དབུ་མའི་སྐོར་གྱི་ལོ་རྒྱུས་ཟིན་བྲིས།

    ཕྲིན་ལས་ཆོས་རྒྱལ་གྱིས་བརྩམས།


དབུ་མའི་སྐོར་གྱི་ལོ་རྒྱུས་ཟིན་བྲིས།


                      ཕྲིན་ལས་ཆོས་རྒྱལ་གྱིས་བརྩམས།

སྟོན་པ་ཐུགས་རྗེ་ཅན་ལ་གུས་པར་འདུད།།
རྒྱ་གར་ལ་དབུ་མའི་བསྟན་པ་དང་པོར་ནམ་དར་བ་ཡིན།
སངས་རྒྱས་རྒྱ་གར་ལ་བྱོན་པའི་དུས་སུ་ཤིན་ཏུ་རྒྱས་པ་དར་བ་ཡིན།  དེ་ཡང་ཁོང་གིས་དབུ་མའི་གཞུང་རྒྱས་པ་ཤེར་ཕྱིན་བྱེ་བ་ཕྲག་བརྒྱ་སོགས་ཧ་ཅང་མང་པོ་གསུངས་པ་ཡིན་པས་དབུ་མའི་བསྟན་པ་ཤིན་ཏུ་དར་བའི་དུས་ནི་སངས་རྒྱས་ཞལ་དངོས་སུ་བཞུགས་པའི་དུས་དེ་ཡིན་ཟེར་ཆོག་ཆོག་ལ།  སངས་རྒྱས་མྱ་ངན་ལས་འདས་ནས་སྟོན་པའི་གཏད་རབས་བདུན་ལ་སོགས་པའི་དུས་སུ་ཐེག་ཆེན་གྱི་བསྟན་པ་སྤྱི་དང་།  ལྷག་པར་དུ་ཟབ་མོ་དབུ་མའི་བསྟན་པ་ལ་གོད་ཆག་ཆེན་པོ་བྱུང་ཡོད་པའི་ལོ་རྒྱུས་ཀུན་གྱི་ཤེས་གསལ་ལྟར་རེད།  སངས་རྒྱས་མྱ་ངན་ལས་འདས་པའི་རྗེས་སུ་དབུ་མའི་བསྟན་པ་རྒྱ་ཆེར་སྤེལ་བ་པོ་ནི།  ཇི་སྐད་དུ།  ང་ནི་མྱ་ངན་འདས་འོག་ཏུ།  ལོ་ནི་བཞི་བརྒྱ་ལོན་པ་ན། ཞེས་སོགས་ལུང་གིས་གསལ་པོར་ཟིན་པའི་སྐྱེས་བུ་ཆེན་པོ་ཀླུ་སྒྲུབ་ཡིན་ཏེ་ཁོང་གིས་ཤེར་ཕྱིན་འབུམ་པ་ཀླུ་ཡུལ་ནས་གདན་དྲངས།  དེ་དག་གི་དགོངས་འགྲེལ་གྱི་ཚུལ་དུ་རིགས་པའི་ཚོགས་ལྔ་ལ་སོགས་པ་བརྩམས་པར་མཛད།  དེས་ཐུགས་སྲས་སློབ་མ་འཕགས་པ་ལྷ་སངས་རྒྱས་བསྐྱང་དང་ལེགས་ལྡན་འབྱེད་ལ་སོགས་པ་ནས་དཔལ་ལྡན་ཟླ་བ་གྲགས་པ་སོགས་ཀྱི་བར་དུ་ཧ་ཅང་དར་ཁྱབ་ཆེན་པོ་བྱུང་ངོ་། མདོར་ན་སློབ་དཔོན་ཀླུ་སྒྲུབ་ནས་བཟུང་སྟེ་རྒྱ་གར་ལ་བསྟན་པ་ནུབ་ཀྱི་བར་དུ་ཟབ་མོ་དབུ་མའི་བསྟན་པ་ཤིན་ཏུ་དར་བ་ཡིན།

བོད་ལ་ཇི་ལྟར་དར་བའི་ཚུལ་ནི།
བསྟན་པ་སྔ་དར་གྱི་དུས་སུ་རྩ་འཇུག་བཞི་གསུམ་གྱིས་གཙོས་པའི་དབུ་མའི་གཞུང་མང་དུ་འགྱུར་ནས་འཆད་ཉན་གྱི་རྒྱུན་བཙུགས་པར་སྣང་ཡང་བར་སྐབས་སུ་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་ཉམས་པར་བྱུང་།  ལྷག་པར་དུ་སྔ་འགྱུར་གྱི་དུས་སུ་དར་བའི་ཐལ་འགྱུར་བའི་གཞུང་གི་འཆད་ཉན་གྱི་རྒྱུན་ནི་དེང་སང་མེད་པ་རེད།  རང་རྒྱུད་པའི་གཞུང་འགའ་ཞིག་གི་བཤད་རྒྱུན་ཡོད་པ་འདྲའོ།།  དེ་ནས་རྔོག་བློ་ལྡན་ཤེས་རབ་ཀྱིས་རང་རྒྱུད་དབུ་མའི་གཞུང་ལ་འཆད་ཉན་རྒྱ་ཆེར་གནང་བ་ཡིན་ནོ།། ལོ་ཙཱ་བ་ཁོང་ནི་དགུང་ལོ་བཅུ་བདུན་གྱི་ཐོག་ནས་ཁ་ཆེའི་ཡུལ་དུ་སློབ་གཉེར་དུ་བྱོན།  ཁ་ཆེར་ལོ་བཅུ་བདུན་བཞུགས་ནས་ལོ་པཎ་མང་དུ་བསྟེན།  སླར་ཡང་རང་ཡུལ་བོད་དུ་བྱོན་ནས་སློབ་མ་ཁྲི་སྟོང་དུ་མ་ལ་དབུ་མ་གཙོས་པའི་གཞུང་ཆེན་ཁག་གི་བཤད་པ་མཛད།  དབུ་མའི་སྐབས་སུ་རང་རྒྱུད་ཤར་གསུམ་གྱི་གཞུང་ཚད་མར་བཟུང་གི་ཡོད། ཐུགས་སྲས་མང་དུ་ཡོད་ཀྱང་གྲོ་ལུང་པ་བློ་གྲོས་འབྱུང་གནས་ནི་ལོ་ཙཱ་བ་དེས་གསུང་རབ་མཐའ་དག་གི་བརྒྱུད་པ་འཛིན་མཁན་ཡིན།  དེ་ཡི་མདུན་ནས་ཕྱ་པ་ཆོས་ཀྱི་སེང་གེས་གསན།  སྤྱིར་གསུང་རབ་དགོངས་འགྲེལ་གྱི་བསྟན་བཅོས་མང་དུ་མཛད་ཅིང་།  བྱེ་བྲག་ཏུ་རང་རྒྱུད་ཤར་གསུམ་གྱི་གཞུང་བཤད་དུ་མ་མཛད།  འོན་ཀྱང་དཔལ་ལྡན་ཟླ་བའི་བསྟན་བཅོས་ལ་དངོས་ཤུགས་བརྒྱུད་གསུམ་གྱིས་དགག་པ་མང་དུ་བྱས་ཡོད།  དེ་ལ་ཡང་རིགས་པའི་སེང་ཆེན་བརྒྱད་ལ་སོགས་པ་སློབ་མ་མང་དུ་བྱུང་བའི་ནང་ནས་དབུ་མའི་བཀའ་བབ།  བརྩེགས་སྟོན་དབང་ཕྱུག་སེང་གེ་ལ་བབ་ཅིང་།  དེ་ལས་ས་པཎ་གྱིས་གསན་དེས་འུ་ཡུག་པ་ལ་གནང་།  དེས་ཞང་མདོ་སྡེ་དཔལ་ལ་སོགས་པ་ནས་མཁན་ཆེན་གཡག་པ་ལ་སོགས་པ་ནས་རིམ་གྱིས་བརྒྱུད་དོ།།  ཐལ་འགྱུར་བའི་གཞུང་གི་འཆད་ཉན་ནི་ཇོ་བོ་རྗེ་བོད་དུ་བྱོན་དུས་”ཀླུ་སྒྲུབ་སློབ་མ་ཟླ་གྲགས་ཡིན།  དེ་ལས་བརྒྱུད་པའི་མན་ངག་ལས།  ཆོས་ཉིད་བདེན་པ་རྟོགས་པར་འགྱུར།”ཞེས་ཟླ་བའི་གཞུང་ལ་གལ་ཆེན་གནང་ཡང་དངོས་སུ་ནི་འཆད་ཉན་མེད་པ་འདྲ་།  པདྨ་བཀའ་ཐང་ལས་བསྟན་པ་སྔ་དར་གྱི་དུས་སུ་དབུ་མ་འཇུག་པ་བོད་སྐད་དུ་བསྒྱུར་ཡོད་པ་གསུངས་ཡང་དེང་སང་ནི་དཔེ་ཙམ་ཡང་མི་སྣང་ངོ་།  དངོས་སུ་དབུ་མ་འཇུག་པའི་འཆད་ཉན་བཙུགས་པ་པོ་ནི་པ་ཚབ་ཉི་མ་གྲགས་པ་ཡིན་པས།  ཁོང་ནི་ཐལ་འགྱུར་བ་ལ་བཀའ་དྲིན་ཤིན་ཏུ་ཆེ།  རྩ་འཇུག་བཞི་གསུམ་དང་ལྷག་པར་དུ་ཟླ་བའི་གཞུང་ཕལ་མོ་ཆེ་བོད་སྐད་དུ་བསྒྱུར་ནས་འཆད་ཉན་ཡུན་རིང་མཛད།  སློབ་མའི་གཙོ་བོ་ལ་པ་ཚབ་བུ་བཞི་རུ་གྲགས་པ་སྟེ་དབུས་སུ་བཤེས་གཉེན་པུ་ཏོ་བ་དང་།  ཐང་སག་པ།  གཙང་དུ་གཙང་པ་སེར་པོ་དང་།  རྨ་བྱ་བ་གཉིས་སོགས་དེ་དག་ལས་རིམ་པ་བཞིན་དུ་བརྒྱུད་པ་ཡིན།  ལྷག་པར་དུ་ཐང་སག་པས་སློབ་མ་བརྒྱ་སྟོང་ལ་ཐལ་འགྱུར་བའི་ལྟ་གྲུབ་མ་འཁྲུལ་བ་ཡུན་རིང་པོ་ལ་གསུངས་པ་ཡིན་པས་ཁོང་ནི་ཤིན་ཏུ་བཀའ་དྲིན་ཆེ་།  རོང་སྟོན་ཆེན་པོ་སོགས་ཀྱང་ཁོང་གི་སློབ་བརྒྱུད་ཡིན།  དེང་སང་ཐལ་འགྱུར་བའི་གཞུང་གི་འཆད་ཉན་གྱི་རྒྱུན་ཕལ་ཆེར་པ་ཚབ་ལས་བརྒྱུད་པ་ཡིན།  དཔལ་ལྡན་ས་སྐྱ་པ་ལ་མཚོན་ན་གོང་མ་རྣམ་ལྔའི་དུས་སུ་གཙོ་བོ་རང་རྒྱུད་པའི་གཞུང་ལ་འཆད་ཉན་བྱེད་ཀྱིན་ཡོད་པའི་བཤད་སྲོལ་ཡོད།  ཕྱིས་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱི་དུས་ནས་བཟུང་ཐལ་འགྱུར་བའི་གྲུབ་མཐའ་གཙོ་བོ་བྱེད་བཞིན་ཡོད།  སྔོན་གྱི་ངག་རྒྱུན་ལ་”དབུ་མ་རེ་ལ་ཐུག”ཞེས་ཟེར་བ་ཡང་ཁོང་གིས་ཐལ་འགྱུར་བའི་གྲུབ་མཐའ་ལ་འཆད་ཉན་ཡུན་རིང་བྱས་པས་ཡིན།  གསུངས་ལས་སྐྱེས་པའི་སློབ་མ་མང་དུ་བྱུང་ཡང་སྐད་གྲགས་ཆེ་ཤོས་ནི་རྗེ་བློ་བཟང་གྲགས་པ་ཡིན།  རྗེའི་སྐུ་ཚེ་སྟོད་ལ་ཐང་སང་པའི་ལྟ་བ་འཐད་ལྡན་ཉིད་དུ་བཞེད་མོད།  སྐུ་ཚེ་སྨད་ཙམ་ནས་ཐང་སག་པ་ནས་རྒྱད་པའི་ལྟ་བ་དེ།  ཧ་ཤང་གི་ལྟ་བ་ཡིན་པ་ལས་ཐལ་འགྱུར་བའི་ལྟ་བ་མ་ཡིན་པ་བཤད་དོ།།  ཀུན་མཁྱེན་རོང་སྟོན་པས་མཐར་ཐུག་ལ་ཐལ་རང་གི་དགོངས་པ་འགལ་མེད་ཡང་ཡང་སྒྲུབ་མོད།  གནས་སྐབས་རང་རྒྱུད་པའི་གྲུབ་མཐའ་རྩལ་བཏོན་གནང་ཡོད།  འགའ་རེས།  ཀུན་མཁྱེན་རོང་སྟོན་པས་དཔལ་ལྡན་ཟླ་བ་ལ་དགག་པ་གནང་གི་ཡོད་པར་བཤད་མོད།  འོན་ཀྱང་ཁོང་གིས་མཛད་པའི་དབུ་ཕར་གྱི་གཞུང་ལས།  དཔལ་ལྡན་ཟླ་བ་དངོས་སུ་ཕྱོགས་སྔར་བཀོད་པ་མ་མཐོང་ངོ་།།  བསྟན་པ་སྤྱི་དང་ཁྱད་པར་དུ་དཔལ་ལྡན་ས་སྐྱ་པའི་བསྟན་པ་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་བླ་མ་ཀུན་མཁྱེན་གོ་རམས་པས་ཐལ་འགྱུར་བའི་གཞུང་ཚད་མར་བཟུང་ནས་རང་རྒྱུད་པའི་གྲུབ་མཐའ་ལ་དགག་པ་ནན་ཏན་བརྗོད་ཀྱིན་ཡོད།  འོན་ཀྱང་མཐར་ཐུག་ལྟ་བའི་གནད་ལ་ཁྱད་པར་མེད་པར་བཞེད་དོ།།
ཞེས་པ་འདི་ཡང་དཔྱད་གཞིའི་ཚུལ་དུ་ཕྲིན་ལས་ཆོས་རྒྱལ་ནས་ངལ་གསོའི་སྐབས་བྲིས་པ་དགེའོ།།

             རྩོམ་སྒྲིག་པ། མྱི་གསར་བ།


           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


Signature is customized by Netease