ཐེག་པ་ཆེན་པོའི་བྱུང་བ་སྤྱི་བཤད་ནོར་བུ་ཀེ་ཏ་ཀ་ཡི་དོ་ཤལ།

    རྫོང་སར་ཟླ་བ་ཚེ་རིང་གིས་བརྩམས།


༄༅། །རྒྱལ་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཙོས་ཐེག་པ་ཆེན་པོའི་བྱུང་བ་སྤྱིར་དང་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་བརྗོད་བྱ་དོན་གྱི་སྙིང་པོ་དྲིལ་ནས་བསྟན་པ་ནོར་བུ་ཀེ་ཏ་ཀ་ཡི་དོ་ཤལ་ཞེས་བྱ་བ་བཞུགས། 

                                    རྫོང་སར་ཟླ་བ་ཚེ་རིང་གིས་བརྩམས།

སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །
ཇི་སྙེད་ཤེས་བྱའི་སྐར་ཚོགས་ཁྲ་ལམ་མེར། །
རྣམ་དག་ཆོས་ཀྱི་དབྱིངས་ལས་མ་གཡོས་པར། །
ཇི་བཞིན་གཟིགས་པའི་རྣམ་པ་ཐམས་ཅད་མཁྱེན། །
བསྐལ་པའི་བར་དུ་སྤྱི་བོའི་རྒྱན་དུ་བཞུགས། །
 
ལམ་གསུམ་སྐྱེ་བ་མེད་པའི་ངང་ཉིད་དུ། །
མ་འདྲེས་ཇི་བཞིན་གཞན་ལ་འདོམས་མཁས་པ། །
ལམ་གསུམ་རྗེན་པར་མཇལ་བའི་ལམ་ཤེས་རྗེ། །
འཇིག་རྟེན་དོན་སྒྲུབ་མཛད་ལ་ཕྱག་འཚལ་ལོ། །
 
སྲིད་ཞིའི་རྒྱ་རུ་མ་ཚུད་རི་ལ་སོང་། །
མཚན་འཛིན་སྒྲོགས་ཀྱིས་མ་བཅིངས་གདོང་ལ་བུད། །
འབྲས་ཡུམ་སྒྲུབ་ལ་མི་རིང་ཉེར་ནས་ཡོད། །
གཞི་ཡི་མཁྱེན་པ་དེ་ལ་བདག་ཡིད་དད། །
 
བསྟན་པའི་སྙིང་པོ་ཕ་རོལ་ཕྱིན་གཞུང་དོན། །
རབ་ཏུ་གསལ་བའི་བློ་གྲོས་དབེན་ན་ཡང་། །
ཅུང་ཟད་བརྗོད་ལ་སྤྲོ་དགས་བརྟས་པས་ན། །
ཀུན་མཁྱེན་སྨྲ་བའི་སེངྒེས་གདོང་གྲོགས་མཛོད། །
 
ཅེས་མཆོད་པར་བརྗོད་པ་དང་རྩོམ་པར་དམ་བཅའ་བའི་ཚིག་གིས་སྒོ་ཡངས་པོར་ཕྱེས་ཏེ། སྐབས་དོན་གང་གླེང་བར་བྱ་བ་ལ་གཉིས་ཏེ་ཤེར་ཕྱིན་གཙོས་ཐེག་པ་ཆེན་པོའི་བྱུང་བ་སྤྱིར་བརྗོད་པ་དང་། མངོན་པར་རྟོགས་པའི་རྒྱན་གྱི་བརྗོད་བྱ་དོན་གྱི་སྙིང་པོ་དྲིལ་ནས་བསྟན་པའོ། །དང་པོ་ལ་དངོས་དང་། དེ་ཉིད་སངས་རྒྱས་ཀྱི་བཀར་སྒྲུབ་པ་གཉིས། དང་པོ་ལ་སྤྱིར་ཐེག་པའི་དོན་དང་། བྱེ་བྲག་ཏུ་ཐེག་པ་ཆེ་ཆུང་གི་ཁྱད་པར་དང་། བྱུང་བ་དངོས་བརྗོད་པ་གསུམ་ལས། དང་པོ་ནི། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེས། ཤེས་བྱ་ཀུན་ཁྱབ་ལས། དེའང་སྤྱིར་ཐེག་པ་ཞེས་པ་ཁུར་དང་ལྡན་པའི་གླང་པོ་ཆེ་སོགས་ལ་གྲགས་པ་ཡང་ཁུར་ཁྱེར་ནས་བགྲོད་པར་བྱ་བའི་དོན་གྱིས་ཡིན་ལ། དེ་བཞིན་དུ་རང་དང་གཞན་དོན་གྱི་ཁུར་ཁྱེར་ནས་གོ་འཕང་མཆོག་ཏུ་བགྲོད་པར་བྱེད་པས་ཐེག་པ་ཞེས་པར་བཞག་ཅིང་། དེའང་འདིས་བགྲོད་པ་རྒྱུ་ལམ་དང་འདིར་བགྲོད་པ་འབྲས་བུའི་ཐེག་པ་ཞེས་བཞེད་དོ། །གཉིས་པ་ལ། ལམ་དང་འབྲས་བུའི་དབང་དུ་བྱས་པ་ནི། དེ་ཉིད་ལས། རང་གཞན་གཉིས་ཀའི་དོན་སོགས་ཁུར་ཆེན་པོ་དང་ལྡན་པས་ཐེག་ཆེན་དང་། རང་དོན་འབའ་ཞིག་པའི་ཁུར་ཆུང་ངུ་དང་ལྡན་པས་ཐེག་དམན་དུ་བཞག་པའོ། ཞེས་པར་ལྟར། རང་དོན་གཞན་དོན་གཉིས་ཀའི་ཁུར་ཆེན་པོ་དང་ལྡན་མི་ལྡན་གྱི་སྒོ་ནས་སམ། ཡང་ན་མདོ་སྡེ་རྒྱན་ལས། དམིགས་པ་ཆེ་བ་ཉིད་དང་ནི། །དེ་བཞིན་སྒྲུབ་པ་གཉིས་དག་དང་། །ཡེ་ཤེས་བརྩོན་འགྲུས་རྩོམ་པ་དང་། །ཐབས་ལ་མཁས་པར་གྱུར་པ་དང་། །ཡང་དག་གྲུབ་པ་ཆེན་པོ་དང་། །སངས་རྒྱས་ཕྲིན་ལས་ཆེན་པོ་སྟེ། །ཆེན་པོ་འདི་དག་དང་ལྡན་ཕྱིར། །ཐེག་ཆེན་ཞེས་ནི་ངེས་པར་བརྗོད། །ཅེས་པར་ལྟར། ཆེན་པོ་བདུན་དང་ལྡན་མི་ལྡན་གྱི་སྒོ་ནས་འབྱེད། སྡེ་སྣོད་དང་གྲུབ་མཐའི་དབང་དུ་བྱས་པ་ནི། ལང་ཀར་གཤེགས་པ་ལས། ཆོས་ལྔ་དང་ནི་རང་བཞིན་གསུམ། །རྣམ་པར་ཤེས་པ་བརྒྱད་ཉིད་དང་། །བདག་མེད་གཉིས་ཀྱི་ནང་དུ་ནི། །ཐེག་ཆེན་མཐར་དག་འདུས་པར་ཟད། །ཅེས་པར་ལྟར། ཆོས་ལྔ་དང་རང་བཞིན་གསུམ། རྣམ་པར་ཤེས་པ་བརྒྱད། བདག་མེད་གཉིས་ཁས་ལེན་མི་ལེན་གྱི་སྒོ་ནས་འབྱེད་དོ། །གསུམ་པ་བྱུང་བ་དངོས་བརྗོད་པ་ལ། རྒྱ་གར་ལ་ཇི་ལྟར་བྱུང་བའི་ཚུལ་དང་། བོད་ལ་ཇི་ལྟར་བྱུང་བའི་ཚུལ་གཉིས། དང་པོ་ལ་གཉིས་ཏེ་སྟོན་པས་ཇི་ལྟར་བསྟན་པ་དང་། སྟོན་པ་འདས་རྗེས་སུ་ཇི་ལྟར་བྱུང་བའོ། །དང་པོ་ནི། དེ་ཡང་མི་ལོ་༢༥༠༠ཡར་སྔོན་ནས་མི་མཇེད་འཇིག་རྟེན་གྱི་ཁམས་འདིར། སྟོན་པ་བཀའ་དྲིན་ཅན་སྟོན་མཆོག་ཐུབ་པའི་དབང་པོ་གང་ཉིད། བདག་ཅག་རྣམས་ཀྱི་མགོན་དུ་ཕེབས་ནས་ཡུལ་ཝཱ་རཱ་ན་སིར་འཁོར་གྱི་ཐོག་མ་ལྔ་སྡེ་བཟང་པོ་ལ་བཀའ་དང་པོ་བདེན་པ་བཞིའི་ཆོས་འཁོར་སྐོར། དེ་ནས་བྱ་རྒོད་ཕུང་པོའི་རི་བོ་ལ་འཁོར་རྣམ་བཞི་སོགས་གདུལ་བྱ་དཔག་ཏུ་མེད་པ་ལ་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་སྐོར། སྐབས་ཐོག་དེར་གཙོ་བོར་རྒྱས་པ་ལ་དད་པ་ལ་རྒྱས་པ། བར་པ་ལ་དད་པ་ལ་འབྲིང་། བསྡུས་པ་ལ་དད་པ་ལ་བསྡུས་པ་སྟེ། ཡུམ་རྒྱས་འབྲིང་བསྡུས་གསུམ་གྱིས་མཚོན་པའི་ཤེས་རབ་ཀྱི་ཕར་རོལ་ཏུ་ཕྱིན་པའི་ཆོས་སྐོར་རྣམས་གསུངས། དེ་ནས་ཡུལ་ཡངས་པ་ཅན་སོགས་གནས་ངེས་མེད་ལ་འཁོར་མ་ངེས་པའི་རིགས་ཅན་རྣམས་ལ་བཀའ་ཐ་མ་ལེགས་པ་རྣམ་པར་ཕྱེ་བའི་ཆོས་འཁོར་སྐོར། སྐབས་དེར་སེམས་ཙམ་མདོ་བཞིའམ་མདོ་ལྔ་གྲགས་པའི་ཐེག་ཆེན་སེམས་ཙམ་པའི་སྡེ་སྣོད་དག་སྟོན། མདོར་ན་བཀའ་ཐོག་ཐ་བར་གསུམ་གྱི་ལམ་ནས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས། དེ་ཡང་བསྡུ་ན་ཐེག་དམན་གྱི་སྡེ་སྣོད་དང་། ཐེག་ཆེན་གྱི་སྡེ་སྣོད་གཉིས་སུ་འདུ་ལ། ཤེས་རབ་ཀྱི་ཕར་རོལ་ཏུ་ཕྱིན་པའི་ཆོས་སྐོར་རྣམས་ཀྱང་སྔ་ཕྱི་གཉིས་ལས་ཕྱི་མ་ལས་མ་འདས་སོ།།
 
      གཉིས་པ་ལ། ཀླུ་ཐོགས་གཉིས་ཀྱི་སྔོན་དུ་བཀའ་ཡི་བསྡུ་བ་ཇི་ལྟར་བྱས་པ་དང་། ཀླུ་སྒྲུབ་ཀྱི་སྐབས་ཇི་ལྟར་བྱུང་བ། ཐོགས་མེད་སྐུ་མཆེད་ཀྱི་སྐབས་ཇི་ལྟར་བྱུང་བའོ། །དང་པོ་ནི། སྟོན་པ་འདས་རྗེས་སུ་ཐེག་དམན་གྱི་སྡེ་སྣོད་དག་ལ་བཀའ་བསྡུ་རིམ་པ་གསུམ་མཛད་ཀྱང་ཐེག་ཆེན་གྱི་སྡེ་སྣོད་དག་ལ་རྩ་བའི་སྡུད་པོ་ཀུན་ཏུ་བཟང་པོ་དང་། བྱམས་པ། འཇམ་དབྱངས། ཕྱག་རྡོར་སོགས་ཀྱིས་བསྡུས་ལ། རྒྱུད་སྡེ་རྣམས་ནི་རྒྱུད་སོ་སོའི་ཞུ་བ་པོས་བསྡུས་པའོ། ད་ལམ་གང་གླེང་བར་བྱ་བ་ནི་ཐེག་ཆེན་དང་ཐེག་དམན་གཉིས་ལས་ཐེག་ཆེན་དང་། ཐེག་ཆེན་ལ་ཡང་རྒྱུ་མཚན་ཉིད་ཐེག་པ་དང་། འབྲས་བུ་སྔགས་ཀྱི་ཐེག་པ་གཉིས་ལས་སྔ་མ་ཉིད་སྐབས་སུ་བབས་པས། འདི་ལྟར་ཏེ། རྒྱལ་པོ་ཟླ་སྲུང་ཞེས་བྱ་བའི་ཁྱིམ་དུ་འཇམ་དཔལ་དགེ་སློང་གི་ཚུལ་དུ་བྱོན་ནས་ཐེག་པ་ཆེན་པོའི་སྡེ་སྣོད་དག་ཐོག་མར་སྣང་བར་བྱས། དེ་ནས་རྣམ་རིག་པའི་སློབ་དཔོན་ཨ་བི་ཏརྐ་སོགས་ལྔ་བརྒྱ་བྱོན་ནས་ཐེག་ཆེན་དབུ་སེམས་གཉིས་ལས་སེམས་ཙམ་པའི་གྲུབ་མཐའ་དར་བར་བྱས་སོ།།
 
       གཉིས་པ་ཀླུ་སྒྲུབ་ཀྱི་སྐབས་ཇི་ལྟར་བྱུང་བ་ནི། སྟོན་པ་འདས་ནས་མི་ལོ་སུམ་བརྒྱ་ལོན་པ་ན་གྲུབ་ཆེན་ས་ར་ཧ་བྱོན། དེ་ནས་མི་ལོ་བརྒྱ་ལོན་པ་ན་འཕགས་པ་ཀླུ་སྒྲུབ་བྱོན་ཏེ། རིགས་ཚོགས། བསྟོད་ཚོགས། གཏམ་ཚོགས་གསུམ་མཛད་ནས་ས་ཡི་སྟེང་དུ་སེང་གེའི་སྒྲ་ལན་གསུམ་དུ་བསྒྲགས། རྟག་ཆད་སྨྲ་བའི་གྲུབ་མཐའ་ངན་པ་ཐམས་ཅད་སུན་ཕྱུང་། ཀླུའི་རྒྱལ་པོ་འཇོག་པོ་ནད་ཀྱིས་མནར་བ་ན་ཀླུ་སྒྲུབ་སྤྱན་དྲངས། དེར་བྱོན་ནས་སླར་ཡང་ཀླུའི་རྒྱལ་པོ་ནད་དྲག་པའི་གཏང་རག་ཏུ་ཤེར་ཕྱིན་འབུམ་པ་སོགས་གདན་དྲངས་ནས་ཐེག་ཆེན་དབུ་མའི་སྲོལ་རྒྱ་ཆེར་ཕྱེས། འདི་ལ་དགེ་བའི་བཤེས་གཉེན་ཤར་པ་ཆེན་པོའི་དཀར་ཆག་ཏུ། ཤིན་ཏུ་རྒྱས་པ་ཤེར་ཕྱིན་བྱེ་བ་ཕྲག་བརྒྱ་པ་དྲི་ཟའི་གནས་ན་བཞུགས་པ་དང་། འབུམ་ཕྲག་བརྒྱ་པ་ལྷའི་གནས་ན་བཞུགས་པ་དང་། སྟོང་ཕྲག་བརྒྱ་པ་ཀླུའི་གནས་ན་བཞུགས་པ་མགོན་པོ་ཀླུ་སྒྲུབ་ཀྱིས་མིའི་ཡུལ་དུ་སྤྱན་དྲངས་པ་ལས་ལྷག་མ་ཅུང་ཞིག་ལུས་པ་བྲིས་སོ། །དེ་ལ་པཎ་ཆེན་ཤཱཀ་མཆོག་པས་ཤེས་བྱེད་ཅང་མེད་པར་སྨྲ། སློབ་དཔོན་འདིས་གཙོ་བོར་བཀའ་བར་པའི་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་གསལ་བར་བྱས་པ་ཡིན་ལ། དེ་གསལ་བ་བྱ་བའི་རིགས་པའི་ཚོགས་ལྔའམ་དྲུག་མཛད་པ་ཉིད་གྲགས་པ་ཆེར་ཞིང་། སློབ་དཔོན་འདིའི་ལྟ་གྲུབ་སྐྱོང་མཁན་གྱི་རྒྱ་བོད་ཀྱི་སློབ་དཔོན་དག་གིས་རྩ་བའི་སྲོག་ལྟར་གཅེས། ཁྱད་པར་དུ་སངས་རྒྱས་སྐྱོངས་ཀྱིས་རྩ་ཤེར་གྱི་དགོངས་པ་ཐལ་འགྱུར་དུ་བཀྲལ་ཏེ་ཐལ་འགྱུར་བའི་སྲོལ་ཕྱེས། ལེགས་ལྡན་འབྱེད་ཀྱིས་དེ་བཀག་ནས་སློབ་དཔོན་གྱི་དགོངས་པ་རང་རྒྱུད་དུ་བཀྲལ། རང་ལུགས་ཀྱི་མཁས་པ་དག་དབུ་མ་སྙིང་པོའི་འགྲེལ་བ་རྟོག་གེ་འབར་བ་རང་འགྲེལ་བཞེད་པ་ལ་ཞལ་མཐུན་མོད། འབྲུག་པདྨ་དཀར་པོས་དབུ་མ་རིན་ཆེན་སྒྲོན་མེ་དང་རྟོག་གེ་འབར་བ་མཛད་པ་པོ་གཉིས་ཀ་ལེགས་ལྡན་ལ་སྔ་ཕྱི་གཉིས་ལས་ལེགས་ལྡན་ཕྱི་མ་འདོད། ཁོང་དཀར་ཚུལ་ཁྲིམས་ཀྱིས་རྟོག་གེ་འབར་བ་རང་རྒྱུད་པའི་སྲོལ་འབྱེད་ལེགས་ལྡན་འབྱེད་དང་། དབུ་མ་རིན་ཆེན་སྒྲོན་མེ་ལེགས་ལྡན་ཆུང་བས་མཛད་པ་གསུངས་ཀྱང་། གཟུར་བོ་གནས་པའི་བློས་དཔྱད་ན་འདི་ལྟར་དོགས་ཏེ། དབུ་མ་རིན་ཆེན་སྒྲོན་མེར་ཟླ་གྲགས་ཀྱི་དབུ་མ་འཇུག་པའི་ཚིག་དང་། ཞི་བ་འཚོའི་དབུ་མ་རྒྱན་གྱི་ཚིག་དྲངས་པ་དང་། སློབ་དཔོན་དང་། ཟླ་བ་གྲགས་པ་སོགས་ལ་ཕྱག་ལན་མང་དུ་འཚལ་ཞིང་། བདག་གིས་བཀོད་པ་རྟོག་གེ་འབར་བ་སོགས་ལ་བལྟ་བར་བྱའོ། །ཞེས་གསུངས་པས། རྟོག་གེ་འབར་བ་དང་རིན་ཆེན་སྒྲོན་མེ་མཛད་པ་པོ་གཅིག་ཡིན་པ་ལ་དོགས་པ་བྱེད་མི་དགོས་པས་གཞུང་གཉིས་ཀྱི་བྱེད་པོ་སོ་སོར་འདོད་པའི་ཁོང་དཀར་ཚུལ་ཁྲིམས་ཀྱི་འདོད་པ་དེ་མི་འཐད་སྙམ། ཡང་རྟོག་གེ་འབར་བའི་བྱེད་པོ་ལེགས་ལྡན་སྔར་མ་འདོད་མཁན་དག་གིས་ཀྱང་རིན་ཆེན་སྒྲོན་མེ་དང་རྟོག་གེ་འབར་བ་བྱེད་པོ་གཅིག་ཏུ་འདོད་དགོས་པས། དེ་ལྟར་ན་རང་རྒྱུད་པའི་ཤིང་རྟའི་སྲོལ་འབྱེད་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་རང་གི་གྲུབ་མཐའ་ལ་སྐྱོན་དུ་བལྟ་ནས། དགག་པ་གནང་མཁན་རང་གི་རྗེས་སུ་བྱུང་བའི་ཐལ་འགྱུར་གྱི་སློབ་དཔོན་ཞིག་ལ་ཕྱག་འཚལ་བ་དང་། དེའི་ལུང་སྒྲུབ་བྱེད་ཉིད་དུ་དྲངས་ཨེ་སྲིད་སྙམ། ལྷག་པར་དུ་རྟོག་གེ་འབར་བ་གཞུང་དངོས་ལས། དབུ་མ་སྙིང་པོའི་ལུང་དྲངས་པ་དང་དེའི་དོན་འགྲེལ་པ་ན་སློབ་དཔོན་གྱིས་བཤད་པ་ཞེས་པ་དང་། སློབ་དཔོན་གྱིས་ལན་དུ་སྨྲས་པ། ཞེས་སོགས་གསལ་བས། རང་རྩོམ་ལ་རང་ཉིད་ཀྱིས་རང་འགྲེལ་བྱས་སྐབས་འདི་ལྟ་བུ་བརྗོད་སྲོལ་ཨེ་སྲིད་ན། དེས་ན་བདག་ནི་ཀུན་མཁྱེན་པདྨ་དཀར་པོའི་འདོད་པ་དེ་སྔ་མ་རྣམས་ལས་ཅུང་ཟད་འཐད་ལྡན་སེམས་པ་ཙམ་ལས། འདི་ཚོའི་སྐོར་ལ་ཡིད་རྟོན་འཕེར་བའི་སྒྲུབ་བྱེད་འཕར་མ་ནི་གང་ཡང་མ་རྙེད་དོ། དེ་རྗེས་ཟླ་བ་གྲགས་པས་སློབ་དཔོན་ལེགས་ལྡན་གྱི་འདོད་པ་བཀག་ནས་ཕྱོགས་སྔ་མ་རང་ལུགས་སུ་བཞག་ནས་རྩ་ཤེར་གྱི་ཚིག་གི་འགྲེལ་བ་ཚིག་གསལ་དང་། དོན་གྱི་འགྲེལ་བ་འཇུག་པ་རྩ་འགྲེལ་མཛད། དེ་རྗེས་རང་རྒྱུད་ཤར་བ་སྐོར་གསུམ་གྱིས་དབུ་མའི་གཞུང་མང་དུ་བྱས་ནས་ཐེག་ཆེན་དབུ་མའི་གྲུབ་མཐའ་རྒྱ་གར་འཕཊ་པའི་ཡུལ་དུ་ཉི་མ་ལྟར་གསལ་བར་བྱས་སོ།།
 
      གསུམ་པ་ཐོགས་མེད་སྐུ་མཆེད་སྐབས་ཇི་ལྟར་བྱུང་བ་ལ་དངོས་དང་། ཐོགས་མེད་ཀྱི་འཁྲུངས་ལོ་ལ་དཔྱད་པ་གཉིས་ལས། དང་པོ་ནི། སྟོན་པ་འདས་ནས་མི་ལོ་དགུ་བརྒྱ་ལོན་པ་ན་བྲམ་ཟེ་མ་གསལ་བའི་ཚུལ་ཁྲིམས་རྒྱལ་རིགས་དང་འདུས་པ་ལས་འཕགས་པ་ཐོགས་མེད་བལྟམས། དེས་ལོ་ངོ་བཅུ་གཉིས་བར་དུ་བྱམས་པ་སྒྲུབ་ཀྱང་རྟགས་དང་མཚན་མ་གང་ཡང་མ་བྱུང་། མཐར་ཁྱི་མོ་རོ་སྨད་རུལ་བ་འབུས་ཟ་བ་ཞིག་མཐོང་ནས། སྙིང་རྗེ་ལྷག་པར་སྐྱེད། བསལ་ན་འབུ་འཆི། མ་བསལ་ན་ཁྱི་མོ་འཆི་བར་སྣང་བས། རང་གི་ལུས་ཀྱི་ཤ་གཅད་ནས་ཟུར་ལ་བཞག་སྙམ། རང་ཤ་གཅད་ནས་ལག་པས་བསལ་ན་འབུ་འཆི་བར་དོགས་ནས་ལྗགས་ཀྱིས་བསལ་སྙམ་ནས་སྤྱན་བཙུམ་པ་ན། ཁྱི་མོ་རང་ཡལ་དུ་སོང་ནས་བྱམས་པའི་ཞལ་དངོས་སུ་མཇལ་ཏེ་དགའ་ལྡན་དུ་ཕེབས་ནས་རྒྱལ་ཚབ་བྱམས་མགོན་ལས། ཡུམ་གྱི་མདོ་རྣམས་དང་། རྣལ་འབྱོར་སྤྱོད་པའི་ས་ཆེན་པོ་སོགས་ཐེག་པ་ཆེན་པོའི་མདོ་སྡེ་ཕལ་མོ་ཆེ་དང་བྱམས་ཆོས་སྡེ་ལྔ་སོགས་གསན་ནས་བདེན་པ་མཐོང་སྟེ་ས་གསུམ་པ་ཐོབ། སླར་ཡང་མི་ཡུལ་དུ་སྔར་གསན་ཟིན་པའི་མདོ་དང་བསྟན་བཅོས་དེ་དག་གདན་དྲངས། དེ་ཉིད་རྣམ་བཤད་དང་། ས་སྡེ་ལྔ། སྡོམ་རྣམ་གཉིས་སོགས་མཛད་ནས་གཅུང་དབྱིག་གཉེན་ཁ་དྲངས་བའི་ཕྱིར་དུ་རྣམ་རིག་པའི་གྲུབ་མཐའ་སྤེལ། དེ་ནས་གཅུང་དབྱིག་གཉེན་གྱིས་ཉི་ཁྲིའི་གཞུང་འགྲེལ་དང་། པྲ་ཀ་ར་ཎ་སྡེ་བརྒྱད་མཛད། སློབ་དཔོན་འདི་གཉིས་ལ་ལུང་གི་རྗེས་འབྲངས་ཀྱི་སེམས་ཙམ་པ་ཞེས་བྱ། དེ་ནས་འཕགས་པ་རྣམ་གྲོལ་སྡེས་ཉི་ཁྲི་སྣང་བ་མཛད། བཙུན་པ་གྲོལ་སྡེས་རང་གི་རྟོགས་པ་དང་རྗེས་མཐུན་ཙམ་གྱི་རྣམ་བཤད་མཛད། སློབ་དཔོན་སེང་གེ་བཟང་པོས་ཉི་ཁྲི་ལེ་བརྒྱད་མ་དང་། བརྒྱད་སྟོང་འགྲེལ་ཆེན། འགྲེལ་བ་དོན་གསལ་མཛད། ཤཱནྟི་པས་དག་ལྡན་དང་། སྙིང་པོ་མཆོག་དང་། ཤེར་ཕྱིན་གྱི་མན་ངག་རྣམས་མཛད་ནས་བྱམས་ཆོས་སྡེ་ལྔའི་དགོངས་པ་ཤིན་ཏུ་དར་བར་བྱས། གཞན་ཡང་དེ་དག་དང་ཧ་ལམ་དུས་མཉམ་པར་ཕྱོགས་གླང་ཡབ་སྲས་ཀྱིས་ཚད་མའི་བསྟན་བཅོས་ཤིན་ཏུ་མང་བར་བྱས། འདི་དག་ལ་རིགས་པའི་རྗེས་འབྲངས་ཀྱི་སེམས་ཙམ་པ་དང་། ཚད་མ་ཕྱི་རབས་པ་ཞེས་གྲགས། རང་རེའི་བློ་གསལ་ཁ་ཅིག་གིས་གཞན་རྗེས་འབྲངས་ནས་རང་སྡེའི་ཚད་མ་སྨྲ་བ་ལ་སྔ་ཕྱི་བར་གསུམ་བཞེད་མོད། དེ་ནི་དཔལ་ལྡན་ས་སྐྱའི་ལུགས་ལས་ཕྱི་རོལ་ཏུ་གྱུར་པ་ཡིན་ཏེ། དེ་ཡང་ཆོས་རྗེ་འཇམ་དབྱངས་བླ་མས་མཁས་པ་འཇུག་པའི་སྒོ་ལས། རང་སྡེ་སངས་རྒྱས་ཚད་མར་འཛིན། དེ་ལ་སྔ་ཕྱི་རྣམ་པ་གཉིས། སྔ་མ་དབྱིག་གཉེན་ལེགས་ལྡན་སོགས། །ཞེས་དང་། ཕྱི་མ་ཕྱོགས་གླང་ཆོས་གྲགས་སོགས། །ཞེས་ལུགས་གཉིས་སུ་ངེས་པ་གསུངས་པས་སོ། །མ་གཞི་གསུམ་དུ་ཕྱེ་བ་འདི་དེང་སང་ཙམ་མིན་པ་སྔོན་ཆད་ཀྱང་ཡོད་པ་པཎ་ཆེན་ངག་དབང་ཆོས་གྲགས་ཀྱི་གཞུང་ལས་གསལ།  དེང་སང་ཁ་ཅིག་གིས་འཕགས་པ་ཐོགས་མེད་བྱོན་རྗེས་སུ་གཞི་ནས་རྣམ་རིག་པའི་གྲུབ་མཐའ་བྱུང་བ་བརྗོད་མོད། འཇམ་མགོན་རྣམ་གཉིས་ཀྱིས་ཀླུ་ཐོགས་མ་བྱོན་པའི་སྔ་རོལ་དུ་སེམས་ཙམ་པའི་སློབ་དཔོན་ལྔ་བརྒྱ་བྱོན་ཟིན་པར་བརྗོད་པས་འཐད་ལྡན་དུ་མ་མཐོང་། འོན་ཀྱང་དེ་དག་གིས་བསྟན་བཅོས་བྱས་པའི་ལོ་རྒྱུས་ནི་མི་སྣང་ངོ།།
      གཉིས་པ་ཐོགས་མེད་ཀྱི་འཁྲུངས་ལོ་ལ་དཔྱད་པ་ནི། རང་རེའི་ས་ཕྱོགས་པའི་གཞོན་སྐྱེས་ཁག་ཅིག་གིས། རི་བོ་དགེ་ལྡན་པའི་མཁས་གྲུབ་གཉིས་ལྡན་ལྷ་རམས་པ་ཏྲེ་ཧོར་ཟླ་བ་ཚེ་རིང་སོགས་ཀྱིས་སྟོན་པ་མྱ་ངན་ལས་འདས་ནས་ལོ་ངོ་བདུན་བརྒྱ་དང་བརྒྱད་བརྒྱ་གཉིས་ཀྱི་བར་ན་བྱོན་པའི་རིགས་ལྡན་པདྨ་དཀར་པོས་འགྲེལ་ཆེན་དྲི་མེད་འོད་ཀྱི་ནང་དུ། མགོན་པོ་བྱམས་པའི་མངོན་པར་རྟོགས་པའི་རྒྱན་གྱི་ཚིགས་སུ་བཅད་པ་ཞིག་ལུང་འདྲེན་བྱས་པའི་དབང་གིས། བྱམས་ཆོས་སྡེ་ལྔ་སྟོན་པ་འདས་ནས་མི་ལོ་དགུ་བརྒྱའི་སྔོན་ནས་བྱམས་པས་མཛད་ཚར་བ་དང་། སློབ་དཔོན་སེང་བཟང་གིས་འགྲེལ་ཆེན་ལས་ཐོགས་མེད་ཀྱིས་བྱམས་པ་སྒྲུབ་ནས་འགྲུབ་རྗེས་སུ་གཞི་ནས་བྱམས་ཆོས་མཛད་པར་གསུངས་པས། ཐོགས་མེད་མ་བྱོན་པའི་སྔ་རོལ་ན་བྱམས་ཆོས་སྡེ་ལྔ་མེད་པར་གྲུབ་ལ། དེ་ལྟར་ན་ཐོགས་མེད་སྟོན་པ་འདས་ནས་མི་ལོ་དགུ་བརྒྱ་ལོན་རྗེས་སུ་གཞི་ནས་བྱོན་པ་དེ་ཡིན་སྲིད་བཞིན་མི་འདུག ང་ནི་མྱ་ངན་འདས་འོག་ཏུ། ལོ་ནི་དགུ་བརྒྱ་ལོན་པ་ན། །ཞེས་པ་འདི་འཇམ་དཔལ་རྩ་རྒྱུད་ནང་མ་བྱུང་བ་བུ་སྟོན་ཐམས་ཅད་མཁྱེན་པས་གསུངས་འདུག །ཅེས་གསུངས་པ་ལ་བརྟེན་ནས་ཐོགས་མེད་སྟོན་པ་འདས་ནས་ལོ་ངོ་དགུ་བརྒྱ་ལོན་རྗེས་སུ་གཞི་ནས་བྱོན་མི་སྲིད་པ་སྨྲ་བ་དག་ལ་ཅུང་ཟད་དཔྱད་ན། འཇམ་དཔལ་རྩ་རྒྱུད་ལས། དེ་བཞིན་བཤེགས་པ་ང་འདས་ནས། །ལོ་ནི་བཞི་བརྒྱ་ལོན་པ་ན། །དགེ་སློང་ཀླུ་ཞེས་དེ་འབོད་འབྱུང་། །བསྟན་པ་ལ་ནི་དད་ཅིང་ཕན། །རབ་ཏུ་དགའ་བའི་ས་ཐོབ་པ། །ལོ་ནི་དྲུག་བརྒྱ་དག་ཏུ་འཚོ། ཞེས་སོགས་དང་། ཐོགས་མེད་ཅེས་བྱའི་དགེ་སློང་ནི། །བསྟན་བཅོས་དེ་ནི་དོན་ལ་མཁས། །མདོ་སྡེ་ངེས་དོན་དྲང་བའི་དོན། །རྣམ་པ་མང་པོའང་རབ་ཏུ་འབྱེད། །ཞེས་སོགས་ཀླུ་ཐོགས་གཉིས་པོ་ལུང་དུ་བསྟན་པ་ན། ང་ནི་མྱ་ངན་འདས་འོག་ཏུ། ལོ་ནི་དགུ་བརྒྱ་ལོན་པ་ན་ཞེས་ཚིག་གི་ཟུར་ཙམ་ཡང་དངོས་གནས་བྱུང་མི་འདུག བུ་སྟོན་ཐམས་ཅད་མཁྱེན་པ་དང་། དཔའ་བོ་གཙུག་ལག་ཕྲེང་བ་སོགས་ཀྱིས་ང་ནི་ཞེས་པའི་ཚིག་རྐང་པ་གཉིས་པོ་འཇམ་དཔལ་རྩ་རྒྱུད་ནང་མེད་པ་ཡང་དངོས་སུ་གསུངས་འདུག མ་ཟད་མཁས་དབང་དགེ་འདུན་ཆོས་འཕེས་རྒྱ་དཔེ་དངོས་གཟིགས་སྐབས་མ་མཐོང་བའི་ཚུལ་ཡང་གསུངས་འདུག སེང་བཟང་གིས་བྱས་པའི་འགྲེལ་ཆེན་ལས་ཀྱང་། འཕགས་པ་ཐོགས་མེད་གསུང་རབ་མ་ལུས་པའི་དོན་ཐུགས་སུ་ཆུད་ཅིང་རྟོགས་པ་ཐོབ་པ་ཡིན་དུ་ཟིན་ཀྱང་ཟློས་ཏེ་གསུང་མང་བ་དང་། ཟློས་ཏེ་གསུངས་པ་ཡིན་པའི་ཕྱོགས་ལ་ཡང་ཚིག་སོ་སོའི་རྣམ་པར་བཅད་པ་མ་གཟིགས་པ་དང་། ཟབ་པ་ཉིད་ཀྱིས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དཔོགས་པར་མ་དཔྱོད་ནས་ཡིད་མི་བདེ་བ་རྗེས་སུ་ཐོབ་པར་འགྱུར་ཏོ། །དེ་ནས་དེའི་དོན་དུ་བཅོམ་ལྡན་འདས་འཕགས་པ་བྱམས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་བཤད་པ་དང་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པ་མཛད་དོ། །ཅེས་བྱམས་པས་ཐོགས་མེད་ཀྱི་ཆེད་དུ་མངོན་པར་རྟོགས་པའི་རྒྱན་མཛད་པ་གསལ་པོ་བྱས་འདུག་ལ། རིགས་ལྡན་པདྨ་དཀར་པོའི་འགྲེལ་ཆེན་དྲི་མེད་འོད་ལས། དེ་བཞིན་དུ་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པ་ལས་མཛད་པ་དང་བཞིར་ངེས་པར་བྱམས་པས་གསུངས་པ། ངོ་བོ་ཉིད་ལོངས་རྫོགས་བཅས་དང་། །དེ་བཞིན་གཞན་པ་སྤྲུལ་པ་ནི། །ཆོས་སྐུ་མཛད་པར་བཅས་པ་སྟེ། །རྣམ་པ་བཞིར་ནི་ཡང་དག་བརྗོད། །ཅེས་སོ། ཞེས་པའི་ཚིག་བཅད་འདི་ཡང་ལྷ་རམས་པས་གསུངས་པ་བཞིན་དྲངས་འདུག རེད་དེ་ཐུགས་བསམ་ཞིབ་མོ་གཏང་དུས་དེ་ཙམ་གྱིས་ཐོགས་མེད་སྟོན་པ་འདས་ནས་ལོ་ངོ་དགུ་བརྒྱ་ལོན་རྗེས་སུ་གཞི་ནས་བྱོན་མི་སྲིད་པ་སྨྲ་བ་ནི་དོན་ལ་གནས་པ་མཐོང་མ་སོང་། འདི་ལ་གསུམ་སྟེ། དང་པོ་ནི། རིགས་ལྡན་པདྨ་དཀར་པོ་སྟོན་པ་འདས་ནས་ལོ་ངོ་བདུན་བརྒྱ་དང་བརྒྱད་བརྒྱའི་བར་ན་བྱོན་པ་དེ་དུས་འཁོར་གྱི་ལུགས་དང་། ཁྱད་པར་དུ་ཕུག་ལུགས་ཡིན་གྱི་ཡོངས་གྲགས་སུ་ཁས་ལེན་པར་མི་ནུས་ཏེ། ས་སྐྱ་པ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་སོགས་ཀྱིས་རིགས་ལྡན་པདྨ་དཀར་པོ་སྟོན་པ་འདས་ནས་མི་ལོ་བརྒྱད་བརྒྱ་དང་དགུ་བརྒྱའི་བར་ན་བྱོན་པར་འདོད་པས་ལོ་བརྒྱ་སྐོར་གཅིག་མི་མཐུན་ལ། ཕུག་ལུགས་པ་རྣམས་ཀྱིས་ལུང་གི་ཁུངས་ཀྱང་འགྲེལ་ཆེན་དྲི་མེད་འོད་ལ་བཅོལ་ཡང་། འགྲེལ་ཆེན་ལས། སྟོན་པ་འདས་ནས་ལོ་ངོ་དྲུག་བརྒྱ་འདས་རྗེས་སུ་རིགས་ལྡན་འཇམ་དཔལ་གྲགས་པ་བྱོན་པ་ཙམ་ལས། ལོ་ངོ་ག་ཚད་བཞུགས་མིན་གསལ་ཁ་མ་བྱས་པ་དང་། དེ་ཉིད་མྱ་ངན་ལས་འདས་རྗེས་སུ་རིགས་ལྡན་པདྨ་དཀར་པོ་བྱོན་པ་གསུང་པ་ཙམ་ལས་ལོ་ངོ་ག་ཚད་བཞུགས་མིན་ཡང་གསལ་ཁ་མེད་པས་རིགས་ལྡན་པདྨ་དཀར་པོ་སྟོན་པ་འདས་ནས་ལོ་ངོ་བདུན་བརྒྱའི་མཚམས་སུ་བྱོན་ནས། བརྒྱད་བརྒྱའི་བར་དུ་བཞུགས་པ་ལ་ཤེས་བྱེད་མེད་དོ། །གཉིས་པ་ནི། ཐོགས་མེད་ལོ་ངོ་དགུ་བརྒྱ་ལོན་རྗེས་སུ་གཞི་ནས་འབྱུང་མི་སྲིད་པ་སྨྲ་བ་ནི་པཎ་ཆེན་ཤཱཀྱ་མཆོག་ལྡན། མང་ཐོས་ཀླུ་སྒྲུབ་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། མཁན་པོ་ཀུན་དགའ་དབང་ཕྱུག འབྲུག་པདྨ་དཀར་པོ། ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ། དུང་དཀར་བློ་བཟང་འཕྲིན་ལས་སོགས་མཁས་པ་མང་པོ་ཞིག་གི་དགོངས་པ་དང་མི་མཐུན་ཞིང་། ལོ་རྒྱུས་ཁག་མང་པོ་ཞིག་དང་འགྲིག་ཐབས་བྲལ་ལ། ཐོགས་མེད་ཅེས་བྱའི་དགེ་སློང་ནི། །ཞེས་སོགས་ཀྱི་ཀླད་དུ་དེ་བཞིན་གཤེགས་པ་ང་འདས་ནས། །ལོ་ནི་དགུ་བརྒྱ་ལོན་པ་ན། ཞེས་པའི་ཚིག་རྐང་གཉིས་པོ། རྒྱ་ནག་གི་སློབ་དཔོན་རྫོགས་གསལ་གྱིས་མདོ་སྡེ་དགོངས་འགྲེལ་གྱི་འགྲེལ་བའི་ནང་དུ་ལུང་འདི་དྲངས་ཡོད་པ་པཎ་ཆེན་ཤཱཀ་མཆོག་དང་། འབྲུག་པདྨ་དཀར་པོ། ནཱལནྡཱའི་ཞིབ་འཇུག་རྩོམ་པ་པོ་སྐྱེས་སར་ཀླུ་སྒྲུབ་སོགས་ཀྱིས་གསུངས་འདུག མ་ཟད་འབྲུག་པདྨ་དཀར་པོས་བུ་སྟོན་གྱིས་མེད་པར་གསུངས་ཀྱང་ལུང་རྣམས་ལ་ཚིག་ཆད་པ་ཅུང་ཟད་ཡོད་པས་སྔ་མ་འཐད་ཅེས་གསུངས། དེས་ན་བོད་འགྱུར་གྱི་བཀའ་འགྱུར་ནང་མེད་ཀྱང་། རྒྱ་འགྱུར་གྱི་བཀའ་འགྱུར་ནང་ཡོད་པ་མ་ཡིན་ནམ་སྙམ། གསུམ་པ་ནི། སློབ་དཔོན་སེང་གེ་བཟང་པོས་བརྒྱད་སྟོང་འགྲེལ་ཆེན་ལས་ཐོགས་མེད་དགའ་ལྡན་ལྷ་ཡུལ་དུ་བྱོན་རྗེས་སུ་གཞི་ནས་བྱམས་པས་ཐོགས་མེད་ཀྱི་ཆེད་དུ་བྱམས་ཆོས་སྡེ་ལྔ་མཛད་པ་གསུངས་ཀྱང་། དེ་ཉིད་ཡོངས་སུ་གྲགས་པའི་གཏམ་མ་ཡིན་ཏེ། ཤནྟི་པས། འོད་སྲུང་ལ་སོགས་པས་བཀའ་བསྡུ་དང་པོ་བྱས་པའི་དེ་མ་ཐག་ཏུ། བྱམས་པ་ལ་སོགས་པས་ཕྱོགས་དེ་ཉིད་དུ་ཐེག་པ་ཆེན་པོའི་བཀའ་བསྡུ་མཛད་ཅིང་། མངོན་པར་རྟོགས་པའི་རྒྱན་ལ་སོགས་པའི་དགོངས་འགྲེལ་གྱི་བསྟན་བཅོས་ཀྱང་མཛད་པ་ཡིན་ནོ། །ཞེས་དང་། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་སློབ་དཔོན་གྱི་དགོངས་པ་སྔ་བཞིན་བྱས་ནས། ཨ་བྷྱའི་དགོངས་པ་ལ་བྱམས་པས་བཀའ་བསྡུ་མཛད་པའི་སྐབས་དེར་བྱམས་ཆོས་སྡེ་ལྔ་མཛད་པ་གསུང་པ་བཞིན། ཨ་བྷྱ་ཀ་རས་གནད་ཀྱི་ཟླ་འོད་ལས། བཀའ་བསྡུས་པའི་རྗེས་ལ་དུས་དེར་གནས་པ་ཉིད་ན། མཆོག་ཏུ་ཟབ་པའི་ཕྱིར་བྱང་ཆུབ་སེམས་དཔའ་མ་ཡིན་པ་རྣམས་ཀྱིས་རྗེས་སུ་རྟོགས་པ་དཀའ་བས། ཐུགས་རྗེ་ཆེན་པོས་དེ་རྟོགས་པའི་དོན་དུ་འཕགས་པ་བྱམས་པས་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པའི་བསྟན་བཅོས་ཀྱིས་གསལ་བར་མཛད་ཀྱི། འཕགས་པ་ཐོགས་མེད་ཀྱིས་བྱམས་པ་བསྒྲུབས་ནས། དུས་ཕྱིས་བྱས་ཞེས་པ་ནི་སེང་གེ་བཟང་པོ་ལ་སོགས་པ་རྣམས་ཀྱིས་འཁྲུལ་པ་སྟེ། མངོན་དུ་བྱས་པ་ལ་རྗེས་སུ་བརྗོད་ཅེས་པ་ནི་གཞན་དག་གིའོ། །ཞེས་སོགས་གསུངས་པས་ཐོགས་མེད་སྟོན་པ་འདས་ནས་ལོ་ངོ་དགུ་བརྒྱ་ལོན་རྗེས་སུ་བྱོན་མི་སྲིད་པ་སྨྲ་བ་ནི་ཅུང་ཐལ་ཆེར་སོང་བ་མ་ཡིན་ནམ། མཁྱེན་པའི་སྤྱན་ཡངས་ཤིང་གཟིགས་པ་རྒྱ་ཆེ་བའི་ཆོས་ཀྱི་གྲོགས་པོ་ཚོ།
 
       གཉིས་པ་བོད་དུ་ཇི་ལྟར་བྱུང་བའི་ཚུལ་ལ་གཉིས་ལས། བསྟན་པ་སྔ་དར་གྱི་སྐབས་སུ་ཇི་ལྟར་བྱུང་བ་དང་། ཕྱི་དར་གྱི་སྐབས་སུ་ཇི་ལྟར་བྱུང་བའོ། དང་པོ་ལ་གསུམ་སྟེ། དམ་པའི་ཆོས་དབུ་བརྙེས་པའི་ཚུལ་དང་། དམ་པའི་ཆོས་སྲོལ་གཏོད་པའི་ཚུལ། དམ་པའི་ཆོས་དར་ཞིང་རྒྱས་པའི་ཚུལ་ལོ། དང་པོ་ནི་བོད་བཙན་པོའི་རྒྱལ་རབས་ཉེར་བདུན་པ་ལྷ་ཐོ་ཐོ་རི་སྙན་བཙན་དགུང་ལོ་དྲུག་ཅུ་ལོན་པ་ན་རྒྱལ་པོ་ཕོ་བྲང་ཡུམ་བུ་བླ་སྒང་གི་རྩེ་ན་བཞུགས་པའི་ཚེ་ནམ་མཁའ་ནས་ཟ་མ་ཏོག་ཅིག་བབས་པ་ཁ་ཕྱེ་བས། ཟ་མ་ཏོག་བཀོད་པ། པང་ཀོང་ཕྱག་བརྒྱ་པ། ཡི་གེ་དྲུག་པ། གསེར་གྱི་མཆོད་རྟེན་ཁྲུ་གང་པ་རྣམས་བྱུང་སྟེ། དེར་མཆོད་པར་བྱས་པའི་མཐུས་རྒྱལ་པོ་ལོ་རེ་བཞིན་གཞོན་དུ་སོང་ནས་ལོ་བཅུ་དྲུག་པ་གྱུར་ཏེ། ལུས་རྟེན་གཅིག་སྐུ་ཚེ་གཉིས་བཞེས་ནས་ལོ་ངོ་བརྒྱ་ཉི་ཤུ་བཞུགས་ཅེས་ཀུན་ལ་གྲགས། འཇམ་མགོན་ས་སྐྱ་པཎ་ཆེན་གྱིས་ལྷ་མོ་དྲི་མ་མེད་པས་ཞུས་པའི་མདོ་ལས། ང་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་ན་གདོང་དམར་ཅན་གྱི་ཡུལ་དུ་དམ་པའི་ཆོས་དར་བར་འགྱུར་རོ་ཞེས་ལུང་དུ་བསྟན་པ་དང་གུང་བསྒྲིགས་ནས་སྟོན་པའི་འདས་ལོ་བརྩིས་པས། ད་ལོ་ནས་ཡར་བརྩིས་ན་སྟོན་པའི་འདས་ལོ་དེ་བཞི་སྟོང་གཅིག་བརྒྱ་ང་གཉིས་ཡིན། གཉིས་པ་ནི། གདུང་རབས་ལྔ་ནས་འདིའི་དོན་ཤེས་པར་འགྱུར་རོ་ཞེས་ལུང་དུ་བསྟན་པར་ལྟར་གནམ་རི་སྲོང་བཙན་གྱི་སྲས་སྲོང་བཙན་སྒམ་པོ་བྱོན་ནས། བལ་བཟའ་དང་རྒྱ་བཟའ་ཁབ་ཏུ་བླངས་ནས་ཇོ་བོ་མི་བསྐྱོད་རྡོ་རྗེ། ཇོ་བོ་ཤཱཀྱ་མུ་ནེ་སོགས་སྤྱན་དྲངས། ཐོན་མི་ལོ་ཙཱ་བ་སོགས་རྒྱ་གར་དུ་བརྫངས། ཐོན་མི་བོད་དུ་བྱོན་ནས་སུམ་རྟགས་གཉིས་སོགས་བསྟན་བཅོས་བརྒྱད་བརྩམས། མདོ་སྡེ་མང་པོ་བསྒྱུར། གཞན་ཡང་རྒྱ་དཀར་ནག་གཉིས་དང་བལ་པོའི་སློབ་དཔོན་དག་ཕེབས་ནས་དམ་པའི་ཆོས་ཀྱི་སྲོལ་གཏོད་པའོ། །གསུམ་པ་ནི། ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་མཁན་ཆེན་བོ་དྷི་ས་ཏྭ་དང་། སློབ་དཔོན་པདྨ་འབྱུང་གནས། སློབ་དཔོན་ཀཱ་མ་ལ་ཤཱི་ལ་སོགས་སྤྱན་དྲངས་ནས། བསམ་ཡས་གཙུག་ལག་ཁང་བཞེས། སད་མི་བདུན་རབ་ཏུ་བྱུང་། དབུ་མ་ཐལ་རང་གཉིས་ལས་རང་རྒྱུད་པའི་གྲུབ་མཐའ་སྤེལ། ཀཱ་མ་ལ་ཤཱི་ལས་རྒྱ་ནག་ཧ་ཤང་ཚར་བཅད་པ་སོགས་རྒོལ་བ་ངན་པའི་ཝ་ཚོགས་བཅོམ་ནས་རྒྱལ་བའི་བསྟན་པ་ལ་བྱི་དོར་བྱས། ལོ་ཙཱ་བ་བཻ་རོ་ཙ་ན་སོགས་ཀྱིས་ཡུམ་གསུམ་གྱིས་མཚོན་པའི་བཀའ་དང་། དེའི་དགོངས་འགྲེལ་དུ་གྱུར་པའི་བསྟན་བཅོས་སོགས་མང་དུ་བསྒྱུར་ནས་བཤད་པ་དང་ཉམས་ལེན་གཉིས་ཀའི་རྒྱུན་རྒྱ་ཆེར་སྤེལ། མངའ་བདག་ཁྲི་རལ་ཅན་གྱི་སྐུ་རིང་ལ། ལོ་ཙཱ་བ་ཀ་ཅོག་ཞང་གསུམ་ཕེབས་ནས། རྒྱ་གར་ན་བཞུགས་པའི་མདོ་དང་བསྟན་བཅོས་ཕལ་མོ་ཆེ་བསྒྱུར། མདོར་ན་དབུ་ཚད་སོགས་ཀྱི་བཤད་པའི་རྒྱུན་ལེགས་པར་ཚུགས།  དེ་ནས་གླང་དར་བྱོན་ནས་བསྟན་པ་བསྣུབ་པའོ། །གཉིས་པ་ཕྱི་དར་གྱི་སྐབས་སུ་ཇི་ལྟར་བྱུང་བ་ནི། ལོ་ཆེན་རིན་ཆེན་བཟང་པོས་པཎྜི་ཏ་གུ་ཎ་མི་ཏྲ་ལས་རྒྱན་འགྲེལ་དང་བཅས་གསན། དེ་ནས་ཟླ་བཟང་ནས་རྔོག་ལོ་ཆེན་པོ་བརྒྱུད། ཡང་ཇོ་བོས་འབྲམ་སྟོན་ལ་ཕར་ཕྱིན་བཤད་པ་དང་། ཇོ་བོས་ཕྱ་དར་སྟོན་པ་ལ་བཤད་པའི་ཕར་ཕྱིན་ཁམས་ལུགས་སུ་གྲགས་པའི་སྲོལ་ཡང་བྱུང་། རྔོག་ལོ་ཆེན་པོས་ཤེས་རབ་སྒྲོན་མེ་སོགས་ལ་གཙོ་བོ་འཆད་ཉན་མཛད་པ་དང་། དེའི་རྒྱུད་པ་ཕྱྭ་པ་ཆོས་སེང་སོགས་ཀྱིས་འཛིན་ནས་རང་རྒྱུད་པའི་གྲུབ་མཐའ་སྤེལ། རྔོག་ལོ་ཆེན་པོས་མངོན་རྟོགས་རྒྱན་སོགས་ཀྱང་སྒྱུར་ཞུས་མཛད། དེའི་རྒྱུན་ཕྱིས་སུ་གཙང་ནག་པ་སོགས་ཀྱིས་བཙལ་དུ་བཏོན། དེ་ནས་པ་ཚབ་ལོ་ཙཱ་བ་བྱོན་ནས་འཇུག་པ་རྩ་འགྲེལ་སོགས་བསྒྱུར། དགེ་བཤེས་ཤ་ར་བས་གྲོགས་བྱས་ནས་ཐལ་འགྱུར་གྱི་གྲུབ་མཐའི་བ་དན་བསྒྲེངས། པ་ཚབ་བུ་བཞི་གྲགས་པ་སོགས་ཀྱང་བྱོན། དེ་ནས་ད་བར་བོད་དུ་ཐལ་འགྱུར་གྱི་གྲུབ་མཐའ་ཤུགས་ཆེར་དར། འདི་ལ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས། བཀའ་བར་པ་རྒྱ་གར་ལ་བཞུགས་སོ་ཅོག་བོད་དུ་འགྱུར་བ་གསུངས། སྤྱིར་བོད་ལ་ཐེག་དམན་གྱི་སྡེ་སྣོད་དག་ལ་འཆད་ཉན་ཙམ་དང་། སྤྱོད་པ་འདུལ་བ་དང་བསྟུན་ཞེས་པར་ལྟར་སྤྱོད་ཕྱོགས་ནས་ཉམས་སུ་ལེན་པ་ཙམ་ལས། དོན་ལ་ཡོད་མེད་ཆ་མི་འཚལ་ཡང་ཐེག་དམན་བྱེ་མདོ་གཉིས་ལྟ་ཅི་སྨྲོས། ཐེག་ཆེན་སེམས་ཙམ་པའི་ལྟ་གྲུབ་རང་རྐང་འཛིན་མཁན་ང་ཡིན་ཞེས་སྨྲ་བ་གཟེངས་སུ་བསྟོད་མཁན་ཞིག་བྱུང་མེད་པ། ཐམས་ཅད་ཀྱིས་འགྲིན་གཅིག་དབྱངས་གཅིག་ཐེག་ཆེན་དབུ་མ་པ་ཞལ་གྱིས་བཞེས་པ་སྣང་ངོ། །དེ་ལྟར་ཐེག་པ་ཆེན་པོའི་བྱུང་བ་བརྗོད་པའི་གཏམ་འདི་དག་ནི་བདག་ཉིད་ཆོས་འབྱུང་ཁག་ལ་རྒྱུས་མངའ་ཆེར་དྲགས་པས་མ་ཡིན་པར། ཐེག་ཆེན་བཀར་སྒྲུབ་པ་ལ་ཅུང་ཟད་ཕན་དུ་རེ་བ་དང་ཐོགས་མེད་ཀྱི་འཁྲུངས་ལོ་ལ་ཅུང་ཟད་དཔྱད་པར་འདོད་ནས་མང་ཐོས་ཀླུ་སྒྲུབ་རྒྱ་མཚོའི་བསྟན་རྩིས་དང་། འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཆོས་འབྱུང་གཉིས་ལ་གཙོ་བོར་གཞི་བཅོལ་ཞིང་མཁས་པ་གཞན་གྱིས་བཤད་པ་དག་གིས་ཟུར་བརྒྱན་ནས་བྲིས་པ་ཡིན་ནོ།།
      གཉིས་པ་དེ་ཉིད་བཀར་སྒྲུབ་པ་ནི། དེ་ཡང་སྔར་ཡུལ་གངས་ཅན་གྱི་ལྗོངས་འདི་ལ་ཆ་མཚོན་ན། ཐེག་པ་ཆེན་པོའི་སྡེ་སྣོད་དག་རྒྱལ་བའི་བཀའ་ཡིན་མིན་ལ་དོགས་པ་ཙམ་ཡང་མེད་པར་ཐོག་མཐའ་བར་གསུམ་དུ། ལོ་ཙཱ་བ་རྣམས་ཀྱིས་བསྒྱུར། འཆད་མཁན་རྣམས་ཀྱིས་འཆད། རྩོད་མཁན་རྣམས་ཀྱིས་བརྩད། རྩོམ་མཁན་རྣམས་ཀྱིས་བརྩམས། སྒོམ་མཁན་རྣམས་ཀྱིས་བསྒམས་པའི་ཕྲིན་ལས་རྒྱུན་མ་ཆད་པའི་མཐུས་བཀའ་ཡིན་མིན་ལ་དོགས་པ་ཙམ་ཡང་མེད་མོད། འོན་ཀྱང་དེང་སང་སྔོན་གནའ་བོའི་ཤེས་རིག་གི་ཕ་ས་རྒྱ་གར་འཕགས་པའི་ཡུལ་དུ་བྱེ་མདོ་གཉིས་དང་། དབུ་སེམས་གཉིས་ཀྱི་བར་གྱི་རྩོད་གཞི་རྙིང་པ་ཐམས་ཅད་བསྐྱར་ཟློས་བྱེད་བཞིན། ཐེག་ཆེན་བཀའ་ཡིན་མིན་གྱི་བཤད་ཡམ་སྣ་ཚོགས་པ་ཞིག་བྱེད་མཁན་མ་མང་ན་ཡང་མི་ཉུང་བའི་ཚད་ལ་སླེབས་འདུག་པས། འདིར་བྱམས་མགོན་གྱི་རྒྱན་གཉིས་དང་། ཀླུ་སྒྲུབ་ཀྱི་རིན་ཆེན་ཕྲེང་བ། ཞི་བ་ལྷའི་སྤྱོད་འཇུག །ལེགས་ལྡན་འབྱེད་ཀྱི་རྟོག་གེ་འབར་བ་སོགས་སྔོན་བྱོན་མཁས་པའི་གཞུང་གི་ཚོགས་ལས་བཀར་སྒྲུབ་ཇི་ལྟར་བསྟན་པའི་ཚུལ། གོང་ས་ཐམས་ཅད་མཁྱེན་པས་དེ་དག་ལ་ཇི་ལྟར་དཔྱད་པའི་ཚུལ། དེ་དག་གི་གྲུབ་དོན་བསྡུ་བ་དང་གསུམ་ལས། དང་པོ་ལ་ལྔ་ལས། དང་པོ་ནི། མདོ་སྡེ་རྒྱན་ལས། སྔར་ལུང་མ་བསྟན་ལྷན་ཅིག་འབྱུང་། །སྤྱོད་ཡུལ་མ་ཡིན་གྲུབ་པ་དང་། །ཡོད་དང་མེད་ན་ཡོད་མེད་དང་། །གཉེན་པོ་དང་ནི་སྒྲ་གཞན་ཕྱིར། །ཞེས་ཉན་ཐོས་པ་ཁྱེད་ཅག་གིས་འདོད་པ་ནང་བཞིན་ཐེག་པ་ཆེན་པོའི་ཆོས་སྐད་རླབས་པོ་ཆེ་འདི་དག །གསུངས་དུས་སོགས་ཁུངས་ལུང་མེད་པ་བསྟན་པ་ལ་ཐོ་འཚམ་པའི་ཕྱིར་དུ། བདུད་ཀྱིས་བསླུས་པའི་དགེ་སྦྱོང་དག་གིས་མི་ཡུལ་དུ་སྤེལ་བར་ཡིན་ན། སྟོན་པས་མ་འོངས་པའི་འཇིགས་པ་ལུང་དུ་བསྟན་པ་ཇི་བཞིན། འབྱུང་འགྱུར་གྱི་བར་ཆད་ཆེན་པོ་འདི་འདྲ་ལའང་ཅིའི་ཕྱིར་ན་ལུང་དུ་མ་བསྟན་པ་ཡིན་ཞེས་དང་། ཐེག་ཆེན་ནི་ཉན་ཐོས་ཀྱི་ཐེག་པ་དང་ལྷན་ཅིག་ཏུ་འབྱུང་བས་ཀྱང་ཅིག་ཤོས་བཀའ་ཡིན་ལ་ཅིག་ཤོས་བཀའ་མིན་པའི་དོན་མི་འདུག་ཅེས་དང་། གལ་ཏེ་འདི་ཤཱཀ་ཐུབ་ཀྱི་བཀའ་མིན་ཡང་གཞན་ཞིག་སངས་རྒྱས་ནས་བཤད་དོ་ཞེ་ན། དེ་ཉིད་ཀྱི་ཕྱིར་ན་སངས་རྒྱས་ཀྱི་བཀའ་ཡིན་པར་གྲུབ་སྟེ། དེ་སྐད་དུ་འཆད་མཁན་དེ་སངས་རྒྱས་ཡིན་པའི་ཕྱིར། དེ་བས་ན་ཐེག་ཆེན་པོ་ཞེས་བྱ་བ་ཞིག་གྲུབ་ན་ཐེག་ཆེན་གྱི་སྡེ་སྣོད་འདི་དག་ལས་གཞན་མེད་དོ་ཞེས་གསུངས། ཡང་དེ་ཉིད་ལས། མ་ཚང་བ་དང་ཞེས་སོགས་ཀྱིས་ཉན་ཐོས་ཀྱི་ཐེག་པས་ཐེག་པ་ཆེན་པོའི་ཚབ་མཚོན་མི་རུང་བ་དང་། བསམ་པ་དང་ནི་ཞེས་སོགས་ཀྱིས་ཐེག་པ་ཆེ་ཆུང་རྣམ་པ་ཀུན་ཏུ་འགལ་བ། ཉན་ཐོས་ཀྱི་ཐེག་པ་ནི་དམན་པ་ཁོ་ན་ཡིན་པར་བསྟན། དེ་ལ་ཉན་ཐོས་ལ་ལས་བཀའ་ཡི་མཚན་ཉིད།  མདོ་སྡེ་ལ་འཇུག་པ། འདུལ་བ་ལ་སྣང་བ། ཆོས་ཉིད་དང་མི་འགལ་བ་ཡིན་ལ། ཐེག་པ་ཆེན་པོ་ནི་དེ་ལྟར་མི་རུང་བས་བཀའ་མ་ཡིན་ནོ་ཞེས་འདོད་པ་ལ། རང་གི་མདོ་ལའང་འཇུག་པ་དང་ཞེས་སོགས་ཀྱིས་ཐེག་པ་ཆེན་པོ་ནི་མདོ་སྡེ་ཉིད་ལ་འཇུག་པ་དང་། ཐེག་ཆེན་རང་གི་འདུལ་བ་ནི་ཉོན་མོངས་པའི་འདུལ་བ་ཡིན་ལ། འདིས་ཉོན་མོངས་པའི་གཉེན་པོ་བསྟན་པས་འདུལ་བ་དུ་ཡང་སྣང་བ། ཆོས་ཉིད་ནི་ཟབ་ཅིང་གཏིང་དཔོག་པར་དཀའ་བའི་ཆོས་རྣམས་ཀྱི་གནས་ལུགས་ཡིན་པས། འདིར་དེ་བསྟན་པས་ཆོས་ཉིད་དང་ཡང་མི་འགལ་བར་ཡིན་ནོ་ཞེས་གསུངས་སོ། སྤྱིར་ཡིན་ན་མདོ་སྡེ་རྒྱན་ལས་ཐེག་ཆེན་བཀར་སྒྲུབ་ཀྱི་ལེའུ་གཅིག་ཙམ་ཞིག་བྱུང་འདུག་ཀྱང་། འདིར་དྲངས་བ་དག་ནི་ཆེས་འབུར་དུ་ཐོན་པ་ཞིག་མི་འདུག་གམ་སྙམ་ནས་ཟུར་དུ་བཀར་བ་ཡིན།།
      གཉིས་པ་ནི། མངོན་རྟོགས་རྒྱན་ལས། དབང་པོ་རྟུལ་དང་རྣོན་པོ་དག །དད་དང་མཐོང་ཐོབ་རིགས་ནས་རིགས། །བར་ཆད་གཅིག་བར་སྐྱེས་ནས་དང་། །བྱེད་དང་བྱེད་མིན་འོག་མིན་འགྲོ། །འཕར་གསུམ་སྲིད་རྩེའི་མཐར་ཐུག་འགྲོ། །གཟུགས་ཀྱི་ཆགས་བཅོམ་མཐོང་བ་ཡི། །ཆོས་ལ་ཞི་ལུས་མངོན་གསུམ་བྱེད། །བསེ་རུ་དང་ནི་ཉི་ཤུ་འོ། །ཞེས་པ་སྟེ། བྱེ་བྲག་ཏུ་སྨྲ་བ་དག་གིས། དགེ་འདུན་དཀོན་མཆོག་ནི་ཟུང་བཞི་ཡ་བརྒྱད་དང་། རང་སངས་རྒྱས་ཁོ་ན་ཡིན་གྱི་བྱང་སེམས་རྣམས་ནི་མི་རུང་སྟེ། བྱང་སེམས་རྣམས་ཀྱིས་ཚོགས་ལམ་དུ་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས་ནས། འཁོར་བ་ལ་སྐྱེ་བ་མི་ལེན་པར་དྲོད་ནས་མཉམ་པར་བཞག་ཐུན་ཅིག་ལ་མངོན་པར་རྫོགས་པ་སངས་རྒྱ་བ་འདོད་པའི་ལོག་བཤད་དེ་ཉིད་འགོག་པ་ལ། གཉིས་ཀས་ཐུན་མོང་དུ་ཁས་ལེན་པའི་ཉན་ཐོས་ཀྱི་ཐེག་པ་ལས་ཟུང་བཞི་ཡ་བརྒྱད་ཀྱིས་མཚོན་པའི་དགེ་འདུན་དཀོན་མཆོག་བསྟན་པ་དེ་དག་དཔེར་བྱས་ནས། བྱང་ཆུབ་སེམས་དཔའ་ལ་ཡང་དེ་དག་དང་སྐྱེ་བ་ལེན་ཚུལ། མྱང་འདས་མངོན་དུ་བྱེད་ཚུལ། སྤོང་བྱ་སྤོང་ཚུལ་སོགས་ཆ་འདྲ་བའི་སྒོ་ནས་ཉན་ཐོས་ཀྱི་དགེ་འདུན་གྱི་མིང་ཅན་ཉི་ཤུ་སོགས་ཡོད་པར་བསྟན་ནོ། །མངོན་རྟོགས་རྒྱན་གྱི་ཚིགས་བཅད་འདི་གཉིས་འགྲེལ་བ་མཁན་པོ་དག་གིས་བཀར་སྒྲུབ་ཀྱི་གཞུང་ལ་སྦྱར་བ་ཆེར་མི་སྣང་ཡང་། མཁས་པའི་མཁས་པ་ཀུན་མཁྱེན་གོ་རམས་སོགས་ཀྱིས་བཀར་སྒྲུབ་ཀྱི་གཞུང་ཉིད་དུ་སྦྱར་འདུག་གོ།       
      གསུམ་པ་ནི། རིན་ཆེན་ཕྲེང་བ་ལས། དེ་བཞིན་གཤེགས་པས་ཐེག་ཆེན་ལས། །བྱང་ཆུབ་སེམས་དཔའི་ཚོགས་བསྟན་ན། །དེ་ལ་ཀུན་ཏུ་རྨོངས་པ་རྣམས། །རབ་ཏུ་སྡང་པོས་སྨད་པར་བྱེད། །ཅེས་ཐོག་མར་དེ་བཞིན་གཤེགས་པས་ཐེག་ཆེན་གྱི་སྡེ་སྣོད་ལས་བྱང་ཆུབ་སེམས་པའི་ལམ་རིམ་ཆ་ཚང་བསྟན་པ་ན། དེ་ལ་དུས་ཀུན་ཏུ་རྨོངས་བ་དག་གིས་རབ་ཏུ་སྡང་བའི་སྒོ་ནས་སྨོད་པ་བྱེད་པར་བཤད། དེ་ནས། ཐེག་པ་ཆེན་པོ་གང་ཞིག་ལས། །སྙིང་རྗེ་སྔོན་བཏང་སྤྱོད་པ་དང་། །ཡེ་ཤེས་དྲི་མ་མེད་བཤད་པ། །སེམས་ཡོད་སུ་ཞིག་དེ་ལ་སྨོད། །ཅེས་ཐེག་པ་ཆེན་པོའི་ཆོས་ལ་སྨོད་པ་མི་འཐད་པ་དང་། དེ་ཉིད་ལས། བསམ་གཏན་ཤེས་རབ་སྙིང་རྗེའི་བདག །ཐེག་ཆེན་ཡིན་ན་དེ་ཡི་ཕྱིར། །འདི་ལ་ཉེས་བཤད་ཅི་ཞིག་ཡོད། །ཚུལ་ཁྲིམས་སྦྱིན་པས་གཞན་གྱི་དོན། །བརྩོན་འགྲུས་བཟོད་པས་བདག་ཉིད་ཀྱི། །བསམ་གཏན་ཤེས་རབ་ཐར་པའི་རྒྱུ། །ཐེག་ཆེན་དོན་ནི་བསྡུས་པ་ཡིན། །བདག་དང་གཞན་ཕན་ཐར་པའི་དོན། །མདོར་ན་སངས་རྒྱས་བསྟན་དེ་དག །ཕ་རོལ་ཕྱིན་དྲུག་ཁོང་ན་ཡོད། །དེ་བས་འདི་ནི་སངས་རྒྱས་བཀའ། །ཞེས་ཐེག་པ་ཆེན་པོ་ངོས་བཟུང་བ་དང་། དེའི་དོན་བསྡུ་བ། དེའི་ལག་རྗེས་བསྟན་པ་སོགས་ཀྱིས་བཀར་སྒྲུབ་བོ།  མ་ཟད་ཐེག་དམན་གྱི་སྡེ་སྣོད་ལས་ཟད་པ་དང་། ཟད་པར་ཤེས་པ་དང་། ཐེག་ཆེན་གྱི་སྡེ་སྣོད་ལས་མི་སྐྱེ་བ་དང་། མི་སྐྱེ་བར་ཤེས་པ་བསྟན་པ་རྣམས་དོན་གཅིག་པས། ཐེག་ཆེན་གྱི་དོན་མ་རྟོགས་ན་བཏང་སྙོམས་སུ་བཞག་པ་ལས་སྡང་བ་མི་རིགས་སོ་ཞེས་བསྟན་པའི་ཆེད་དུ། ཐེག་པ་ཆེ་ལས་སྐྱེ་མེད་བསྟན། །ཁྱེད་ཀྱིས་ཟད་པ་སྟོང་པ་ཉིད། །ཟད་དང་མི་སྐྱེ་དོན་དུ་ནི། །གཅིག་པས་དེ་ཕྱིར་བཟོད་པ་གྱིས། །ཞེས་གསུངས་སོ། ཡང་དེ་ཉིད་ལས། ཉན་ཐོས་ཐེག་པ་དེ་ལས་ནི། །བྱང་ཆུབ་སེམས་དཔའི་སྨོན་ལམ་དང་། །སྤྱོད་པ་ཡོངས་བསྔོ་མ་བཤད་དེས། །བྱང་ཆུབ་སེམས་དཔར་ག་ལ་འགྱུར། ཞེས་དང་། །བྱང་ཆུབ་སྤྱོད་ལ་གནས་པའི་དོན། །མདོ་སྡེ་ལས་ནི་བཀའ་མ་སྩལ། །ཐེག་པ་ཆེ་ལས་བཀའ་སྩལ་པ། །དེ་ཕྱིར་མཁས་པ་རྣམས་ཀྱིས་བཟུང་། །ཞེས་པ་སྟེ། ཉན་ཐོས་ཀྱི་སྡེ་སྣོད་ལས་བྱང་ཆུབ་ཀྱི་ལམ་རིམ་ཆ་ཚང་མ་བསྟན་པས། དེ་ལས་བསྟན་པ་དག་ཉམས་སུ་བླང་ཡང་བྱང་ཆུབ་ཆེན་པོ་ཐོབ་པར་མི་འགྱུར། དེ་ལས་བཟློག་སྟེ་ཐེག་པ་ཆེན་པོ་ལས་ནི་བྱང་ཆུབ་ཀྱི་ལམ་རིམ་ཆ་ཚང་ཞིང་མཐུས་ཚང་བར་བསྟན་པས། བྱང་ཆུབ་དོན་གཉེར་ཅན་དང་ལུགས་གཉིས་ལ་མི་རྨོངས་པའི་མཁས་པ་ཡིན་ན་ཐེག་ཆེན་གྱི་སྡེ་སྣོད་འདི་དག་རྒྱལ་བའི་བཀའ་ཉིད་དུ་བཟུང་བར་བྱའོ་ཞེས་གདམས་སོ།།
      བཞི་པ་ནི། སྤྱོད་འཇུག་ལས། བདེན་པ་མཐོང་བས་གྲོལ་འགྱུར་གྱི། །སྟོང་ཉིད་མཐོང་བས་ཅི་ཞིག་བྱ། །ཞེས་ཉན་ཐོས་པ་དག་གིས་ཟེར་བ་ལ། རྒྱལ་སྲས་ཞི་ལྷས་སྟོང་ཉིད་མཐོང་བ་ལ་དགོས་པ་ཡོད་དེ་སྟོང་ཉིད་མཐོང་ན་གྲོལ་བར་འགྱུར་གྱི་གཞན་གྱིས་མིན་པའི་ཕྱིར་སྟེ། ཤེར་མདོ་སོགས་ལས་བླ་ན་མེད་པའི་བྱང་ཆུབ་ལྟ་ཅི་སྨོས། ཉན་ཐོས་དང་རང་རྒྱལ་གྱི་ས་ལ་སློབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་གསུངས་པའི་ཕྱིར་ཞེས་གསུངས། གལ་ཏེ་ཐེག་ཆེན་བཀའ་མ་ཡིན་ཏེ། སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་རྗེས་སུ་བྱས་པ་ཡིན་ནོ། དེ་བས་ན་སྒྲུབ་བྱེད་མི་རུང་ངོ་ཞེ་ན། དེ་ལ་བླང་བའི་རྒྱུ་མཚན་མཚུངས་པས་དང་། དོར་བའི་རྒྱུ་མཚན་མཚུངས་པས་མི་འཐད་པ་གཉིས་ལས་དང་པོ་ནི། དེ་ཉིད་ལས། གལ་ཏེ་ཐེག་ཆེན་མ་གྲུབ་ན། །ཁྱོད་ཀྱི་ལུང་ནི་ཇི་ལྟར་གྲུབ། །གང་ཕྱིར་གཉིས་ཀ་ལ་འདི་གྲུབ། །དང་པོ་ཁྱོད་ལ་འདི་མ་གྲུབ། །རྐྱེན་གང་གིས་ནི་དེར་ཡིད་ཆེས། །དེ་ནི་ཐེག་ཆེན་ལ་ཡང་མཚུངས། །གཞན་གཉིས་འདོད་པས་བདེན་ན་ནི། །རིག་བྱེད་སོགས་ཀྱང་བདེན་པར་འགྱུར། །ཞེས་པ་སྟེ། གལ་ཏེ་ཐེག་ཆེན་བཀའ་མ་ཡིན་ན་ཉན་ཐོས་ཀྱི་ལུང་བཀར་ཇི་ལྟར་གྲུབ། ཁོ་ན་རེ། ངེད་ཀྱི་ལུང་འོ་སྐོལ་གཉིས་ཀ་ལ་རྩོད་པ་མེད་པས་བཀར་གྲུབ། ཐེག་ཆེན་ལ་རྩོད་པ་ཡོད་པས་སོ་ཞེ་ན། འོ་ན་ཁྱེད་ནང་པའི་གྲུབ་མཐའ་ལ་མ་ཞུགས་པའི་གོང་རོལ་ན་འདི་བཀའ་ཡིན་པར་མ་གྲུབ་པས། དེའི་ཚེ་ན་ཁྱེད་ལ་འདི་བཀའ་ཡིན་པར་ཇི་ལྟར་སྒྲུབ་ནུས་ཏེ་མི་ནུས་པའི་ཕྱིར་ཏེ། གཉིས་ཀ་ལ་མཐུན་པར་མ་གྲུབ་པའི་ཕྱིར། འོ་སྐོལ་གཉིས་ལ་རྩོད་མེད་དུ་གྲུབ་པས་མ་ཡིན། ངེད་ཀྱི་ལུང་སངས་རྒྱས་ཀྱིས་འོད་སྲུང་ཆེན་པོ་ལ། དེས་ཀུན་དགའ་བོ་ལ། དེས་ཤ་ནའི་གོས་ཅན་ལ། དེས་ཉེ་སྦས་ལ། དེས་དྷི་དྷི་ཀ་ལ། དེས་ལེགས་མཐོང་ཆེན་པོ་སོགས་ནས་བླ་མ་བརྒྱུད་པ་ལས་བྱུང་བའི་ཕྱིར། བཀར་ཡིད་ཆེས་སོ་ཞེ་ན། དེ་ལྟར་ན་ཐེག་དམན་མ་ཟད་ཐེག་ཆེན་ཡང་ཡིད་ཆེས་པར་བྱ་སྟེ། སངས་རྒྱས་ནས་བྱམས་པ། བྱམས་པ་ནས་ཐོགས་མེད། ཐོགས་མེད་ནས་དབྱིག་གཉེན་སོགས་དང་། ཡང་སངས་རྒྱས་ནས་འཇམ་དབྱངས། འཇམ་དབྱངས་ནས་ཀླུ་སྒྲུབ། དེ་ནས་འཕགས་པ་ལྷ་སོགས་བླ་མ་བརྒྱུད་པ་མཚུངས་པའི་ཕྱིར། གཞན་གཉིས་འདོད་པས་བདེན་ན་ནི་ཞེས་སོགས་གོ་སླའོ། །དོར་བའི་རྒྱུ་མཚན་མཚུངས་པ་ནི། ཐེག་ཆེན་རྩོད་བཅས་ཕྱིར་ཞེ་ན། །ལུང་ལ་མུ་སྟེགས་པ་རྣམས་དང་། །ལུང་གཞན་ལ་ཡང་རང་གཞན་དག །རྩོད་བཅས་ཡིན་ཕྱིར་དོར་བྱར་འགྱུར། །ཞེས་པ་སྟེ། ཐེག་ཆེན་ནི་རྩོད་པ་དང་བཅས་པས་དོར་བར་བྱ་བའི་གནས་ཡིན་ན། ཐེག་དམན་ལ་ཡང་མཚུངས་ཏེ། སྤྱིར་མུ་སྟེགས་པ་དང་རྩོད་པ་དང་བཅས་པ་དང་། བྱེ་བྲག་ཏུ་སྟོན་པ་འདས་པའི་རྗེས་སུ་དགེ་སློང་བགྲེས་པ་ཐམས་ཅད་ཕྱོགས་གཅིག་ཏུ་གྱུར་པ་གནས་བརྟན་པའི་སྡེ་པ་དང་། གཞོན་པ་མང་ཤོས་ཕྱོགས་གཅིག་ཏུ་གྱུར་པ་ཕལ་ཆེན་པའི་སྡེ་བ་གཉིས་སུ་གྱེས་པ་དང་། དེ་ནས་མུ་མཐུད་དེ་རྩོད་པའི་རྦ་རླབ་དྲག་ཏུ་ཕྱུར་ནས་བསྟན་པ་སྡེ་བཞི་དང་། གྱེས་པ་ཡན་ལག་བཅོ་བརྒྱད་དུ་གྱེས་ནས། གཅིག་གིས་གཅིག་ལ་ཕན་ཚུན་ཡིད་མ་ཆེས་པར་མཐར་རྒྱལ་པོ་ཀྲྀ་ཀྲྀའི་རྨི་ལམ་ལ་ཁུངས་སྐྱེལ་ནས། དག་སྣང་ཙམ་སྦྱང་བར་ལས་ཅི་བྱ་མེད་པའི་གནད་ཀྱང་རྩོད་པ་དང་བཅས་པས་ཅི་ལ་མིན། ད་ནི་སྤྱོད་འཇུག་ལས་གསུངས་པ་དེ་ཙམ་གྱིས་མཐུས་པར་བྱའོ།།
      ལྔ་པ་ནི། རྟོག་གེ་འབར་བ་ལས། ཕྱོགས་སྔ་མ་བརྗོད་པ་དང་། དེ་ཡི་ལན་བསྟན་པ་གཉིས་ལས། དང་པོ་ནི། དེ་ལྟ་བུའི་སྡེ་པའི་དབྱེ་བ་དག་ལས་ཞེས་པ་ནས། རྨོངས་པ་རྣམས་བསླུ་བར་བྱ་བའི་ཕྱིར་སྣ་ཚོགས་པ་བརྩམས་པ་ཡིན་ནོ་ཞེས་པའི་བར་གྱིས་ཉན་ཐོས་པ་དག་གིས་ཐེག་པ་ཆེན་པོ་འདི་སྡེ་པ་བཅོ་བརྒྱད་པོ་གང་རུང་གི་ཁོངས་སུ་གཏོགས་ན་བཀའ་ཡིན་དུ་ཆུག་ཀྱང་། གང་གི་ཡང་ཁོངས་སུ་མི་གཏོགས་ཏེ་སྟོན་པ་འདས་རྗེས་སུ་བཀའ་བསྡུ་བྱེད་མཁན་རྣམས་ཀྱིས་བསྡུ་བར་མ་བྱས་སོ་ཞེས་དང་། དེ་བཞིན་བཤེགས་པ་རྟག་པར་སྟོན་པས་འདུས་བྱས་ཐམས་ཅད་མི་རྟག་པ་གསུངས་པ་དང་འགལ་བ་དང་། འགྲོ་ཀུན་སྙིང་པོས་ཁྱབ་པ་དང་། ལེན་པའི་རྣམ་པར་ཤེས་པ་སྟོན་པས་བདག་འཛིན་མ་སྤངས་པ་དང་། སངས་རྒྱས་མྱ་ངན་ལས་མི་འདའ་བར་སྟོན་པས། ཆོས་ཀྱི་སྡོམ་བཞི་ལས་མྱ་ངན་ལས་འདས་པ་ནི་ཞི་བའོ་ཞེས་གསུངས་པ་དང་འགལ་བ་དང་། དགྲ་བཅོམ་སོགས་ལ་སྨོད་ནས། ཁྱིམ་པ་རྣམས་ལ་ཕྱག་བྱ་བར་གསུངས་པ་དང་། དེ་བཞིན་བཤེགས་པ་ལས་བྱང་སེམས་བསྔགས་པ་དང་། བྱང་སེམས་ཀྱི་སྨོན་ལམ་རྣམས་ཀྱང་ཚིག་ཙམ་ཡིན་པ་དང་། ཤཱཀ་ཐུབ་སྤྲུལ་སྐུ་ཡིན་པར་སྨྲ་བས་ལོག་པར་སྨྲ་བ་དང་། རྟག་ཏུ་མཉམ་པ་བཞག་པ་གསུངས་ཀྱང་མི་རིགས་པ་དང་། སྡིག་པ་ཆེན་པོ་ཡང་རྩ་བ་ནས་འབྱིན་དུ་ཡོད་པར་གསུངས་པ་དང་། ཀྲྀ་ཀཱིའི་རྨི་ལམ་གྱི་དབྱེ་བ་ལ་ཡང་མ་བསྟན་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ནོ་ཞེས་པའི་ཚུལ་གྱིས་ཕྱོགས་སྔའི་འདོད་པར་བརྗོད། གཉིས་པ་ནི། དེ་དག་གི་ལན་རེ་རེ་ནས་གསུངས་འདུག་ཀྱང་གཞན་རྣམས་ཐེག་ཆེན་གྱི་སྡེ་སྣོད་དག་ལས་ཤིན་ཏུ་གསལ་བས་སྐྱུར་ནས་ཐོག་མཐའ་གཉིས་ཀྱི་ལན་བཀར་སྒྲུབ་ཀྱི་ལན་ཡག་ཤོས་སུ་སྣང་བས་དམིགས་ཀྱིས་བཀར་ནས་འདིར་དྲངས་ན། འདི་ལྟར་ཏེ།  དེ་ཉིད་ལས། རྩ་བའི་སྡུད་པར་བྱེད་པ་པོ་ཀུན་ཏུ་བཟང་པོ་དང་ཞེས་པ་ནས། བླ་མའི་མདོ་སྡེར་ལས་འཛམ་བུ་གླིང་ན་ཉན་ཐོས་གང་ཡོད་པ་ཐམས་ཅད་ཀྱིས་ཆོས་ཀྱི་རྣམ་གྲངས་ཡོངས་སུ་རྫོགས་པ་འཛིན་པ་མི་འགྱུར་རོ་ཞེས་པའི་བར་གྱིས་དང་པོའི་ལན་བསྟན་ཏེ། ཐེག་པ་ཆེན་པོའི་སྡེ་སྣོད་དག་འཇམ་དཔལ་དང་། གསང་བའི་བདག་པོ། བྱམས་པ་ལ་སོགས་པས་བསྡུ་བར་བྱས་ཅིང་ཉན་ཐོས་དག་གིས་ཡུལ་དུ་བྱ་མི་ནུས་པ། དེ་ཡང་ལེགས་ལྡན་རང་གིས་རང་ག་སྨྲས་པ་མ་ཡིན་པ་ཐེག་པ་ཆེ་ཆུང་ཐུན་མོང་ལ་གྲགས་པའི་ཤིང་ཤ་པའི་ཚལ་གྱི་མདོ་དང་། འགྲོ་བའི་མདོ་སོགས་ལས། སངས་རྒྱས་ཀྱིས་གང་གསུངས་པ་མཐའ་དག་ཐེག་དམན་གྱི་སྤྱོད་ཡུལ་མིན་པ་གསུངས་པ་རྣམས་རྒྱབ་རྟེན་དུ་དྲངས། ཡང་དེ་ཉིད་ལས། གལ་ཏེ་བཅོམ་ལྡན་འདས་འོད་སྲུངས་ལ་རྒྱལ་པོ་ཀྲྀ་ཀཱིས་རྨི་ལམ་གསོལ་བ་ན་ཞེས་པ་ནས། ཤིན་ཏུ་སྤྲོས་པས་ཆོག་གོ་ཞེས་པའི་བར་གྱིས་མཐའ་མའི་ལན་བསྟན་ཏེ། སངས་རྒྱས་འོད་སྲུངས་ཀྱིས་རྒྱལ་པོ་ཀྲྀ་ཀཱིའི་རྨི་ལམ་ལུང་བསྟན་ལས། ཤཱཀྱ་ཐུབ་པའི་བསྟན་པ་ལ་སྡེ་པ་བཅོ་བརྒྱད་གྱེས་པ་བསྟན་གྱི་ཐེག་ཆེན་མ་བསྟན་ཏོ་ཞེ་ན། ཐེག་པ་ཆེན་པོ་ནི་ཟབ་ཅིང་རྒྱ་ཆེ་བ་ལ་མོས་པའི་སེམས་ཅན་རྣམས་ཀྱི་དབང་དུ་བྱས་ནས་སྡེ་པ་བཅོ་བརྒྱད་ལ་ཐུན་མོང་དུ་བསྟན་པ་ཡིན་ཏེ། གསུང་རབ་རྣམས་ལས་སྐྱེ་བ་དང་། ན་ཚོད་སོགས་ཐ་དད་མེད་པར་བསྟན་པ་བཞིན་ནོ་ཞེས་དང་། སྟོན་པ་མྱ་ངན་ལས་འདས་ནས་རིང་པོ་མ་ལོན་པར་ཉན་ཐོས་རྣམས་རང་ལ་གསུངས་པ་ལ་ཞེན་ཅིང་། དེ་སྡུད་པ་པོས་ཇི་ལྟར་དབང་བ་བཞིན་དུ་ཡང་དག་པར་བསྡུས་པ་ན་ཐེག་པ་ཆེན་པོའི་གསུང་རབ་ནི་སྣོད་དུ་གྱུར་པ་སུ་ཡང་མེད་པས་གང་གིས་ཀྱང་མ་བསྡུས་ཏེ། བདེ་བར་གཤེགས་པ་ལ་མངོན་པར་དགའ་བའི་ཀླུ་ལ་སོགས་པ་རྣམས་ཀྱིས་ཡོངས་སུ་བསྡུས་ནས་ཀླུའི་འཇིག་རྟེན་དང་ལྷ་ལ་སོགས་པར་བཞུགས་སུ་གསོལ་བ་ལས་དེའི་སྣོད་དུ་གྱུར་པས་སངས་རྒྱས་ཀྱིས་ལུང་བསྟན་པ་འཕགས་པ་ཀླུ་སྒྲུབ་ཀྱིས་དེ་དག་ནས་བསྡུས་ནས་མིའི་འཇིག་རྟེན་དུ་རབ་ཏུ་རྒྱས་པར་མཛད་པ་ཡིན་གྱི། བདུད་ཀྱི་སྤྱོད་ཡུལ་མ་ཡིན་པར་དེའི་ཕྱིར་ཐེག་པ་ཆེན་པོ་དོར་ནས་སུན་འབྱིན་པ་ནི་རིགས་པ་མ་ཡིན་ནོ། ལུང་རིགས་ཀྱིས་དཔྱོད་པར་ནུས་ན་གཟུར་བོའི་བློས་བརྟག་དཔྱད་རེ་མ་འཁྱུག་གསུངས། དེང་སང་རྒྱ་ནག་ཏུ་བཞུགས་པའི་འདུལ་ལུང་སྡེ་བཞི་སོགས་ལས་ཐེག་ཆེན་ཞེས་པའི་ཚིག་མང་དུ་འབྱུང་བ་སོགས་དང་མཐུན་པར་སྣང་བས། ལེགས་ལྡན་ཉིད་ཀྱིས་བློས་དཔྱོད་པར་ནུས་པ་ཡོད་ན། རིགས་པ་དང་རིགས་པས་དེ་བརྟག་པར་གྱིས་ཤིག་ཅེས་གསུངས་པ་ནི་རྒྱབ་རྩ་ཅན་ཞིག་ཅི་ལ་མ་ཡིན། མ་གཞི་བསྟན་བཅོས་དག་གི་ནང་ན་རྟོག་གེ་འབར་བ་བཀར་སྒྲུབ་ཀྱི་གཞུང་རྒྱས་ཤོས་སྣང་ཡང་ཡི་གེ་མང་བ་ལ་འཇིགས་ནས་དེ་ཙམ་ལས་མ་བྲིས་སོ།།
 
      གཉིས་པ་གོང་ས་ཐམས་ཅད་མཁྱེན་པས་དེ་དག་ལ་ཇི་ལྟར་དཔྱད་པའི་ཚུལ་ནི། ཁོང་གིས། ཀླུ་སྒྲུབ་ལ་དད་པ་སྐྱེ་རྒྱུ་དེ་གལ་ཆེན་པོ་རེད། ཀླུ་སྒྲུབ་ལ་དད་པ་ཡག་པོ་ཞིག་སྐྱེས་པ་ཡིན་ན། ཐེག་ཆེན་བཀར་སྒྲུབ་ཟེར་བ་དེ་ཚོར་ཕན་ཐོགས་ཆེན་པོ་ཡོད། མ་གཞི་མདོ་སྡེ་རྒྱན་ནང་ཐེག་ཆེན་བཀར་སྒྲུབ་གསུངས་ཡོད་པ་རེད་དེ། དེ་ཙམ་ནུས་པ་ཆེན་པོ་ཞིག་མི་འདུག རིན་ཆེན་ཕྲེང་བར་ཐེག་ཆེན་བཀར་སྒྲུབ་གསུངས་པ་དེ་གང་ཙམ་ནུས་པ་ཆེ་བ་འདུག ད་དུང་ཆ་ཚང་བ་ཞིག་དང་ཁ་ཐུག་གསུངས་པ་ཞིག་མེད། དེ་མཚུངས་ལེགས་ལྡན་གྱི་རྟོག་གེ་འབར་བ་དང་། སློབ་དཔོན་ཞི་བ་ལྷའི་སྤྱོད་འཇུག་ནང་ཤུགས་ཆེན་གསུངས་ཡོད་ན་ཡང་། ང་ལ་ཕན་ཐོགས་ཆེ་ཤོས་དེ་མདོ་ཀུན་ལས་བཏུས་པ་དེ་རེད། ཁ་སང་ཚོགས་འདུ་དེ་འདྲའི་སར་ངས་བཤད་རྒྱུ་བྱུང་། ཐེག་ཆེན་སངས་རྒྱས་ཀྱི་བཀའ་མ་རེད་ཅེས་སྔར་ཡང་བཤད་མཁན་བྱུང་བ་རེད་ལ་ད་ལྟ་ཡང་ཤོད་མཁན་ཡོད་པ་རེད། བར་སྐབས་གཙོ་བོ་ནུབ་ཕྱོགས་པའི་མཁས་པ་ཚོས། ཐེག་ཆེན་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བརྒྱ་ཕྲག་གཅིག་ཕྱིན་པའི་རྗེས་ལ་གཞི་ནས་དར་བ་རེད་ཅེས་གསུངས་ཡོད་པ་རེད། དེས་ན་ལོ་རྒྱུས་བལྟས་ཏེ་བཤད་ན། གཅིག་ནས། སྐབས་དེའི་རྒྱ་གར་གྱི་ལོ་རྒྱུས་མགོན་པོ་ཀླུ་སྒྲུབ་ལས་རྒྱུས་ལོན་ཆེ་བ་ཡོད་དམ། དེང་སང་གི་མཁས་པ་ཚོ་རྒྱུས་ལོན་ཆེ་བ་ཡོད། དེར་བསམ་བློ་ཞིག་བཏང་། མགོན་པོ་ཀླུ་སྒྲུབ་ཁོང་རང་རྒྱ་གར་པ་རེད། གཉིས་ནས། མགོན་པོ་ཀླུ་སྒྲུབ་བཅོམ་ལྡན་འདས་ཕེབས་ནས་ལོ་བཞི་བརྒྱ་ཙམ་སོང་བའི་མཚམས་ལ་ཕེབས་པ་རེད། དེ་དུས་མི་ཐོག་ཁ་ཤས་ཕྱིན་པའི་རྗེས་རེད། དུས་རབས་ཉི་ཤུ་པ་དང་དེ་ཚོའི་དུས་ཀྱི་མཁས་པ་ཚོ་བཅོམ་ལྡན་འདས་ལོ་ཉིས་སྟོང་ལྔ་བརྒྱ་ཟིན་མ་ཟིན་གྱི་མཚམས་ལ་བྱོན་པ་རེད། དེ་ཡིན་དུས་དུས་ཚོད་ཀྱི་ཆ་ནས་ཡིན་ན་རེད། ཞེ་ས་མ་ཞུས་ན་སོ་སོ་ཡོད་པའི་ས་ཆའི་བབ་ནས་ཡིན་ན་རེད། བཅོམ་ལྡན་འདས་རྒྱུས་ཡོད་ཆེ་བ་ཡོད་མཁན་དེ་མགོན་པོ་ཀླུ་སྒྲུབ་ཡིན་དགོས་པ་འདྲ་ཞིག་རེད། ཡང་མགོན་པོ་ཀླུ་སྒྲུབ་དེ་མི་ཇོ་ལོད་ཞེ་བོ་ཞིག །པེ་ཇོ་ལོད་མི་བླ་མ་དཀོན་མཆོག་ཞེ་བོ་གཅིག ལོ་རྒྱུས་ཁུངས་མ་དག་པ་དེ་འདྲར་ཡིད་ཆེས་གནང་མཁན་ཞིག་རེད་དམ་ཟེར་ན། ཕལ་ཆེར་མ་རེད། མགོན་པོ་ཀླུ་སྒྲུབ་དངོས་གནས་དྲང་གནས་རིགས་པའི་གནས་ལྔ་ལ་མཁས་པ། སྨན་མཁྱེན་གྱི་ཡོད་པ་རེད། རྫས་སྦྱོར་དེ་འདྲ་ཡང་མཁྱེན་གྱི་ཡོད་པ་རེད། ནང་དོན་རིག་པར་ཆ་བཞག་ན། ཁོང་གི་ལེགས་བཤད་འདི་ལ་བལྟས་ན་ཤེས་ཀྱི་རེད། ཧ་ལས་པ་རེད། མཁས་པའི་དབང་པོ་རེད། ཁོང་མཁས་པ་ཡིན་མིན་ཁོང་གི་དགེ་ཕྲུག་དེ་ཚོར་བལྟས་ན་ཤེས་ཐུབ། ཨརྱ་དེ་བ། སངས་རྒྱས་བསྐྱངས། དེའི་རྗེས་སུ་འབྲང་མཁན་གྱི་སློབ་དཔོན་ལེགས་ལྡན། སློབ་ཟླ་བ་གྲགས་པ། སློབ་དཔོན་ཞི་བ་ལྷ། གཞན་ཡང་རྒྱ་གར་གྱི་མཁས་པ་མང་པོ་ཞིག་ཀླུ་སྒྲུབ་ཀྱི་རྗེས་སུ་འབྲངས་བསྡད་པ་ཞིག་རེད། དེ་འདྲ་ཡིན་དུས་སློབ་དཔོན་ཀླུ་སྒྲུབ་དེ་མི་ཇོ་ལོད་གཅིག་དང་། ཞེ་ས་མ་ཞུས་ན། ད་ངའི་ཚིག་དེ་ཕལ་བའི་བཟོ་འདྲ་ཞིག་ཆགས་ཀྱི་འདུག་སྟེ། གླེན་རྟགས་ཚ་བོ་ཞིག་དང་ལྐུགས་ཚུགས་ཚུགས་འདྲ་བོ་ཞིག་རྩ་ནས་མ་རེད། ཧ་ལས་པའི་རྣམ་དཔྱོད་ཕུལ་དུ་ཕྱིན་པ་ཞིག་རེད། ད་རྣམ་དཔྱོད་དེ་ཡང་བརྟག་དཔྱད་ཆེན་པོ་གནང་མཁན་གྱི་རྣམ་དཔྱོད་ཅིག་རེད་འདུག །བཀའ་ལ་དྲང་ངེས་ཕྱེ་ཡོང་དུས།  རྣམ་དཔྱོད་ཕུལ་དུ་ཕྱིན་པའི་ཐོག་ནས་འགྲོ་གི་ཡོད་པ་རེད་མ་གཏོགས། བཅོམ་ལྡན་འདས་ཀྱི་བཀའ་ཡིན་པ་ཙམ་གྱིས་དད་པའི་ཀུན་ནས་བསླངས་ཏེ་གསུང་གི་མེད་པ། རྣམ་དཔྱོད་ཕུལ་དུ་ཕྱིན་བསྡད་པ་ཞིག་རེད་འདུག །ད་ཡང་རྣམ་དཔྱོད་ཕུལ་དུ་ཕྱིན་པ་ཡིན་ན་ཡང་། ཞལ་རྫུན་ཏོག་ཙམ་ཏོག་ཙམ་གནང་མཁན་ཞིག་ཡིན་ན། ཡང་ཀླུ་སྒྲུབ་ཀྱི་གསུང་ལ་ཧ་ལས་པའི་ཆ་འཇོག་རྒྱུ་ཁག་པོ་རེད། མཁས་པ་ད་ཆེན་པོ་རེད་དེ་ཞལ་རྫུན་ཏོག་ཙམ་ཏོག་ཙམ་གནང་གི་རེད་ཟེར་པ་བྱུང་ཕྱིན། ཡང་གོ་ལོག་བརྩི་གི་རེད། བཅོམ་ལྡན་འདས་ཀྱི་དགེ་སློང་དེ་འདྲ་ཞིག་གིས་ཞལ་རྫུན་ནམ་ཡང་གནང་གི་མ་རེད། དེ་འདྲ་ཡིན་དུས། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་མདོ་ཀུན་ལས་བཏུས་པའི་ནང་ལ་ཐེག་ཆེན་གྱི་མདོ་སྡེ་མང་པོའི་ལུང་དྲངས་ནས་ཁུངས་བཅོལ་ཡོང་དུས། དེ་ཚོ་ཁོང་གི་རང་གི་མི་རབས་ནས་ལོ་བཞི་བརྒྱ་ཟིན་མ་ཟིན་ཞིག་ཕྱིན་བསྡད་པའི་སྐབས་བྱུང་བའི་སྟོན་པ་བཀའ་དྲིན་ཅན་དེས་གསུངས་གནང་བ་ཞིག་ཁོང་རང་གིས་ངེས་པ་རྙེད་ནས་ཡིད་ཆེས་ཀྱིས་ལུང་དྲངས་པ་རེད་མ་གཏོགས་ཚོད་ཚོད་ལ་གསུངས་བཞག་པ་དང་། ཡང་ཀླུ་སྒྲུབ་ཁོང་རང་གིས་རང་མཚམ་གྱིས་བཅོས་ལྡན་འདས་ཀྱི་གསུང་རེད་ཅེས་རྫུན་ཆེན་པོ་གསུངས་པ་དེ་འདྲ་རྩ་བ་ནས་ཡོང་ཤེས་ཀྱི་མ་རེད། དེ་འདྲ་ཡིན་དུས་ཀླུ་སྒྲུབ་ཚད་མའི་སྐྱེས་བུར་ངེས་པ་རྙེད་ཐུབ་པ་ཞིག་དང་། ཀླུ་སྒྲུབ་ལ་རྒྱུ་མཚན་མཐོང་བའི་ཐོག་ནས་ཡིད་ཆེས་ཞིག་ཐོབ་ན་ཐེག་ཆེན་བཀར་སྒྲུབ་ཡག་ཤོས་དེ་འདི་མཐོང་བ་འདྲ་ཞིག་འདུག །ང་ལ་ནི་དེ་ཕན་ཆེ་བ་འདུག་ཅེས་གསུངས་སོ།།
 
      གསུམ་པ་དེ་དག་གི་གྲུབ་དོན་བསྡུ་བ་ནི། མ་གཞི་བཀའ་དང་བསྟན་བཅོས་གང་ཡིན་ཡང་དེ་དང་དེའི་རྩོམ་པ་པོ་སུ་ཡིན་མིན་དེ། ལུང་དང་རིགས་པ་དག་གིས་ཁ་ཐུག་སྒྲུབ་དཀའ་ཡང་། རྒྱུ་མ་ཕུ་འདེད་བྱས་ན་མི་འགྲུབ་པའི་དོན་མི་འདུག་སྙམ། དེ་ཡང་སྒྲུབ་་བྱེད་ལ་གནོད་པ་མཐོང་ན་བསྒྲུབ་བྱ་འཛིན་པའི་བློ་བཟློག་པ་རིགས་པ་སྨྲ་བ་རྣམས་ཀྱི་སྤྱི་ལུགས་ཡིན་པས། མདོ་སྡེ་རྒྱན་དང་། སྤྱོད་འཇུག་གཉིས་ལས་གཙོ་བོར་ཉན་ཐོས་པ་དག་གི་བཀའ་མ་ཡིན་པའི་སྒྲུབ་བྱེད་ལ་གནོད་པ་བསྟན་ནས་བསྒྲུབ་བྱ་བཀའ་མ་ཡིན་པ་འཛིན་པའི་བློ་བཟློག་སྟེ། ཐེག་དམན་བཀའ་ཡིན་ལ་ཐེག་ཆེན་བཀའ་མ་ཡིན་པའི་ཤེས་བྱེད་མེད་པར་སྟོན། མངོན་རྟོགས་རྒྱན་ལས་གསུངས་པ་ལ་དེ་ཙམ་ནུས་པ་ཆེ་བ་མཐོང་མ་སོང་། རིན་ཆེན་ཆེན་ཕྲེང་བ་ལས་ཐོག་མར་ཐེག་པ་ཆེན་པོ་ཟེར་ཡ་དེ་གཞི་གང་འདྲ་ཞིག་ལ་ངོས་འཛིན་པ་དང་། དེའི་དོན་ག་འདྲ་ཡིན་པར་སོགས་སྒྲུབ་ནས། དེ་ལ་སྨོད་པ་མི་རིགས་པ། དེ་ཉིད་ཐེག་དམན་ལས་གཞན་ཐེག་ཆེན་གྱི་སྡེ་སྣོད་དག་ལས་བསྟན་པས་ཐེག་ཆེན་བཀར་སྒྲུབ། འདི་ནི་གོང་ས་མཆོག་གིས་ཀླུ་སྒྲུབ་ཀྱི་གཞུང་ལ་བརྟེན་ནས། ཀླུ་སྒྲུབ་ཚད་མའི་སྐྱེས་བུ་སྒྲུབ་སྟེ། ཐེག་ཆེན་བཀར་སྒྲུབ་པ་དང་ཧ་ལམ་རིགས་པ་འདྲ་བོ་འདུག་བསམ། རྟོག་གེ་འབར་བ་སོགས་ལས་ཐོག་མར་སྟོན་པས་གདུལ་བྱ་གང་དང་གང་ལ་ཐེག་ཆེན་ཇི་ལྟར་སྟོན་པའི་ཚུལ། བར་དུ་ཐེག་ཆེན་ཉམས་སུ་ལེན་མཁན་གང་ཟག་གང་འདྲ་བྱུང་མིན། མཐར་སྟོན་པ་མྱ་ངན་ལས་འདས་པའི་རྗེས་སུ་གང་ཟག་སུ་འདྲ་ཞིག་གིས་ཐེག་ཆེན་གྱི་བཀའ་བསྡུ་ཅི་མཛད་པའི་ཚུལ་སོགས་གསུངས་པ་ནི། ཐེག་པ་ཐུན་མོང་གིས་ཁས་ལེན་པའི་ཤིང་ཤ་པ་ཚལ་གྱི་མདོ་དང་། པ་ཏ་ལའི་མདོ་དང་། དེང་སང་རྒྱག་ནག་གི་འདུལ་ལུང་སྡེ་བཞི་སོགས་ལས་ཐེག་ཆེན་བསྟན་པ་དང་དཔག་ན་རྫུན་པ་ཡིན་པའི་དོན་མི་འདུག་ལ། ཉན་ཐོས་པ་དག་གིས་ཐེག་དམན་སངས་རྒྱས་ཀྱི་གསུང་ཡིན་པའི་ལོ་རྒྱུས་དེ་བདེན་ལ། འདི་མི་བདེན་པའི་ཤེས་བྱེད་ཀྱང་མི་འདུག་པས། ལོ་རྒྱུས་ལ་གཞིག་ནས་སེམས་རྣལ་དུ་ཕབ་ན་འདི་ཡག་ཤོས་སུ་སྣང་། འོན་ཀྱང་དེ་དག་ནི་གཙོ་བོར་བསྟན་ཚུལ་གྱི་ཆ་ནས་བདག་གིས་གླེང་བ་ཡིན་གྱི་ཕན་ཚུན་སྤོང་པ་ནི་མ་ཡིན་ཏེ། རྟོག་གེ་འབར་བ་ལས་སྒྲུབ་བྱེད་ལ་གནོད་པ་བསྟན་པ་དང་། སྤྱོད་འཇུག་ལས་ལོ་རྒྱུས་ལ་ཕུགས་བཅོལ་བ་སོགས་ཀྱིས་མཚོན་ནས་ཤེས་ནུས། ཁ་ཅིག་གིས་བྱམས་ཀླུ་གཉིས་ཀྱི་བཀར་སྒྲུབ་ཀྱི་གཞུང་དག་ལས་ཐེག་ཆེན་བཀའ་ཡིན་པར་གྲུབ་ཚུལ་མི་འདུག་སྨྲ་བ་ནི། རྒྱ་གར་ཤར་ནུབ་ཀུན་ལ་སངས་རྒྱས་གཉིས་པ་གྲགས་པའི་སློབ་དཔོན་དབྱིག་གཉེན་ཞེས་བྱ་བ་ཐེག་ཆེན་བཀའ་མ་ཡིན་པར་འདོད་མཁན་གཏེ་བོར་གྱུར་པ་དེས་ཀྱང་། མཐར་ཁུངས་ལུང་མེད་པར་རང་ག་བྱམས་ཀླུ་སོགས་ལ་མགོ་སྒུར་སྒུར་བྱས་པ་སྨྲ་དགོས་པས། དེ་འདྲ་སྨྲ་བ་ནུས་སམ། མཁས་མཆོག་དབྱིག་གཉེན་གྱིས་དེ་འདྲ་བྱེད་པ་སྲིད་དམ། ཡང་ལ་ལ་ཞིག་གིས་སྟོན་པ་མྱ་ངན་ལས་འདས་ནས་ལོ་ངོ་སྟོང་ཕྲག་ལོན་རྗེས་སུ་ཐེག་ཆེན་གཞི་ནས་བྱུང་བར་སྨྲ་བ་དང་། ཆོས་རྒྱལ་མྱ་ངན་མེད་ཀྱིས་ཆོས་ཀྱི་ཕོ་ཉ་བཀྱེ་སྐབས་ཤར་ལྷོ་ཨེ་ཤའི་ཡུལ་གྲུ་ཁག་ཏུ་ཐེག་ཆེན་མ་དར་བ་བཤད་པ་སོགས་ནི་རྒྱུ་མཚན་མ་ངེས་ཏེ། རྒྱའི་བཙུན་པ་ཧ་ཤན་གྱི་ལམ་ཡིག་ལས། དགེ་འདུན་ཚོགས་ནི་རྒྱལ་པོ་མྱ་ངན་མེད་ཀྱི་མདུན་སར་དབུ་འཕང་མཐོ་བར་འགྱུར་ཞིང་། ཤས་ཆེར་ཐེག་པ་ཆེན་པོའི་དགོན་སྡེ་སྤེལ་ལ། ཐེག་པ་ཆུང་ངུའི་དགོན་སྡེ་དག་ཀྱང་འདུག་གོ་ཞེས་གསུངས་པ་དང་མི་མཐུན་ནོ། ཡང་ལ་ལ་ཞིག་གིས་ཐེག་ཆེན་གྱི་གསུང་ཚད་མར་གྲུབ་ཀྱང་། བཀའ་ཡིན་པར་མི་གྲུབ་ཅེས་དང་། ལ་ལས་ཐོགས་མེད་ཀྱིས་བྱམས་ཆོས་གདན་དྲངས་སའི་དགའ་ལྡན་དེ་ཧི་མ་ལ་ཡ་དང་། ཀླུ་སྒྲུབ་ཀྱིས་ཤེར་ཕྱིན་འབུམ་པ་གདན་དྲངས་ས་དེ་ཡང་བལ་ཡུལ་ནས་ཡིན་ཚུལ་སོགས་སྨྲ་བ་ནི་རང་ཉིད་ལྷ་ཀླུ་ཡོད་པར་ཡིད་མ་ཆེས་པའི་རང་འཚང་ཕྱིར་མངོན་པ་ཅི་ལ་མ་ཡིན་ནོ།།
 
      གཉིས་པ་མངོན་པར་རྟོགས་པའི་རྒྱན་གྱི་བརྗོད་བྱ་དོན་གྱི་སྙིང་པོ་དྲིལ་ནས་བསྟན་པ་ལ་གཉིས་ཏེ། དངོས་དང་། ཕར་ཕྱིན་བསྟན་པའི་སྙིང་པོར་སྒྲུབ་པའོ། དང་པོ་ནི། མངོན་པར་རྟོགས་པའི་རྒྱན་ལས། གང་ཟག་ཞིག་འཚང་རྒྱ་བའི་ཆ་རྐྱེན་ལ། ཐོས་བསམ་གྱིས་གཏན་ལ་དབབ་པར་བྱ་བའི་གཞི། ཉམས་སུ་ལེན་པའི་རིམ་པ། ཉམས་སུ་བླངས་པའི་འབྲས་བུ་དང་གསུམ་དགོས་པས། ཐོག་མར་མཁྱེན་གསུམ་ཐོས་བསམ་གྱིས་གཏན་ལ་ཕབ་ནས་གཞི་ལམ་འབྲས་གསུམ་ལས་གཞིའི་རྣམ་གཞག །བར་དུ་སྦྱོར་བ་བཞི་བསྟན་པའི་སྒོ་ནས་ལམ་གྱི་རྣམ་གཞག །ཐ་མར་འབྲས་བུ་ཆོས་སྐུ་མཛད་པ་ཕྲིན་ལས་དང་བཅས་པ་བསྟན་པའི་སྒོ་ནས་འབྲས་བུའི་རྣམ་གཞག་བྱས་པ་སྟེ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས། ཐོས་བསམ་ཡུལ་དུ་མཁྱེན་པ་གསུམ། སྒོམ་པའི་ལམ་ལ་སྦྱོར་བ་བཞི། འབྲས་བུ་མཐར་ཐུག་ཆོས་ཀྱི་སྐུ། ཞེས་གསུངས་པ་ལྟར་རོ། །དེ་ཡང་རྒྱས་པ་ལ་དད་པ་ཡིན་གྱི། བར་པ་ལ་དད་པ་ལ་དྲུག་དུ་བསྟན་པ་དང་། བསྡུས་པ་ལ་དད་པ་ལ་གསུམ་དུ་བསྟན་པའི་དབང་དུ་བྱས་ནས། རྒྱན་ལས། མཚན་ཉིད་དེ་ཡི་སྦྱོར་བ་དང་། །དེ་རབ་དེ་ཡི་གོ་རིམ་དང་། །དེ་མཐའ་དེ་ཡི་རྣམ་སྨིན་ནི། །དོན་བསྡུས་གཞན་ཏེ་རྣམ་པ་དྲུག །ཅེས་དང་།  ཡུལ་ནི་རྣམ་པ་གསུམ་པོ་རྒྱུ། །སྦྱོར་བ་བཞི་ཡི་བདག་ཉིད་དང་། །ཆོས་སྐུ་ཕྲིན་ལས་འབྲས་བུ་ནི། །དོན་བསྡུས་གཞན་སྟེ་རྣམ་པ་གསུམ། །ཞེས་བསྟན་ཚུལ་གཞན་བྱས་ཀྱང་གཞི་ལམ་འབྲས་གསུམ་བསྟན་པ་ནི་སྔར་བཞིན་ནོ། །དེ་ཡང་ཇོ་བོས། མངོན་རྟོགས་ཤེས་རྒྱུད་རིམ་པ་སྟེ། དངོས་པོ་བརྒྱད་ནི་བརྗོད་བྱའོ། སྐབས་ནི་བརྗོད་བྱེད་ཤན་ཏིས་གསུངས། ཅེས་པར་ལྟར། མངོན་རྟོགས་ནི་ཤེས་རྒྱུད་ཀྱི་རིམ་པ་ལ་གོ་བས། གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཀྱང་གོང་དུ་བསྟན་པ་བཞིན་མགོན་པོ་བྱམས་པས་ཤེས་རྒྱུད་ཀྱི་རིམ་པ་ལ་བྱས་པ་སྟེ། གཡག་མི་ཕམ་ཆོས་ཀྱི་བླ་མས། ཡུལ་ནི་རྣམ་པ་གསུམ་པོ་རྒྱུ། ཞེས་སོགས་ཀྱི་ཐད་ལ། མཁྱེན་པ་གསུམ་ནི་ཡུལ་ཡིན་ཏེ། ཐོས་བསམ་གྱིས་གཏན་ལ་དབབ་པའི་གཞི་ཡིན་པའི་ཕྱིར། རྣམ་རྫོགས་སྦྱོར་བ་ལ་སོགས་པ་སྦྱོར་བ་བཞིའི་བདག་ཉིད་ནི་ཆོས་སྐུའི་རྒྱུ་ཡིན་ཏེ། མཁྱེན་གསུམ་གྱི་གནས་ལུགས་ཐོས་བསམ་གྱིས་ཤེས་པ་སྦྱོར་བཞིའི་སྒོ་ནས་ཉམས་སུ་བླངས་པས་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱ་བའི་ཕྱིར། ཆོས་སྐུ་དང་དེ་ལ་ཡོད་པའི་ཕྲིན་ལས་ནི་འབྲས་བུ་ཡིན་ཏེ། སྦྱོར་བཞི་སྒོམ་པ་ལས་བྱུང་བའི་དགེ་ལེགས་ཡིན་པའི་ཕྱིར། ཞེས་འཕགས་པ་རྣམ་གྲོལ་སྡེའི་ལུགས་སྒྲོས་ངན་གྱིས་མ་སླད་པ་བརྗོད་པར་འདི་ནི་རྒྱན་རྩ་བ་ལ་ཧ་ཅང་འབྱོར་འདུག་བསམ་པའི་བསམ་པ་ཞིག་འགོག་མེད་དུ་སྐྱེས་བྱུང་། མ་གཞི་རང་སྡེ་བྱེ་བྲག་སྨྲ་བ་ནས། ཡར་ཁའི་ཐེག་ཆེན་དབུ་མ་པའི་བར་གྱི་རང་སྡེའི་གྲུབ་མཐའ་སྨྲ་བ་དག་གིས་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་རེ་བྱས་ནས། གྲུབ་མཐའི་སྒྲོམ་བཅས་ཏེ་སངས་རྒྱས་ཀྱི་བསྟན་པའི་སྙིང་པོ་ལོན་པ་འདོད་པ་ནི་ཐམས་ཅད་ཞལ་མཐུན་མོད། ཞི་བ་ལྷས། རྣལ་འབྱོར་པ་ཡང་བློ་ཁྱད་ཀྱིས། །གོང་མ་གོང་མ་རྣམས་ཀྱིས་གནོད། །ཅེས་གསུངས་པར་ལྟར། གྲུབ་མཐའ་འོག་མ་དག་གིས་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཅི་འདྲ་བྱས། གྲུབ་མཐའི་སྒྲོམ་ཇི་ལྟར་བཅས། གསུང་རབ་ཀྱི་སྒོ་ཇི་ལྟར་འབྱེད། རྒྱལ་བའི་དགོངས་པ་ཇི་ལྟར་བཀྲལ་ན་ཡང་རིམ་གྱིས་གྲུབ་མཐའ་གོང་མ་དག་གིས་གནོད་པས། གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ལེགས་པར་མ་འབྱོངས། ཐེག་ཆེན་དབུ་མ་པ་དག་གིས་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ལེགས་པར་བྱས་པས། གྲུབ་མཐའི་སྒྲོམ་གཞི་ཚུགས། རྒྱལ་བའི་དགོངས་པ་ལོན། གསུང་རབ་ཀྱི་སྒོ་མོ་ཕྱེས་པར་སྣང་ངོ། །ཁ་ཅིག བསྟན་བཅོས་དངོན་པར་རྟོགས་པའི་རྒྱན་ལས་བསྟན་པའི་གཞིའི་རྣམ་གཞག་དེ་འཕགས་མཆོག་ཀླུ་སྒྲུབ་སོགས་ཀྱིས་བྱས་པའི་དབུ་མའི་གཞུང་དག་དང་མཐུན་པར་གཞི་དབུ་མ་བདེན་གཉིས་ཟུང་འཇུག་ལ་བྱ་བ་ནི། ཚིག་གི་ཟ་ཟུར་སོགས་ཅི་རིགས་ལ་སྦྱར་ན་ལོས་འགྲིག གཞུང་གི་སྤྱི་ཁོག་ལ་སྦྱར་ནས་བཤད་ན་རྒྱས་བཤད་ཀྱི་སྐབས་སུ་ཐོག་མར་མཁྱེན་གསུམ། དེ་ནས་སྦྱོར་བ་བཞི། ཐ་མ་འབྲས་བུ་ཆོས་སྐུ་བསྟན་པའི་གོ་རིམ་གྱི་ཆེད་དུ་བྱ་བ་ལས་ཉམས་ལ། མ་ཟད་ཐེག་ཆེན་སྒྲུབ་པ་ལ་ཡུལ་གྱི་སྒྲུབ་པ་དང་། ཡུལ་ཅན་གྱི་སྒྲུབ་པ་གཉིས་སུ་བྱས་པའི་ཁྱད་པ་ཡང་མི་ཕྱེད་པ་དང་། འབྲིང་དུ་བསྟན་པའི་སྐབས་སུ། མཚན་ཉིད་དེ་ཡི་སྦྱོར་བ་དང་། །ཞེས་སོགས་དང་། བསྡུས་དོན་གྱི་སྐབས་སུ། །ཡུལ་ནི་རྣམ་པ་གསུམ་པོ་རྒྱུ། །ཞེས་སོགས་ཀྱི་གཞུང་དོན་ཡང་རྙེད་ཐབས་བྲལ་ལོ། །ལྷག་པར་དུ་དཔལ་སྤྲུལ་རིན་པོ་ཆེས། མངོན་རྟོགས་རྒྱན་གྱི་བསྒོམ་རིམ་ཉུང་ངུ་ལས། ཤེས་བྱ་མཁྱེན་པ་གསུམ་གྱི་དེ་ཉིད་ཤེས། །ཉམས་ལེན་སྦྱོར་བ་བཞི་ཡི་ལམ་ལ་བསླབ། །ཐོབ་བྱ་འབྲས་བུ་ཆོས་སྐུར་སྦྱོར་མཛད་པའི། །འཕགས་བོད་མཁས་གྲུབ་རྣམས་ལ་ཕྱག་འཚལ་ལོ། །ཞེས་གསུངས་པའི་དོན་ལ་བསམ་ན་ཡང་འདིའི་སྐབས་ཀྱི་གཞིའི་རྣམ་གཞག་དེ་ཡུལ་མཁྱེན་གསུམ་ལ་བྱས་པ་མི་གོ་བའི་དོན་མེད་དོ། །དེ་ལྟར་མངོན་པར་རྟོགས་པའི་རྒྱན་གཞུང་སྤྱི་ཁོག་གིས་ཇི་ལྟར་བསྟན་པའི་ཚུལ་འཇུག་དྲིལ་ནས། སློབ་དཔོན་གྱིས་འགྲེལ་བ་དོན་གསལ་ལས། སེམས་བསྐྱེད་པ་དང་པོ་དང་ཐ་མའི་ལས་བསྟན་པའི་གོ་རིམ་བསྟན་པའི་རིམ་པས་ལྷག་མ་བར་གྱི་ཚིག་གི་དོན་རྣམས་ཀྱི་གོ་རིམ་ཡང་ཁོང་དུ་ཆུད་པར་བྱ་སྟེ། ཚིག་མངས་དུ་དྭོགས་པས་བདག་གིས་ནི་མ་བྲིས་སོ། །ཞེས་གསུངས་པའི་དོན་འགྲེལ་བཤད་ཚིག་གསལ་ལས། ཚིག་གི་ཟུར་ཙམ་མམ་དོན་གྱི་དབང་ཡང་རུང་སྟེ། ངག་རེ་རེ་ལ་ཡང་སྐབས་བརྒྱད་ཅར་གྱི་དོན་རྫོགས་པར་སྦྱར་ཡང་ཟློས་བུར་ནི་མི་འགྱུར་རོ་ཞེས་དགོས་པའོ། །དེ་བས་ན་ངེས་པར་ཡང་དག་རེ་རེ་ལ་དོན་མཐའ་དག་རྣམ་པར་གཞག་པར་བྱའོ་ཞེས་ལྷག་པར་སྟོན་པ་ཡང་མེད་དོ། །ཅེས་གསུངས་པ་དང་། ཀུན་མཁྱེན་གོ་རམས་པ་ཆེན་པོའི་ཞལ་སྔར་ནས། དེ་དག་ཀྱང་མངོན་པར་རྟོགས་པ་བརྒྱད་ཆར་གང་ཟག་ཅིག་འཚང་རྒྱ་བའི་ལམ་གྱི་རིམ་པར་སྒྲིག་པའི་དབང་དུ་བྱས་པ་ཡིན་གྱི། ཡང་དག་པར་ན་མངོན་པར་རྟོགས་པ་བརྒྱད་པོ་རེ་རེའི་སྐབས་སུ་ཡང་འཚང་རྒྱ་བའི་ལམ་རིམ་རེ་རེ་ཚང་བར་ཡོད་ཅིང་། སེམས་བསྐྱེད་དང་། གདམས་ངག་ལ་སོགས་པ་མཚོན་བྱེད་ཀྱི་ཆོས་རེ་རེ་ལ་ཡང་འཚང་རྒྱ་བའི་ལམ་རིམ་ཚང་བར་ཡོད་ལ། ཕྲིན་ལས་ཉི་ཤུ་རྩ་བདུན་ཉིད་ལ་ཡང་རྫོགས་པའི་སངས་རྒྱས་ཀྱི་གསུང་རབ་ཀྱི་བརྗོད་བྱ་མ་ལུས་པ་ཚང་བ་སོགས་གང་གསུངས་པ་དག་དང་སྦྱར་བ་ཙམ་ལས་གཞན་མེད་དོ། །ཅེས་པར་ལྟར་འདིར་དཔེ་མཚོན་ཙམ་ཞུ་བ་ལ་གཉིས་སྟེ། སྐབས་བརྒྱད་ཡོད་པ་ལས་སྐབས་དང་པོ་དང་སྦྱར་བར་དང་། མཚོན་བྱེད་ཀྱི་ཆོས་བདུན་ཅུ་ལས་དང་པོ་དང་སྦྱར་བའོ། །དང་པོ་ནི། བླ་མེད་བྱང་ཆུབ་ཐོབ་པ་ལ་ཐེག་པ་ཆེན་པོའི་ལམ་ལ་འཇུག་དགོས་ཅིང་། དེར་འཇུག་པའི་སྒོ་ནི།  ཇོ་བོས། ཐེག་པ་ཆེ་ཆུང་སེམས་བསྐྱེད་ཁྱད། ཅེས་གསུང་པར་ལྟར། ཐེག་ཆེན་བསྐྱེད་ཡིན་པས་ཐོག་མར་དེ་བསྟན། དེ་ནས་སེམས་བསྐྱེད་པའི་གང་ཟག་ལ་སྟོན་པས་མདོ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བགྱི་ཞེས་གསུང་པ་ལ། ཚུལ་ཇི་ལྟར་བུར་བསླབ་པ་བགྱི་ཞེས་དྲིས་ལན་དུ་གདམས་ངག་བསྟན། དེས་གདམས་པར་ལྟར་ཉམས་སུ་བླངས་པའི་ཉམས་ལེན་གྱི་རིམ་པ་ངེས་འབྱུང་སྒྲུབ་པའི་བར་ཏེ། གང་ཟག་ཞིག་ཐོག་མར་ལམ་ལ་འཇུག་པའི་རིམ་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་མ་ཐོབ་ཀྱི་བར་གྱི་ལམ་རིམ་ཚང་ལ་མ་ནོར་བར་བསྟན། དེ་ལྟར་ལམ་ཉམས་སུ་བླངས་པའི་འབྲས་བུའམ་ཐོབ་བྱ་མཐར་ཐུག་པ་རྣམ་པ་ཐམས་ཅད་མཁྱེན་པ་ནི། སྤྱིར་མཚོན་བྱེད་ཀྱི་ཆོས་བཅུས་མཚོན་པའི་ཚུལ་གྱིས་བསྟན་ལ། བྱེ་བྲག་ཏུ་མཚོན་བྱེད་ཀྱི་ཆོས་རེ་རེའི་སྐབས་སུ་ཡང་བསྟན་པ་སྟེ། དཔེར་ན་ངེས་འབྱུང་སྒྲུབ་པའི་ངེས་པར་འབྱུང་ས་བརྒྱད་ལས་བདུན་འབྲས་བུ་སངས་རྒྱས་ཀྱི་ས་ལ་བཞག་པའི་ཕྱིར་རོ། །དེ་བཞིན་དུ་སྐབས་གཞན་རྣམས་ཀྱང་ཤེས་པར་བྱའོ། །གཉིས་པ་མཚོན་བྱེད་ཀྱི་ཆོས་བདུན་ཅུ་ལས་དང་པོ་སེམས་བསྐྱེད་ཀྱི་སྐབས་སུ་ཇི་ལྟར་བསྟན་པ་ནི། དེ་ཡང་ས་གསེར་ཟླ་བ་མེ། ཞེས་པ་ནས། རྣམ་པ་ཉི་ཤུ་རྩ་གཉིས་སོ། ཞེས་པའི་བར་གྱི་ཚིགས་བཅད་གཉིས་ཀྱིས་སེམས་བསྐྱེད་ཀྱི་དབྱེ་བ་རྒྱས་པ་བསྟན་ཞིང་། ས་མཚམས་ཀྱི་སྒོ་ནས་དབྱེ་ན། མོས་པས་སྤྱོད་པའི་སེམས་བསྐྱེད། ལྷག་བསམ་རྣམ་པར་དག་པའི་སེམས་བསྐྱེད། རྣམ་པར་སྨིན་པའི་སེམས་བསྐྱེད། སྒྲིབ་པ་སྤངས་བའི་སེམས་བསྐྱེད་དང་བཞི་ལས། དང་པོས་སོ་སོའི་སྐྱེ་བོའི་སྐབས་ཀྱི་ལམ་རིམ་ཆ་ཚང་དང་། གཉིས་པས་མ་དག་ས་བདུན་གྱི་ལམ་རིམ་ཆ་ཚང་། གསུམ་པས་དག་ས་གསུམ་གྱི་ལམ་རིམ་ཆ་ཚང་། བཞི་པས་འབྲས་བུ་སངས་རྒྱས་སའི་མངོན་རྟོགས་ཐམས་ཅད་བསྡུས་པའོ། །དེས་རིགས་བསྒྲེས་ནས་གཞན་པ་རྣམས་ཀྱང་ཤེས་པར་བྱ། མཚོན་བྱེད་ཀྱི་ཆོས་རེ་རེའི་སྐབས་དང་སྦྱར་བའི་ཡི་གེ་ནི་མང་དུ་དོགས་ནས་བདག་གིས་མ་བྱས། ཁ་ཅིག་གིས་དངོས་བསྟན་ལ་བསམ་ནས་སྐབས་བརྒྱད་པོ་རེ་རེའི་སྐབས་དང་། མཚོན་བྱེད་ཀྱི་ཆོས་རེ་རེའི་སྐབས་སུ་ལམ་རིམ་ཆ་ཚང་བ་རེ་བསྟན་པར་འདོད་པ་ནི་རེ་རེར་དང་སྦྱར་ན་ཅུང་མི་འགྲིགས་པ་སྣང་གསུངས་པ་ནི་སློབ་དཔོན་ཆོས་བཤེས་ཀྱིས་ཚིག་གིས་ཟུར་ཙམ་མམ་དོན་གྱི་དབང་ཡང་རུང་སྟེ་ཞེས་གསུངས་པའི་དོན་ཁོང་དུ་མ་ཆུད་པ་ཡིན་ནོ།།
      གཉིས་པ་ཕར་ཕྱིན་བསྟན་པའི་སྙིང་པོ་སྒྲུབ་པ་ནི། གནས་གསར་མཁྱེན་བརྩེའི་དབང་ཕྱུག་གི་ཞལ་སྔར་ནས། རྒྱ་ཤཱཀྱ་གཞོན་ནུ། སེ་ཡེ་ཤེས་བརྩོན་འགྲུས། ཉང་རྡོ་རྗེ་རྒྱལ་མཚན་གསུམ་གྲོས་མཐུན་པ་ལ། ད་ལྟར་འུ་ཅག་ལ་འདུལ་བའི་བཤད་ཉན་ཙམ་ལས་མི་འདུག འདིར་བསྟན་པ་ཡོངས་རྫོགས་ཤིག་མི་དགོས་ཁ་མེད་དུ་འདུག་པས། གྲྭ་པ་ཤེས་རབ་དང་བློ་ནུས་ཡོད་པ་འགའ་རྒྱ་གར་དུ་ཆོས་སློབ་ཏུ་བཏང་བ་དྲག་པར་འདུག་དགོངས་ནས། མཁན་སློབ་གསུམ་པོས་དགེ་འདུན་ཐམས་ཅད་བསྡུས། ཁོང་རང་གསུམ་པོས་ཕྱག་འདོན་མཛད་ནས་བསྙེན་བཀུར་འབུལ་བ་བསམ་གྱིས་མི་ཁྱབ་པ་མཛད། གོང་གི་གཏམ་གསུངས་ནས། དེ་ལྟར་འགྲོ་ནུས་པ་སུ་ཡོད་གསུངས་པས། གཞན་སུའང་ཁས་ལེན་མཁན་མ་བྱུང་། འབྲོག་མི་ཤཱཀྱ་ཡེ་ཤེས། ལེང་ཤཱཀྱ་བརྩོན་འགྲུས། སྟག་ཡེ་ཤེས་གཞོན་ནུ་གསུམ་གྱིས་ཁས་བླངས་པས། མཁན་སློབ་སྦྱིན་བདག་ཐམས་ཅད་མཉེས་ཏེ་བསྟོད་བཀུར་བསྔགས་གསུམ་དུ་མ་བྱས། ཁོང་གསུམ་པོ་ལ་བསྟན་པའི་རྩ་བ་ཡིན་པས་འདུལ་བ། སྙིང་པོ་ཡིན་པས་ཕར་ཕྱིན། ཉིང་ཁུ་ཡིན་པས་རྡོ་རྗེ་ཐེག་པ་སློབས་ཤོག་གསུང་པའི་བསླབ་བྱ། དེ་དག་ཤེས་ནས་ཚུར་འཁོར་བ་ན་གང་ལ་གང་འོས་པའི་བདག་རྐྱེན་ཞབས་ཏོག་བསྒྲུབ་པའི་ཞལ་བཞེས་བཅས་མཛད། ཅེས་གསུངས་པ་དང་། འབྲུག་ཆོས་འབྱུང་དང་། དེབ་སྔོན་ལས་ཀྱང་ཕར་ཆེར་དེ་དང་མཐུན་པར་གསུངས། ཁྱད་པར་དུ་དེབ་སྔོན་ལས། འབྲོག་མིས་ཤཱནྟི་པ་ལ་དང་པོར་འདུལ་བ་གསན། དེ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གསན། དེ་ནས་གསང་སྔགས་མང་དུ་གསན་ནས་མཁས་པ་ཆེན་པོར་གྱུར་ཞེས་གསུངས་པ་སོགས་ཀྱིས་མཚོན་ཆོས་འབྱུང་ཁག་ལས་འབྲོག་མི་ལོ་ཙཱ་བའི་རྣམ་ཐར་གླེང་བ་ན། འབྲོག་མི་ལོ་ཙཱ་བ་རྒྱ་གར་ལ་བརྫངས་པའི་ཚེ། མཁན་སློབ་རྣམས་ཀྱིས་འདུལ་བ་བསྟན་པའི་རྩ་བ་དང་། ཕར་ཕྱིན་བསྟན་པའི་སྙིང་པོ། གསང་སྔགས་བསྟན་པའི་ཉིང་ཁུ་ཡིན་པས་སློབས་ཤིག་ཅེས་བསླབ་བྱའི་ཚུལ་དུ་བཀའ་གནང་བར་གསུངས་པར་ཞལ་མཐུན་པས། ད་ལམ་འདུལ་བ་བསྟན་པའི་རྩ་བ་དང་། གསང་སྔགས་བསྟན་པའི་ཉིང་ཁུ་ཡིན་པ་གླེང་བར་སྐྱུར་ནས། ཕར་ཕྱིན་བསྟན་པའི་སྙིང་པོ་ཡིན་པ་ཅུང་ཟད་གླེང་ན། འདི་ལ་གོང་ས་ཐམས་ཅད་མཁྱེན་པ་སོགས་ཀྱིས་དབུ་མ་ཕར་ཕྱིན་གྱི་ལྟ་བ་དང་། མཛོད་ཕར་ཕྱིན་གྱི་གྲངས་འདྲེན། འདུལ་བ་ཕར་ཕྱིན་གྱི་སྤྱོད་ལམ། ཚད་མ་ཕར་ཕྱིན་གྱི་རིགས་ལམ་ཞེས། གཞན་རྣམས་ཡན་ལག་ལྟ་བུ་དང་། ཕར་ཕྱིན་སྲོག་ཤིང་ལྟ་བུ་ཞིག་གི་ཚུལ་དུ་གསུངས་སྲོལ་ཞིག་འདུག དེ་ལྟར་དུ་རང་ལུགས་ལ་ཡང་ཕར་ཕྱིན་བསྟན་པའི་སྙིང་པོ་ཡིན་པ་གླེང་ན་མི་ཆོག་པ་མི་འདུག་སྙམ། ཡང་ངོས་གཞན་ཞིག་ནས་བསམ་གཞིག་གནང་སྟེ་གླེང་ན་འདི་ལྟར། ཕར་ཕྱིན་གྱི་རིགས་ལམ་དང་། ཕར་ཕྱིན་གྱིན་གྱི་སྤྱོད་ལམ་སོགས་སྦྱར་བ་སྤངས་ནས། དབུ་མ་ནི་ནང་བསྟན་སྤྱི་ཡི་ཚབ་མཚོན་དུ་རུང་བའི་ལྟ་བ་དང་། འདུལ་བ་ནི་ནང་བསྟན་སྤྱི་ཡི་ཚབ་མཚོན་དུ་རུང་བའི་སྤྱོད་ལམ། མངོན་པ་ནི་ནང་བསྟན་སྤྱི་ཡི་ཚབ་མཚོན་དུ་རུང་བའི་ཕུང་ཁམས་སྐྱེ་མཆེད་ཀྱི་གྲངས་འདྲེན་དང་རབ་དབྱེ། ཚད་མ་ནི་ནང་བསྟན་སྤྱི་ཡི་ཚབ་མཚོན་དུ་རུང་བའི་རིགས་ལམ། ཕར་ཕྱིན་ནི་ནང་བསྟན་སྤྱི་ཡི་ཚབ་མཚོན་དུ་རུང་བའི་བསྒོམ་པ་ཉམས་ལེན་གྱི་རིམ་པའམ། མངོན་རྟོགས་ཤེས་རྒྱུད་ཀྱི་རིམ་པ་ཞེས་སྦྱར་ནས། བསྟན་པའི་སྙིང་པོ་ངོ་མ་ནི། མདོ་ལས། ཤཱ་རིའི་བུས་རབ་འབྱོར་བྱང་ཆུབ་སེམས་དཔའ་ཆེན་པོ་ཤེར་ཕྱིན་ལ་སྤྱོད་པ་ནི་སྙིང་པོ་ལ་སྤྱོད་པའོ་ཞེས་དང་། པན་ཆེན་ངག་དབང་ཆོས་གྲགས་པས། བསྟན་པའི་སྙིང་པོ་ཕ་རོལ་ཕྱིན་གཞུང་གི །བརྗོད་དོན་མ་ལུས་མངོན་རྟོགས་རིམ་པ་རུ། །བསྡུས་སྟེ་ཚངས་ལ་མ་ནོར་གདུལ་བྱ་ལ། །འདོམ་མཁས་རྗེ་བཙུམ་བྱམས་མགོན་ཕྱག་གི་གནས། །ཅེས་གསུང་པའི་ལུང་གི་དོན་ལ་བསམ་ན་སྙིང་པོ་ངོ་མ་ནི་བསྒོམ་པ་ཉམས་ལེན་གྱི་རིམ་པའམ། མངོན་རྟོགས་ཤེས་རྒྱུད་རིམ་པ་ཡིན་པར་མི་གོ་བའི་དོན་མེད་པས་ཕར་ཕྱིན་ནི་བསྟན་པའི་སྙིང་པོ་གོ་ནས། དེ་དག་བརྗོད་བྱར་བསྟན་པའི་མདོ་དང་བསྟན་བཅོས་དག་ལ་ཡང་དེ་དང་དེར་བརྗོད་བྱ་བསྟན་པའི་མདོ་དང་བསྟན་བཅོས་ཉིད་དུ་ཤེས་པར་བྱ། ཡང་ན་ཕར་ཕྱིན་བསྟན་པའི་སྙིང་པོ་ཞེས་པའི་སྐབས་ཀྱི་ཕར་ཕྱིན་དེ་དབུ་ཕར་གཉིས་ཀྱི་ཟླས་ཕྱེ་བའི་ཕར་ཕྱིན་ཙམ་ལ་མི་གོ་བར་དབུ་ཕར་གཉིས་ཀ་ལ་གོ་ནས། དབུ་ཕར་གཉིས་ཀ་ཡང་བསྟན་པའི་སྙིང་པོར་གླེང་ན་མི་འཐད་པ་མི་འདུག་སྙམ། འདི་ལ་དེང་སང་ཁ་ཅིག་གིས་འདུལ་བའི་གཞུང་ཆེན་དག་ལས་ཟ་ལུགས་མཐུང་ལུགས་བསྟན་པ་ཙམ་ལས། དེར་འཇུག་ལྡོག་བྱ་རིན་ཆེར་མེད་པ་དང་། མངོན་པ་ལས་གང་བསྟན་པ་དག་ནི་དེང་གི་ཚན་རིག་པའི་བྱེད་ཐབས་ལ་བརྟེན་ནས་མངོན་སུམ་དུ་མཐོང་བཞིན་པ་དག་གིས་གནོད་པས། དེ་ལ་ཐོས་བསམ་བྱས་ན་ཉི་མ་འགྲོ་རོགས་ཙམ་ལས་གཞན་མེད་པ་དང་། ཕར་ཕྱིན་གྱི་གཞུང་ཆེན་ཁག་ལས་གང་བསྟན་པ་དག་ནི་ལྷ་སྒྲུང་བཞིན་སྙིང་པོ་དོན་གྱིས་དབེན་པས། ང་ཚོ་ལ་ཉེ་བར་མཁོ་བའི་སྐད་ཆ་སོགས་མེད་པ་གླེང་ཞིང་། ཅུང་ང་ཚོ་ལ་བལྟ་རིན་དང་གླེང་རིན་ཡོད་པ་ནི་དབུ་ཚད་གཉིས་པོ་ཁོ་ན་སྨྲ་བ་དག་ནི། ཕར་ཕྱིན་གྱི་གཞུང་ཆེན་ཁག་དཔེར་ན་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ལྟ་བུ་ལས་ང་ཚོ་ལ་གཏན་བདེ་བླ་ན་མེད་པ་ཐོབ་པའི་ཐབས་ཕྱིན་ཅི་མ་ལོག་པ། མཐུས་སྒོ་ཚང་བ་ཐེག་པ་ཆེན་པོའི་ལམ་ལ་ཐོག་མར་འཇུག་པའི་སྒོ་གང་ཡིན་པ། དེར་ཞུགས་ནས་ཐེག་པ་ཆེན་པོའི་ཆོས་ཚུལ་ཇི་ལྟར་བུའི་ཐོག་ནས་ཉམས་སུ་ལེན་པ། དེ་ཉམས་སུ་བླངས་པ་ལ་བརྟེན་ནས་ཚོགས་ལམ་ནས་སྦྱོར་ལམ། སྦྱོར་ལམ་ནས་མཐོང་ལམ། མཐོང་ལམ་ནས་སྒོམ་ལམ། སྒོམ་ལམ་ནས་མི་སློབ་ལམ་སོགས་ཇི་ལྟར་ཐོབ་པ། དེ་དག་གི་སྐབས་སུ་ཡོན་ཏན་གང་དང་གང་འབྱུང་བ། སྐྱོན་གང་དང་གང་འབྱུང་བ། སྐྱོན་ཡོན་ཤན་འབྱེད་ནས་བླང་དོར་ཇི་ལྟར་བྱེད་པའི་ཚུལ་སོགས་གང་ཟག་གཅིག་འཚང་རྒྱ་བའི་ལམ་རིམ་ཆ་ཚང་བསྟན་པ་འདི་མཐོང་བའི་སྐལ་བ་དང་མ་ལྡན་པ་ཅི་ལ་མིན། མ་ཟད་རྒྱ་གར་ཆོས་འབྱུང་ལས། རྒྱལ་པོ་དཔལ་ལྡན་ཆོས་སྐྱོངས་སྐབས་སུ། གསང་བ་འདུས་པ་དང་། ཕར་ཕྱིན་ཤེས་པའི་པཎྚི་ཏ་གྲལ་མགོར་འཇོག་པ་སོགས་བྱུང་བ་གསུངས་པ་ཡང་ཕར་ཕྱིན་བསྟན་པའི་སྙིང་པོ་དང་། གསང་སྔགས་བསྟན་པའི་ཉིང་ཁུ་ཡིན་པས་ལོས་ཡིན། རྗེ་བཙུན་འཇམ་པའི་དབྱངས་ཀྱིས་བླ་མ་ས་སྐྱ་པ་ཆེན་པོ་ལ་གནང་བའི་ཞེན་པ་བཞི་བྲལ་ཡང་། བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་བརྗོད་བྱའི་དོན་གྱི་སྙིང་པོ་མཐའ་དག་ཕྱོགས་གཅིག་དྲིལ་བ་ལྟ་བུ་སྣང་སྟེ། ཀུན་བཟང་ཆོས་ཀྱི་ཉི་མས། འཇམ་དབྱངས་ཞལ་གཟིགས་ཕར་ཕྱིན་ཐེག་པ་ཡི་བཅུད་སྩལ། །བིར་ཝས་བྱིན་རླབས་རྒྱུད་སྡེ་རབ་འབྱམས་ཀྱི་བཀའ་བབས། །བརྒྱུད་འཛིན་མཁས་གྲུབ་རྒྱ་མཚོའི་སྤྱི་མེས་སུ་བཞུགས་པ། །བརྩེ་ཆེན་ཀུན་དགའ་སྙིང་པོ་སྙིང་དབུས་ནས་དྲན་བྱུང་། ཞེས་ཞེན་པ་བཞི་བྲལ་ཕར་ཕྱིན་ཐེག་པ་ཡི་བཅུད་ཡིན་པ་གསུང་པ་དང་། ཆོས་འབྱུང་ཁག་ལས་བསྟན་པའི་སྙིང་པོ་ཕར་ཕྱིན་ཡིན་པར་གསུངས་པ་གཉིས་གཞི་གཅིག་ལ་བབས་པས་སོ། །དེ་བཞིན་དུ་དགེ་ལྡན་པའི་ལམ་གཙོ་རྣམ་གསུམ་སོགས་ཀྱང་ཤེས་པར་བྱའོ། །དེ་ལྟར་བདག་གིས་མི་ལོ་གསུམ་ཡི་རིང་ལ་ཡང་དག་པའི་དགེ་བའི་བཤེས་གཉེན་རྣམས་དང་། ཆོས་ཀྱི་མཆེད་པོ་དག་གི་བཀའ་དྲིན་དང་སྐུ་དྲིན་ལ་བརྟེན་ནས་རྒྱལ་ཡུམ་ཤེས་རབ་ཀྱི་ཕར་རོལ་ཏུ་ཕྱིན་པའི་གཞུང་ཆེན་ཁག་ལ་ཐོས་བསམ་ཅུང་ཟད་བྱས་པའི་རྗེས་ཤུལ་དུ། རང་གིས་ཤེས་ཚད་དང་ནུས་ཚད་ཀྱིས་གང་བགྱིས་པ་འདི་མཇུག་ལེགས་པར་གྲུབ་ཅིང་། མ་ཟད་རང་ལ་སྐྱེས་སྦྱངས་ཀྱི་ཤེས་རབ་ཀྱིས་དབེན་པས་རྡོ་ཆག་ལྷུ་སྒྲིག་གི་ཚུལ་དུ་བྲིས་པ་ལས་གཞན་མེད་པས་འགལ་འདུས་ཕུང་པོ་བགྲང་གིས་མི་ལང་བ་ལ་སྨོས་ཅི་དགོས། དེའི་ཕྱིར་འགལ་འདུས་ཕུང་པོ་ཅི་མཆིས་དམིགས་མེད་ཆོས་དབྱིངས་སྟོང་པ་ཉིད་ཀྱི་ངང་དུ་འཐིམ་ནས་ཞི་གྱུར་ཅིག །། །།
སླར་སྨྲས་པ།
ལུང་དང་རིགས་པའི་གཤོག་རྩལ་མ་རྒྱས་པས། །
དཔྱད་ལྡན་བློ་གསལ་དགྱེས་པའི་གཏམ་མ་མཆིས། །
གྲགས་དང་དྲེགས་པས་རང་སེམས་མ་སྦག་པས། །
ཡང་དག་བླ་མའི་ཐུགས་དང་འགལ་དོན་མེད། །
 
ཅུང་ཟད་བྱས་པའི་དགེ་བ་གང་ཡོད་མཐུས། །
མ་རབས་སྐྱོན་གྱི་ཕུང་ཚོགས་འབྱུང་བའི་གཞི། །
ང་འོ་སྙམ་པའི་བདག་འཛིན་འགོང་པོ་འདི། །
རྩད་ནས་ཆོད་པའི་རྒྱུ་རུ་འགྱུར་བར་ཤོག །
ཅེས་པ་འདི་ནི་བོད་རབ་རྒྱན་ཀུན་ལྡན་ལྕགས་བྱི་ལོའི་མགོ་ཟླ་བའི་དཀར་ཕྱོགས་སྟོང་པ་གཉིས་པར་རྫོང་སར་ལྔ་རིག་ཐུབ་བསྟན་སློབ་གླིང་གི་ཕར་ཕྱིན་གོང་མའི་ལོ་མཐའི་རྒྱུགས་རྩོམ་གྱི་དོད་དུ་དཔྱད་རྩོམ་ཞིག་གི་རིན་ཐང་མེད་ཀྱང་རྒྱུགས་རྩོམ་ཞིག་གི་རིན་ཐང་ཅི་ལ་མེད་སྙམ་ནས་རྫོང་སར་ཟླ་བ་རུ་འབོད་པས་རྫོགས་པར་སྦྱར་བ་དགེ་ལེགས་སུ་གྱུར་ཅིག ། སརྦ་མངྒ་ལམ།། དགེའོ།། དགེའོ།།

                        རྩོམ་སྒྲིག་པ། མྱི་གསར་བ།


           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


Signature is customized by Netease