང་སྟོང་པ་ཉིད་ཀྱི་ཕྱིར། མིག་ལྔ་དམིགས་སུ་མེད་དོ། །ཤིན་དུ་རྣམ་པར་དག་པ་ཉེ་བར་བཟུང་ན། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་ཕྱིར། མིག་ལྔ་དམིགས་སུ་མེད་དོ། ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཅིང་། ཆོས་ཐམས་ཅད་མི་དམིགས་པའི་ཚུལ་གྱིས། ཐེག་པ་ཆེན་པོས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས་ལེའུ་བཅུ་པའོ།། །། ཞེས་པའི་བར་ཏེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉེར་ལྔ་པ་སྡེ་པར་གྱི་གླེགས་བམ་ཀ་དུམ་གྱི་ཤོག་ངོས་ཉིས་བརྒྱ་དང་བདུན་ནས་ཉིས་བརྒྱ་དོན་བདུན་བར་གྱིས་བསྟན་ཏོ། ། ༡༠རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ་ལས། བཅུ་བ་ངེས་འབྱུང་བའི་སྒྲུབ་པ་རྒྱས་པར་བཤད་པ་ནི། རྒྱན་རྩ་བ་ལས། ཆེད་དུ་བྱ་དང་མཉམ་ཉིད་དང་། ། ཞེས་པ་ནས། ངེས་འབྱུང་སྒྲུབ་པ་ཡིན་ཞེས་བྱ། ། ཞེས་པའི་བར་ཚིགས་བཅད་གཉིས་ཀྱིས་བསྟན་ཅིང་། སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་ལས། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཐེག་པ་ཆེན་པོ་ཐེག་པ་ཆེན་པོ་ཞེས་བགྱི་བ་ནི།  ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཏེ་འབྱུང་བར་འགྱུར་བས། དེའི་སླད་དུ་ཐེག་པ་ཆེན་པོ་ཞེས་བགྱིའོ། །བཅོམ་ལྡན་འདས་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པ་སྟེ། ཇི་ལྟར་ནམ་མཁའ་སེམས་ཅན་གྲངས་དང་ཚད་མ་མཆིས་པའི་གོ་འབྱེད་པ་དེ་བཞིན་དུ་ཐེག་པ་ཆེན་པོ་འདི་ཡང་སེམས་ཅན་གྲངས་དང་ཚད་མ་མཆིས་པའི་གོ་འབྱེད་པས། ཞེས་པ་ནས། རབ་འབྱོར་ཇི་ལྟར་ང་འཇིག་རྟེན་གྱི་ཁམས་མི་མཇེད་འདི་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པ་དེ་བཞིན་དུ་ལྷོ་དང་། ནུབ་དང་། བྱང་དང་། བྱང་ཤར་དང་། ཤར་ལྷོ་དང་། ལྷོ་ནུབ་དང་། ནུབ་བྱང་དང་། འོག་དང་། སྟེང་གི་ཕྱོགས་ཀྱི་ཕྱོགས་རེ་རེའི་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་པ་དག་ན་ཡང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་སྟོན་པ་མཛད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་བཤད་པའི་ཚེ། ལྷ་དང་མིའི་སྐྱེ་དགུ་ཁྲག་ཁྲིག་ཕྲག་བཅུ་གཉིས་མི་སྐྱེ་བའི་ཆོས་ལ་བཟོད་པ་སྐྱེས་སོ། །ཕྱོགས་བཅུ་ཀུན་ཏུ་འཇིག་རྟེན་གྱི་ཁམས་སུ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བསྟན་པའི་ཚེ་ཡང་། སེམས་ཅན་ཚད་མེད་གྲངས་མེད་པ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས། རབ་འབྱོར་གྱི་ལེའུ་སྟེ་བཅུ་གསུམ་པའོ།། །། ཞེས་པའི་བར་ཏེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉེར་ལྔ་པ་སྡེ་པར་གྱི་གླེགས་བམ་ཀ་དུམ་གྱི་ཤོག་ངོས་ཉིས་བརྒྱ་དོན་བདུན་ནས་སུམ་བརྒྱ་གྱ་གཅིག་གི་བར་གྱིས་བསྟན་ཏོ། ། 
རྣམ་ཀུན་མཁྱེན་པའི་རྒྱ་ཆེན་བློ་ཡི་གནད། །
རང་བཟོ་ངན་པས་རང་ཐག་མ་བཅད་པར། །
མདོ་བསྟན་ཟུང་དུ་སྦྱར་བའི་ལེགས་བཤད་འདི། །
ཟབ་མོ་མདོ་ཡི་དགོངས་དོན་མཇལ་བྱེད་ཡིན། །
འཕགས་པ་ཤེར་རབ་ཀྱི་ཕལ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པའི་བཤད་པ་མངོན་རྒྱན་ཡུམ་ལ་འཇུག་པའི་ལེགས་བཤད་བྱམས་པའི་འཐད་རྒྱན་ལས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྐབས་ལེགས་པར་བཤད་ཟིན་ཏོ། །
 
གཉིས་པ། དོན་བདུན་བཅུ་ལས་ལམ་ཤེས་མཚོན་བྱེད་ཀྱི་ཆོས་བཅུ་གཅིག་བཤད་པ་ལ་མདོར་བསྟན་དང་རྒྱས་བཤད་གཉིས་ལས། དང་པོ་མདོར་བསྟན་ནི། རྒྱན་རྩ་བ་ལས། མོག་མོག་པོར་བྱེད་ལ་སོགས་དང་། །སློབ་མ་བསེ་རུའི་ལམ་གང་དང་། །འདི་དང་གཞན་པའི་ཡོན་ཏན་གྱིས། །ཕན་ཡོན་ཆེ་བ་མཐོང་བའི་ལམ། །བྱེད་པ་དང་ནི་མོས་པ་དང་། །བསྟོད་དང་བཀུར་དང་བསྔགས་པ་དང་། །བསྔོ་དང་རྗེས་སུ་ཡི་རང་བ། །ཡིད་ལ་བྱེད་པ་བླ་མེད་དག །སྒྲུབ་དང་ཤིན་ཏུ་དག་པ་ཞེས། །བྱ་བ་འདི་ནི་སྒོམ་པའི་ལམ། །བྱང་ཆུབ་སེམས་དཔའ་མཁས་རྣམས་ཀྱི། །ལམ་ཤེས་ཉིད་ནི་དེ་འདྲར་བཤད། ། ཅེས་པས་རྣམ་གྲངས་ཀྱི་སྒོ་ནས་མདོར་བསྟན་པ་ཡིན་ནོ། ། གཉིས་པ་རྒྱས་བཤད་ལ་བཅུ་གཅིག་ལས། ༡ལམ་ཤེས་མཚོན་བྱེད་ཀྱི་ཆོས་བཅུ་གཅིག་ལས་དང་པོ་ལམ་ཤེས་ཀྱི་ཡན་ལག་རྒྱས་པ་བཤད་པ་ནི། རྒྱན་རྩ་བ་ལས། ལྷ་རྣམས་རུང་བར་བྱ་བའི་ཕྱིར། །འོད་ཀྱིས་མོག་མོག་པོར་མཛད་དང་། །ཡུལ་ངེས་པ་དང་ཁྱབ་པ་དང་། །རང་བཞིན་དང་ནི་དེ་ཡི་ལས། ། ཞེས་པའི་ཚིགས་བཅད་གཅིག་གིས་བསྟན་ཅིང་། སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་ལས། དེ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི། འཇིག་རྟེན་གྱི་ཁམས་འདི་ན། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ། ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་། ལྷ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དང་ལྷན་ཅིག་འཁོར་དེ་ཉིད་དུ་འདུས་པར་གྱུར། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། ལྷའི་དབང་པོ་བརྒྱ་བྱིན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་། ལྷའི་བུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དང་ལྷན་ཅིག་འཁོར་དེ་ཉིད་དུ་འདུས་པར་གྱུར། ཞེས་པ་ནས། འོན་ཀྱང་གལ་ཏེ་དེ་དག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན་དེ་དག་ལ་ཡང་རྗེས་སུ་ཡི་རང་ངོ་། །ཁྱད་པར་དུ་འཕགས་པའི་ཆོས་རྣམས་ལས་ཁྱད་པར་དུ་འཕགས་པའི་ཆོས་རྣམས་འཐོབ་པར་འགྱུར་བས། དེ་དག་གི་དགེ་བའི་ཕྱོགས་ལ་བདག་ནི་བར་ཆད་མྱི་བྱེད་དོ། ། ཞེས་བའི་བར་ཏེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉེར་ལྔ་པ་སྡེ་པར་ཀ་དུམ་པའི་ཤོག་ངོས་སུམ་བརྒྱ་གྱ་གཅིག་ནས་ཁ་དུམ་པའི་ཤོག་ངོས་གཅིག་བར་གྱི་དེབ་གཉིས་ཙམ་གྱིས་བསྟན་ཏོ། ། དེ་ཡང་འདིར། ཡུལ་ངེས་པ་དང་ཁྱབ་པ་དང་། ། ཞེས་གསུངས་ཏེ། སེམས་ཅན་ཐམས་ཅད་ལ་ལམ་ཤེས་སྐྱེ་བའི་ཁྱབ་པར་བསྟན་པ་འདིས། མངོན་རྟོགས་རྒྱན་གྱི་གཞིའི་ལྟ་བ་དབུ་སེམས་གཉིས་ལས་དབུ་མར་གནས་པ་གསལ་བར་རྟོགས་ཐུབ་སྟེ། སེམས་ཅན་ཐམས་ཅད་ལ་གཞི་བདེ་གཤེགས་སྙིང་པོ་ཁྱད་མེད་དུ་གནས་པས། སེམས་ཅན་ཐམས་ཅད་ལ་འབྲས་བུ་རྣམ་མཁྱེན་ཐོབ་རུང་དུ་ཡོད་ལ། དེ་ཐོབ་པ་ལ་དེ་ཡི་རྒྱུ་ལམ་ཤེས་ཉམས་སུ་ལེན་དགོས་པས། ལམ་ཤེས་སྐྱེ་རུང་གི་ཁྱབ་པར་བསྟན་མེད་དམ། སེམས་ཙམ་པས་ནི། མདོ་ལས་མཐར་ཐུག་ཐེག་པ་གཅིག་དུ་གསུངས་པ་དེ། དགོངས་གཞི་དགོངས་པ་དངོས་ལ་གནོད་བྱེད་གསུམ་གྱིས་སྒོ་ནས། དྲང་དོན་དགོངས་པ་ཅན་དུ་བསྟན་ཏེ་མཐར་ཐུག་ཐེག་པ་གསུམ་དུ་སྒྲུབ་ཡོད་ལ། གཞན་ཡང་། དགོངས་འགྲེལ་ལས། དོན་དམ་ཡང་དག་འཕགས་ཉན་ཐོས་ཀྱི་རིགས་ཀྱི་གང་ཟག་ཞི་བ་བགྲོད་པ་གཅིག་པུ་པ་ནི། སངས་རྒྱས་ཐམས་ཅད་བརྩོན་པ་དང་ལྡན་པར་གྱུར་ཀྱང་བྱང་ཆུབ་ཀྱི་སྙིང་པོ་ལ་བཞག་སྟེ། བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་མི་ནུས། ཞེས་དང་། ཡང་དགོངས་འགྲེལ་ལས། ཉན་ཐོས་བྱང་ཆུབ་ཏུ་གྱུར་བ་གང་ཡིན་པ་ནི། ངས་རྣམ་གྲངས་ཀྱི་བྱང་ཆུབ་སེམས་དཔར་བསྟན་དེ་ཞེས་གསུངས་བ་མ་ཡིན་ནམ་ཞེ་ན། མ་ངེས་པའི་རིགས་ཅན་ལ་དགོངས་ལ། འདི་ལྷག་བཅས་ཀྱི་བར་དུ་འགྱུར་བ་སྲིད་ཀྱང་ལྷག་མེད་ནས་མི་འགྱུར་ཏེ། རིག་པ་རྒྱུན་ཆད་པས་འབད་པའི་རྩོལ་བ་མེད་པའི་ཕྱིར། ཞེས་སོགས་གསུངས་ཏེ། སངས་རྒྱས་ཐོབ་པ་ལ་གཞན་དུ་སྐྱེ་བ་རྒྱུན་མར་བླངས་ནས་ཚོགས་རྫོགས་པར་བྱེད་དགོས་ལ། ཉན་རང་ལྷག་མེད་དུ་མྱ་ངན་ལས་འདས་པ་རྣམས་ནི་རྒྱུ་ཉོན་མོངས་ཟད་པ་དང་། རིག་པ་རྒྱུན་ཆད་པར་གསུངས་ནས་སྐྱེ་བ་ལེན་པ་མེད་པར། རིགས་ཆད་ཀྱི་གང་ཟག་ཏུ་ཁས་བླངས་ཡོད་པ་མ་ཡིན་ནམ། དབུ་མ་པས་ནི་གཞི་བདེ་བར་གཤེགས་པའི་སྙིང་བོ་ནི་སེམས་ཅན་ཀུན་ལ་ཡོད་ལ། ལྷག་མེད་དུ་མྱ་ངན་ལས་འདས་པ་དེ་ནི། མ་རིག་བག་ཆགས་ཀྱི་ས་ལ་བརྟེན་ཏེ་དག་པའི་ཞིང་དུ་པདྨའི་སྦུབས་སུ་ཡིད་ཀྱི་རང་བཞིན་གྱི་ལུས་བླངས་ནས་འོད་དཔག་མེད་ལ་སོགས་པའི་འོད་ཟེར་གྱིས་སད་པར་བྱས་ནས་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་། འབྲས་བུ་སངས་རྒྱས་ཀྱི་ཡོན་ཏན་ཐོབ་པར་གསུངས་ཡོད་པ་ཡིན་ལ། སེམས་ཙམ་པ་ནི་དེ་ལས་ལྡོག་སྟེ་གཞུང་འདི་ཡི་ཕྱོགས་སྔར་སོང་འདུག་པ་ལས། སེམས་ཙམ་པའི་གཞི་ཡི་ལྟ་བ་གཞུང་འདིའི་བརྗོད་དོན་ལ་གཏན་ནས་འབྱོར་མི་འདུག་གོ ། དེས་ན་གཞི་ཡི་སྐབས་སུ་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་བསྟན་ཅིང་། ལམ་ཤེས་རྒྱུད་ནས་སྐྱེ་བའི་ཁྱབ་པ་བསྟན་པ་ནི་ཐེག་ཆེན་དབུ་མ་པའི་ཐུན་མིན་གྱི་དམ་བཅའ་ཡིན་ནོ། །འདི་ནི་གཞུང་ལུགས་གཞན་གྱི་སྤྲོས་པ་མ་བྱས་པར་རྒྱན་རྩ་བ་རང་གི་ངོ་གདོང་གི་གོ་བ་སྒྲུབ་བྱེད་དུ་ཁུར་ཏེ། ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་གཞི་ཡི་ལྟ་བ་དབུ་མར་སྒྲུབ་པའི་བཤད་པ་ཡིན་ནོ། ། གཞན་ཡང་། ཉོན་མོངས་ཤེས་བྱ་ལམ་གསུམ་གྱི། །ཉམས་ཕྱིར་སློབ་མ་བསེ་རུ་དང་། །རྒྱལ་སྲས་རྣམས་ཀྱི་དག་པ་སྟེ། །སངས་རྒྱས་རྣམ་ཀུན་ཤིན་ཏུ་བ། །ཞེས་རྣམ་དག་བཞི་ངོས་བཟུང་བའི་ཚེ། བྱང་སེམས་ཀྱི་རྣམ་དག་ནི། ལམ་གསུམ་གྱི། ཉམས་ཕྱིར། ཞེས་གསུངས་ཏེ། ལམ་གསུམ་ལ་བདེན་འཛིན་གྱི་སྒྲིབ་པ་སྤངས་ཤིང་ཉམས་པར་བྱས་པའི་རྣམ་དག་ཅིག་ཏུ་གསུངས་ཡོད་ལ། སེམས་ཙམ་པ་དག་གིས་ནི། ཡུལ་ཅན་ལམ་གསུམ་པོ་གཞན་དབང་རང་གི་མཚན་ཉིད་ཀྱི་གྲུབ་པ་དོན་དམ་དུ་ཡོད་པར་བཞེད། ཡང་། སྐབས་དང་པོར་སྦྱོར་ལམ་བསྟན་པའི་སྐབས། དམིགས་པ་མི་རྟག་ལ་སོགས་པ། །རྣམ་པ་མངོན་ཞེན་ལ་སོགས་འགོག ། ཞེས་དང་། སྐབས་གསུམ་པར་གཞི་ཤེས་ཀྱི་མི་མཐུན་ཕྱོགས་བསྟན་པའི་སྐབས། གཟུགས་སོགས་ཕུང་བོ་སྟོང་ཉིད་དང་། །དུས་གསུམ་གཏོགས་པའི་ཆོས་རྣམས་དང་། སྦྱིན་སོགས་བྱང་ཆུབ་ཕྱོགས་རྣམས་ལ། ། སྤྱོད་པའི་འདུ་ཤེས་མི་མཐུན་ཕྱོགས། ། ཞེས་དང་། རྒྱལ་ལ་སོགས་ལ་ཆགས་པ་ཕྲ། ། ཞེས་གསུངས་པ་དེ་དག་གི་སྐབས་སུ། གཞི་ལམ་འབྲས་གསུམ་གྱི་བསྡུས་པའི་ཆོས་ཐམས་ཅད་ལ་མངོན་ཞེན་གྱི་མཚན་མ་མཐའ་དག་བཀག་ཅིང་། བདེན་གྲུབ་ཀྱི་ཆོས་རྡུལ་ཙམ་ཡང་མེད་པར་སྐྱེ་མེད་དུ་གཏན་ལ་ཕབ་ནས། ཐེག་ཆེན་དབུ་མའི་མཐར་ཐུག་གི་ལྟ་བ་ནི་སྤྲོས་པའི་མཚན་མ་མཐའ་དག་དང་བྲལ་བའི་གནས་ལུགས་ཤིག་ཏུ་ངོས་བཟུང་བ་དང་། སྦྱིན་ལ་སོགས་ལ་ངར་འཛིན་མེད། །གཞན་དག་དེ་ལ་སྦྱོར་བྱེད་པ། །ཞེས་གསུངས་ཏེ། འཁོར་གསུམ་གྱི་བདེན་ཞེན་མེད་པའི་སྦྱིན་སོགས་ཕར་བཅུའམ་དྲུག་གི་ལམ་ལ་རང་ཉིད་གནས་ཤིང་སེམས་ཅན་རྣམས་བདེན་ཞེན་མེད་པའི་སྦྱིན་སོགས་ཕར་ཕྱིན་དྲུག་གི་ལམ་ལ་འགོད་པ་དང་། གཞན་ཡང་། རང་བཞིན་དང་ནི་དེ་ཡི་ལས། ཞེས་བྱང་ཆུབ་སེམས་དཔའ་རྣམས་གཞན་དོན་དུ་སྐྱེ་བ་ལེན་པའི་རྒྱུ་དགོས་པས། གཞན་དོན་དུ་འཁོར་བར་སྐྱེ་བའི་རྒྱུ་ཉོན་མོངས་པའི་མིང་ཅན་ཆེད་དུ་གཉེར་ནས་མི་སྤོངས་བར་གསུངས་ནས། ལམ་དུ་མ་ཞུགས་པ་རྣམས་ཐེག་པ་གསུམ་གྱི་ཚོགས་ལམ་ལ་འགོད། ཚོགས་ལམ་པ་རྣམས་སྦྱོར་ལམ་འགོད། སྦྱོར་ལམ་པ་རྣམས་མཐོང་ལམ་ལ་འགོད། རིགས་ཅན་འོག་མ་གཉིས་དང་། གོང་མའི་མཐོང་ལམ་པ་རྣམས་སྒོམ་ལམ་ལ་འགོད། སྒོམ་ལམ་པ་རྣམས་མི་སློབ་ལམ་ལ་འགོད་དེ་བསྡུ་དངོས་བཞིའི་སྤྱོད་པ་ལེགས་པར་བསྟན་པར་གསུངས་བས། ལམ་གྱི་སྐབས་སུ་གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་ཐམས་ཅན་རང་གི་མཚན་ཉིད་གྱི་གྲུབ་པ་རྡུལ་ཙམ་ཡང་མེད་པའི་ལྟ་བ་སྟོང་ཉིད་བསྟན་ལ་ཕབས། ཐ་སྙད་ཀུན་རྫོབ་ཏུ་སྤྱོད་པ་ཕར་ཕྱིན་དྲུག་དང་། བསྡུ་དངོས་བཞིའི་སྤྱོད་པ་ལེགས་པར་བཤད་པ་ནི་ཐེག་ཆེན་དབུ་མའི་ཐུན་མིན་གྱི་བཤད་པ་ཡིན་ལ། སེམས་ཙམ་པ་དག་གིས་ནི། མཚན་ཉིད་གསུམ་གྱི་ནང་ནས་ཀུན་བཏགས་དང་གཞན་དབང་རང་གི་མཚན་ཉིད་ཀྱི་གྲུབ་པ་དོན་དམ་དུ་ཡོད་པར་བཞེད་པས་ཆོས་ཐམས་ཅད་སྐྱེ་མེད་དུ་གཏན་ལ་ཕབ་མི་ནུས་སོ། །དོན་གྱིས་གཞུང་འདི་དག་གིས་དབུ་མའི་དགག་བྱ་བདེན་པ་ཁོ་ནས་ལས། བདེན་མེད་དུ་མངོན་པར་ཞེན་པ་དགག་མི་དགོས་པར་འདོད་པའི་ལྟ་བ་དེའང་བཀག་པ་ཡིན་ནོ། ། འདི་ནི་གཞུང་ལུགས་གཞན་གྱི་སྤྲོས་པ་མ་བྱས་པར་རྒྱན་རྩ་བ་རང་གི་ངོ་གདོང་གི་གོ་བ་སྒྲུབ་བྱེད་དུ་ཁུར་ཏེ། ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་ལམ་གྱི་ལྟ་བ་དབུ་མར་སྒྲུབ་པའི་བཤད་པ་ཡིན་ནོ། །འབྲས་བུའི་སྐབས་སུ་རྒྱན་གྱི་ལྟ་བ་དབུ་མར་སྒྲུབ་པ་ནི། འབྲས་བུ་ཆོས་སྐུའི་སྐབས་སུ་བཤད་པར་བྱ་ཡི་འདིར་གཞུང་གོང་འོག་མང་ཉུང་ཤོར་བའི་སྐྱོན་བསལ་བའི་ཕྱིར་མ་བཤད་དོ། ། ༢ལམ་ཤེས་མཚོན་བྱེད་ཀྱི་ཆོས་བཅུ་གཅིག་ལས་གཉིས་པ་ཤེས་བྱ་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་རྒྱས་པར་བཤད་པ་ནི། རྒྱན་རྩ་བ་ལས། ལམ་ཤེས་ཉིད་ཀྱི་ཚུལ་ལ་ནི། ། ཞེས་པ་ནས། མཁྱེན་ནས་ཆོས་རྣམས་མ་གཟིགས་ཕྱིར། ། ཞེས་པའི་བར་ཚིགས་བཅད་བཞིས་བསྟན་ཅིང་། སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་ལས། ཀཽ་ཤི་ཀ་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཞེ་ན། ཀཽ་ཤི་ཀ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། དེ་མྱི་དམྱིགས་པའི་ཚུལ་གྱིས། གཟུགས་ནི་མྱི་རྟག་པར་ཡིད་ལ་བྱའོ། །གཟུགས་ནི་སྡུག་བསྔལ་བར་ཡིད་ལ་བྱའོ། །གཟུགས་ནི་བདག་མྱེད་པར་ཡིད་ལ་བྱའོ། །གཟུགས་ནི་ཞི་བར་ཡིད་ལ་བྱའོ། ། ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་པ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་པར་བྱ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་དེ་ལྟར་མི་དམིགས་པའི་ཚུལ་གྱིས་བསླབ་པར་བྱའོ། །གནས་པར་བྱའོ། ཞེས་པའི་བར་ཏེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉེར་ལྔ་པ་སྡེ་པར་ཁ་དུམ་པའི་ཤོག་ངོས་གཅིག་ནས་བཅུ་བདུན་བར་གྱིས་བསྟན་ཏོ། ། ༣ལམ་ཤེས་མཚོན་བྱེད་ཀྱི་ཆོས་བཅུ་གཅིག་ལས་གསུམ་པ་ཤེས་བྱ་རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་རྒྱས་པར་བཤད་པ་ནི། རྒྱན་རྩ་བ་ལས། རང་བྱུང་བདག་ཉིད་རྟོགས་པའི་ཕྱིར། ། ཞེས་པ་ནས། རྣམ་པ་ཅན་ནི་ཆོས་ཀྱི་མཆོག ། ཅེས་པའི་བར་ཚིགས་ལྔས་བསྟན་ཅིང་། སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་ལས། དེ་ནས་འཁོར་དེའི་ནང་ནས་ལྷའི་བུ་ཁ་ཅིག་འདི་སྙམ་དུ་སེམས་པར་གྱུར་ཏེ། གང་གནོད་སྦྱིན་རྣམས་ཀྱི་གནོད་སྦྱིན་གྱི་ཚིག་དང་། གནོད་སྦྱིན་གྱི་སྐད་དང་གནོད་སྦྱིན་གྱི་སྒྲ་དང་། གནོད་སྦྱིན་གྱི་བརྗོད་པ་དེ་དག་ནི་སྨྲས་པར་གྱུར་ན། ཤེས་པར་རུང་གི། གང་འཕགས་པ་རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འཆད་པ་དང་བརྗོད་པ་དང་སྟོན་པ་དང་། རྣམ་པར་འབྱེད་པ་དང་གསལ་བར་བྱེད་པ་དང་། གཏན་ལ་བབ་པར་སྟོན་པ་དེ་ནི་ཤེས་པར་མི་རུང་ངོ་། ། ཞེས་པ་ནས། ཚེ་དང་ལྡན་པ་རབ་འབྱོར་གྱིས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ནང་སྟོང་པ་ཉིད་དང་།  ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར། མི་དམིགས་པའི་ཚུལ་གྱིས་ཐེག་པ་གསུམ་རྒྱ་ཆེར་བསྟན་ཏོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་ཕྱིར་མི་དམིགས་པའི་ཚུལ་གྱིས་ཐེག་པ་གསུམ་རྒྱ་ཆེར་བསྟན་ཏོ། །ནང་སྟོང་པ་ཉིད་དང་།  ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་མི་དམིགས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོངས་སུ་གཟུང་བ་བསྟན་ཏོ། །མི་དམིགས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འཇིག་རྟེན་ཐམས་ཅད་ ལས་མངོན་པར་འཕགས་ཤིང་ཁྱད་ཞུགས་པའི་སྤོབས་པའི་བར་དང་ཡང་ལྡན་པར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས། ལེའུ་བཅོ་ལྔ་པའོ།། །། ཞེས་པའི་བར་ཏེ། འཕགས་སྟོང་ཕྲག་ཉེར་ལྔ་པ་སྡེ་པར་ཁ་དུམ་པའི་ཤོག་ངོས་བཅུ་བདུན་ནས་སོ་དྲུག་བར་གྱིས་བསྟན་ཏོ། ། ༤ལམ་ཤེས་མཚོན་བྱེད་ཀྱི་ཆོས་བཅུ་གཅིག་ལས་བཞི་པ་མཐོང་ལམ་རྒྱས་པར་བཤད་པ་ནི། རྒྱན་རྩ་བ་ལས། བདེན་དང་བདེན་ལ་བཟོད་པ་དང་། ། ཞེས་པ་ནས། ལམ་ཤེས་ཉིད་ཀྱི་སྐད་ཅིག་མ། ། ཞེས་པའི་བར་ཚིགས་བཅད་དྲུག་གིས་བསྟན་ཅིང་། སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་ལས། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་སེམས་པར་གྱུར་ཏེ། གནས་བརྟན་རབ་འབྱོར་གྱིས་དེ་ལྟར་ཆོས་ཀྱི་ཆར་བ་འདི་ཕབ་སྟེ་བསྟན་ན། དེ་ལ་བདག་གིས་ཀྱང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལ་མཆོད་པ་བྱ་བའི་ཕྱིར། མེ་ཏོག་མང་པོ་མངོན་པར་སྤྲུལ་ཏེ། སངས་རྒྱས་བཅོམ་ལྡན་འདས་དང་།  བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། དགེ་སློང་གི་དགེ་འདུན་རྣམས་དང་། གནས་བརྟན་རབ་འབྱོར་ལ་གཏོར་བར་བྱའོ། །མངོན་པར་གཏོར་བར་བྱའོ། ། ཞེས་པ་ནས། ཤེས་རབ་འཆལ་བའི་དབང་གིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་མི་བྱ་བ་ནི་མི་རིགས་མི་ཆ་སྟེ། ཕ་རོལ་དུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་མ་བྱས་པར་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་མི་འགྱུར་རོ་ཞེས་བྱ་བ་དྲན་པ་སྐྱེ་བར་འགྱུར་ཏེ། ཀོོ་ཤི་ཀ་དེ་ལྟར་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་འཛིན་ཅིང་འཆང་བ་དང་། ཀློག་ཅིང་ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མི་འབྲལ་བ་དེ་དག་གིས། ཚེ་འདི་དང་ཚེ་རབས་གཞན་ལ་ཡོན་ཏན་འདི་དག་འཐོབ་པར་འགྱུར་རོ། ། ཞེས་པའི་བར་ཏེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉེར་ལྔ་པ་སྡེ་པར་ཁ་དུམ་པའི་ཤོག་ངོས་སོ་དྲུག་ནས་རེ་དྲུག་བར་གྱིས་བསྟན་ཏོ། ། ༥ལམ་ཤེས་མཚོན་བྱེད་ཀྱི་ཆོས་བཅུ་གཅིག་ལས་ལྔ་བ་སྒོམ་ལམ་གྱི་བྱེད་པ་རྒྱས་པར་བཤད་པ་ནི། རྒྱན་རྩ་བ་ལས། ཀུན་ནས་ཞི་དང་ཐམས་ཅད་ལ། །བདུད་དང་ཉོན་མོངས་ལས་རྒྱལ་དང་། །གནོད་པས་བརྫི་བ་མེད་ཉིད་དང་། །བྱང་ཆུབ་དང་ནི་རྟེན་མཆོད་ཉིད། ། ཅེས་པའི་ཚིགས་བཅད་གཅིག་གིས་བསྟན་ཅིང་། སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་ལས། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོངས་སུ་འདུལ་བ་དང་། ང་རྒྱལ་མ་མཆིས་པར་འགྱུར་བའི་དོན་དུ་ཉེ་བར་གནས་པ་ངོ་མཚར་ཆེའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀོོ་ཤི་ཀ་དེ་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོངས་སུ་འདུལ་བ་དང་། ང་རྒྱལ་མེད་པའི་དོན་དུ་ཉེ་བར་གནས་པ་ཡིན། ཞེས་པ་ནས། ཀོོ་ཤི་ཀ་དེ་ཅིའི་ཕྱིར་ཞེ་ན།  ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཉིད་ཀྱིས་སའི་ཕྱོགས་དེ་སེམས་ཅན་ཐམས་ཅད་ཀྱི་མཆོད་རྟེན་དུ་བྱས་པས་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་མང་པོས་ཕྱག་བྱ་བ་དང་། གདུད་པ་དང་། བསྟི་སྟང་དུ་བྱ་བ་དང་། རིམ་གྲོར་བྱ་བ་དང་། མཆོད་པར་བྱ་བ་དང་། བཀུར་སྟིར་བྱ་བར་གྱུར་ཏོ། ། ཞེས་པའི་བར་ཏེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉེར་ལྔ་པ་སྡེ་པར་ཁ་དུམ་པའི་ཤོག་ངོས་རེ་དྲུག་ནས་རེ་དགུའི་བར་གྱིས་བསྟན་ཏོ། ། ༦ལམ་ཤེས་མཚོན་བྱེད་ཀྱི་ཆོས་བཅུ་གཅིག་ལས་དྲུག་པ་མོས་པ་སྒོམ་ལམ་རྒྱས་པར་བཤད་པ་ནི། རྒྱན་རྩ་བ་ལས། མོས་པ་རང་གི་དོན་དང་ནི། ། ཞེས་པ་ནས། རྣམ་པ་ཉི་ཤུ་བདུན་དུ་འདོད། ཅེས་པའི་བར་ཚིགས་བཅད་གཉིས་ཀྱིས་བསྟན་ཅིང་། སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་ལས། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་བྲིས་ཤིང་གླེགས་བམ་དུ་བགྱིས་ཏེ་བཅངས་ལ། དེ་ལ་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་མང་པོས་རིམ་གྲོ་དང་། བཀུར་སྟི་དང་། བསྟི་སྟང་དང་། མཆོད་པ་བགྱིས་པ་དང་། གང་ལ་ལས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་དེ་བཞིན་གཤེགས་པའི་སྐུ་གདུང་རྣམས་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་དུ་སྩལ་ཏེ། མཆོད་དམ། ཞེས་པ་ནས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ལ་རྣམ་པར་ལྟ་བའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བ་ལ་སྔོན་དུ་འགྲོ་བའོ། །ཀོོ་ཤི་ཀ་འདི་ལྟ་སྟེ་དཔེར་ན། འཛམ་བུའི་གླིང་གི་ཤིང་རྣམས་ལོ་མ་སྣ་ཚོགས་ཅན། མེ་ཏོག་སྣ་ཚོགས་ཅན། འབྲས་བུ་སྣ་ཚོགས་ཅན། དབྱིབས་སྣ་ཚོགས་ཅན། ཆུ་ཞེང་སྣ་ཚོགས་ཅན་དུ་འཁོད་ཀྱང་། དེ་དག་གི་གྲིབ་མ་ལ་ཁྱད་པར་རམ་བྱེ་བྲག་མི་དམིགས་ཏེ། གཞན་དུ་ན་གྲིབ་མ་གྲིབ་མ་ཞེས་བྱ་བའི་གྲངས་སུ་འགྲོ་བར་ཟད་དོ། །ཀོོ་ཤི་ཀ་དེ་བཞིན་དུ་ཕ་རོལ་དུ་ཕྱིན་པ་ལྔ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པས་ཡོངས་སུ་ཟིན་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་ཡོངས་སུ་བསྔོས་པ་རྣམས་ལ་ཡང་ཁྱད་པར་རམ་བྱེ་བྲག་མི་དམིགས་སོ། ། ཞེས་པའི་བར་ཏེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉེར་ལྔ་པ་སྡེ་པར་ཁ་དུམ་པའི་ཤོག་ངོས་རེ་དགུ་ནས་བརྒྱ་དང་བཅུ་བཞིའི་བར་གྱིས་བསྟན་ཏོ། ། ༧ལམ་ཤེས་མཚོན་བྱེད་ཀྱི་ཆོས་བཅུ་གཅིག་ལས་བདུན་པ་མོས་པའི་ཕན་ཡོན་རྒྱས་པར་བཤད་པ་ནི། རྒྱན་རྩ་བ་ལས། ཤེས་རབ་ཕ་རོལ་ཕྱིན་པ་ལ། །མོས་པའི་གནས་སྐབས་རྣམས་ལ་ནི། །དགུ་ཚན་གསུམ་གྱིས་བསྟོད་པ་དང་། །བཀུར་བ་དང་ནི་བསྔགས་པར་འདོད། ། ཅེས་པའི་ཚིགས་བཅད་གཅིག་གིས་བསྟན་ཅིང་། སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་ལས། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིད་པའི་སླད་དུ། ཡོན་ཏན་ཆེན་པོ་དང་ལྡན་པའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་ཡོན་ཏན་ཚད་མ་མཆིས་པ་དང་ལྡན་པའི་སླད་དུ། ཚད་མ་མཆིས་པའི་ཡོན་ཏན་དང་ལྡན་པའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་ཡོན་ཏན་མུ་མ་མཆིས་པ་དང་ལྡན་པའི་སླད་དུ། ཡོན་ཏན་ཀུན་ཏུ་མཐའ་ཡས་པ་དང་ལྡན་པའོ། ། ཞེས་པ་ནས། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་མི་འཇིགས་པ་བཞི་དང་སོ་སོ་ཡང་དག་པར་རིག་པ་བཞི་དང་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཉན་ཐོས་ཀྱི་ཐེག་པ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །རང་སངས་རྒྱས་ཀྱི་ཐེག་པ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཐེག་པ་ཆེན་པོ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས། བརྒྱ་བྱིན་གྱི་ལེའུ་སྟེ་ཉི་ཤུ་གསུམ་པའོ།། །། ཞེས་པའི་བར་ཏེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉེར་ལྔ་པ་སྡེ་པར་ཁ་དུམ་པའི་ཤོག་ངོས་བརྒྱ་དང་བཅུ་བཞི་ནས་བརྒྱ་དང་སོ་བརྒྱད་བར་གྱིས་བསྟན་ཏོ། ། ༨ལམ་ཤེས་མཚོན་བྱེད་ཀྱི་ཆོས་བཅུ་གཅིག་ལས་བརྒྱད་པ་སྔོ་བ་སྒོམ་ལམ་རྒྱས་པར་བཤད་པ་ནི། རྒྱན་རྩ་བ་ལས། ཡོངས་སུ་བསྔོ་བ་ཁྱད་པར་ཅན། ། ཞེས་པ་ནས། བསོད་ནམས་ཆེ་འབྱུང་བདག་ཉིད་དོ། ། ཞེས་པའི་བར་ཚིགས་བཅད་གསུམ་གྱིས་བསྟན་ཅིང་། སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་ལས། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས། གནས་བརྟན་རབ་འབྱོར་ལ་སྨྲས་པ། བཙུན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསོད་ནམས་བྱ་བའི་དངོས་པོ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། དེ་མི་དམིགས་པའི་ཚུལ་གྱིས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྡོ་བ་གང་ཡིན་པ་དང་། ཞེས་པ་ནས། རྗེས་སུ་ཡི་རང་བ་དང་ལྡན་པའི་དགེ་བའི་རྩ་བ་དེ་མི་དམིགས་པའི་ཚུལ་དང་། གཉིས་སུ་མེད་པའི་ཚུལ་དང་། མཚན་མ་མེད་པའི་ཚུལ་དང་། ཆགས་པ་མེད་པའི་ཚུལ་དང་། བྱེད་པ་མེད་པའི་ཚུལ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ན། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་ནི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་སྔ་མ་དེ་དག་བས་བསོད་ནམས་ཆེས་མང་དུ་འཕེལ་ཏེ། དགེ་བའི་རྩ་བ་འདི་ལ་ནི་དགེ་བའི་རྩ་བ་སྔ་མ་དེས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །རྒྱུའི་བར་དུ་ཡང་མི་བཟོད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དམིགས་སུ་མེད་པའི་ཚུལ་གྱིས་ཡོངས་སུ་བསྔོ་བ་འདི་ནི་མཆོག་ཅེས་བྱའོ། །མི་མཉམ་པ་དང་མཉམ་པའི་བར་ཞེས་བྱའོ། ། ཞེས་པའི་བར་ཏེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉེར་ལྔ་པ་སྡེ་པར་ཁ་དུམ་པའི་ཤོག་ངོས་བརྒྱ་དང་སོ་བརྒྱད་ནས་བརྒྱ་དང་ང་དགུའི་བར་གྱིས་བསྟན་ཏོ། ། ༩ལམ་ཤེས་མཚོན་བྱེད་ཀྱི་ཆོས་བཅུ་གཅིག་ལས་དགུ་བ་རྗེས་སུ་ཡི་རང་སྒོམ་ལམ་རྒྱས་པར་བཤད་པ་ནི། རྒྱན་རྩ་བ་ལས། ཐབས་དང་མི་དམིགས་པ་དག་གིས། །དགེ་བའི་རྩ་ལ་ཡི་རང་བ། །རྗེས་སུ་ཡི་རང་ཡིད་བྱེད་པ། །བསྒོམ་པ་ཡིན་པར་འདིར་བརྗོད་དོ། ། ཞེས་པའི་ཚིགས་བཅད་གཅིག་གིས་བསྟན་ཅིང་། སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་ལས། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་གང་དེ་སྐད་དུ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་དག་གིས། དགེ་བའི་རྩ་བ་དེ་དག་ཐམས་ཅད་མངོན་བར་བསྡུས་ཏེ་གཅིག་ཏུ་བརྟུལ་ནས་ཚད་བཟུང་སྟེ། རྗེས་སུ་ཡི་རང་བའི་རབ་ཀྱིས་རྗེས་སུ་ཡི་རང་བ་དང་། རྗེས་སུ་ཡི་རང་བ་མི་མཉམ་པ་དང་མཉམ་པའི་བར་གྱིས། རྗེས་སུ་ཡི་རང་བར་བྱེད་དོ་ཞེས་བཀའ་སྩལ་པ། བཅོམ་ལྡན་འདས་ཇི་ཙམ་གྱིས་ན་རྗེས་སུ་ཡི་རང་བའི་དམ་པར་འགྱུར།  ཇི་ཙམ་གྱིས་ན་རྗེས་སུ་ཡི་རང་བའི་མི་མཉམ་པ་དང་མཉམ་པའི་བར་དུ་འགྱུར་བ་ལགས། ཞེས་པ་ནས། རབ་འབྱོར་དེ་ལྟར་མི་དམིགས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མཁས་པས་དགེ་བའི་རྩ་བ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས། ཡོངས་སུ་བསྔོ་བའི་ལེའུ་སྟེ་ཉི་ཤུ་བཞི་པའོ།། །། ཞེས་པའི་བར་ཏེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉེར་ལྔ་པ་སྡེ་པར་ཁ་དུམ་པའི་ཤོག་ངོས་བརྒྱ་དང་ང་དགུ་ནས་བརྒྱ་དང་རེ་གཅིག་གི་བར་གྱིས་བསྟན་ཏོ། ། ༡༠ལམ་ཤེས་མཚོན་བྱེད་ཀྱི་ཆོས་བཅུ་གཅིག་ལས་བཅུ་བ་སྒྲུབ་པ་སྒོམ་ལམ་རྒྱས་པར་བཤད་པ་ནི། རྒྱན་རྩ་བ་ལས། དེ་ཡི་ངོ་བོ་ཉིད་མཆོག་ཉིད། །ཀུན་ལ་མངོན་པར་འདུ་མི་བྱེད། །ཆོས་རྣམས་དམིགས་སུ་མེད་པར་ནི། ། གཏོད་པར་བྱེད་པ་དོན་ཆེན་ཉིད། ། ཅེས་པའི་ཚིགས་བཅད་གཅིག་གིས་བསྟན་ཅིང་། སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་ལས། དེ་ནས་ཚེ་དང་ལྡན་པ་ཤར་དྭ་ཏིའི་བུས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་ཤིན་དུ་རྣམ་པར་དག་པའི་སླད་དུ་སྣང་བར་བགྱིད་པའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕྱག་བགྱི་བར་འོས་པའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བདག་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་ཁམས་གསུམ་པ་ཐམས་ཅད་ཀྱིས་མ་གོས་པའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་ཉོན་མོངས་པ་དང་ལྟ་བའི་མུན་པ་ཐམས་ཅད་བསྩལ་པ་ལ་རབ་རིབ་མ་མཆིས་པར་བགྱིད་པའོ། ། ཞེས་པ་ནས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པ་དང་། བྱང་ཆུབ་དང་སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་གྱི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །བཅོམ་ལྡན་འདས་རྣམ་གྲངས་དེས་ཀྱང་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་དུ་ཕྱིན་པ་ཆེན་མོའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས། ལེའུ་ཉི་ཤུ་ལྔ་བའོ།། །། ཞེས་པའི་བར་ཏེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉེར་ལྔ་པ་སྡེ་པར་ཁ་དུམ་པའི་ཤོག་ངོས་བརྒྱ་དང་རེ་གཅིག་ནས་བརྒྱ་དང་རེ་དགུའི་བར་གྱིས་བསྟན་ཏོ། ། ༡༡ལམ་ཤེས་མཚོན་བྱེད་ཀྱི་ཆོས་བཅུ་གཅིག་ལས་བཅུ་གཅིག་པ་རྣམ་དག་སྒོམ་ལམ་རྒྱས་པར་བཤད་པ་ནི། རྒྱན་རྩ་བ་ལས། སངས་རྒྱས་བསྟེན་དང་སྦྱིན་སོགས་དང་། ། ཞེས་པ་ནས། གཉེན་པོ་ཉིད་དུ་འདོད་པ་ཡིན། ། ཞེས་པའི་བར་ཚིགས་བཅད་དྲུག་གིས་བསྟན་ཅིང་། སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་ལས། དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས། །བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ལ། མོས་པར་འགྱུར་བ་དེ། གང་ནས་ཤི་འཕོས་ཏེ་འདིར་མཆིས་པ་ལགས། །རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ཇི་སྲིད་ཅིག་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཞུགས་པ་ལགས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཇི་སྙེད་ཅིག་བསྙེན་བཀུར་བ་ལགས། གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ལ་དོན་དང་ཚུལ་གྱིས་མོས་པར་འགྱུར་བ་དེ་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་ནི་ཡུན་རིང་པོ་ཇི་སྲིད་ཅིག་ནས་སྤྱོད་པ་ལགས། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ནི་ཡུན་རིང་པོ་ཇི་སྲིད་ཅིག་ནས་སྦྱང་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚད་མེད་གྲངས་མེད་པ་བསྙེན་བཀུར་ནས་འདིར་འོངས་ཤིང་འདིར་སྐྱེས་པ་སྟེ། ཤར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་ཚད་མེད་དཔག་ཏུ་མེད་པར་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་སྤྱད་པའོ། ། ཞེས་པ་ནས། གསོལ་པ་བཅོམ་ལྡན་འདས་གང་དེ་ལྟར་རྟོགས་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་གང་དེ་ལྟར་རྟོགས་པ་དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཕྱིར་རོ། ། ཞེས་པའི་བར་ཏེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉེར་ལྔ་པ་སྡེ་པར་ཁ་དུམ་པའི་ཤོག་ངོས་བརྒྱ་དང་རེ་དགུ་ནས་བརྒྱ་དང་གོ་བཞིའི་བར་གྱིས་བསྟན་ཏོ། ། 
ལམ་གསུམ་རྟོགས་པའི་ཡེ་ཤེས་ཚད་མའི་དོན། །
རྒྱལ་བ་མཆོག་དང་རྒྱལ་ཚབ་མགོན་གྱིས་བཞེད། །
གསར་བཤད་ངན་པའི་འཇུག་མ་མི་འདོག་པར། །
དམ་པའི་དགོངས་དོན་དམ་པའི་བཀའ་ལ་སྦྱར། །
འཕགས་པ་ཤེར་རབ་ཀྱི་ཕལ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པའི་བཤད་པ་མངོན་རྒྱན་ཡུམ་ལ་འཇུག་པའི་ལེགས་བཤད་བྱམས་པའི་འཐད་རྒྱན་ལས་ལམ་ཤེས་པ་ཉིད་ཀྱི་སྐབས་ལེགས་པར་བཤད་ཟིན་ཏོ། །

གསུམ་པ། དོན་བདུན་བཅུ་ལས་གཞི་ཤེས་མཚོན་བྱེད་ཀྱི་ཆོས་དགུ་བཤད་པ་ལ། མདོར་བསྟན་དང་། རྒྱས་བཤད་གཉིས་ལས། དང་པོ། རྒྱས་བཤད་ནི། རྒྱན་རྩ་བ་ལས། ཤེས་པས་སྲིད་ལ་མི་གནས་ཤིང་། །སྙིང་རྗེས་ཞི་ལ་མི་གནས་དང་། །ཐབས་མ་ཡིན་པས་རིང་བ་དང་། །ཐབས་ཀྱིས་རིང་བ་མ་ཡིན་ཉིད། །མི་མཐུན་གཉེན་པོའི་ཕྱོགས་དག་དང་། །སྦྱོར་དང་དེ་ཡི་མཉམ་ཉིད་དང་། །ཉན་ཐོས་ལ་སོགས་མཐོང་བའི་ལམ། །དེ་འདྲ་ཀུན་ཤེས་ཉིད་དུ་འདོད། ། ཅེས་པས་རྣམ་གྲངས་ཀྱི་སྒོ་ནས་མདོར་བསྟན་པ་ཡིན་ནོ། །  གཉིས་པ་རྒྱས་པར་བཤད་པ་ལ་དགུ་ལས། ༡-༢དོན་བདུན་བཅུ་ལས་གཞི་ཤེས་མཚོན་བྱེད་ཀྱི་ཆོས་དགུ་ལས་ཤེས་པའི་སྲིད་ལ་མི་གནས་པ་དང་སྙིང་རྗེས་ཞི་ལ་མི་གནས་པའི་གཞི་ཤེས་གཉིས་རྒྱས་པར་བཤད་པ་ནི། རྒྱན་རྩ་བ་ལས། ཚུ་རོལ་ཕ་རོལ་མཐའ་ལ་མིན། །དེ་དག་བར་ན་མི་གནས་པ། །དུས་རྣམས་མཉམ་པ་ཉིད་ཤེས་ཕྱིར། །ཤེས་རབ་ཕ་རོལ་ཕྱིན་པར་འདོད། ། ཅེས་པའི་ཚིགས་གཅིག་གིས་བསྟན་ཅིང་། སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་ལས། བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཚུ་རོལ་གྱི་འགྲམ་འམ། ཕ་རོལ་གྱི་འགྲམ་འམ། གཉིས་ཀྱི་དབུས་ན་མི་གནས་ན། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཚུ་རོལ་གྱི་འགྲམ་འམ། ཕ་རོལ་གྱི་འགྲམ་འམ། གཉིས་ཀའི་དབུས་ན་མི་གནས་ཤིང་ཤིན་དུ་རྣམ་པར་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དུས་གསུམ་མཉམ་པ་ཉིད་ཀྱི་ཕྱིར་རོ། ། ཞེས་འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉེར་ལྔ་པ་སྡེ་པར་ཁ་དུམ་པའི་ཤོག་ངོས་བརྒྱ་དང་གོ་བཞི་བའི་རྒྱབ་ངོས་ཀྱི་ཕྲེང་བཞི་ཡིས་བསྟན་ཏོ། ། ༣དོན་བདུན་བཅུ་ལས་གཞི་ཤེས་མཚོན་བྱེད་ཀྱི་ཆོས་དགུ་ལས། གསུམ་པ་འབྲས་ཡམ་ལ་རིང་བའི་གཞི་ཤེས་རྒྱས་པར་བཤད་པ་ནི། རྒྱན་རྩ་བ་ལས། དེ་ནི་མཚན་མར་དམིགས་སྒོ་ནས། །ཐབས་མ་ཡིན་པས་རིང་བ་སྟེ། ། ཞེས་པའི་ཚིགས་རྐང་གཉིས་ཀྱིས་བསྟན་ཅིང་། སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་ལས། གསོལ་པ་བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའི་ཐེག་པ་བའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཐབས་མི་མཁས་པས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལ་དམིགས་པའི་ཚུལ་དུ་འདུ་ཤེས་སུ་བགྱིད་པ་ནི། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་གསོག་དུ་འབྱིན་པའོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་རིང་དུ་སྤོང་བའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ཏེ། རབ་འབྱོར་ལེགས་སོ་ལེགས་སོ། །རབ་འབྱོར་དེ་ནི་མིང་དུ་ཡང་ཆགས་པ་ཡིན། མཚན་མར་ཡང་ཆགས་པ་ཡིན། གསོལ་པ་བཅོམ་ལྡན་འདས་ཇི་ལྟར་ན་མིང་དུ་ཡང་ཆགས་ཤིང་མཚན་མར་ཡང་ཆགས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་བྱང་ཆུབ་སེམས་དཔའི་ཐེག་པ་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ། མིང་དུ་འཛིན་ཏམ་མཚན་མར་འཛིན་ན། དེ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་མིང་དང་མཚན་མར་འཛིན་ཅིང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ཆགས་པས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་གསོག་ཏུ་འབྱིན་ཏོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་རིང་དུ་སྤོང་ངོ་། ། ཞེས་འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉེར་ལྔ་པ་སྡེ་པར་ཁ་དུམ་པའི་ཤོག་ངོས་བརྒྱ་དང་གོ་བཞི་ནས་རྒྱབ་དང་གོ་ལྔའི་བར་གྱི་ཡིག་ཕྲེང་ལྔས་བསྟན་ཏོ། ། ༤དོན་བདུན་བཅུ་ལས་གཞི་ཤེས་མཚོན་བྱེད་ཀྱི་ཆོས་དགུ་ལས། བཞི་བ་འབྲས་ཡམ་ལ་ཉེ་བའི་གཞི་ཤེས་རྒྱས་པར་བཤད་པ་ནི། རྒྱན་རྩ་བ་ལས། དེ་ནི་ཐབས་ལ་མཁས་པ་ཡིས། །ཡང་དག་ཉེ་བ་ཉིད་དུ་བཤད། ། ཅེས་པའི་ཚིགས་རྐང་གཉིས་ཀྱིས་བསྟན་ཅིང་། སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་ལས། རབ་འབྱོར་གལ་ཏེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་བྱང་ཆུབ་སེམས་དཔའི་ཐེག་པ་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་མཚན་མར་འཛིན་ཅིང་། དེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་མཚན་མར་བཟུང་ནས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པས་རློམ་སེམས་སུ་བྱེད་ན། དེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པས་རློམ་སེམས་སུ་བྱེད་ཅིང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ཆགས་པས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་གསོག་ཏུ་འབྱིན་ཏོ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་རིང་དུ་སྤོང་ངོ་། །རབ་འབྱོར་གྱིས་གསོལ་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཡང་དེ་ལྟར་ལེགས་པར་བཤད་ཅིང་ལེགས་པར་བསྟན་ལ་ཆགས་པ་དང་མ་ཆགས་པ་དེ་དག་ཀྱང་མ་མཆིས་པ་ངོ་མཚར་ཆེའོ། ། ཞེས་འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉེར་ལྔ་པ་སྡེ་པར་ཁ་དུམ་པའི་ཤོག་ངོས་བརྒྱ་དང་གོ་བཞི་ནས་རྒྱབ་དང་གོ་ལྔའི་བར་གྱི་ཡིག་ཕྲེང་ལྔས་བསྟན་ཏོ། ། ༥དོན་བདུན་བཅུ་ལས་གཞི་ཤེས་མཚོན་བྱེད་ཀྱི་ཆོས་དགུ་ལས་ལྔ་བ་གཞི་ཤེས་ཀྱི་མི་མཐུན་ཕྱོགས་རྒྱས་པར་བཤད་པ་ནི། རྒྱན་རྩ་བ་ལས། གཟུགས་སོགས་ཕུང་པོ་སྟོང་ཉིད་དང་། །དུས་གསུམ་རྟོགས་པའི་ཆོས་རྣམས་དང་། །སྦྱིན་སོགས་བྱང་ཆུབ་ཕྱོགས་རྣམས་ལ། །སྤྱོད་པའི་འདུ་ཤེས་མི་མཐུན་ཕྱོགས། ། ཞེས་པའི་ཚིགས་བཅད་གཅིག་གིས་བསྟན་ཅིང་། སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་ལས། དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཆགས་པ་ནི་གང་ཡིན། མ་ཆགས་པ་ནི་གང་ཡིན་རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཐབས་མི་མཁས་པས། གཟུགས་སྟོང་པའོ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་སྟོང་པའོ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། ། ཞེས་པ་ནས། དྲན་པ་ཉེ་བར་གཞག་པ་རྣམས་ལ་སྤྱོད་ན་ཆགས་པའོ། །ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྤྱོད་ན་ཆགས་པའོ། །འཕགས་པའི་བདེན་པ་རྣམས་ལ་སྤྱོད་ན་ཆགས་པའོ། །བསམ་གཏན་དང་ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་སྤྱོད་ན་ཆགས་པའོ། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་ལ་སྤྱོད་ན་ཆགས་པའོ། །ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་དང་། དེ་བཞིན་གཤེགས་པའི་སྟོབས་དང་།  མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་སྤྱོད་ན་ཆགས་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་སྤྱོད་ན་ཆགས་པའོ། ། ཞེས་པའི་བར་ཏེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉེར་ལྔ་པ་སྡེ་པར་ཁ་དུམ་པའི་ཤོག་ངོས་རྒྱབ་དང་གོ་ལྔ་ནས་བརྒྱ་དང་གོ་དྲུག་བར་གྱི་དེབ་མ་གཅིག་ཙམ་གྱིས་བསྟན་ཏོ། ། དེ་ཡང་། འདིར་གཞི་ཤེས་ཀྱི་མི་མཐུན་ཕྱོགས་སྟོན་དགོས་པའི་རྒྱུ་མཚན་ནི། འབྲས་བུ་རྣམ་མཁྱེན་ཐོབ་པ་ལ་རྒྱུ་ལམ་ཤེས་སྒོམ་དགོས་ཤིང་། ལམ་ཤེས་སྒོམ་པ་ལ་མི་མཐུན་ཕྱོགས་དང་གཉེན་པའི་རབ་དབྱེ་ལེགས་པར་རྟོགས་དགོས་པར་དགོངས་ནས། གཞི་ཤེས་ཀྱི་མི་མཐུན་ཕྱོགས་ཀྱི་མཚོན། སྐབས་གསུམ་པའི་གཞི་ཤེས་ཀྱི་ལམ་འདི་རྒྱས་པར་གསུངས་པ་ཡིན། འོ་ན། གཞི་ཤེས་མཚོན་བྱེད་ཀྱི་ཆོས་ལྔ་བ་འདི་ལ་ཚིག་དོན་རབ་གསལ་དང་། སྦས་དོན་རབ་གསལ་སོགས། འགྲེལ་བ་ཁག་གང་མང་ཞིག་ཏུ་མི་མཐུན་ཕྱོགས་ཀྱི་གཞི་ཤེས་གསུངས་མེད་དམ། ཁྱོད་ཀྱིས་འདིར་དེ་ལས་ལྡོག་སྟེ་གཞི་ཤེས་ཀྱི་མི་མཐུན་ཕྱོགས་ཟེར་ནས་བྲིས་པ་ནི། རྒྱལ་བའི་བཀའ་དང་རྗེས་འཇུག་མཁས་པའི་གཞུང་དང་འགལ་བའི་བཤད་པ་ཞིག་ཏུ་མི་འགྱུར་རམ་སྙན་ན། སྐྱོན་མེད་དེ། འགྲེལ་བ་ཁག་དེ་དག་གི་གནས་སྐབས་སུ་འབྱུང་བ་ནི་སློབ་དཔོན་སེངྒེ་བཟང་པོའི་འགྲེལ་ཆུང་གི་དགོངས་པ་སོར་བཞག་བྱས་ནས་གསུངས་པ་ཡིན་པས། དེ་ལྟར་མ་བྲིས་ཐབས་མེད་ཀྱི་གནས་སུ་གྱུར་ཡོད་དེ། སློབ་དཔོན་གྱིས། རྒྱན་རྩ་བ། གཟུགས་སོགས་ཕུང་པོ་སྟོང་ཉིད་དང་། །དུས་གསུམ་རྟོགས་པའི་ཆོས་རྣམས་དང་། །སྦྱིན་སོགས་བྱང་ཆུབ་ཕྱོགས་རྣམས་ལ། །སྤྱོད་པའི་འདུ་ཤེས་མི་མཐུན་ཕྱོགས། ། ཞེས་པའི་མི་མཐུན་ཕྱོགས་སྟོན་པའི་མཚམས་སྦྱོར་དུ། དེ་ལྟར་ཉན་ཐོས་ལ་སོགས་པའི་ཡུམ་རིང་བར་གྱུར་པའི་བསྒྲུབ་པ་ཉིད་མི་མཐུན་པའི་ཕྱོགས་ཡིན་པར། ཞེས་གསུངས་ཏེ། མཚམས་སྦྱོར་བཀོད་ཡོད་པས། མཚམས་སྦྱོར་གྱི་དོན་ནི་འོག་ཏུ་འབྱུང་བའི་བརྗོད་བྱའི་གནད་རྩ་དངོས་དེ་འབུར་དུ་སྟོན་ནས། བསྟན་བྱའི་བརྗོད་བྱ་རྒྱས་པར་མ་བཤད་པའི་གོང་དུ་གླེང་བསློང་བའི་གསུངས་ཞིག་ལ་མཚམས་སྦྱོར་དུ་གོ་དགོས་པས། སློན་དཔོན་གྱིས་ཀྱང་། ཉན་ཐོས་ལ་སོགས་པའི་ཡུམ་ཞེས་གསུངས་ཏེ། རྒྱན་གཞུང་ལས་འབྱུང་བའི་མི་མཐུན་ཕྱོགས་དེ་ཉན་རང་གི་རྒྱུད་ཀྱི་གཞི་ཤེས་ལ་ངོས་འཛིན་བྱས་ཏེ། མཚམས་སྦྱོར་གྱི་གླེང་བསློང་མེད་དམ། དེ་བས། འགྲེལ་བ་དེ་དག་གིས་སློན་དཔོན་གྱི་དགོངས་དོན་ལྟར་མི་མཐུན་ཕྱོགས་ཀྱི་གཞི་ཤེས་ལ་སྦྱར་ནས་གསུངས་པ་ཡིན་ནོ། །འོན་ཀྱང་། ཁོ་བོས་ནི། རྒྱལ་བ་ཐུབ་པའི་བཀའ་ཚད་མ། རྗེས་མཇུག་འཕགས་པའི་གསུང་ཚད་མ། འཐད་ལྡན་ཅན་གྱི་རིགས་པ་ཚད་མ་སྟེ། ལུང་རིགས་གང་དུ་བལྟས་ན་མཚོན་བྱེད་ཀྱི་ཆོས་ལྔ་བ་འདི་གཞི་ཤེས་ཀྱི་མི་མཐུན་ཕྱོགས་ལ་ངོས་འཛིན་པ་ལས། མི་མཐུན་ཕྱོགས་ཀྱི་གཞི་ཤེས་ཟེར་བ་ཞིག་ལ་ངོས་འཛིན་པ་ནི་འཐད་པར་མ་མཐོང་སྟེ། དང་པོ་རྒྱལ་བ་ཐུབ་པའི་བཀའ་ཚད་མ་ལ་བལྟས་ན་དེ་ལྟར་གྲུབ་སྟེ། སྟོང་ཕྲག་ཉེར་ལྔ་པ་ལས། ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཆགས་པ་ནི་གང་ཡིན་མ་ཆགས་པ་ནི་གང་ཡིན། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཐབས་མི་མཁས་པས། གཟུགས་སྟོང་པའོ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་སྟོང་པའོ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །ཞེས་སོགས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་རབ་འབྱོར་ལ་དྲིས་པ་ནས་བཟུང་། རབ་འབྱོར་གྱིས་ཐབས་ལ་མི་མཁས་པ་སུས་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་གང་ལའང་མངོན་པར་འདུ་ཤེས་ཤིང་ཆགས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་མི་ནུས་པར་གསུངས་བའི་བར། རྟེན་གྱི་གང་ཟག་བྱང་སེམས་ཁོ་ན་ལ་སྦྱར་བ་ལས་ཐེག་དམན་ལ་སྦྱར་མེད་པ་དང་། ངོ་བོ་མངོན་ཞེན་ཀྱི་མཚན་མ་ཞིག་ལ་སྦྱར་བ་ལས། ཐེག་དམན་གྱི་གཞི་ཤེས་ལ་སྦྱར་བ་མེད་པས། བཅོམ་ལྡན་འདས་ཀྱི་བཀའ་ཚད་མ་ལ་བལྟས་ན་མི་མཐུན་ཕྱོགས་ཀྱི་གཞི་ཤེས་ལ་སྦྱོར་མི་ནུས་པར་གྲུབ་བོ། ། རྗེས་འཇུག་འཕགས་པའི་གསུངས་ཚད་མ་ལ་ལྟས་ནའང་དེ་ལྟར་གྲུབ་སྟེ། འཕགས་པ་རྣམ་གྲོལ་སྡེས། ཉི་ཁྲི་སྣང་བ་ལས། གཟུགས་སོགས་ཕུང་པོ་སྟོང་ཉིད་དང་། །ཞེས་སོགས་ཀྱི་མཚམས་སྦྱོར་དུ་མི་མཐུན་ཕྱོགས་ནི། ཞེས་གསུངས་ཏེ། གཞི་ཤེས་ཀྱི་མི་མཐུན་ཕྱོགས་ལ་ངོས་འཛིན་བྱས་ཡོད་པ་ལས། སྐབས་བབས་ཀྱི་མི་མཐུན་ཕྱོགས་དེ་ཐེག་དམན་གྱི་གཞི་ཤེས་ལ་སྟོན་པ་ཉིར་སྣང་གི་མགོ་འཇུག་གང་དུ་བཙལ་ཡང་། ངལ་བ་དོན་མེད་དུ་གྱུར་བ་ལས་མི་འདུག་པས། རྗེས་འཇུག་འཕགས་པའི་གསུང་ཚད་མ་ལ་བལྟས་ནའང་མི་མཐུན་ཕྱོགས་ཀྱི་གཞི་ཤེས་ལ་སྦྱོར་བ་ནི་སྐབས་ཀྱི་དོན་མ་ཡིན་པར་ཤེས་ཐུབ། དེ་ནས་འཐད་ལྡན་གྱི་རིགས་པ་ཚད་མས་ཀྱང་ཐེག་དམན་གྱི་གཞི་ཤེས་ལ་སྦྱོར་མི་ནུས་པར་གྲུབ་སྟེ། སྐབས་འདིའི་མི་མཐུན་ཕྱོགས་ནི། མི་མཐུན་གཉེན་པོའི་ཕྱོགས་དག་དང་། ཞེས་གཉེན་པོ་གཞི་ཤེས་ཀྱི་སྤང་བྱར་གསུངས་ཏེ། གཉེན་པོ་དང་སྤང་གཉེན་དུ་སྦྱར་ནས་གསུངས་ཡོད་པས། མི་མཐུན་ཕྱོགས་དེ་ཐེག་དམན་གྱི་གཞི་ཤེས་ལ་སྦྱོར་ན་ཐེག་དམན་མ་འབད་ཀྱང་གྲོལ་བར་འགྱུར་བས། རྒྱུ་འབྲས་གོ་ལྡོག་གི་ལས་འབྲས་འདི་འདྲ་ནི་ཆོས་ཉིད་ལ་བསྐུལ་བ་བཏབ་པ་ལས་མ་འདས་པས། རྒྱང་རིང་དུ་དོར་བར་བྱ་བའི་གནས་ཤིག་ལས་འཐད་ཕྱོགས་སུ་བཟུང་བར་མི་བྱ་སྟེ་གཞུང་གི་གོ་བ་ལ་སྒྲིབ་ཉེན་ཡོད་དོ། །དེས་ན་ཁོ་བོས་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་གོ་བོ་རམ་འབྱམས་པའི་གསུང་གི་རྗེས་སུ་འབྲང་སྟེ། བཀའ་བསྟན་མཉམ་གཟིགས་དང་། ལུང་རིགས་ཟུང་འབྲེལ་བྱས་ནས་གཞི་ཤེས་ཀྱི་མི་མཐུན་ཕྱོགས་ལ་ངོས་བཟུང་བ་ཡིན་ལ། འདི་ཉིད་རིགས་པའི་རྒྱབ་རྟེན་ལུང་ཚད་མ། ལུང་གི་དག་བྱེད་རིགས་པ་ཚད་མ་དག་གིས་ལེགས་པར་གྲུབ་པས། བསླུ་བ་མེད་པའི་གསུང་ཚད་མ་ཞིག་ཏུ་གྱུར་འདུག་པས། བསོད་ནམས་དང་སྐལ་བ་ལྡན་པ་དག་གིས་དེང་དུ་བླངས་བར་བྱོས་ཤིག  ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་བསྟན་པ་མི་ནུབ་སྲིད་མཐའི་བར་དུ་གནས་པར་ཤོག ། ༦དོན་བདུན་བཅུ་ལས་གཞི་ཤེས་མཚོན་བྱེད་ཀྱི་ཆོས་དགུ་ལས། དྲུག་པ་གཉེན་པོ་གཞི་ཤེས་རྒྱས་པར་བཤད་པ་ནི། རྒྱན་རྩ་བ་ལས། སྦྱིན་ལ་སོགས་ལ་ངར་འཛིན་མེད། ། ཞེས་པ་ནས། ཇི་སྐད་བཤད་པ་འདིར་ཤེས་བྱ། ། ཞེས་པའི་བར་ཚིགས་བཅད་བཞིས་བསྟན་ཅིང་། སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་ལས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གང་ཡང་འདི་སྐད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་རྣམས་ཀྱི་ཆགས་པ་མེད་པ་གང་ཞེས་ཟེར་བ་ནི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མཁས་པ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་ནི། གཟུགས་ལ་གཟུགས་ཤེས་བྱ་བ་འདུ་ཤེས་པ་མེད་དོ། །ཚོར་བ་དང་འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་ཞེས་བྱ་བར་འདུ་ཤེས་པ་མེད་དོ། །འདས་པའི་ཆོས་རྣམས་ལ་འདས་པའི་ཆོས་ཤེས་བྱ་བར་འདུ་ཤེས་པ་མེད་དོ། །མ་འོངས་པའི་ཆོས་རྣམས་ལ་མ་འོངས་པའི་ཆོས་ཤེས་བྱ་བར་འདུ་ཤེས་མེད་དོ། །ད་ལྟར་བྱུང་བའི་ཆོས་རྣམས་ལ་ད་ལྟར་བྱུང་བའི་ཆོས་ཤེས་བྱ་བར་འདུ་ཤེས་པ་མེད་དོ། ། ཞེས་པ་ནས། རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་ཀྱིས་མ་ཤེས་སོ། ལམ་གྱི་རྣམ་པ་ཤེས་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་མ་ཤེས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས། ཆོས་ཐམས་ཅད་རྣམ་པར་དག་པའི་ལེའུ་སྟེ། ཉི་ཤུ་རྩ་བདུན་པའོ།། །།ཞེས་པའི་བར་ཏེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉེར་ལྔ་པ་སྡེ་པར་ཁ་དུམ་པའི་ཤོག་ངོས་བརྒྱ་དང་གོ་དྲུག་ནས་བརྒྱ་དང་གོ་དགུའི་བར་གྱིས་བསྟན་ཏོ། །༧དོན་བདུན་བཅུ་ལས་གཞི་ཤེས་མཚོན་བྱེད་ཀྱི་ཆོས་དགུ་ལས། བདུན་པ་འཇུག་པ་སྦྱོར་བ་རྒྱས་པར་བཤད་པ་ནི། རྒྱན་རྩ་བ་ལས། གཟུགས་སོགས་དེ་མི་རྟག་སོགས་དང་། ། ཞེས་པ་ནས། སྣང་བ་རྣམ་བདུན་ཤེས་བྱེད་དོ། ། ཞེས་པའི་བར་ཚིགས་བཅད་གཉིས་རྐང་པ་གཉིས་ཀྱིས་བསྟན་ཅིང་། སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་ལས། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་བགྱིད་པ་མ་མཆིས་པའོ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱེད་པ་པོ་མི་དམིགས་པའི་ཕྱིར་རོ། །རབ་འབྱོར་དེ་བཞིན་དུ་གཟུགས་མི་དམིགས་པ་དང་། ཚོར་བ་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་མི་དམིགས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མི་དམིགས་པའི་ཕྱིར་རོ། །གསོལ་པ་བཅོམ་ལྡན་འདས་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པས་རྣམ་པ་ཇི་ལྟར་སྤྱད་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་གཟུགས་ལ་མི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་དོ། ། ཞེས་པ་ནས། ཀོོ་ཤི་ཀ་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་ཆོས་ཀྱི་དབྱིངས་དང་། ཡང་དག་པའི་མཐའ་དང་། དེ་བཞིན་ཉིད་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་ལ་བསྲུང་བ་དང་། བསྐྱང་བ་དང་བསྐྱབ་པར་ནུས་སམ། བརྒྱ་བྱིན་གྱིས་སྨྲས་པ། བཙུན་པ་རབ་འབྱོར་དེ་ནི་མི་ནུས་སོ། །སྨྲས་པ། ཀཽ་ཤི་ཀ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་རྣམས་བསྲུང་བ་དང་། བསྐྱང་བ་དང་བསྐྱབ་པར་གང་སེམས་པ་དེ་ནི་བསམ་པ་ལྟར་མི་འགྲུབ་ཅིང་དུབ་པའི་སྐལ་བ་ཅན་དུ་འགྱུར་རོ། ། ཞེས་པའི་བར་ཏེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉེར་ལྔ་པ་སྡེ་པར་ཁ་དུམ་པའི་ཤོག་ངོས་བརྒྱ་དང་གོ་དགུ་ནས་གཉིས་བརྒྱ་དྲུག་བར་གྱིས་བསྟན་ཏོ། ། ༨དོན་བདུན་བཅུ་ལས་གཞི་ཤེས་མཚོན་བྱེད་ཀྱི་ཆོས་དགུ་ལས། བརྒྱད་པ་སྦྱོར་བའི་མཉམ་ཉིད་རྒྱས་པར་བཤད་པ་ནི།  རྒྱན་རྩ་བ་ལས། གཟུགས་ལ་སོགས་ལ་རློམ་མེད་པ། །རྣམ་བཞི་དེ་ཡི་མཉམ་པ་ཉིད། ། ཅེས་པའི་ཚིགས་རྐང་གཉིས་ཀྱིས་བསྟན་ཅིང་། སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་ལས། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་འབྱོར་ཇི་ཙམ་གྱིས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པས རྨི་ལམ་ལྟ་བུའི་ཆོས་དང་། སྒྱུ་མ་ལྟ་བུ་དང་། སྨིག་རྒྱུ་ལྟ་བུ་དང་། སྒྲ་བརྙན་ལྟ་བུ་དང་། མིག་ཡོར་ལྟ་བུ་དང་། སྤྲུལ་པ་ལྟ་བུའི་ཆོས་རྣམས་ཡོངས་སུ་ཤེས་པ་དང་། དེ་ལྟར་ཡོངས་སུ་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྨི་ལམ་རློམ་སེམས་སུ་མི་བྱེད། ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རློམ་སེམས་སུ་མི་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་རློམ་སེམས་སུ་མི་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་རློམ་སེམས་སུ་མི་བྱེད་ན། དེ་རྨི་ལམ་རློམ་སེམས་སུ་མི་བྱེད། རྨི་ལམ་གྱིས་རློམ་སེམས་སུ་མི་བྱེད། རྨི་ལམ་ལ་རློམ་སེམས་སུ་མི་བྱེད་དོ། །སྤྲུལ་པའི་བར་དུ་རློམ་སེམས་སུ་མི་བྱེད། སྤྲུལ་པས་རློམ་སེམས་སུ་མི་བྱེད། སྤྲུལ་པ་ལ་རློམ་སེམས་སུ་མི་བྱེད་དོ། ། ཞེས་པའི་བར་ཏེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉེར་ལྔ་པ་སྡེ་པར་ཁ་དུམ་པའི་ཤོག་ངོས་གཉིས་བརྒྱ་དྲུག་ནས་ཉིས་བརྒྱ་བདུན་བར་གྱིས་བསྟན་ཏོ། ། ༩དོན་བདུན་བཅུ་ལས་གཞི་ཤེས་མཚོན་བྱེད་ཀྱི་ཆོས་དགུ་ལས། དགུ་ཞུགས་འབྲས་མཐོང་ལམ་རྒྱས་པར་བཤད་པ་ནི།  རྒྱན་རྩ་བ་ལས། སྡུག་བསྔལ་ལ་སོགས་བདེན་པ་ལ། ། ཞེས་པ་ནས། རྫོགས་པར་ཡོངས་སུ་བསྟན་པ་ཡིན། ། ཞེས་པའི་བར་ཚིགས་བཅད་དྲུག་གིས་བསྟན་ཅིང་། སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་ལས། དེ་ནས་སངས་རྒྱས་ཀྱི་མཐུས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་དང་། སུམ་ཅུ་རྩ་གསུམ་པའི་ལྷ་དང་། མཚེ་མ་དང་དགའ་ལྡན་དང་འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། ཚངས་རིས་དང་། ཚངས་ལྷ་ཉེ་ཕན་དང་། ཚངས་པ་ཀུན་འཁོར་དང་། གནས་གཙང་མའི་རིས་ཀྱི་བར་གྱི་ལྷའི་བུ་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ལྷ་རྫས་ཀྱི་ཙན་དན་གྱི་ཕྱེ་མས། བཅོམ་ལྡན་འདས་ལ་མངོན་པར་འཐོཪ་ཞིང་། བཅོམ་ལྡན་འདས་གང་ན་བ་དེར་དོང་སྟེ། ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་དུ་འཁོད་དོ། ། ཞེས་པ་ནས། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྟན་པ་དང་། རབ་ཏུ་བསྟན་པ་དང་། བསྒྲགས་པ་དང་རབ་ཏུ་དགོད་པ་དང་གཞག་པ་དང་། རྣམ་པར་དབྱེ་བ་དང་། རྣམ་པར་དགྲོལ་བ་དང་སྨོས་པ་དང་། གསལ་བར་བགྱི་བ་དང་ཡང་དག་པར་བསྟན་པ་འདི་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྟན་པ་ཡོངས་སུ་དག་པའོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྟན་པ་དེ་ཡང་སུས་ཀྱང་མ་བསྟན་སུས་ཀྱང་མ་བཟུང་ངོ་། །གང་སུས་ཀྱང་མ་བསྟན་སུས་ཀྱང་མ་བཟུང་བ་དེ་ནི་སུས་ཀྱང་མངོན་དུ་མ་བགྱིས་སོ། །གང་སུས་ཀྱང་མངོན་དུ་མ་བགྱིས་པ་དེ་ལ་ནི་ཡོངས་སུ་མྱ་ངན་ལས་འདའ་བ་མ་མཆིས་ཏེ།ཆོས་བསྟན་པ་འདི་ལ་གང་སུ་ཡང་སྦྱིན་པའི་གནས་སུ་འགྱུར་བ་མ་མཆིས་སོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས་ལེའུ་ཉི་ཤུ་བརྒྱད་པའོ།།།།ཞེས་པའི་བར་ཏེ།འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉེར་ལྔ་པ་སྡེ་པར་ཁ་དུམ་པའི་ཤོག་ངོས་བརྒྱ་བདུན་ནས་ཉིས་བརྒྱ་བཅུ་བདུན་བར་གྱིས་བསྟན་ཏོ། ། 
གཞི་ཀུན་ཤེས་པ་འཕགས་པའི་མཁྱེན་པ་ཡི། །
རབ་དབྱེ་མ་འདྲིས་རབ་གསལ་རྒྱན་གྱི་གནད། །
སྟོན་པ་ཚད་པའི་བཀའ་ལ་སྦྱར་བ་འདི། །
རྒྱལ་ཡུམ་གླིང་དུ་བདེ་ལེགས་བགྲོད་བྱེད་ཡིན། །
འཕགས་པ་ཤེར་རབ་ཀྱི་ཕལ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པའི་བཤད་པ་མངོན་རྒྱན་ཡུམ་ལ་འཇུག་པའི་ལེགས་བཤད་བྱམས་པའི་འཐད་རྒྱན་ལས་གཞི་ཤེས་པ་ཉིད་ཀྱི་སྐབས་ལེགས་པར་བཤད་ཟིན་ཏོ། །

                                              མུ་འགོད།

                            རྩོམ་སྒྲིག་པ། མྱི་གསར་བ།


           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


Signature is customized by Netease