བྱམས་ཆོས་ལྔ་ཡི་དྲང་ངེས་རྣམ་པར་འབྱེད་པ།

    འཇམས་དབྱངས་མདོ་སྔགས་ཀྱིས་བརྩམས།


བྱམས་ཆོས་ལྔ་ཡི་དྲང་ངེས་རྣམ་པར་འབྱེད་པ་ལེགས་བཤད་གསེར་གྱི་ཐུར་མ་ཞེས་བྱ་བ་བཞུགས་སོ།
 

 
                        འཇམས་དབྱངས་མདོ་སྔགས་ཀྱིས་བརྩམས།



མཁྱེན་པའི་ཆུ་གཏེར་གཏིང་མཐའ་རབ་ཡངས་པ།།
སྐུ་གསུམ་ནོར་བུ་འབར་བའི་འོད་ཀྱིས་མཛེས།།
རྨད་བྱུང་ཕྲིན་ལས་དྭངས་པའི་ཆུ་ཀླུང་ལྡན།།
ཀུན་མཁྱེན་གདེངས་ཅན་དབང་པོར་ཕྱག་འཚལ་ལོ།།

མཁྱེན་པས་སྲིད་པའི་མཐའ་རུ་མི་གནས་ལ།།
བརྩེ་བས་གཞན་དོན་སྒྲུབ་ལ་མི་སྐྱོ་ཞིང་།།
རིག་གྲོལ་བརྒྱད་ལྡན་རྒྱལ་སྲས་ཚུལ་འཛིན་པ།།
མི་ཕམ་ཆོས་ཀྱི་དབང་ཕྱུག་རྒྱལ་གྱུར་ཅིག། 

རྒྱལ་བའི་བཀའ་དང་དགོངས་འགྲེལ་མཁས་པ་ཡི།།
ལེགས་བཤད་རིན་ཆེན་སྒྲོམ་གྱི་ཁ་ཕྱེས་ནས།།
མཐའ་ཡས་ཆོས་ཀྱི་དགའ་སྟོན་སྩོལ་མཛད་པ།།
ཀུན་མཁྱེན་གདོང་ལྔའི་དབང་པོ་གཙུག་ན་མཛེས།།

བདེ་བར་གཤེགས་པའི་གསུང་རབ་རྒྱ་མཚོ་ལ།།
ལེགས་བཤད་སྨྲ་བའི་གར་གྱིས་རོལ་བྱེད་ཅིང་།།
མང་ཐོས་མཁས་གྲུབ་བྱེ་བའི་གཙུག་རྒྱན་པ།།
འཇམ་མགོན་གཞན་ཕན་སྙིང་པོར་རྟག་ཏུ་འདུད།།

ལུང་དང་རིགས་པའི་གཟི་འོད་འབུམ་འཕྲོ་བ།།
ངོ་མཚར་སྤོབས་པའི་ཚིག་གི་ཤིང་རྟ་ཡིས།།
ལེགས་བཤད་ཉི་ཟླའི་དཀྱིལ་འཁོར་རབ་དྲངས་ཏེ།།
ཆོས་ལྔའི་དྲང་ངེས་འབྱེད་པའི་སྤོབས་པ་སྩོལ།། 

སྟོབས་བཅུ་སྟོབས་ལྡན་མི་ཕམ་བླ་མའི་གཞུང་།།
ཇི་བཞིན་དྲང་ངེས་འབྱེད་ལ་རབ་རིབ་ཅན།། 
དེང་འདིར་ལེགས་བཤད་གསེར་གྱི་ཐུར་མ་ཡིས།།
མི་ཤེས་རྨོངས་པའི་ལིང་ཏོག་བསལ་བར་བྱ།།
 

དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པུའི་ལམ་མཆོག་རྒྱལ་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་མཐའ་བཅད་པར་བྱ་བའི་སྒོ་མང་དུ་འཆིས་མོད། འདིར་བྱམས་པའི་ཆོས་སྡེ་ལྔ་ཡི་དྲང་ངེས་ཀྱི་ཁྱད་པར་ཇི་ལྟར་ཡིན་པ་ཆོས་སྡེ་ལྔ་པོ་དཔང་པོར་བཞག་སྟེ། དོན་གྱི་གནད་འདུས་ལ་ཚིག་གི་སྤྲོས་པ་བསྟུང་ཅི་ཐུབ་ཀྱིས་གཞུང་དངོས་ལ་ཞུགས་ནས་ཅུང་ཟད་བརྗོད་པར་སྤྲོ་བ་བརྟས་སོ། །དེ་ཡང་འཐད་ལྡན་རང་ལུགས་ཀྱི་ཡིག་ཆའི་དགོངས་པ་རིང་དུ་བོར་ནས། མཁས་པ་གཞན་དག་གི་འདོད་ཚུལ་དང་། རང་ཉིད་ཀྱི་རྣམ་རྟོག་ཚད་མར་བྱས་ནས་བྱམས་ཆོས་ལྔ་ཆར་དབུ་མར་སྨྲ་བ་ཆར་རྗེས་ཀྱི་ཤྭ་མོང་ལྟར་བརྡོལ་བཞིན་པ་འདི་དང་། རང་ལུགས་ལ་གཏིང་ཚུགས་པའི་ངེས་གཏན་དང་བྲལ་ཞིང་ཡར་མར་བཅོ་བརྒྱད་ལ་རྣ་བ་ཀླག་བཞིན་པའི་ཅལ་འདྲོགས་པ་དང་། ཕྱོགས་སྔ་ཕྱི་ལ་སྐྱོན་ཡོན་འབྱེད་པའི་ཤེས་རབ་ཀྱི་ན་ཕྲ་ཞིང་རང་ལུགས་ཀྱི་འཐད་པ་མ་མཐོང་བའི་ལོང་བ་ཐང་སྟོང་པ་ལྟ་བུ་ཡང་མི་ཉུང་བས་བྱམས་ཆོས་ལྔ་ཡི་དྲང་ངེས་རྣམ་པར་འབྱེད་པ་ལ་དགོས་པ་དང་ལྡན་ཞིང་འཁྲུལ་བ་སེལ་བའི་བྱེད་ལས་ཡང་ཡོད་པས་འདི་ཉིད་གང་གླེང་བར་བྱ་བའི་ཆོས་སོ། 

འདི་ལ་དོན་བཞི་སྟེ། མཁས་པ་རྣམས་ཀྱི་བཞེད་པ་བཀོད་པ། གཞན་གྱི་འདོད་པ་བརྟག་ནས་དགག་པ། རང་གི་འདོད་པ་གཞུང་དང་སྦྱར་བ། ཧ་ཅང་ཐལ་བའི་ཀླན་ཀ་སྤོང་བའོ།    དང་པོ་ནི།

གངས་ཅན་ཐུབ་པའི་རྒྱལ་ཚབ་རྔོག་ལོ་ཆེན་པོ་དང་། རོང་སྟོན་ཤེས་བྱ་ཀུན་རིག ཀུན་མཁྱེན་གོ་རམས་པ་སོགས་སྔོན་གྱི་མཁས་པ་ཕལ་ཆེ་བས་བྱམས་ཆོས་བར་པ་གསུམ་སེམས་ཙམ་དང་ཐོག་མཐའ་གཉིས་དབུ་མའི་བསྟན་བཅོས་སུ་བཞེད། ཀུན་མཁྱེན་གཉིས་པ་དབྱིག་གཉེན་དང་། ཤར་སྒོ་སྲུང་བའི་སློབ་དཔོན་ཤཱནྟི་པ། གངས་ཅན་མཁས་པའི་གཙུག་རྒྱན་རེད་འདའ་བ་སོགས་ཀྱིས་བྱམས་ཆོས་ལྔ་ཆར་སེམས་ཙམ་པའི་ལུགས་སུ་བཞེད། མཁས་གྲུབ་གཡག་པས་བྱམས་ཆོས་ལྔ་ཆར་དབུ་མའི་བསྟན་བཅོས་སུ་བཞེད་1དེ། རྒྱན་གྱི་གསལ་བྱེད་རིན་པོ་ཆེའི་སྒྲོན་མེ་ལས། བྱམས་ཆོས་ལྔའི་དགོངས་པ་དབུ་མར་གནས་པས་སེམས་ཙམ་སྨྲ་བའི་ལོག་རྟོག་རྒྱང་རིང་དུ་སྤོང་བར་བྱའོ། །ཞེས་གསུངས་སོ། །གསེར་མདོག་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས་བྱམས་པའི་ཆོས་སྡེ་ལྔ་པོ་དབུ་མར་གནས་པའི་སྒྲུབ་བྱེད་བཅུ་གཉིས་གསུངས་པ་ནི་འོག་ནས་འཆད་ཅིང་། ཉམས་དང་རྟོགས་པའི་དབང་ཕྱུག་དོལ་པོ་པ་ཤེས་རབ་རྒྱལ་མཚན་ཡང་འདི་བཞིན་དུ་བཞེད་2དེ། དེ་ཉིད་ཀྱིས་མཛད་པའི་སློབ་སྤྲིང་ལས། མདོ་སྡེ་རྒྱན་ལ་སོགས་པའི་བྱམས་ཆོས་ཐམས་ཅད་དབུ་མའི་ལུགས་སུ་ཐག་ཆོད་ཅིང་། ཞེས་གསུངས་སོ། །གཞན་སྟོང་པ་རྗེས་འབྲང་དང་བཅས་པས་བྱམས་ཆོས་ལྔ་ཆར་དབུ་མའི་ལུགས་སུ་སྨྲ་ཞིང་དབུ་མར་སྨྲ་བའི་མཁས་པ་གཞན་དག་ཀྱང་མང་མོད། ཐམས་ཅད་ཀྱི་སྒྲུབ་བྱེད་ནི་ཕྱོགས་གཅིག་པ་ལྟ་བུར་འདུག་གོ །ཁ་ཅིག་མངོན་རྟོགས་རྒྱན་དབུ་མ་དང་། གཞན་བཞི་ཀ་སེམས་ཙམ་དུ་འདོད་པ་དང་། ཁ་ཅིག་མདོ་སྡེ་རྒྱན་ཁོ་ན་སེམས་ཙམ་དང་། གཞན་བཞི་དབུ་མར་བཞེད་པ་དང་། ཁ་ཅིག་དབུ་སེམས་གང་གི་ལུགས་སུ་བཀྲལ་ན་ཡང་བཀྲལ་ཆོག་ཆོག་ཏུ་ཡོད་པར་སྨྲ་བ་སོགས་སྔོན་གྱི་སྐྱེས་ཆེན་རྣམས་ཀྱིས་བཞེད་ཚུལ་རབ་ཏུ་མང་བར་མཛད་དོ། 

 གཉིས་པ་ལ། བྱམས་ཆོས་ལྔ་ཆར་སེམས་ཙམ་དུ་གནས་པ་དགག བྱམས་ཆོས་ལྔ་ཆར་དབུ་མར་གནས་པ་དགག འདོད་ཚུལ་གཞན་དག་ཕྱོགས་གཅིག་ཏུ་དགག་པའོ།   དང་པོ་ནི།

གངས་ཅན་མཁས་པའི་གཙུག་རྒྱན་རེད་འདའ་བ་གཞོན་ནུ་བློ་གྲོས་ཀྱི་ཞལ་སྔ་ནས་འདི་ལྟར་གསུངས་ཏེ། རྩེ་ཆེན་མཁན་པོའི་དྲིས་ལན་ལས། 3 བྱམས་ཆོས་རྣམས་སེམས་ཙམ་དུ་ཐོགས་མེད་སྐུ་མཆེད་རྗེས་འབྲང་དང་བཅས་པས་བཤད་ཅིང་། བྱམས་ཆོས་ཀྱིས་སེམས་ཙམ་མ་བསྟན་ན་ཐོགས་མེད་སྐུ་མཆེད་རྗེས་འབྲང་དང་བཅས་པའི་གཞུང་རྣམས་ཀྱང་སེམས་ཙམ་མ་ཡིན་པར་མཚུངས་པས་སེམས་ཙམ་གྱི་གྲུབ་མཐའ་འཛིན་མཁན་སུ་ཡང་མི་རྙེད་པར་འགྱུར་བས་སོ། །ཞེས་དང་། བླ་མ་འོད་ཟེར་རྒྱལ་མཚན་གྱི་ཞུས་ལན་ལས། 4 དེ་དག་དབུ་མ་ཡིན་ན་ཡིན་མཉམ་དང་། སེམས་ཙམ་ཡིན་ན་ཡིན་མཉམ་དུ་འགྲོ་དགོས་པར་སྣང་ངོ་ཞེས་བྱམས་ཆོས་ལྔ་ཆར་སེམས་ཙམ་པའི་བསྟན་བཅོས་སུ་བཞེད་དོ། །དེ་ལ་འདི་ལྟར་སྨྲ་སྟེ། བྱམས་ཆོས་བར་པ་གསུམ་ལས་མཐར་ཐུག་ཐེག་པ་གསུམ་དུ་གྲུབ་པ་དང་། རིགས་ཆད་ཀྱི་སེམས་ཅན་ཡོད་པ་དང་། ཀུན་བརྟགས་བདེན་པར་མེད་ཅིང་གཞན་དབང་དང་ཡོངས་གྲུབ་བདེན་པར་བསྟན་པ་དང་། ཆོས་ཐམས་ཅད་སྐྱེ་མེད་དུ་བསྟན་པའི་མདོ་དྲང་དོན་དུ་གཏན་ལ་འབེབས་པ་དང་། གསུང་རབ་འཆད་པའི་སྒོ་ཡང་མཚན་ཉིད་གསུམ་གྱིས་མཛད་པས་གཞུང་འདི་གསུམ་གྱིས་སེམས་ཙམ་མ་བསྟན་ན་ཐོགས་མེད་སྐུ་མཆེད་རྗེས་འབྲང་དང་བཅས་པའི་གཞུང་རྣམས་ཀྱང་སེམས་ཙམ་མ་ཡིན་པར་མཚུངས་པ་དང་། སེམས་ཙམ་གྱི་གྲུབ་མཐའ་འཛིན་མཁན་སུ་ཡང་མི་རྙེད་པར་འགྱུར་བ་བདེན་མོད། མངོན་རྟོགས་རྒྱན་དང་རྒྱུད་བླ་མར་མཐར་ཐུག་ཐེག་པ་གཅིག་ཏུ་གྲུབ་པ་དང་། རིགས་ཆད་སེམས་ཅན་མེད་པར་བསྟན་པ་དང་། གཟུགས་ནས་རྣམ་མཁྱེན་གྱི་བར་ཆོས་ཐམས་ཅད་སྟོང་ཉིད་ནམ་མཁའ་ལྟ་བུར་གཏན་ལ་འབེབས་ཀྱི། སྟོང་གཞི་གཞན་དབང་དང་སྟོང་ཉིད་ཡོངས་གྲུབ་བདེན་པར་གྲུབ་པའི་ཚུལ་ཟུར་ཙམ་ཡང་མེད་པ་དང་། ཆོས་ཐམས་ཅད་སྐྱེ་མེད་དུ་བསྟན་པའི་མདོ་ངེས་དོན་མཐར་ཐུག་པ་ཡིན་པ་དང་། འདི་གཉིས་ཀྱིས་ཤེར་ཕྱིན་གྱི་མདོ་དང་། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་སོགས་ངེས་དོན་གྱི་མདོ་སྡེ་འབའ་ཞིག་གི་དོན་ཕྱིན་ཅི་མ་ལོག་པར་གཏན་ལ་འབེབས་པ་དང་། མཚན་ཉིད་གསུམ་གྱི་སྒོ་ནས་གསུང་རབ་མི་འཆད་པར་མངོན་པས་འདི་གཉིས་དང་བྱམས་ཆོས་བར་པ་གསུམ་གསུང་རབ་འཆད་ཚུལ་དང་བརྗོད་བྱའི་དོན་སྟོན་ཚུལ་དྲང་ངེས་ཀྱི་མདོ་སོ་སོའི་དོན་གཏན་ལ་འབེབས་ཚུལ་སོགས་མི་འདྲ་བས་འདི་དག་དབུ་མ་ཡིན་ན་ཡིན་མཉམ་དང་སེམས་ཙམ་ཡིན་ན་ཡིན་མཉམ་དུ་འདོད་པ་ནི་གཞུང་དངོས་ལ་ཞུགས་ནས་དཔྱད་ན་ཅུང་ཙམ་མི་འཐད་པར་སྣང་ངོ་། 

  བྱམས་ཆོས་ལྔ་ཆར་དབུ་མར་གནས་པ་དགག་པ་ལ་གཉིས་ལས།   དང་པོ་མཁས་གྲུབ་གཡག་པའི་ཞེ་འདོད་ལ་ལན་བསྟན་པ་ནི། 

ཤེར་ཕྱིན་ལ་དབང་འབྱོར་བའི་གཡག་མི་ཕམ་ཆོས་ཀྱི་བླ་མའི་ཞལ་སྔ་ནས་བྱམས་ཆོས་ལྔ་ཆར་དབུ་མའི་བསྟན་བཅོས་སུ་བཞེད་ཅིང་། ཤེས་བྱེད་དུ། རྒྱན་གྱི་གསལ་བྱེད་རིན་པོ་ཆེའི་སྒྲོན་མེ་ལས། 5 བྱམས་པ་སངས་རྒྱས་ཡིན་པས་བྱམས་ཆོས་ལྔ་རྒྱལ་བའི་བཀའ་ཡིན་པའི་ཕྱིར་བྱམས་ཆོས་ལྔའི་དགོངས་པ་དབུ་མར་གནས་ཞེས་གསུངས་སོ། །འདི་ལས་གཞན་པའི་རྒྱུ་མཚན་འགོད་རྒྱུ་ཡོད་ན་མ་གཏོགས་སྒྲུབ་བྱེད་འདི་ཙམ་གྱིས་བྱམས་ཆོས་ལྔ་ཆར་དབུ་མ་ཡིན་པ་སྒྲུབ་མི་ནུས་ཏེ། བྱམས་པ་དོན་ལ་སངས་རྒྱས་ཡིན་ཀྱང་བྱང་སེམས་ཀྱི་ཚུལ་བཟུང་བ་ཡིན་པས་དེའི་གསུང་བཀར་ཁས་ལེན་མི་དགོས་ཏེ། བསྟན་པ་གཅིག་ལ་སྟོན་པ་གཅིག་ལས་མེད་པའི་ཕྱིར་རོ། །བྱམས་ཆོས་ལྔ་ཆར་བཀའ་ཡིན་པར་ཁས་བླང་དུ་ཆུག་ཀྱང་དེའི་དགོངས་པ་དབུ་མར་གནས་པ་མ་ངེས་ཏེ། མདོ་སྡེ་དགོངས་པ་ངེས་འགྲེལ་དེ་བཀའ་ཡིན་ཀྱང་དེའི་དགོངས་པ་དབུ་མར་གནས་པ་མིན་པའི་ཕྱིར་རོ། 

  གཉིས་པ་པཎ་ཆེན་ཤཱཀ་མཆོག་གི་ཞེ་འདོད་ལ་ལན་བསྟན་པ་ལ་གཉིས་ལས།  ༡དང་པོ་ཞེ་འདོད་འགོད་པ་ནི།  
རབ་འབྱམས་གཞུང་ལུགས་ཀུན་ལ་མཁྱེན་རྒྱ་ཡངས་ཤིང་ངེས་པ་དོན་གྱི་པཎྡི་ཏ་ཆེན་པོ་གསེར་མདོག་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་ཞལ་སྔ་ནས་བྱམས་ཆོས་ལྔ་ཆར་དབུ་མའི་བསྟན་བཅོས་སུ་བཞེད་ཅིང་། ཡིན་པའི་ཤེས་བྱེད་འདི་ལྟར་གསུངས་ཏེ།  བྱམས་ཆོས་ལྔའི་ངེས་དོན་རབ་ཏུ་གསལ་བ་ལས། 6 ༡བྱམས་པ་རང་གི་གཞུང་ནས་འབྱུང་བའི་དབུ་མ་དེར་ནི་ལྔ་ཆར་གནས་ལ། ༢ཐལ་རང་དུ་གྲགས་པའི་དབུ་མ་དེར་ནི་མངོན་རྟོགས་རྒྱན་དང་རྒྱུད་བླའི་དགོངས་པ་ཡང་མི་གནས་པའི་ཕྱིར་ཞེས་རྩ་བའི་གཏན་ཚིགས་གཉིས་བཀོད་ནས་གཏན་ཚིགས་དང་པོའི་སྒྲུབ་བྱེད་དུ། ༡མངོན་རྟོགས་རྒྱན་གྱི་ངེས་དོན་མཐར་ཐུག་པ་ནི་དབུས་མཐའ་ནས་འབྱུང་བ་དང་མཐུན་པར་རྗེ་བཙུན་ཉིད་ཀྱིས་བཤད་པའི་ཕྱིར་ཏེ། ཆོས་ཐམས་ཅད་སྟོང་ཉིད་དུ་གསུངས་པའི་དོན་གཞན་དབང་ཀུན་བཏགས་ཀྱིས་སྟོང་པ་ལ་དགོངས་པའི་ཕྱིར་དང་། ༢དབུས་མཐའ་རྣམ་འབྱེད་དབུ་མའི་བསྟན་བཅོས་སུ་རྗེ་བཙུན་རང་ཉིད་ཀྱིས་གསུངས་པའི་ཕྱིར་དང་། ༣རྒྱུད་བླ་མ་དབུ་མའི་གཞུང་དུ་ཁས་བླངས་པས་བྱམས་ཆོས་བར་པ་གསུམ་ཡང་དབུ་མའི་བསྟན་བཅོས་སུ་གྲུབ་པའི་ཕྱིར་ཏེ། དེ་དང་གཞུང་གསུམ་པོ་ངེས་དོན་གཏན་ལ་འབེབས་ལུགས་དང་ཕབ་པའི་ངེས་དོན་ངོས་འཛིན་ལུགས་ལ་ཁྱད་པར་མི་སྣང་བའི་ཕྱིར་དང་། ༤བྱམས་ཆོས་བར་པ་གསུམ་སེམས་ཙམ་དུ་གནས་པ་མ་ཡིན་ཏེ། རྒྱན་དུ། དེ་ནས་སེམས་ཀྱང་མེད་པ་ཉིད་དུ་རྟོགས། །ཞེས་དང་། དབུས་མཐར། མི་དམིགས་པ་ལ་བརྟེན་ནས་སུ། །མི་དམིགས་པ་ནི་རབ་ཏུ་སྐྱེ།  ཞེས་དང་། དེའི་འགྲེལ་བར། དོན་མི་དམིགས་པ་ལ་བརྟེན་ནས་རྣམ་པར་རིག་པ་ཙམ་མི་དམིགས་པ་སྐྱེ། ཞེས་གསུང་པའི་ཕྱིར་དང་། ༥འཇུག་པ་རྩ་འགྲེལ་དང་མི་མཐུན་པའི་རྒྱུ་མཚན་གྱིས་དབུ་མའི་བསྟན་བཅོས་མིན་ན། དབུ་མ་རང་རྒྱུད་པའི་གཞུང་དང་། བྱང་ཆུབ་སེམས་འགྲེལ་དང་། ཆོས་དབྱིངས་བསྟོད་པ་སོགས་ཀྱང་དབུ་མའི་བསྟན་བཅོས་མིན་པར་ཐལ་ཞེས་སོ། །གཏན་ཚིགས་གཉིས་པའི་ཤེས་བྱེད་དུ། ༡རྒྱུད་བླ་མའི་དགོངས་པ་ཐལ་རང་གི་གཞུང་དང་མཐུན་པ་མ་ཡིན་ཏེ། འཁོར་ལོ་བར་པའི་དགོངས་པ་གཞན་སྟོང་དུ་བཀྲལ་བའི་ཕྱིར་དང་། ༢རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གི །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་བདེ་གཤེགས་སྙིང་པོ་རང་གི་ངོ་བོས་མི་སྟོང་པར་གཙང་བདེ་རྟག་བདག་དང་། རྟག་བརྟན་གཡུང་དྲུང་དུ་བཤད་པའི་ཕྱིར། ༡མངོན་རྟོགས་རྒྱན་གྱི་དགོངས་པ་ཐལ་རང་གི་གཞུང་དང་མཐུན་པ་མ་ཡིན་ཏེ། མངོན་རྟོགས་རྒྱན་ལས་རང་སྟོང་འཆད་ཚུལ་མི་དམིགས་པའི་ཕྱིར་དང་། ༢གཟུགས་ལ་སོགས་པ་སྟོང་པའི་ཕྱིར། །ཞེས་པ་ལྟ་བུའི་འཆད་ཚུལ་ནི་སྟོང་གཞི་གཞན་དབང་དེ་ཀུན་བཏགས་པའི་གཟུགས་ཀྱིས་སྟོང་པ་ལ་དབྱིག་གཉེན་དང་ཕྱོགས་གླང་གིས་བཤད་པའི་ཕྱིར་དང་། ༣གཞུང་དེར། དེ་མ་རྫོགས་དང་རབ་རྫོགས་དང་། །ཞེས་མཚན་ཉིད་གསུམ་གྱི་རྣམ་བཞག་འབྱུང་བས་གཞུང་གང་དུ་མཚན་ཉིད་གསུམ་གྱི་རྣམ་བཞག་བྱུང་བའི་ཚེ་ཆོས་ཉིད་རང་གི་ངོ་བོས་མི་སྟོང་པར་འཆད་དགོས་པས་ཁྱབ་པའི་ཕྱིར་ཞེས་སོགས་གོང་གི་རྩ་བའི་གཏན་ཚིགས་གཉིས་དང་། སྒྲུབ་བྱེད་དང་པོའི་ཡན་ལག་གི་གཏན་ཚིགས་ལྔ། གཉིས་པའི་ཡན་ལག་གི་གཏན་ཚིགས་ལྔ་སྟེ། བསྡོམས་པས་རྒྱུ་མཚན་བཅུ་གཉིས་ལ་བརྟེན་ནས་བྱམས་ཆོས་ལྔ་ཆར་དབུ་མའི་ལུགས་སུ་འཐད་པ་སྨྲའོ། །དོལ་པོ་པ་རྗེས་འབྲང་དང་བཅས་པ་སོགས་བྱམས་ཆོས་དབུ་མར་འདོད་པ་གཞན་དག་ཀྱང་སྒྲུབ་བྱེད་འདི་ལས་ལོགས་སུ་མི་སྣང་ལ། འདི་ཉིད་བཀག་ན་གཞན་རྣམས་ཁེགས་པར་འགྱུར་བས་གཞན་རྣམས་ཆེད་དུ་འགོག་པའི་ངལ་བ་མ་བྱས་སོ། 

 གཉིས་པ་ཞེ་འདོད་ལ་ལན་བསྟན་པ་ནི། 
འདི་དག་བྱམས་པའི་ཆོས་སྡེ་ལྔ་ཆར་དབུ་མར་གནས་པའི་སྒྲུབ་བྱེད་ཡང་དག་པ་ཞིག་ཏུ་འབྱོར་མིན་གཞུང་དངོས་ལ་ཞུགས་ནས་རིམ་བཞིན་ཤན་འབྱེད་པ་ལ། 
འདི་ལ་ཡང་མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས་ལས། དང་པོ་ལ། ༡བྱམས་ཆོས་ལྔ་ཆར་བྱམས་པའི་གཞུང་ལས་བྱུང་བའི་དབུ་མར་གནས་པ་དགག་པ་དང་། ༢རྒྱུད་བླ་མ་དང་མངོན་རྟོགས་རྒྱན་ཐལ་རང་གི་དབུ་མར་མི་གནས་པ་དགག་པའོ།   དང་པོ་ནི། 

རྩ་བའི་གཏན་ཚིགས་དང་པོ། ༡བྱམས་པ་རང་གི་གཞུང་ནས་འབྱུང་བའི་དབུ་མ་དེར་ནི་ལྔ་ཆར་གནས་ལ་ཞེས་པའི་གཏན་ཚིགས་མ་གྲུབ་སྟེ། བྱམས་པའི་ཆོས་སྡེ་ལྔ་ལས་འབྱེད་རྣམ་གཉིས་དང་མདོ་སྡེ་རྒྱན་ནས་བཤད་པའི་དབུ་མ་ནི་དགོངས་པ་ངེས་པར་འགྲེལ་པའི་མདོ་དང་ཞལ་མཐུན་པར་གཞན་དབང་དང་ཡོངས་གྲུབ་བདེན་པར་ཡོད་པ་དང་ཀུན་བཏགས་བདེན་པར་མེད་པའི་དབུ་མའི་ལམ་དུ་བཞེད་ཀྱང་། མངོན་རྟོགས་རྒྱན་དང་རྒྱུད་བླ་མ་ནི་གཟུགས་ནས་རྣམ་མཁྱེན་བར་བདེན་སྟོང་ནམ་མཁའ་ལྟ་བུར་ཤ་སྟག་བསྟན་གྱི་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཆོས་རྡུལ་ཙམ་ཡང་མ་གསུངས་པས། དེས་ན་བྱམས་པའི་གཞུང་ནས་འབྱུང་བའི་དབུ་མའི་ངོས་འཛིན་དབུས་མཐའ་སོགས་དང་མཐུན་པར་གཞན་སྟོང་དུ་འཆད་ན་མངོན་རྟོགས་རྒྱན་དང་རྒྱུད་བླའི་དགོངས་པ་དེར་མི་གནས་ལ། ཡང་བྱམས་པའི་གཞུང་ནས་བྱུང་བའི་དབུ་མའི་ངོས་འཛིན་མངོན་རྟོགས་རྒྱན་དང་མཐུན་པར་རང་སྟོང་དུ་བཤད་ན་བྱམས་ཆོས་ཕྱི་མ་གསུམ་གྱི་དགོངས་པ་དེར་མི་གནས་པས་རྩ་བའི་གཏན་ཚིགས་དང་པོ་བྱམས་པ་རང་གི་གཞུང་ནས་འབྱུང་བའི་དབུ་མ་དེར་ནི་ལྔ་ཆར་གནས་ལ་ཞེས་པའི་གཏན་ཚིགས་འདི་ནི་མ་གྲུབ་པ་འབའ་ཞིག་སྟེ། ལུང་དང་རིགས་པའི་སྒྲུབ་བྱེད་རྒྱས་པར་འོག་ཏུ་འཆད་དོ། 

༢གཉིས་པ་ནི། 

རྩ་བའི་གཏན་ཚིགས་གཉིས་པ། ༢ཐལ་རང་དུ་གྲགས་པའི་དབུ་མ་དེར་ནི་མངོན་རྟོགས་རྒྱན་དང་རྒྱུད་བླའི་དགོངས་པ་ཡང་གནས་པ་མིན་པའི་ཕྱིར་ཞེས་པའི་གཏན་ཚིགས་མ་གྲུབ་སྟེ། གནས་སྐབས་གཞུང་སོ་སོའི་དགོངས་པ་འགྲེལ་ཚུལ་དང་ཐ་སྙད་འདོད་ཚུལ་མི་འདྲ་བ་ཅུང་ཙམ་ཡོད་མོད་མཐར་ཐུག་ཡོད་མེད་ཡིན་མིན་ལ་སོགས་པའི་མཐའ་ཐམས་ཅད་དང་བྲལ་བའི་མཐའ་བྲལ་དུ་བཞེད་པར་ཁྱད་པར་མེད་པས་བྱམས་ཆོས་ཐོག་མཐའ་གཉིས་དང་ཐལ་རང་དུ་གྲགས་པའི་དབུ་མ་རྣམས་ཀྱི་དགོངས་པ་མི་འགལ་བར་གནས་པའི་ཕྱིར་ཏེ། མངོན་རྟོགས་རྒྱན་ལས། 7 གཟུགས་རྟག་མ་ཡིན་མི་རྟག་མིན། །མཐའ་ལས་འདས་དང་། །ཞེས་དང་། རྒྱུད་བླར། 8 གང་ཞིག་མེད་མིན་ཡོད་མིན་ཡོད་མེད་མ་ཡིན་ཡོད་མེད་ལས་གཞན་དུའང་། །བརྟག་པར་མི་ནུས་ངེས་ཚིག་དང་བྲལ།  །ཞེས་སོགས་མགོན་པོ་ཀླུ་ཡི་རིག་ཚོགས་དང་ཟླ་བའི་འཇུག་པ་སོགས་དང་མཐུན་པར་བཤད་ཀྱི་དེ་དག་དང་མཐར་ཐུག་ལྟ་བའི་གནད་ལ་མི་མཐུན་པ་ཅི་ཡང་མེད་པའི་ཕྱིར་རོ། །འགའ་ཞིག་མངོན་རྟོགས་རྒྱན་གྱི་དགོངས་པ་ཐལ་འགྱུར་ལྟར་མི་གནས་པའི་ཤེས་བྱེད་དུ། ཕྱིར་མི་ལྡོག་པའི་རང་རྒྱུད་ཀྱི་རྟགས་གསུངས་པའི་ཕྱིར་ཞེས་གསུངས་ཀྱང་། དབུ་མ་ཐལ་འགྱུར་བས་ཐ་སྙད་སྒྲུབ་བྱེད་ཀྱི་རང་རྒྱུད་ཀྱི་གཏན་ཚིགས་ཁས་ལེན་པས་སྐྱོན་མེད་དོ། །དེས་ན་མངོན་རྟོགས་རྒྱན་དང་རྒྱུད་བླའི་དགོངས་པ་རྩ་འཇུག་གཞི་གསུམ་དང་ཤེས་རབ་སྒྲོན་མ་སོགས་དང་དགོངས་པ་མཐུན་པར་གནས་པས་ཐལ་རང་དུ་གྲགས་པའི་དབུ་མ་དེར་ནི་མངོན་རྟོགས་རྒྱན་དང་རྒྱུད་བླའི་དགོངས་པ་ཡང་མི་གནས་པའི་ཕྱིར་ཞེས་པའི་རྩ་བའི་གཏན་ཚིགས་གཉིས་པ་འདི་ནི་མ་གྲུབ་པ་ཁོ་ན་སྟེ། ལུང་དང་རིགས་པའི་སྒྲུབ་བྱེད་རྒྱས་པར་འོག་ཏུ་འཆད་དོ། 

གཉིས་པ་རྒྱས་པར་བཤད་པ་ལ། གཏན་ཚིགས་དང་པོའི་ཡན་ལག་རྒྱས་པར་བཤད། གཏན་ཚིགས་གཉིས་པའི་ཡན་ལག་རྒྱས་པར་བཤད་པའོ།  དང་པོ་ལ། མངོན་རྟོགས་རྒྱན་གྱི་དགོངས་པ་དབུས་མཐའ་ལྟར་གནས་པ་དགག དབུས་མཐའི་དགོངས་པ་དབུ་མའི་ལམ་དུ་གྲུབ་པ་དགག བྱམས་ཆོས་བར་པ་གསུམ་དང་རྒྱུད་བླ་མ་ལ་དབུ་སེམས་ཀྱི་ཁྱད་པར་མེད་པ་དགག བྱམས་ཆོས་བར་པ་གསུམ་སེམས་ཙམ་དུ་མི་གནས་པའི་ལུང་གི་སྒྲུབ་བྱེད་དགག ཐལ་རང་དང་མི་མཐུན་པའི་དབུ་མ་ཡོད་པ་དགག་པའོ།  

 དང་པོ་ནི། 

རྩ་བའི་གཏན་ཚིགས་དང་པོ་བྱམས་པ་རང་གི་གཞུང་ནས་འབྱུང་བའི་དབུ་མ་དེར་ནི་ལྔ་ཆར་གནས་ལ་ཞེས་པའི་སྒྲུབ་བྱེད་ཀྱི་ཡན་ལག་ཏུ། ༡མངོན་རྟོགས་རྒྱན་གྱི་ངེས་དོན་མཐར་ཐུག་པ་ནི་དབུས་མཐའ་ནས་འབྱུང་བ་དང་མཐུན་པར་རྗེ་བཙུན་ཉིད་ཀྱིས་བཤད་པའི་ཕྱིར་ཏེ། ཆོས་ཐམས་ཅད་སྟོང་ཉིད་དུ་གསུངས་པའི་དོན་གཞན་དབང་ཀུན་བཏགས་ཀྱིས་སྟོང་པ་ལ་དགོངས་པའི་ཕྱིར་ཞེས་པའི་གཏན་ཚིགས་ཡང་མ་གྲུབ་སྟེ། དབུས་མཐའ་9ལས། སྟོང་པ་མ་ཡིན་མི་སྟོང་མིན། །དེ་ལྟ་བས་ན་ཐམས་ཅད་བཤད། །ཞེས་གཞན་དབང་རང་གི་མཚན་ཉིད་ཀྱིས་སྟོང་པ་མ་ཡིན། ཀུན་བཏགས་རང་གི་མཚན་ཉིད་ཀྱིས་མི་སྟོང་པ་མ་ཡིན་ནོ་ཞེས་དང་། ཤེར་ཕྱིན་གྱི་མདོར་ཆོས་ཐམས་ཅད་རང་སྟོང་དུ་གསུངས་པ་ནི་ཀུན་བཏགས་རང་གི་ངོ་བོས་སྟོང་པ་ལ་དགོངས་ནས་བཤད་ཅེས་གསུངས་ལ། འདི་དང་མཐུན་པར་བརྒྱད་སྟོང་དོན་བསྡུས་10ལས། མེད་ཅེས་བྱ་བའི་ཚིག་གིས་ནི། །བཏགས་པ་ཐམས་ཅད་འགོག་པ་སྟེ། །ཞེས་གསུངས་སོ། །བསྟན་བཅོས་མངོན་རྟོགས་རྒྱན་ལས་སྐབས་གོང་འོག་གི་སྦྱོར་མཐོང་སྒོམ་གསུམ་གྱི་དམིགས་རྣམ་བཤད་པ་ན། 11 གཟུགས་ལ་སོགས་པ་སྟོང་པའི་ཕྱིར། །སྟོང་པ་ཉིད་རྣམས་དབྱེར་མེད་པས། །ཞེས་སྟོང་པར་གསུངས་པའི་དོན་དབུས་མཐའ་དང་བརྒྱད་སྟོང་དོན་བསྡུས་སོགས་དང་མཐུན་པར་ཀུན་བཏགས་རང་གི་ངོ་བོས་སྟོང་པ་ལ་དགོངས་སོ་ཞེས་པ་ནི་བཙན་སྦྱར་སྟེ། ཤེར་ཕྱིན་གྱི་མདོ་ལས་སྟོང་ཉིད་དངོས་བསྟན་དུ་བྱས་ནས་གསལ་བར་གསུངས་ཀྱང་སྟོང་ཉིད་ཀྱི་དོན་ཀུན་བཏགས་ཁོ་ན་ལ་སྦྱར་དགོས་པའི་ཤེས་བྱེད་གང་ཡང་མི་འདུག་པའི་ཕྱིར་དང་། གཟུགས་ལ་སོགས་པ་སྟོང་པའི་ཕྱིར། །ཞེས་པའི་སོགས་ཁོངས་སོགས་སྐབས་གོང་འོག་གི་སྦྱོར་མཐོང་སྒོམ་གསུམ་གྱི་དམིགས་རྣམ་བསྟན་པའི་རྒྱན་ཚིག་གི་སོགས་ཁོངས་ཕལ་ཆེ་བར་གཟུགས་ནས་རྣམ་མཁྱེན་གྱི་བར་འགྲེས་རྐང་བརྒྱ་དང་བརྒྱད་བསྡུས་ནས་ཐམས་ཅད་རང་སྟོང་དུ་བསྟན་པའི་ཕྱིར་དང་། རྒྱན་གྱི་སྐབས་གོང་འོག་ཀུན་ཏུ་ཆོས་ཐམས་ཅད་སྟོང་ཉིད་དུ་གསུངས་ཀྱི་གཞན་དབང་དང་ཡོངས་གྲུབ་བདེན་གྲུབ་ཏུ་འདོད་དགོས་པའི་ལུང་རིགས་གང་ཡང་མི་འདུག་པའི་ཕྱིར་རོ། །གལ་ཏེ། 12 དེ་མ་རྫོགས་དང་རབ་རྫོགས་དང་། །ཞེས་པས་མཚན་ཉིད་གསུམ་གྱི་རྣམ་བཞག་བསྟན་པས་གཞུང་གང་དུ་མཚན་ཉིད་གསུམ་གྱི་རྣམ་བཞག་བསྟན་པ་དེ་སྲིད་དུ་དེའི་ལུགས་ལ་ཡོངས་གྲུབ་བདེན་གྲུབ་ཏུ་འདོད་དགོས་སོ་ཞེ་ན་སྐྱོན་མེད་དེ། གཞུང་ཚིགས་སུ་བཅད་པ་དེས་དམིགས་ཡུལ་འཕགས་པའི་བདེན་པ་བཞི་དང་དེ་ཁྱད་ཆོས་ལ་ཞེན་སྤྱོད་བཀག་པའི་སྦྱོར་བ་བསྟན་པ་ཡིན་གྱི་མཚན་ཉིད་གསུམ་ཀྱི་རྣམ་བཞག་བསྟན་པར་མི་འདོད་ལ། སློབ་དཔོན་ཀ་མ་ལ་ཤྲཱི་ལའི་དབུ་མ་སྣང་བ་དང་སློབ་དཔོན་སེང་གེ་བཟང་པོའི་བརྒྱད་སྟོང་འགྲེལ་ཆེན་སོགས་ལས་མཚན་ཉིད་གསུམ་གྱི་རྣམ་བཞག་གསུངས་ཀྱང་ཡོངས་གྲུབ་བདེན་གྲུབ་ཏུ་མ་བཤད་པའི་ཕྱིར་རོ། །གཞན་ཡང་མཚན་ཉིད་གསུམ་གྱི་རྣམ་བཞག་བྱས་ན་སེམས་ཙམ་པ་ལྟར་ཁས་ལེན་དགོས་ན་ཁྱེད་ལ་འགལ་བའི་ཁུར་ཧ་ཅང་ལྕི་སྟེ། ཁྱེད་འདོད་པའི་དབུ་མའི་ལུགས་དེར་མཚན་ཉིད་གསུམ་གྱི་རྣམ་བཞག་མཛད་ཀྱང་གཞན་དབང་བདེན་གྲུབ་ཏུ་མི་འདོད་པའི་ཕྱིར་རོ། །ཡོངས་གྲུབ་དོན་ལ་ཡོད་ཅིང་གཞན་དབང་གཏན་མེད་དུ་འདོད་པ་ནི་དབུ་སེམས་གང་གི་ཡང་ལུགས་མིན་པས་གཞན་ནས་འགོག་པར་འགྱུར་རོ། །དེས་ན་མངོན་རྟོགས་རྒྱན་འདིས་དབུས་མཐའ་དང་ཐེག་བསྡུས་ལྟར་གཞན་དབང་དང་ཡོངས་གྲུབ་བདེན་པར་མི་འདོད་པས་མངོན་རྟོགས་རྒྱན་གྱི་ངེས་དོན་མཐར་ཐུག་པ་ནི་དབུས་མཐའ་ནས་འབྱུང་བ་དང་མཐུན་པར་ཆོས་ཐམས་ཅད་སྟོང་ཉིད་དུ་གསུངས་པའི་དོན་གཞན་དབང་ཀུན་བཏགས་ཀྱིས་སྟོང་པ་ལ་དགོངས་པའི་ཕྱིར་ཞེས་པའི་གཏན་ཚིགས་འདི་ཡང་མ་གྲུབ་པ་ཁོ་ན་ཡིན་ལ། གཞུང་དེ་དག་ལས་གཞན་དབང་བདེན་མེད་དུ་མི་འདོད་ཚུལ་འོག་རང་ལུགས་ལས་འཆད་དོ། 

 གཉིས་པ་ནི། 

རྩ་བའི་གཏན་ཚིགས་དང་པོ་བྱམས་པ་རང་གི་གཞུང་ནས་འབྱུང་བའི་དབུ་མ་དེར་ནི་ལྔ་ཆར་གནས་ལ་ཞེས་པའི་སྒྲུབ་བྱེད་ཀྱི་ཡན་ལག་ཏུ།༢དབུས་མཐའ་རྣམ་འབྱེད་དབུ་མའི་བསྟན་བཅོས་སུ་རྗེ་བཙུན་རང་ཉིད་ཀྱིས་གསུངས་པའི་ཕྱིར་ཞེས་པའི་གཏན་ཚིགས་འདི་མ་ངེས་ཏེ། དབུས་མཐར། 13 ཡོད་པས་མེད་པས་ཡོད་པས་ན། །འདི་ནི་དབུ་མའི་ལམ་ཡིན་ནོ། །ཞེས་གཞན་དབང་རང་གི་མཚན་ཉིད་ཀྱིས་ཡོད་པ་དང་། ཀུན་བཏགས་རང་གི་མཚན་ཉིད་ཀྱིས་མེད་པ་དང་། ཡོངས་གྲུབ་རང་གི་མཚན་ཉིད་ཀྱི་ཡོད་པ་དེ་ནི་མཐའ་གཉིས་སྤངས་པའི་དབུ་མའི་ལམ་ཡིན་ནོ་ཞེས་གསུངས་ཀྱང་དེ་ནི་སེམས་ཙམ་པའི་ལུགས་ཀྱི་རྟག་ཆད་སྤོང་བའི་དབུ་མའི་ལམ་ཙམ་ཡིན་གྱི་དེ་ནས་བཤད་པའི་དབུ་མ་དེས་དབུ་མའི་གོ་ཆོད་པ་མ་ཡིན་ཏེ། རྩ་ཤེར་ལས། 14 གང་དག་རང་བཞིན་གྱིས་ཡོད་པ། །དེ་ནི་མེད་པ་མིན་པའི་རྟག །སྔོན་བྱུང་ད་ལྟར་མེད་ཅེས་པ། །དེས་ན་ཆད་པར་ཐལ་བར་འགྱུར། །ཞེས་པ་ལྟར་སེམས་ཙམ་པས་དངོས་པོ་རང་བཞིན་གྱིས་ཡོད་པར་སྨྲས་པས་རྟག་མཐའ་ལས་མ་གྲོལ་ལ། སྔར་ཡོད་པ་ཕྱིས་གཏན་མེད་དུ་འགྱུར་བར་ཁས་བླངས་པས་ཆད་མཐའ་ལས་མ་གྲོལ་བའི་ཕྱིར་རོ། །སེམས་ཙམ་པའི་ལུགས་ཀྱི་མཚན་ཉིད་གསུམ་ལ་ལྟོས་པའི་རྟག་ཆད་སྤོང་ཚུལ་དེས་ལུགས་འདིར་རྟག་ཆད་སྤོང་པའི་དབུ་མའི་ལམ་དུ་གོ་མི་ཆོད་ཀྱང་བྱམས་ཀླུ་འགལ་བར་མི་འགྱུར་ཏེ། མངོན་རྟོགས་རྒྱན་དང་རྒྱུད་བླའི་དགོངས་པ་ནི་རྩ་ཤེར་དང་ཐ་མི་དད་པའི་ཕྱིར་རོ།  དེས་ན་དབུས་མཐའ་རྣམ་འབྱེད་དབུ་མའི་བསྟན་བཅོས་སུ་རྗེ་བཙུན་རང་ཉིད་ཀྱིས་གསུངས་པའི་ཕྱིར་ཞེས་པ་ནི་མ་ངེས་པའི་གཏན་ཚིགས་ཤིག་གོ 

༣གསུམ་པ་ནི།

རྒྱུད་བླ་མ་དང་བྱམས་ཆོས་བར་པ་གསུམ་པོ་ངེས་དོན་གཏན་ལ་འབེབས་ལུགས་དང་ཕབ་པའི་ངེས་དོན་ངོས་འཛིན་ལུགས་ལ་ཁྱད་པར་མི་སྣང་བས་རྒྱུད་བླ་དབུ་མའི་གཞུང་དུ་ཁས་བླངས་པ་དེ་སྲིད་དུ་བྱམས་ཆོས་བར་པ་གསུམ་ཡང་དབུ་མའི་བསྟན་བཅོས་སུ་གྲུབ་བོ་ཞེས་པ་ནི་མ་གྲུབ་པའི་གཏན་ཚིགས་སྟེ། བྱམས་ཆོས་བར་པ་གསུམ་ལས་མཐར་ཐུག་ཐེག་པ་གསུམ་དུ་གྲུབ་པ་དང་། རིགས་ཆད་ཀྱི་སེམས་ཅན་ཡོད་པ་དང་། ཀུན་བརྟགས་བདེན་པར་མེད་ཅིང་གཞན་དབང་དང་ཡོངས་གྲུབ་བདེན་པར་ཡོད་པ་དང་། ཆོས་ཐམས་ཅད་སྐྱེ་མེད་དུ་བསྟན་པའི་མདོ་དྲང་དོན་དུ་གཏན་ལ་འབེབས་པར་མཛད་ཀྱང་། རྒྱུད་བླ་མར་མཐར་ཐུག་ཐེག་པ་གཅིག་ཏུ་གྲུབ་པ་དང་། རིགས་ཆད་སེམས་ཅན་མེད་པར་བསྟན་པ་དང་། གཟུགས་ནས་རྣམ་མཁྱེན་གྱི་བར་ཆོས་ཐམས་ཅད་སྟོང་ཉིད་ནམ་མཁའ་ལྟ་བུར་གཏན་ལ་འབེབས་ཀྱི། སྟོང་གཞི་གཞན་དབང་དང་སྟོང་ཉིད་ཡོངས་གྲུབ་བདེན་པར་གྲུབ་པའི་ཚུལ་ཟུར་ཙམ་ཡང་མེད་པ་དང་། འདིས་ཤེར་ཕྱིན་གྱི་མདོ་དང་། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་སོགས་ངེས་དོན་གྱི་མདོ་སྡེ་འབའ་ཞིག་གི་དོན་ཕྱིན་ཅི་མ་ལོག་པར་གཏན་ལ་འབེབས་པར་འདུག་པས་འདི་དང་བྱམས་ཆོས་བར་པ་གསུམ་གསུང་རབ་འཆད་ཚུལ་དང་བརྗོད་བྱའི་དོན་སྟོན་ཚུལ་དྲང་ངེས་ཀྱི་མདོ་སོ་སོའི་དོན་གཏན་ལ་འབེབས་ཚུལ་སོགས་མི་འདྲ་བས་འདི་རྣམས་ངེས་དོན་གཏན་ལ་འབེབ་ལུགས་དང་ཕབ་པའི་ངེས་དོན་ངོས་འཛིན་ཚུལ་ལ་ཁྱད་པར་མེད་པའི་གཏན་ཚིགས་མ་གྲུབ་བོ། 

གལ་ཏེ་རྒྱུད་བླར་བདེ་གཤེགས་སྙིང་པོ་རང་གི་ངོ་བོས་མི་སྟོང་པ་དང་གཙང་བདེ་རྟག་བདག་ཏུ་བཤད་པ་མ་ཡིན་ནམ་སྙམ་ན། དེ་ཉིད་ལས། 15 ཉེས་པ་ལྔ་དག་སྤོང་བའི་ཕྱིར། །ཁམས་ཡོད་ཉིད་ཅེས་བསྟན་པ་ཡིན། །ཞེས་དང་། 16 དོན་དམ་བདེ་མཛད་བདེ་གཤེགས་སྙིང་པོ་ནི། །ནམ་མཁའ་བཞིན་དུ་རྒྱུ་མཚན་རྣམས་དང་བྲལ། །ཞེས་བདེ་གཤེགས་སྙིང་པོ་སྒྲུབ་པའི་ཚུལ་གྱིས་ཡོད་པར་གསུངས་པ་དགོངས་པ་ཅན་དུ་བསྟན་ནས་བརྗོད་བྲལ་དུ་གཏན་ལ་དབབ་པའི་ཕྱིར་རོ། །འདི་ལ་དགོངས་ནས་འཇམ་མགོན་ས་པཎ་གྱིས། 17 ཐེག་པ་ཆེན་པོ་རྒྱུད་བླ་མར། །གོས་ངན་ནང་ན་རིན་ཆེན་ལྟར། །སེམས་ཅན་ཀུན་ལ་སངས་རྒྱས་ཀྱི། །སྙིང་པོ་ཡོད་པར་གསུངས་པ་ནི། །དགོངས་པ་ཡིན་པར་ཤེས་པར་བྱ། །དེ་ཡང་དགོངས་གཞི་སྤྲོས་བྲལ་དང་། །དགོས་པ་སྐྱོན་ལྔ་སྤོང་ཕྱིར་གསུངས། །དངོས་ལ་གནོད་བྱེད་ཚད་མ་ནི། །དེ་འདྲའི་བདེ་གཤེགས་ཁམས་ཡོད་ན། །མུ་སྟེགས་བདག་དང་མཚུངས་ཕྱིར་དང་། །ངེས་པ་དོན་གྱི་མདོ་སྡེ་དང་། །རྣམ་པ་ཀུན་ཏུ་འགལ་ཕྱིར་རོ། །ཞེས་རྒྱུད་བླར་བདེ་གཤེགས་སྙིང་པོ་སྒྲུབ་པའི་ཚུལ་གྱིས་ཡོད་པར་གསུངས་པ་ལ་རབ་དབྱེ་ལས་དགོངས་གཞི་དགོས་པ་དངོས་ལ་གནོད་བྱེད་གསུམ་གྱི་སྒོ་ནས་དྲང་དོན་དུ་བསྟན་པ་ལྟར་གཞུང་རང་ལས་ཀྱང་དེ་བཞིན་དུ་འབྱུང་ངོ་། །དེས་ན་རྒྱུད་བླར་ཆོས་ཐམས་ཅད་རང་སྟོང་དུ་བསྟན་ལ། བྱམས་ཆོས་བར་པ་གསུམ་ལས་ཀུན་རྫོབ་རང་སྟོང་དང་དོན་དམ་གཞན་སྟོང་དུ་འདོད་དོ། 

༤བཞི་པ་ནི།

བྱམས་ཆོས་བར་པ་གསུམ་སེམས་ཙམ་དུ་གནས་པ་མ་ཡིན་ཏེ། མདོ་རྒྱན་དུ། 18 དེ་ནས་སེམས་ཀྱང་མེད་པ་ཉིད་དུ་རྟོགས།  ཞེས་དང་། དབུས་མཐར། 19 མི་དམིགས་པ་ལ་བརྟེན་ནས་སུ།། མི་དམིགས་པ་ནི་རབ་ཏུ་སྐྱེ།  ཞེས་དང་། ཆོས་ཉིད་རྣམ་འབྱེད་ལས། 20 དོན་ཐམས་ཅད་དམིགས་པ་མེད་པ་ལས་རྣམ་པར་རིག་པ་ཙམ་ཡང་མི་དམིགས་པར་རྟོགས་པར་བྱེད་དོ།  ཞེས་གསུངས་པའི་ཕྱིར་ཞེས་པའི་གཏན་ཚིགས་ཡང་མ་ངེས་པ་ཡིན་ཏེ། འདིའི་ཐད་དུ་མདོ་སྡེ་རྒྱན་ལས། 18 དེར་སྣང་སེམས་ཙམ་ལ་ནི་ཡང་དག་གནས། །དེ་ནས་ཆོས་དབྱིངས་གཉིས་ཀྱི་མཚན་ཉིད་དང་། །བྲལ་བ་མངོན་སུམ་ཉིད་དུ་རྟོགས་པར་འགྱུར། །སེམས་ལས་གཞན་མེད་པར་ནི་བློས་རིག་ནས། །དེ་ནས་སེམས་ཀྱང་མེད་པ་ཉིད་དུ་རྟོགས། །བློ་དང་ལྡན་པས་གཉིས་པོ་མེད་རིག་ནས། །དེ་མི་ལྡན་པའི་ཆོས་ཀྱི་དབྱིངས་ལ་གནས། །ཞེས་གསུངས་ལ། འདིའི་དོན་དཔྱིས་ཕྱིན་པ་ནི།  ཚིག་རྐང་དང་པོས་དབང་ཤེས་ལ་རང་དུས་སུ་སྣང་བའི་དོན་གྱི་རྣམ་པ་དེ་སེམས་གསལ་བ་ཙམ་གྱི་ངོ་བོར་གནས་པར་བསྟན། དེ་ནས་ཆོས་དབྱིངས་ཞེས་པས་མིང་གི་རྣམ་གྲངས་ལྔ་དང་ལྡན་པའི་སྟོང་ཉིད་འགྱུར་མེད་ཡོངས་གྲུབ་བསྟན། གཉིས་ཀྱི་མཚན་ཉིད་དང་། །བྲལ་བ ཞེས་པས་ཡོངས་གྲུབ་དེ་གཟུང་འཛིན་གཉིས་དང་བྲལ་བར་བསྟན། མངོན་སུམ་ཉིད་དུ་རྟོགས་པར་འགྱུར། ཞེས་པས་འཁྲུལ་གཞི་གཞན་དབང་གི་སྟེང་དུ་གཟུང་འཛིན་གཉིས་ཀྱིས་སྟོང་པར་རྟོགས་པའི་དག་པ་གཞན་དབང་བསྟན། སེམས་ལས་གཞན་མེད་པར་ནི་བློས་རིག་ནས། །དེ་ནས་སེམས་ཀྱང་མེད་པ་ཉིད་དུ་རྟོགས། །ཞེས་པས་དབང་ཤེས་ལ་རང་དུས་སུ་སྣང་བའི་དོན་གྱི་རྣམ་པ་དེ་སེམས་གསལ་བ་ཙམ་ལས་གཞན་དུ་མེད་པར་བློས་རིག་ནས་དོན་གྱི་རྣམ་པ་དེ་སེམས་རང་གི་ངོ་བོར་གྲུབ་མ་གྲུབ་དཔྱོད་པ་ན་སེམས་ཉིད་དུ་ཡང་མི་བདེན་པར་རྟོགས་ཞེས་ཏེ། ཀྱང་ཞེས་པའི་སྒྲས་བསྡུས་པ་གཟུང་བ་བདེན་མེད་དུ་རྟོགས་པ་མ་ཟད་དེར་འཛིན་གྱི་སེམས་ཀྱང་བདེན་མེད་དུ་རྟོགས་སོ་ཞེས་བསྟན། བློ་དང་ལྡན་པས་གཉིས་པོ་མེད་རིག་ནས། །དེ་མི་ལྡན་པའི་ཆོས་ཀྱི་དབྱིངས་ལ་གནས། །བློ་གྲོས་དང་ལྡན་པས་གཟུང་འཛིན་གཉིས་མེད་པར་རྟོགས་ནས་གཟུང་འཛིན་གཉིས་པོ་དེ་དང་མི་ལྡན་པའི་ཆོས་དབྱིངས་དེ་བཞིན་ཉིད་ལ་མཉམ་པར་བཞག་པའི་སྒོ་ནས་བློ་གནས་སོ་ཞེས་བསྟན།  འོ་ན། དེར་སྣང་སེམས་ཙམ་ལ་ནི་ཡང་དག་གནས། །ཞེས་དང་། དེ་ནས་སེམས་ཀྱང་མེད་པ་ཉིད་དུ་རྟོགས། །ཞེས་པ་གཉིས་ནང་འགལ་ཏེ། སྔ་མས་གཟུང་བའི་རྣམ་པ་སེམས་ཀྱི་ངོ་བོར་བསྟན་ལ། ཕྱི་མས་གཟུང་རྣམ་གཏན་མེད་དུ་བཤད་པའི་ཕྱིར་སྙམ་ན། སྐྱོན་མེད་དེ། སྔ་མས་སེམས་ཙམ་རྣམ་བདེན་པའི་ལྟ་བ་བསྟན་ལ། ཕྱི་མས་སེམས་ཙམ་རྣམ་རྫུན་པའི་ལྟ་བ་བསྟན་པའི་ཕྱིར་རོ། །སྔར་དྲངས་པའི་དབུས་མཐའ་རྣམ་འབྱེད་དང་ཆོས་ཉིད་རྣམ་འབྱེད་ཀྱི་ལུང་དོན་ཡང་འདི་ཁོ་ན་ལྟར་ཡིན་པར་གོ་སླའོ། །དེས་ན་མདོ་སྡེ་རྒྱན་དང་འབྱེད་རྣམ་གཉིས་ཀྱི་མཐར་ཐུག་གི་ལྟ་བ་ཚད་མ་རྣམ་འགྲེལ་ལྟར་སེམས་ཙམ་རྣམ་རྫུན་ལས་བརྒལ་ཡོད་པའི་གཞུང་གི་ཚིག་ཟིན་དང་རིགས་པའི་སྒྲུབ་བྱེད་སོགས་གང་ཡང་མི་འདུག་པས་གཞན་དག་སྔར་དྲངས་པའི་ལུང་ལ་བརྟེན་ནས་བྱམས་ཆོས་བར་པ་གསུམ་དབུ་མར་སྒྲུབ་པའི་གཏན་ཚིགས་ནི་མ་ངེས་པ་ཁོ་ནའོ། 

༥ལྔ་པ་ནི།

དབུ་མའི་བསྟན་བཅོས་གང་ཡིན་ཐམས་ཅད་འཇུག་པ་རྩ་འགྲེལ་དང་མི་འགལ་བར་འཆད་དགོས་ན། དབུ་མ་རང་རྒྱུད་པའི་གཞུང་དང་། བྱང་ཆུབ་སེམས་འགྲེལ་དང་། ཆོས་དབྱིངས་བསྟོད་པ། ཟླ་བའི་ཞབས་རང་ཉིད་ཀྱིས་མཛད་པའི་འགྲེལ་ཆེན་སྒྲོན་གསལ་སོགས་ཀྱིས་མ་ངེས་པར་འགྱུར་ཏེ། འཇུག་པར་རང་རྒྱུད་པའི་ལྟ་བ་བཀག་པའི་ཕྱིར་དང་། བྱང་ཆུབ་སེམས་འགྲེལ་སོགས་ལས་གཉིས་མེད་ཀྱི་ཡེ་ཤེས་དོན་དམ་བདེན་པར་བཤད་པའི་ཕྱིར་ཞེས་པའི་རིགས་པ་བཀོད་པར་མཛད་ལ། འདིའི་དོན་ནི་བྱམས་ཆོས་བར་པ་གསུམ་འཇུག་པ་རྩ་འགྲེལ་དང་མི་མཐུན་ཀྱང་དབུ་མའི་གཞུང་མིན་པར་ཐལ་སྐྱོན་མེད་ཅེས་པའོ། །དཔལ་ལྡན་ཟླ་བས། 21 སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱི་ལམ་ལས་ནི། །ཕྱི་རོལ་གྱུར་ལ་ཞི་བའི་ཐབས་མེད་དོ།  ཅེས་དང་། 22 འདི་ལས་གཞན་ན་ཆོས་འདི་ནི། །ཇི་ལྟར་མེད་པ་དེ་བཞིན་དུ།  ཅེས་དང་། དེའི་འགྲེལ་པར། 23 དབུ་མའི་བསྟན་བཅོས་འདི་ལས་གཞན་ན་སྟོང་པ་ཉིད་ཀྱི་མཚན་ཉིད་ཅན་གྱི་ཆོས་འདི་ཡོད་པ་མ་ཡིན་ལ། ཅེས་གསུངས་པ་ལྟར་དབུ་མའི་བསྟན་བཅོས་གང་ཡིན་ཐམས་ཅད་རྩ་ཤེར་དང་དོན་མི་འགལ་བར་འཆད་དགོས་ལ། རྩ་ཤེར་དང་དོན་མི་འགལ་བ་དེ་ཉིད་ཀྱིས་འཇུག་པ་རྩ་འགྲེལ་དང་ཚིག་འགལ་ཡང་དོན་མི་འགལ་བར་ལེགས་པར་གྲུབ་བོ། །དེས་ན་ཤེས་རབ་སྒྲོན་མ་དང་དབུ་མ་རྒྱན་སོགས་རང་རྒྱུད་པའི་གཞུང་རྣམས་ཀྱང་རྩ་ཤེར་དང་དོན་མི་འགལ་ལ། འཇུག་པ་རྩ་འགྲེལ་དང་ཚིག་འགལ་བའི་ཆ་ཡོད་ཀྱང་དོན་ཅུང་ཟད་ཀྱང་མི་འགལ་ཏེ། ཐལ་རང་གི་གཞུང་ལུགས་དཔང་པོར་བཞག་ན་དེ་གཉིས་ཀྱི་མཐར་ཐུག་ལྟ་བ་ལ་ཁྱད་པར་མེད་པའི་ཕྱིར་ཏེ། ཀུན་མཁྱེན་ཆེན་པོས། 24 དེས་ན་སྒྲོ་སྐུར་དང་བྲལ་བའི་ཐལ་རང་གི་ཁྱད་པར་དོན་དམ་ལྟ་བའི་སྒོ་ནས་མི་ཕྱེ་སྟེ། ཞེས་ཐལ་རང་གཉིས་དོན་དམ་ལྟ་བའི་གནད་ལ་ཁྱད་པར་ཅི་ཡང་མེད་པར་གསུངས་པའི་ཕྱིར། དེས་ན་འཇུག་པ་རྩ་འགྲེལ་ལས་རང་རྒྱུད་པའི་ལྟ་བ་བཀག་པའི་ཕྱིར་ཞེས་པའི་གཏན་ཚིགས་འདི་ནི་མ་གྲུབ་པ་ཡིན་ནོ། །ཆོས་དབྱིངས་བསྟོད་པ་སོགས་ཀླུ་སྒྲུབ་ཀྱི་བསྟོད་ཚོགས་ཁག་དང་། འགྲེལ་ཆེན་སྒྲོན་གསལ་སོགས་ལས་ཡེ་ཤེས་དོན་དམ་བདེན་པར་བཤད་ཀྱང་རྩ་བ་ཤེས་རབ་དང་མི་འགལ་ཏེ། ཡེ་ཤེས་དེ་སྟོང་པ་སྤོང་པའི་གསལ་བ་མིན་པར་གསལ་སྟོང་ཟུང་འཇུག་གི་ཡ་གྱལ་དུ་གྱུར་པའི་གསལ་བ་ཡིན་པས་སློབ་དཔོན་གྱི་རིགས་ཚོགས་དང་བསྟོད་ཚོགས་གཉིས་ལ་གསལ་བ་དང་སྟོང་པ་རྩལ་དུ་བཏོན་པའི་ཁྱད་པར་ཙམ་ལས་གཉིས་ཀའི་ལུགས་ལ་ཡང་གསལ་སྟོང་ཟུང་འཇུག་དོན་དམ་བདེན་པར་འདོད་པའི་ཁྱད་པར་ཅི་ཡང་ཡོད་པ་མ་ཡིན་པའི་ཕྱིར་རོ། །ཟླ་བའི་འཇུག་པ་དང་སྒྲོན་གསལ་ལ་ཡང་དེ་ཉིད་ཀྱིས་མཚོན་པར་བྱ་བ་ཡིན་ནོ། །འོ་ན་ཟུང་འཇུག་གི་ཡ་གྱལ་དུ་གྱུར་པའི་གསལ་བ་དེ་ཡེ་ཤེས་ཡིན་ནམ་ཞེ་ན། སོ་སྐྱེའི་གནས་སྐབས་སུ་ཡུལ་དྲུག་པོ་གང་གི་ཡང་ཕྱོགས་སུ་མ་ཆད་པའི་ཀུན་གཞི་རྣམ་ཤེས་ཏེ། དེ་ཉིད་ལ་སྐབས་འགར་ཡེ་ཤེས་སུ་བཏགས་པ་ནི་འབྲས་མིང་རྒྱུ་ལ་བཏགས་པ་ཡིན་ལ། འཕགས་པའི་གནས་སྐབས་སུ་ས་བཅུའི་ཡེ་ཤེས་ནས་མེ་ལོང་ལྟ་བུའི་ཡེ་ཤེས་ལ་རིམ་གྱིས་གནས་འགྱུར་བའི་ཆོས་ཅན་དུ་འདོད་དགོས་ཤིང་འདི་དག་ལ་བླ་མའི་མན་ངག་ལྟར་རྒྱས་པར་སྤྲོས་རྒྱུ་ཡོད་མོད་སྐབས་དོན་སྒྲིབ་པར་འགྱུར་བས་རེ་ཞིག་བཞག་གོ 

གཏན་ཚིགས་གཉིས་པའི་ཡན་ལག་རྒྱས་པར་བཤད་པ་ལ། རྒྱུད་བླའི་དགོངས་པ་ཐལ་རང་ལྟར་མི་གནས་པའི་སྒྲུབ་བྱེད་དགག་པ་དང་། མངོན་རྟོགས་རྒྱན་གྱི་དགོངས་པ་ཐལ་རང་ལྟར་མི་གནས་པའི་སྒྲུབ་བྱེད་དགག་པའོ།  དང་པོ་ལ། སྤྲིན་གྱི་དཔེ་སོགས་ཀྱི་ཤུགས་ལས་མ་གྲུབ་པ་དགག་པ་དང་། བླ་མེད་ཆོས་ཀྱི་སྟོང་མ་ཡིན་ཞེས་པས་མ་གྲུབ་པར་དགག་པའོ།    དང་པོ་ནི། 

རྩ་བའི་གཏན་ཚིགས་གཉིས་པའི་ཤེས་བྱེད་དུ། ༡རྒྱུད་བླ་མའི་དགོངས་པ་ཐལ་རང་གི་གཞུང་དང་མཐུན་པ་མ་ཡིན་ཏེ། ཇི་སྐད་དུ། སྤྲིན་དང་རྨི་ལམ་སྒྱུ་མ་བཞིན། །ཞེས་སོགས་དྲིས་ལན་གྱི་དོན་ལ་བརྟག་པ་ན་བཀའ་འཁོར་ལོ་བར་པའི་དགོངས་པ་གཞན་སྟོང་ཚུལ་དུ་གཏན་ལ་འབེབས་པར་གསལ་བའི་ཕྱིར་ཞེའོ།  ཞེ་འདོད་ནི། རྒྱུད་བླར། 25 སྤྲིན་དང་རྨི་ལམ་སྒྱུ་བཞིན་དེ་དང་དེར། །ཤེས་བྱ་ཐམས་ཅད་རྣམ་ཀུན་སྟོང་པ་ཞེས། །ཅི་སྟེ་གསུངས་ཞེས་པའི་དྲིས་ལན་དུ་ཤེར་ཕྱིན་གྱི་མདོ་ལས་ཆོས་ཐམས་ཅད་སྟོང་པར་གསུངས་པ་ཁས་བླངས་ཤིང་། ཡང་དག་མཐའ་སྟོང་པའི་དོན་འདུས་བྱས་ཀྱིས་སྟོང་པ་ལ་བཤད་པས་རང་སྟོང་མ་ཡིན་པར་གྲུབ་ལ། དེས་ན་ལུགས་འདིར་ཀུན་རྫོབ་རང་སྟོང་དང་། དོན་དམ་གཞན་སྟོང་དུ་ལེགས་པར་གྲུབ་པས་འཁོར་ལོ་བར་པ་ཤེར་ཕྱིན་གྱི་མདོ་དོན་གཞན་སྟོང་དུ་གཏན་ལ་འབེབས་པ་མ་ཡིན་ནམ་ཞེ་ན་སྐྱོན་མེད་དེ། དང་པོ་དངོས་ཀྱི་ལན་ནི། མདོ་དེ་དང་དེར་སྤྲིན་དང་རྨི་ལམ་དང་སྒྱུ་མ་བཞིན་དུ་ཤེས་བྱ་ཐམས་ཅད་སྟོང་པར་གསུངས་པའི་དོན་ཡང་དག་པའི་མཐའ་ཉོན་མོངས་ལས་དང་རྣམ་སྨིན་གསུམ་གྱིས་སྟོང་པའི་དོན་ཡིན་པར་བཤད་ཀྱི། ཤེར་ཕྱིན་གྱི་མདོར། སྤྱིར་ཆོས་ཐམས་ཅད་སྟོང་པར་གསུངས་པ་དང་། བྱེ་བྲག་ཡང་དག་མཐའ་སྟོང་པར་གསུངས་པའི་དོན་གཞན་སྟོང་གི་ཚུལ་དུ་གཏན་ལ་འབེབས་པར་གཞུང་འདིར་མི་དམིགས་པའི་ཕྱིར་རོ། །གནད་ཀྱི་དོན་ནི། སྤྲིན་དང་རྨི་ལམ་དང་སྒྱུ་མ་གསུམ་པོ་དཔེར་མཛད་ནས་ཆོས་ཐམས་ཅད་སྟོང་པར་གསུངས་པའི་དོན་ཡང་དག་མཐའ་ཉོན་མོངས་ལས་དང་རྣམ་སྨིན་གསུམ་གྱིས་སྟོང་པའི་དོན་ཡིན་ཀྱང་སྤྱིར་ཆོས་ཐམས་ཅད་སྟོང་པར་གསུངས་པ་དང་། བྱེ་བྲག་ཡང་དག་མཐའ་སྟོང་པར་གསུངས་པའི་དོན་འདི་ལྟར་མིན་པ་ནི་གནད་ཀྱི་དོན་ནོ།  ལུང་འདིས་ཀུན་རྫོབ་རང་སྟོང་དང་། དོན་དམ་གཞན་སྟོང་དུ་མི་འགྲུབ་པར་ཡང་གོ་སླའོ། 

གཉིས་པ་གཞུང་གི་འབྲུ་ལ་སྦྱར་བ་ནི། འདིའི་ཐད་དུ་རྒྱུད་བླ་མར། 25 དྲི་བ་གཉིས་དང་དྲིས་ལན་གཉིས་མཛད་པར། སྤྲིན་དང་རྨི་ལམ་སྒྱུ་བཞིན་དེ་དང་དེར། །ཤེས་བྱ་ཐམས་ཅད་རྣམ་ཀུན་སྟོང་པ་ཞེས། །གསུངས་ནས་ཡང་འདིར་རྒྱལ་རྣམས་སེམས་ཅན་ལ། །སངས་རྒྱས་སྙིང་པོ་ཡོད་ཅེས་ཅི་སྟེ་གསུངས།  ཞེས་༡ཤེར་ཕྱིན་སོགས་མདོ་དེ༵་ད༵ང་དེ༵ར། ཉོན་མོངས་པ་སྤྲི༵ན་ད༵ང་འདྲ་བ། ལས་རྨི༵་ལ༵མ་འདྲ་བ། རྣམ་སྨིན་སྒྱུ༵་མ་བཞི༵ན་དང་། ཤེ༵ས་བྱ༵་ཐ༵མས་ཅ༵ད་རྣ༵མ་པ་ཀུ༵ན་ཏུ་སྟོ༵ང་པ་ཡིན་ནོ༵་ཞེ༵ས་གསུ༵ངས་ན༵ས། ༢ཡ༵ང་དེ་བཞིན་གཤེགས་པ་སྙིང་པོའི་མདོ་འདི༵ར་རྒྱ༵ལ་བ་རྣ༵མས་ཀྱིས་སེ༵མས་ཅ༵ན་ལ༵་ས༵ངས་རྒྱ༵ས་ཀྱི་སྙི༵ང་པོ༵་ཡོ༵ད་ཅེ༵ས་ཅི༵་སྟེ༵་གསུ༵ངས་ཞེས་པའོ།།  དྲི་བ་ཕྱི་མའི་ལན་དུ། 25 སེམས་ཞུམ་སེམས་ཅན་དམན་ལ་བརྙས་པ་དང་། །ཡང་དག་མིན་འཛིན་ཡང་དག་ཆོས་ལ་སྐུར། །བདག་ཅག་ལྷག་པའི་སྐྱོན་ལྔ་གང་དག་ལ། །ཡོད་པ་དེ་དག་དེ་སྤང་དོན་དུ་གསུངས། །ཞེས་པས་སེ༵མས་ཞུ༵མ་པ་དང་། སེ༵མས་ཅ༵ན་དམ༵ན་པ་ལ༵་བརྙ༵ས་པ༵་ད༵ང་། ཡ༵ང་ད༵ག་མི༵ན་པ་དྲི་མ་ངོ་བོ་ཉིད་ཀྱིས་འཛི༵ན་པ། ཡ༵ང་ད༵ག་པའི་ཆོ༵ས་རང་བཞིན་རྣམ་དག་ལ༵་སྐུ༵ར་པ་འདེབས་པ་དང་། བད༵ག་དང་བདག་ཅ༵ག་ལ་ལྷག༵་པར་ཆགས་པ༵་སྟེ། སྐྱོ༵ན་ལྔ༵་པོ་ག༵ང་ད༵ག་ལ༵་ཡོ༵ད་པ༵་དེ༵་ད༵ག་སྤ༵ང་བ༵འི་དོ༵ན་དུ༵་སྙིང་པོ་ཡོད་པར་གསུ༵ངས་ཞེས་བདེ་གཤེགས་སྙིང་པོ་སྒྲུབ་པའི་ཚུལ་གྱིས་ཡོད་པ་དྲང་དོན་དུ་གཏན་ལ་འབེབས་པར་མཛད་ལ། དྲི་བ་དང་པོའི་ལན་དུ། 25 ཡང་དག་མཐའ་ནི་འདུས་བྱས་ཀྱིས། །རྣམ་པ་ཐམས་ཅད་དབེན་པ་སྟེ། །ཉོན་མོངས་ལས་དང་རྣམ་སྨིན་དོན། །སྤྲིན་ལ་སོགས་པ་བཞིན་དུ་བརྗོད། །ཉོན་མོངས་སྤྲིན་འདྲ་བྱ་བ་ཡིན། །ལས་ནི་རྨི་ལམ་ལོངས་སྤྱོད་བཞིན། །ཉོན་མོངས་ལས་ཀྱི་རྣམ་པར་སྨིན། །ཕུང་པོ་སྒྱུ་མ་སྤྲུལ་པ་བཞིན།  ཞེས་སྤྲིན་དང་རྨི་ལམ་དང་སྒྱུ་མ་བཞིན་དུ་ཤེས་བྱ་ཐམས་ཅད་སྟོང་པར་གསུངས་པའི་དོན་ཡ༵ང་ད༵ག་མཐ༵འ་རང་བཞིན་རྣམ་པར་དག་པའི་ངོ་བོ་ནི༵་ལས་ཉོན་གྱིས་འདུ༵ས་བྱ༵ས་པའི་མཚན་ཉིད་ཀྱི༵ས་རྣ༵མ་པ༵་ཐ༵མས་ཅ༵ད་དུ་དབེ༵ན་པ༵འི་དོན་ཏེ༵། ཡང་དག་པའི་མཐའ་ཡི་ངོ་བོ་ནི་གློ་བུར་བ་མ་ཡིན་པ་དང་། བློ་ཕྱིན་ཅི་ལོག་གིས་བསྐྱེད་པ་མ་ཡིན་པ་དང་། གཞན་ལ་མི་ལྟོས་པ་ཡིན་དགོས་པ་ལས་ཉོན་མོངས་པ་དང་། ལས་དང་། རྣམ་སྨིན་གསུམ་ནི་རིམ་པ་ལྟར་སྤྲིན་བཞིན་གློ་བུར་བའི་རང་བཞིན་དང་། རྨི་ལམ་ལོངས་སྤྱོད་བཞིན་བློ་ཕྱིན་ཅི་ལོག་གིས་བསྐྱེད་པ་དང་། སྒྱུ་མ་དང་སྤྲུལ་པ་བཞིན་གཞན་ལ་ལྟོས་པ་དང་བཅས་པ་ཡིན་པས་ཡང་དག་མཐའ་རང་བཞིན་རྣམ་པར་དག་པའི་ངོ་བོ་མ་ཡིན་ནོ་ཞེས་པའི་དོན་ཡིན་པས་འདིའི་སྐབས་ཀྱི་དྲི་ལན་གཉིས་ཆར་ལས་འཁོར་ལོ་བར་པའི་དགོངས་པ་གཞན་སྟོང་གི་ཚུལ་དུ་གཏན་ལ་འབེབས་པར་མི་གསལ་ལོ། 

༢གཉིས་པ་ནི།

རྒྱུད་བླར། 25 རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གི །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་བདེ་གཤེགས་སྙིང་པོ་རང་གི་ངོ་བོས་མི་སྟོང་པར་གཙང་བདེ་རྟག་བདག་དང་། རྟག་བརྟན་གཡུང་དྲུང་དུ་བཤད་པའི་ཕྱིར་ཞེས་པའི་གཏན་ཚིགས་མ་གྲུབ་སྟེ། ལུང་དེའི་དོན་ནི། ཁམས་བདེ་བར་གཤེགས་པའི་སྙིང་པོ་དང་རྣམ་པར་དབྱེ་བ་དང་བཅས་པའི་འབྲལ་རུང་གི་མཚན་ཉིད་ཅན་གློ་བུར་གྱི་དྲི་མ་དག་གིས་ཁམས་བདེ་བར་གཤེགས་པའི་སྙིང་པོ་སྟོང་གི  ཁམས་བདེ་བར་གཤེགས་པའི་སྙིང་པོ་དང་རྣམ་པར་དབྱེ་བ་མེད་པར་འབྲལ་དུ་མི་རུང་བའི་མཚན་ཉིད་ཅན་བླ་མེད་ཀྱི་ཆོས་སྟོབས་སོགས་ཀྱི་ཡོན་ཏན་གྱིས་བདེ་གཤེགས་སྙིང་པོ་སྟོང་པ་མ་ཡིན་ཞེས་ཏེ། བདེ་གཤེགས་སྙིང་པོ་རང་གི་སྣང་ཆ་ནས་སྐུ་དང་ཞིང་ཁམས་ཐམས་ཅད་འཆར་དུ་རུང་ཞིང་། སྟོང་ཆ་ནས་ཆོས་སྐུའི་ཡོན་ཏན་ཐམས་ཅད་ལྷུན་གྱིས་འགྲུབ་པར་འགྱུར་བ་ལ་དགོངས་ནས་ཡོན་ཏན་གྱིས་མི་སྟོང་ཅེས་གསུངས་པ་ཡིན་གྱི། གདོད་མ་ནས་སྟོབས་སོགས་ཀྱི་ཡོན་ཏན་རང་ཆས་སུ་ཡོད་ཅེས་པ་མ་ཡིན་ལ། བདེ་གཤེགས་སྙིང་པོ་རང་གི་ངོ་བོས་མི་སྟོང་པར་གཙང་བདེ་རྟག་བདག་དང་། རྟག་བརྟན་གཡུང་དྲུང་དུ་ཡོད་ཅེས་པའི་དོན་ཡང་མིན་ལ། ཀུན་མཁྱེན་ཆེན་པོ་དང་འཇམ་དབྱངས་མཁྱེན་བརྩེ་དབང་པོ་སོགས་ཀྱི་བཞེད་པ་ཡང་ཁོ་བོའི་ལུགས་དེར་འདུའོ། །འགའ་ཞིག་རྒྱུད་བླའི་ལུང་ཚིག་འདི་ཉིད་རྡོ་རྗེ་སྐེ་འཇུ་བྱས་ནས་རྒྱུད་བླའི་དགོངས་པ་གཞན་སྟོང་དུ་འཆད་པ་དེ་དག་ལ་སྙིང་པོ་ཅི་ཡང་མེད་ཚུལ་སྟོན་དགོས་མོད། སྐབས་དོན་སྒྲིབ་ཀྱིས་དོགས་པས་རེ་ཞིག་བཞག་གོ 

གཉིས་པ་མངོན་རྟོགས་རྒྱན་གྱི་དགོངས་པ་ཐལ་རང་ལྟར་མི་གནས་པའི་སྒྲུབ་བྱེད་དགག་པ་ལ་གསུམ་སྟེ། རང་སྟོང་གི་འཆད་ཚུལ་མི་དམིགས་པ་དགག གཟུགས་ལ་སོགས་པ་སྟོང་པའི་ཕྱིར་ཞེས་པ་ཀུན་བཏགས་ཀྱིས་སྟོང་པ་ལ་འཆད་པ་དགག མཚན་ཉིད་གསུམ་གྱི་རྣམ་བཞག་གསུངས་པས་གཞན་སྟོང་ལྟར་གནས་པ་དགག་པའོ། ། ༡དང་པོ་ནི། 

མངོན་རྟོགས་རྒྱན་གྱི་དགོངས་པ་ཐལ་རང་གི་གཞུང་དང་མཐུན་པ་མ་ཡིན་ཏེ། རྒྱན་ལས་རང་སྟོང་འཆད་ཚུལ་མི་དམིགས་པའི་ཕྱིར་ཞེས་པའི་གཏན་ཚིགས་འདི་བསྐལ་པའི་བར་དུ་མ་གྲུབ་སྟེ། རྒྱན་གྱི་སྐབས་དང་པོར།  26 དེ་རྣམས་དེ་ཡི་ངོ་བོས་སྟོང་། །དེ་དག་གཅིག་གི་རང་བཞིན་གཅིག །ཞེས་དང་། 26 གཟུགས་སོགས་ངོ་བོ་ཉིད་མེད་ཉིད། །དེ་མེད་པ་ཉིད་ངོ་བོ་ཉིད། །དེ་དག་སྐྱེ་མེད་ངེས་འབྱུང་མེད། །ཞེས་དང་།  སྐབས་གཉིས་པར། 27 གཟུགས་ལ་སོགས་པ་སྟོང་པའི་ཕྱིར། །སྟོང་པ་ཉིད་རྣམས་དབྱེར་མེད་པས། །ཞེས་སོགས་སྐབས་གོང་འོག་གི་སྦྱོར་མཐོང་སྒོམ་གསུམ་གྱི་དམིགས་རྣམ་སྟོན་པའི་གཞུང་ཀུན་ལས། རང་སྟོང་གི་འཆད་ཚུལ་འབའ་ཞིག་དམིགས་ཀྱི། གཞན་སྟོང་གི་འཆད་ཚུལ་ནི་བསྟན་བཅོས་འདིའི་ཚིག་ཟུར་ཙམ་ལ་ཡང་མི་སྣང་བའི་ཕྱིར་དང་། གཞན་ཡང་། མདོར། གཟུགས་ལ་སོགས་པ་ཞེས་སོགས་ཀྱི་སོགས་ཁོངས་དེར་གཟུགས་ནས་རྣམ་མཁྱེན་གྱི་བར་འགྲེས་རྐང་བརྒྱ་དང་བརྒྱད་བསྡུས་ནས་དེ་ཐམས་ཅད་སྟོང་པར་གསུངས་པས་ཀྱང་གྲུབ་སྟེ། འདིར། 28 སྟོན་པས་འདི་ལས་བཤད་པ་གང་། ཞེས་དང་། 29 དེ་དང་དེ་ནི་མདོ་བཞིན་དུ། །བསྡུས་དང་རྒྱས་པའི་སྒོ་ནས་བརྗོད། །ཅེས་གསུངས་པ་ལྟར་མདོ་ཇི་ལྟ་བ་བཞིན་དུ་རྒྱན་འདིར་བརྗོད་པར་མཛད་པའི་ཕྱིར་རོ།  ཡང་སྐབས་བཞི་པར། 30 ཆོས་ནི་རྡུལ་ཙམ་མི་དམིགས་ཉིད།  ཅེས་དང་། 31 དངོས་པོ་བརྗོད་དུ་མེད་པ་ལ། །ཉམས་པ་དང་ནི་འཕེལ་མི་རུང་། །སྒོམ་ཞེས་བྱ་བའི་ལམ་གྱིས་ནི། །ཅི་ཞིག་ཉམས་ཤིང་ཅི་ཞིག་འཐོབ། །བྱང་ཆུབ་ཇི་ལྟ་དེ་བཞིན་དུ། །འདི་ནི་འདོད་པའི་དོན་སྒྲུབ་བྱེད། །བྱང་ཆུབ་དེ་བཞིན་ཉིད་མཚན་ཉིད། །དེ་ཡང་དེ་ཡི་མཚན་ཉིད་བཞེད།  ཅེས་དང་། སྐབས་ལྔ་པར། 32 དྲི་མ་ཟད་དང་མི་སྐྱེ་བའི། །ཡེ་ཤེས་བྱང་ཆུབ་ཅེས་བརྗོད་དོ། །ཟད་མེད་སྐྱེ་མེད་ཕྱིར་དེ་དག །གོ་རིམ་བཞིན་དུ་ཤེས་པར་བྱ། །འགོག་པ་མེད་པའི་རང་བཞིན་ལ། །མཐོང་ཞེས་བྱ་བའི་ལམ་གྱིས་ནི། །རྣམ་པར་རྟོག་རིགས་ཅི་ཞིག་ཟད། །སྐྱེ་མེད་རྣམ་པ་ཅི་ཞིག་འཐོབ། །གཞན་གྱིས་ཆོས་རྣམས་ཀྱང་ཡོད་ལ། །ཤེས་བྱ་ལ་ཡང་སྟོན་པ་ཡི། །སྒྲིབ་པ་ཟད་པར་བརྗོད་པ་གང་། །དེ་ལ་ཁོ་བོས་མཚར་དུ་བརྩིས། །འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་སོགས་ལས་རང་སྟོང་དུ་འཆད་ཚུལ་ཤིན་ཏུ་གསལ་བས་དེས་ན་རྒྱན་དུ་རང་སྟོང་གི་འཆད་ཚུལ་མི་དམིགས་པའི་ཕྱིར་ཞེས་པ་ནི་གཟུ་བོར་གནས་པའི་གཏམ་མ་ཡིན་ནོ། 

༢གཉིས་པ་ནི། 

11 གཟུགས་ལ་སོགས་པ་སྟོང་པའི་ཕྱིར། །ཞེས་པ་ལྟ་བུའི་འཆད་ཚུལ་ནི་སྟོང་གཞི་གཞན་དབང་དེ་ཀུན་བཏགས་པའི་གཟུགས་ཀྱིས་སྟོང་པ་ལ་དབྱིག་གཉེན་དང་ཕྱོགས་གླང་གིས་བཤད་པའི་ཕྱིར་ཞེས་པའང་མ་ངེས་ཏེ། མདོར། གཟུགས་ལ་སོགས་པ་ཞེས་པའི་སོགས་ཁོངས་དེར་གཟུགས་ནས་རྣམ་མཁྱེན་གྱི་བར་འགྲེས་རྐང་བརྒྱ་དང་བརྒྱད་བསྡུས་ནས་དེ་ཐམས་ཅད་སྟོང་པར་གསུངས་ཀྱི། ཀུན་རྫོབ་ཁོ་ན་ལ་སྦྱར་དགོས་པའི་ཤེས་བྱེད་ཅི་ཡང་མི་སྣང་བའི་ཕྱིར་དང་། དབྱིག་གཉེན་དང་ཕྱོགས་གླང་སོགས་ནི་ཤེར་ཕྱིན་མདོ་དང་བསྟན་བཅོས་གཉིས་ཆར་སེམས་ཙམ་དུ་བཀྲལ་བའི་ལུགས་ཡིན་པས་དེ་དག་གི་འགྲེལ་ཚུལ་ཐམས་ཅད་ལ་ཡིད་རྟོན་བྱེད་དཀའོ། 

 ༣གསུམ་པ་ནི། 

གཞུང་དེར། 12 གཟུགས་སོགས་དེ་མི་རྟག་སོགས་དང་། །དེ་མ་རྫོགས་དང་རབ་རྫོགས་དང་། །ཞེས་མཚན་ཉིད་གསུམ་གྱི་རྣམ་བཞག་འབྱུང་བས་གཞུང་གང་དུ་མཚན་ཉིད་གསུམ་གྱི་རྣམ་བཞག་བྱུང་བའི་ཚེ་ཆོས་ཉིད་རང་གི་ངོ་བོས་མི་སྟོང་པར་འཆད་དགོས་པས་ཁྱབ་པའི་ཕྱིར་ཞེས་པའང་མ་ངེས་ཏེ། སློབ་དཔོན་ཀ་མ་ལ་ཤྲཱི་ལའི་དབུ་མ་སྣང་བ་དང་། སློབ་དཔོན་སེང་གེ་བཟང་པོའི་བརྒྱད་སྟོང་འགྲེལ་ཆེན་སོགས་ལས་མཚན་ཉིད་གསུམ་གྱི་རྣམ་བཞག་གསུངས་ཀྱང་ཆོས་ཉིད་བདེན་གྲུབ་ཏུ་མི་འདོད་ལ། གཞུང་གང་དུ་མཚན་ཉིད་གསུམ་གྱི་རྣམ་བཞག་ཡོད་ན་སེམས་ཙམ་པ་ལྟར་ཁས་ལེན་དགོས་པའི་ཤེས་བྱེད་ཅི་ཡང་མེད་དེ། མཚན་ཉིད་གསུམ་གྱི་རྣམ་བཞག་ཡོད་མེད་ཀྱིས་དབུ་སེམས་ཀྱི་ཁྱད་པར་དང་རང་སྟོང་གཞན་སྟོང་གི་ཁྱད་པར་གང་ལས་ཀྱང་མ་གསུངས་པའི་ཕྱིར་རོ། །དེས་ན་གཞུང་གང་དུ་མཚན་ཉིད་གསུམ་གྱི་རྣམ་བཞག་བྱུང་བའི་ཚེ་ཆོས་ཉིད་རང་གི་ངོ་བོས་མི་སྟོང་པར་འཆད་དགོས་པས་ཁྱབ་པའི་ཕྱིར་ཞེས་པ་ནི་མ་གྲུབ་པའོ། །གཟུགས་སོགས་དེ་མི་རྟག་སོགས་དང་། །དེ་མ་རྫོགས་དང་རབ་རྫོགས་དང་། །དེ་ལ་ཆགས་པ་མེད་ཉིད་ལ། །སྤྱོད་པ་བཀག་པའི་སྦྱོར་བ་དང་། །ཞེས་པའི་གཞུང་དེས་མཚན་ཉིད་གསུམ་གྱི་རྣམ་བཞག་བསྟན་པར་བུདྡྷ་ཤྲཱི་དང་གསེར་གླིང་པ་སོགས་ཀྱིས་བཞེད་ཀྱང་འཐད་པའི་དོན་ནི་གཞུང་ཚིགས་སུ་བཅད་པ་དེས་དམིགས་ཡུལ་འཕགས་པའི་བདེན་པ་བཞི་དང་དེ་ཁྱད་ཆོས་ལ་ཞེན་སྤྱོད་བཀག་པའི་སྦྱོར་བ་བསྟན་ཏེ། སྦས་དོན་ཟབ་མོ་གཏེར་གྱི་ཁ་འབྱེད་42ལས། གཟུགས་སོགས། ཞེས་པས་བདེན་པ་བཞི་བསྟན། དེ་མི་རྟག་སོགས། ཞེས་པས་སྡུག་བསྔལ་བདེན་པའི་ཁྱད་ཆོས་བསྟན། དེ་མ་རྫོགས་དང་། ཞེས་པས་ཀུན་འབྱུང་བདེན་པའི་ཁྱད་ཆོས་བསྟན། རབ་རྫོགས་དང་། ཞེས་པས་འགོག་བདེན་གྱི་ཁྱད་ཆོས་དང་། དེ་ལ་ཆགས་པ་མེད་ཉིད་དང་། ཞེས་པས་ལམ་བདེན་གྱི་ཁྱད་ཆོས་བསྟན། ཞེས་གསུངས་པ་ལྟར་ཤེས་པར་བྱའོ། །དེ་ལྟར་གོང་དུ་བཤད་པ་དེ་དག་གིས་བྱམས་ཆོས་ལྔ་ཆར་དབུ་མའི་ལུགས་སུ་སྨྲ་བའི་གྲུབ་མཐའ་དེ་དག་ལུང་དང་རིགས་པས་ཞིབ་མོར་འཐག་ཟིན་ཏོ། 

  གསུམ་པ་འདོད་ཚུལ་གཞན་དག་ཕྱོགས་གཅིག་ཏུ་དགག་པ་ནི། 

ཁ་ཅིག་བྱམས་ཆོས་ལྔ་པོ་དབུ་སེམས་གང་གི་ལུགས་སུ་བཀྲལ་ན་ཡང་ཆོག་པར་འདོད་པ་མི་འཐད་དེ། དེ་དག་གི་ལྟར་ན་མངོན་རྟོགས་རྒྱན་དང་རྒྱུད་བླ་སེམས་ཙམ་དུ་བཀྲལ་བའི་ཚེ་ཀྱོགས་འགྲེལ་འབའ་ཞིག་བྱེད་དགོས་པར་འགྱུར་ཞིང་། བྱམས་ཆོས་བར་པ་གསུམ་དབུ་མར་འགྲེལ་བའི་ཚེ་བཙན་སྦྱར་འབའ་ཞིག་བྱེད་དགོས་པར་འགྱུར་རོ། །ཁ་ཅིག་མངོན་རྟོགས་རྒྱན་དབུ་མ་དང་། གཞན་བཞི་ཀ་སེམས་ཙམ་དུ་འདོད་པ་དང་། ཁ་ཅིག་མདོ་སྡེ་རྒྱན་ཁོ་ན་སེམས་ཙམ་དང་། གཞན་བཞི་དབུ་མར་བཞེད་པ་སོགས་ནི་སྔ་མ་རྣམས་དགག་པའི་ཞར་ལ་ཁེགས་པར་འགྱུར་བས་དངོས་སུ་དགག་པའི་ཁུར་མ་བླངས་སོ། 

   གསུམ་པ་རང་གི་འདོད་པ་གཞུང་དང་སྦྱར་བ་ནི།

 བཤད་བྱའི་མདོ་ལ་ལྟོས་ནས་དྲང་ངེས་གཉིས་སུ་གྲུབ་པ་དང་།  བཤད་བྱ་གཞུང་ལ་ལྟོས་ན་དྲང་ངེས་གཉིས་སུ་གྲུབ་པའོ།  དང་པོ་ནི། དྲང་དོན་གྱི་མདོ་ཡི་དོན་ཕྱིན་ཅི་མ་ལོག་པར་གཏན་ལ་འབེབས་ན་དྲང་དོན་གྱི་བསྟན་བཅོས་དང་། ངེས་དོན་གྱི་མདོ་ཡི་དོན་ཕྱིན་ཅི་མ་ལོག་པར་གཏན་ལ་འབེབས་ན་ངེས་དོན་གྱི་བསྟན་བཅོས་སུ་ཁྱབ་པས་དེ་ལྟར་ན་བྱམས་ཆོས་ཐོག་མཐའ་གཉིས་ནི་ངེས་དོན་དང་། བར་པ་གསུམ་ནི་སེམས་ཙམ་དུ་ངེས་ཏེ། མངོན་རྟོགས་རྒྱན་གྱིས་དངོས་བརྒྱད་དོན་བདུན་ཅུ་ཡི་སྒོ་ནས་ཤེར་ཕྱིན་གྱི་དོན་དཔྱིས་ཕྱིན་པར་གཏན་ལ་འབེབས། རྒྱུད་བླ་མས་ནི་རྡོ་རྗེའི་གནས་བདུན་གྱི་སྒོ་ནས་ཤེར་ཕྱིན་གྱི་མདོ། གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོ། དེ་བཞིན་གཤེགས་པའི་སྙིང་པོའི་མདོ། བུ་མོ་རིན་ཆེན་གྱིས་ཞུས་པའི་མདོ། ལྷག་བསམ་བསྟན་པའི་མདོ། འཕེལ་འགྲིབ་མེད་པའི་མདོ། དཔལ་ཕྲེང་གི་མདོ། ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལ་སོགས་པའི་ངེས་དོན་གྱི་མདོ་སྡེ་རིགས་དུ་མའི་དོན་དཔྱིས་ཕྱིན་པར་སྟོན་པས་དེ་ལྟར་ན་མངོན་རྟོགས་རྒྱན་དང་རྒྱུད་བླ་མ་ནི་ངེས་དོན་དབུ་མའི་མདོ་ཡི་དོན་ཕྱིན་ཅི་མ་ལོག་པར་གཏན་ལ་འབེབས་པས་དབུ་མའི་བསྟན་བཅོས་ཡིན་ནོ། །འོ་ན་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་སོགས་དྲང་དོན་གྱི་མདོ་མ་ཡིན་ནམ་ཞེ་ན། གཞན་དག དེ་བཞིན་གཤེགས་པའི་སྙིང་པོའི་མདོ། དཔལ་ཕྲེང་གི་མདོ། སོགས་དྲང་དོན་སེམས་ཙམ་གྱི་མདོ་རུ་བཤད་ཀྱང་ཁོ་བོ་ནི་ཀུན་མཁྱེན་བླ་མས་སྦས་དོན་ཟབ་མོའི་དབུར་33འདི་དག་ངེས་དོན་གྱི་མདོ་ཡི་མཚན་བཞི་རུ་གསུངས་པ་ལྟར་ཁས་ལེན་པས་སྐྱོན་མེད་ལ། བཀའ་ཐ་མ་ཡིན་ན་ངེས་དོན་གྱི་མདོ་མ་ཡིན་པས་མ་ཁྱབ་པ་ནི་སྐབས་འདིར་གནད་ཀྱི་དོན་ནོ། །འདི་དག་བཀའ་ཐ་མ་ཡིན་པར་ཅིས་ཤེས་ཞེ་ན། ལྟ་བའི་ཤན་འབྱེད་ལས་34འདི་དག་བཀའ་ཐ་མ་དོན་དམ་རྣམ་པར་ངེས་པའི་མཚན་གཞིར་གསུངས་པའི་ཕྱིར་རོ། །མངོན་རྟོགས་རྒྱན་གྱིས་བཀའ་བར་པའི་ངེས་དོན་གྱི་དགོངས་པ་གཏན་ལ་འབེབས་ཤིང་། རྒྱུད་བླ་མས་བཀའ་ཐ་མའི་ངེས་དོན་གྱི་དགོངས་པ་གཏན་ལ་འབེབས་པ་ཡིན་ལ། མངོན་རྟོགས་རྒྱན་གྱིས་སྤྲོས་པའི་མཐའ་ཐམས་ཅད་བཀག་པའི་མཐའ་བྲལ་གྱི་སྟོང་ཉིད་གཏན་ལ་འབེབས་ཤིང་། རྒྱུད་བླ་མར་སྤྲོས་པ་ཐམས་ཅད་བཀག་པའི་ཤུལ་དུ་ཟུང་འཇུག་གི་གསལ་བ་ལེགས་པར་གཏན་ལ་འབེབས་པས། བསྟན་བཅོས་མངོན་རྟོགས་རྒྱན་དུ། 35 མ་མཐོང་སྟོན་པར་མཛད་པ་དང་།  ཞེས་པ་ལྟར་འགའ་ཡང་མཐོང་བ་མེད་པ་ལ་དེ་ཁོ་ན་ཉིད་མཐོང་བར་སྟོན་པའི་ཐོས་བསམ་ལྟ་བ་གཙོ་ཆེར་གཏན་ལ་འབེབས་ལ། རྒྱུད་བླར་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པའི་གསམ་ཙམ་རིག་ཙམ་སྒོམ་པ་ཉམས་མྱོང་གི་ལྟ་བ་དེ་ཉིད་གཏན་ལ་འབེབས་པ་ཡིན་ནོ། །མགོན་པོ་ཀླུ་སྒྲུབ་ཀྱི་རིགས་ཚོགས་དང་བསྟོད་ཚོགས་ཀྱང་དེ་བཞིན་དུ་ཤེས་པར་བྱ་ཞིང་། བཀའ་བར་པ་དང་། བཀའ་ཐ་མ་གཉིས་ཀྱང་། སྔ་མས་ཐོས་བསམ་གྱི་ལྟ་བ་དང་། ཕྱི་མས་སྒོམ་པ་ཉམས་མྱོང་གི་ལྟ་བ་གཙོ་བོར་སྟོན་པ་ཡིན་ནོ། །འོན་ཀྱང་བཀའ་བར་པས་ཐོས་བསམ་གྱི་ལྟ་བ་སྟོན་པས་བཀའ་བར་པ་ངེས་དོན་མ་ཡིན་པར་ནི་འདོད་མི་དགོས་ཏེ། དེར་བསྟན་པའི་མཐའ་བྲལ་གྱི་སྟོང་ཉིད་དེ་གསལ་བ་མི་སྤོང་པའི་སྟོང་པ་ཡིན་གྱི། གསལ་བ་སྤོང་པའི་སྟོང་ཉིད་མ་ཡིན་པའི་ཕྱིར་རོ། །དེས་ན་བཀའ་བར་མཐའ་གཉིས་དང་། རིགས་ཚོགས་བསྟོད་ཚོགས་གཉིས་དང་། མངོན་རྟོགས་རྒྱན་དང་རྒྱུད་བླ་མའི་ཁྱད་པར་ནི་གསལ་སྟོང་ཟུང་འཇུག་གི་སྟོང་པ་དང་གསལ་བ་རྩལ་དུ་འདོན་པའི་ཁྱད་པར་ཙམ་ལས་ངེས་པའི་དོན་གཅིག་ཏུ་ཤེས་པར་བྱའོ། །འོ་ན་བཀའ་ཐ་མ་དྲང་དོན་དུ་བཤད་པ་དང་འགལ་ལོ་སྙམ་ན། དེ་ནི་མདོ་སྡེ་དགོངས་པ་ངེས་འགྲེལ་ལྟ་བུ་རིགས་ཆད་ཀྱི་སེམས་ཅན་ཡོད་པ་དང་། མཐར་ཐུག་ཐེག་གསུམ་དུ་གྲུབ་པ་དང་། ཆོས་ཐམས་ཅད་སྐྱེ་མེད་དུ་སྟོན་པའི་མདོ་དྲང་དོན་དུ་གཏན་ལ་འབེབས་པ་དང་། ངོ་བོ་ཉིད་གསུམ་དང་། མཚན་ཉིད་གསུམ་གྱི་རྣམ་བཞག་གཙོ་བོར་སྟོན་པའི་བཀའ་ཐ་མ་རྣམས་ལ་དགོངས་ཀྱི། བཀའ་ཐ་མ་ཡིན་ན་དྲང་དོན་ཡིན་པས་མ་ཁྱབ་པ་ནི་ཀུན་མཁྱེན་ཆེན་པོའི་དགོངས་པ་བླ་ན་མེད་པའོ། །དབུས་མཐའ་རྣམ་འབྱེད་ཀྱིས་ཐེག་པ་ཐུན་མོང་གི་ལམ་རིམ་དང་ཐེག་ཆེན་ཐུན་མོང་མ་ཡིན་པའི་ལམ་གྱི་རིམ་པ་མཚན་ཉིད་སྒྲིབ་པ་སོགས་ལེའུ་ལྔར་བསྡུས་ནས་མདོ་སྡེ་དགོངས་འགྲེལ་ལ་སོགས་པའི་དྲང་དོན་གྱི་མདོ་སྡེའི་དོན་གཏན་ལ་འབེབས། ཆོས་ཉིད་རྣམ་འབྱེད་ཀྱིས་ཆོས་ཅན་འཁོར་བ་དང་ཆོས་ཉིད་མྱ་ངན་ལས་འདས་པ་སོ་སོར་ཕྱེ་ནས་དྲང་དོན་གྱི་མདོ་རྣམས་ཀྱི་དོན་གཏན་ལ་འབེབས། མདོ་སྡེ་རྒྱན་གྱིས་དྲང་དོན་དང་ངེས་དོན་གྱི་མདོ་སྡེ་དུ་མའི་དོན་གསེར་ལས་བརྡུང་བྱས་འདྲ་བ་ལ་སོགས་པ་དཔེ་ལྔས་མཚོན་པའི་དོན་ལྔར་བསྡུས་ནས་སྟོན་པས་དེ་ལྟར་ན་མདོ་སྡེ་རྒྱན་དང་འབྱེད་རྣམ་གཉིས་ཀྱིས་དྲང་དོན་སེམས་ཙམ་པའི་མདོ་ཡི་དོན་ཕྱིན་ཅི་མ་ལོག་པར་གཏན་ལ་འབེབས་པས་སེམས་ཙམ་པའི་བསྟན་བཅོས་ཡིན་ནོ། །གལ་ཏེ་མདོ་སྡེ་རྒྱན་ཡང་ངེས་དོན་གྱི་བསྟན་བཅོས་སུ་འགྱུར་ཏེ། ངེས་དོན་གྱི་མདོ་ཡི་དོན་གཏན་ལ་འབེབས་པའི་ཕྱིར་སྙམ་ན། ངེས་དོན་གྱི་མདོ་ལས་བསྟན་པའི་ལྟ་སྤྱོད་གཉིས་ལས་ལྟ་བའི་དོན་ཕྱིན་ཅི་མ་ལོག་པར་གཏན་ལ་འབེབས་ན་དབུ་མའི་བསྟན་བཅོས་སུ་ཁྱབ་ཀྱང་སྤྱོད་པའི་དོན་གཏན་ལ་འབེབས་ན་དབུ་མར་མ་ཁྱབ་པས་སྐྱོན་མེད་དོ། 

  གཉིས་པ་བཤད་བྱ་གཞུང་ལ་ལྟོས་ན་དྲང་ངེས་གཉིས་སུ་གྲུབ་པ་ནི། 

མངོན་རྟོགས་རྒྱན་དང་རྒྱུད་བླར་ཤེར་ཕྱིན་གྱི་མདོ་ཇི་ལྟ་བ་བཞིན་དུ་གཟུགས་ནས་རྣམ་མཁྱེན་གྱི་བར་ཏེ། ཐུན་མོང་བའི་འགྲེས་རྐང་སུམ་ཅུ་སོ་ལྔ། མ་རྟོགས་འཁོར་བའི་འགྲེས་རྐང་བཅོ་བརྒྱད། གཞི་རྟོགས་པར་བྱེད་པའི་ཐབས་ལམ་གྱི་འགྲེས་རྐང་བཞི་བཅུ་ཞེ་གསུམ། ཐོབ་བྱའི་འབྲས་བུ་ཡི་འགྲེས་རྐང་བཅུ་གཉིས་ཏེ། འགྲེས་རྐང་བརྒྱ་རྩ་བརྒྱད་པོ་ཐམས་ཅད་སྟོང་པར་གསུངས་ཀྱི། བདེན་པར་གྲུབ་པའི་ཆོས་རྡུལ་ཙམ་ཡང་མ་གསུངས་ལ། མངོན་རྟོགས་རྒྱན་ལས། 30 ཆོས་ནི་རྡུལ་ཙམ་མི་དམིགས་ཉིད། ཞེས་དང་། 11 གཟུགས་ལ་སོགས་པ་སྟོང་པའི་ཕྱིར། །ཞེས་སོགས་དང་། མངོན་རྟོགས་རྒྱན་དང་རྒྱུད་བླ་མ་གཉིས་ཆར་དུ། 36 འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ།  ཞེས་དོན་དམ་པར་བསལ་བཞག་དང་བྲལ་ཐོབ་ཅུང་ཟད་ཀྱང་མེད་པར་གསུངས་པས་དབུ་མར་གྲུབ་བོ། །བསྟན་བཅོས་འདི་གཉིས་ཆར་ལས་མདོ་དང་རྩ་ཤེར་སོགས་དང་མཐུན་པར་མཐའ་ཕྱི་མ་གསུམ་ཡང་དཀག་སྟེ། མངོན་རྟོགས་རྒྱན་ལས། 7 གཟུགས་རྟག་མ་ཡིན་མི་རྟག་མི་རྟག་མིན།  ཞེས་དང་། རྒྱུད་བླར། 8 གང་ཞིག་མེད་མིན་ཡོད་མིན་ཡོད་མེད་མ་ཡིན་ཡོད་མེད་ལས་གཞན་དུའང་། །བརྟག་པར་མི་ནུས་ངེས་ཚིག་དང་བྲལ་སོ་སོ་རང་གིས་རིག་ཞི་བ།  ཞེས་ཡོད་མེད་ཡིན་མིན་དང་རྟག་མི་རྟག་ཐམས་ཅད་དགག་པར་མཛད་པའི་ཕྱིར་རོ། །གཞན་ཡང་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་རིགས་སུ་ངེས་པ་དང་། མཐར་ཐུག་ཐེག་པ་གཅིག་ཏུ་ངེས་པར་བསྟན་པས་འདི་གཉིས་ནི་ཟབ་མོ་དབུ་མའི་གཞུང་ལས་འདའ་བ་མེད་ལ། སྒྲུབ་བྱེད་འདི་དག་གིས་བྱམས་ཆོས་ཐོག་མཐའ་གཉིས་དབུ་མར་མི་འགྲུབ་ན་ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་ལུགས་རྣམས་ཀྱང་དབུ་མར་གནས་པའི་སྒྲུབ་བྱེད་ལྷག་པོ་ཅི་ཡང་མེད་དོ། 

བྱམས་པའི་ཆོས་སྡེ་ལྔ་ལས་འབྱེད་རྣམ་གཉིས་སེམས་ཙམ་དུ་གྲུབ་སྟེ། མཚན་ཉིད་གསུམ་གྱི་སྒོ་ནས་གསུང་རབ་འཆད་པ་གང་ཞིག འདི་གཉིས་ཆར་ལས་གཉིས་སྟོང་གི་ཤེས་པ་བདེན་མེད་དུ་སྟོན་པའི་ཚིག་ཟིན་དང་རིགས་པ་གང་ཡང་མེད་པ་མ་ཟད། དབུས་མཐར། 13 ཡོད་པས་མེད་པས་ཡོད་པས་ན། །ཞེས་གཞན་དབང་དང་ཡོངས་གྲུབ་རང་གི་མཚན་ཉིད་ཀྱིས་ཡོད་པར་གསུངས་ཤིང་། ཆོས་ཉིད་རྣམ་འབྱེད་དུའང་དེ་དང་མཐུན་པར་གསུངས་པའི་ཕྱིར་རོ།  མདོ་སྡེ་རྒྱན་ལས། གཞིའི་དུས་སུ་རིགས་ཆད་ཀྱི་སེམས་ཅན་ཡོད་པར་བཤད་པ་དང་། ལམ་གྱི་དུས་སུ་ཆོས་ཐམས་ཅད་སྐྱེ་མེད་དུ་གཏན་ལ་འབེབས་པའི་མདོ་དྲང་དོན་དུ་སྟོན་པ་དང་། འབྲས་བུའི་དུས་སུ་མཐར་ཐུག་ཐེག་པ་གཅིག་ཏུ་ངེས་པ་དྲང་དོན་དུ་བསྟན་ནས་མཐར་ཐུག་ཐེག་པ་གསུམ་དུ་བསྟན་པས་དོན་དམ་གྱི་ལྟ་བ་ཀུན་རྫོབ་ཀྱི་གྲུབ་མཐའ་གང་ལ་བསམ་ཀྱང་སེམས་ཙམ་ལས་འདའ་བ་མེད་དོ། །འོ་ན་དེར་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་བསྟན་པ་དང་། ཕར་ཕྱིན་དྲུག་དང་བསྡུ་དངོས་བཞིའི་སྤྱོད་པ་དང་། སྐུ་གསུམ་དང་ཡེ་ཤེས་བཞིའི་རྣམ་བཞག་སྟོན་པས་སེམས་ཙམ་དུ་གནས་པར་འགལ་ལོ་སྙམ་ན་སྐྱོན་མེད་དེ། དབུ་སེམས་ཀྱི་ཁྱད་པར་ལྟ་བས་འབྱེད་ཀྱི་སྤྱོད་པས་མི་འབྱེད་ལ། འདིར་ངེས་དོན་གྱི་མདོ་སྡེ་དག་གི་སྤྱོད་པའི་ཆ་གཏན་ལ་འབེབས་པ་ལས་ལྟ་བ་གཏན་ལ་མི་འབེབས་པའི་ཕྱིར་རོ།  དོན་འདི་ལ་དགོངས་ནས་མཇམ་མགོན་ས་པཎ་གྱིས། 37 སྤྱོད་པ་རྒྱ་ཆེན་ཤིན་ཏུ་རྒྱས་པའི་མདོ། །ལྟ་བའི་དེ་ཉིད་ཤེས་རབ་ཕ་རོལ་ཕྱིན། །མི་འགལ་གསལ་བར་སྟོན་པ་ཁོ་བོའི་གཞུང་།  ཞེས་གསུངས་སོ། །མདོར་བསྡུ་ན་གཞུང་འདི་གསུམ་ལས་མཚན་ཉིད་གསུམ་གྱི་སྒོ་ནས་གསུང་རབ་འཆད་པ་གང་ཞིག མཐར་ཐུག་ཐེག་པ་གསུམ་དུ་གྲུབ་པ་དང་། ཆོས་ཐམས་ཅད་སྐྱེ་མེད་དུ་སྟོན་པའི་མདོ་དྲང་དོན་དུ་བསྟན་པ་དང་། རིགས་ཆད་ཀྱི་སེམས་ཅན་ཡོད་པར་བསྟན་པ་དང་། ཀུན་བརྟགས་བདེན་པར་མེད་ཅིང་གཞན་དབང་དང་ཡོངས་གྲུབ་བདེན་པ་བསྟན་པའི་ཕྱིར་དང་། ཀུན་མཁྱེན་ཆེན་པོའི་སེམས་ཙམ་པའི་འདོད་པ་སྨོས་པ་ན་ཡང་གཞུང་འདི་གསུམ་གཙོ་བོར་སྨོས་པའི་ཕྱིར་རོ།  གལ་ཏེ་གཞུང་འདི་གསུམ་སེམས་ཙམ་དུ་མི་འགྱུར་ན་སེམས་ཙམ་པའི་བསྟན་བཅོས་ཤེས་བྱ་ལ་མི་སྲིད་པར་འདོད་དགོས་སོ།།

 བཞི་པ་ཧ་ཅང་ཐལ་བའི་ཀླན་ཀ་སྤོང་བ་ལ། 

གསེར་མདོག་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས། བྱམས་ཆོས་ལྔའི་ངེས་དོན་རབ་ཏུ་གསལ་བ་ལས། 38 སྔོན་གྱི་སློབ་དཔོན་ཁ་ཅིག་བྱམས་ཆོས་ཐོག་མཐའ་གཉིས་དབུ་མའི་བསྟན་བཅོས་ཡིན་པའི་སྒྲུབ་བྱེད་དུ། མངོན་རྟོགས་རྒྱན་ནི་འཁོར་ལོ་བར་པའི་དགོངས་འགྲེལ་ཡིན་པ་དང་། འཕགས་སེང་གཉིས་ཀྱིས་དབུ་མར་བཀྲལ་བའི་ཕྱིར་ཞེས་དང་། རྒྱུད་བླ་མར་དེ་བཞིན་གཤེགས་པའི་སྙིང་པོའི་མིང་ཅན་སྤྲོས་པའི་མཐའ་ཐམས་ཅད་བཀག་པའི་མེད་པར་དགག་པ་དེ་ཉིད་བརྗོད་བྱའི་གཙོ་བོར་སྟོན་པའི་ཕྱིར་དང་། ཐོགས་མེད་ཞབས་ཀྱིས་ངོ་བོ་ཉིད་མེད་པར་སྨྲ་བའི་ཚུལ་དུ་བཀྲལ་བའི་ཕྱིར་ཞེས་རྒྱུ་མཚན་གཉིས་གཉིས་ལ་བརྟེན་ནས་མངོན་རྟོགས་རྒྱན་དང་རྒྱུད་བླ་མ་དབུ་མའི་བསྟན་བཅོས་སུ་ཁས་འཆེ་བར་བཤད་ནས་དེ་ལ་རྩོད་པ་མང་དུ་བྱས་འདུག་ཀྱང་། རང་ལུགས་ནི་འཁོར་ལོ་བར་པའི་དགོངས་འགྲེལ་ཡིན་པ་ཙམ་གྱིས་དབུ་མ་ཡིན་པས་ཁྱབ་པ་མི་བཅའ་ལ། འཕགས་སེང་གཉིས་ཀྱིས་དབུ་མར་བཀྲལ་བའི་ཕྱིར་ན་མངོན་རྟོགས་རྒྱན་དབུ་མ་ཡིན་ནོ་ཞེས་སྒྲུབ་བྱེད་གཙོ་བོར་མི་འཛིན་པས་སྒྲུབ་བྱེད་དེ་གཉིས་ལ་བརྟེན་པའི་ཀླན་ཀ་གང་ཡང་མི་འཇུག་ལ། རྒྱུད་བླ་མར་བདེ་བར་གཤེགས་པའི་སྙིང་པོ་སྤྲོས་པ་མཐའ་དག་དཀག་པའི་མེད་དགག་གི་ལྡོག་ཆ་ནས་བསྟན་པར་ནམ་ཡང་མི་སྨྲ་ཞིང་། ཐོགས་མེད་ཞབས་ཀྱིས་ངོ་བོ་ཉིད་མེད་པར་སྨྲ་བའི་ཚུལ་དུ་བཀྲལ་བའི་ཕྱིར་ན་རྒྱུད་བླ་མ་དབུ་མའི་བསྟན་བཅོས་ཡིན་ནོ་ཞེས་པའི་སྒྲུབ་བྱེད་ཀྱང་ནམ་ཡང་འགོད་མི་སྲིད་པས་སྒྲུབ་བྱེད་ཕྱི་མ་གཉིས་ལ་བརྟེན་པའི་ཀླན་ཀའི་སྐབས་ཀྱང་ཡོད་པ་མ་ཡིན་ནོ། 

བསྟན་བཅོས་བར་པ་གསུམ་སེམས་ཙམ་ཡིན་པའི་སྒྲུབ་བྱེད་དུ། བསྟན་བཅོས་བར་པ་གསུམ་ལས་ཀུན་བཏགས་བདེན་པར་མེད་པ་དང་། གཞན་དབང་དང་ཡོངས་གྲུབ་བདེན་པར་གྲུབ་པའི་ཚུལ་གསལ་བར་བཤད་པའི་ཕྱིར་ཞེས་པ་དེ་ཉིད་ཕྱོགས་སྔར་བྱས་ནས། གཞུང་དེ་གསུམ་འགྲེལ་བ་དང་བཅས་པ་ན་གཞན་དབང་སྒྱུ་མ་ལྟ་བུར་སྟོན་པ་ཤ་སྟག་ཡོད་ཀྱི་བདེན་གྲུབ་ཏུ་སྟོན་པ་གཅིག་ཀྱང་མེད་པའི་ཕྱིར་ཞེས་གསུངས་ཀྱང་མདོ་སྡེ་དགོངས་འགྲེལ་ལས་གཞན་དབང་ལ་སྒྱུ་མ་དཔེར་བྱས་པ་ནི་སྒྱུ་མའི་སྤྲུལ་གཞི་རྟ་གླང་དུ་མེད་ཀྱང་རྟ་གླང་དུ་སྣང་བ་ལྟར། གཞན་དབང་ཡང་གཟུང་འཛིན་གཉིས་སུ་མེད་ཀྱང་གཟུང་འཛིན་གཉིས་སུ་སྣང་བའི་དཔེ་ཡིན་གྱི་གཞན་དབང་སྒྱུ་མ་ལྟ་བུར་སྟོན་པ་མིན་པར་མདོ་39རང་ལས་གསལ་ལ། མདོ་སྡེ་རྒྱན་ལས། 40 ཇི་ལྟར་སྒྱུ་མ་དེ་བཞིན་དུ། །ཡང་དག་མ་ཡིན་ཀུན་རྟོག་འདོད། །སྒྱུ་མའི་རྣམ་པ་ཇི་ལྟ་བུ། །དེ་བཞིན་གཉིས་སུ་འཁྲུལ་པར་བརྗོད། །ཅེས་སྒྱུ་མའི་སྤྲུལ་གཞི་གཞན་དབང་གི་དཔེ་དང་། སྒྱུ་མའི་རྣམ་པ་ཀུན་བརྟགས་ཀྱི་དཔེར་གསུངས་པ་ནི་གཞན་དབང་གཟུང་འཛིན་གཉིས་སུ་འཁྲུལ་བའི་གཞི་དང་། ཀུན་བརྟགས་འཁྲུལ་བའི་དབང་གིས་བྱུང་བའི་གཟུང་འཛིན་ལ་འཇོག་པའི་དཔེ་ཡིན་པར་ཀུན་མཁྱེན་ཆེན་པོའི་དགོངས་པ་དེ་ཉིད་མདོ་སྡེ་རྒྱན་གྱི་དགོངས་པར་འབྱོར་བར་སྣང་ངོ་། །འདིས་མཚོན་ནས་བརྒྱད་སྟོང་དོན་བསྡུས་སོགས་སེམས་ཙམ་པའི་གཞུང་ལུགས་ཁུངས་ཐུབ་རྣམས་སུ་གཞན་དབང་ལ་སྒྱུ་མའི་དཔེར་གསུངས་པ་ནི་སྒྱུ་མའི་སྤྲུལ་གཞི་ལ་འདོད་དགོས་པར་དཔྱད་ན་ཤེས་སོ།  གཞན་དབང་བདེན་གྲུབ་ཏུ་སྟོན་པ་མེད་དོ་སྙམ་ན། འོ་ན་ཡོངས་གྲུབ་བདེན་གྲུབ་ཏུ་སྟོན་པ་མེད་དོ་ཟེར་ན་ཅིས་འགོག གལ་ཏེ་གཞུང་ལུགས་འདི་གསུམ་ལས་ཀུན་བཏགས་བདེན་པར་མེད་པ་ཤ་སྟག་སྟོན་གྱི། ཡོངས་གྲུབ་བདེན་པ་འགོག་པའི་ལུང་རིགས་གང་ཡང་མ་བསྟན་པའི་ཕྱིར་སྙམ་ན། ཁོ་བོ་ཡང་གཞུང་ལུགས་འདི་གསུམ་ལས་མཚན་ཉིད་གསུམ་གྱི་སྒོ་ནས་གསུང་རབ་འཆད་པ་གང་ཞིག ཀུན་བཏགས་བདེན་པར་མེད་པ་ཤ་སྟག་སྟོན་གྱི། གཞན་དབང་དང་ཡོངས་གྲུབ་བདེན་མེད་དུ་སྟོན་པའི་ལུང་རིགས་གང་ཡང་མ་བསྟན་པར་མ་ཟད་བདེན་པ་འགོག་པའི་ཚིག་ཟིན་ཙམ་ཡང་མེད་པས་སེམས་ཙམ་ལས་འདའ་བ་མེད་པར་སྨྲའོ། །གཞན་དུ་ན་འདི་གསུམ་སེམས་ཙམ་པའི་བསྟན་བཅོས་མ་ཡིན་ན་སེམས་ཙམ་པའི་བསྟན་བཅོས་ཤེས་བྱ་མི་སྲིད་ཐལ་བའམ། ཡོད་ན་སྟོན་དགོས་པ་ལས་སྟོན་རྒྱུ་མེད་དོ། །སློབ་དཔོན་དབྱིག་གཉེན་གྱིས་བྱམས་ཆོས་བར་པ་གསུམ་དབུ་མར་འགྲེལ་བས་འདི་གསུམ་དབུ་མའི་བསྟན་བཅོས་ཡིན་པར་འདོད་དོ་ཞེ་ན། དེས་བཤད་པའི་དབུ་མ་ནི་སེམས་ཙམ་རྣམ་རིག་པ་ཡིན་གྱི་རྟག་ཆད་གཉིས་ལས་གྲོལ་བའི་དབུ་མ་མིན་པས་དེས་བྱམས་ཆོས་བར་པ་གསུམ་སེམས་ཙམ་དུ་བཀྲལ་བ་མ་གཏོགས་དབུ་མར་དཀྲལ་བ་མིན་ནོ། །སློབ་དཔོན་སེང་གེ་བཟང་པོས་ཀྱང་། 41 འགྲོ་དོན་རྩ་ལག་དབྱིག་གི་གཉེན། །རང་གི་མོས་པ་གཙོར་བྱེད་པས། །ཤེས་བྱ་ནང་གི་ཡིན་པ་ལ། །ཡང་དག་བརྟེན་ནས་རྣམ་པར་བཀྲོལ། །ཞེས་གསུངས་སོ།། 

འདིར་ངེས་པར་བཅོད་འོས་པའི་དོགས་པ་རྣམས་ནི་ཞར་བྱུང་དང་རྩོད་སྤོང་ཅི་རིགས་པའི་སྐབས་སུ་བཅད་ཟིན་ཞིང་། སླར་ཡང་རྣམ་དཔྱོད་དང་ལྡན་པའི་དྲི་བ་ཡོད་ཚེ་ངག་ལས་ཤེས་པར་བྱ་ཡི། འདིར་བྲི་བར་ག་ལ་ལོང་། ཆོས་ལྔ་ཡི་གྲངས་ངེས་ལ་དྲང་དོན་དང་ངེས་དོན། དྲང་ངེས་སྣ་ཚོགས་པའི་མདོ་སྡེ་གཏན་ལ་འབེབས་པའི་དབང་དུ་བྱས་ནས་ཆོས་ལྔར་ངེས་ཀྱི། སྡེ་སྣོད་གསུམ་གཏན་ལ་འབེབས་པའི་དབང་དུ་བྱས་ནས་ཆོས་ལྔར་ངེས་ཞེས་དང་། མདོ་སོ་སོ་བ་དང་། ཐུན་མོང་བ་གཏན་ལ་འབེབས་པའི་དབང་དུ་བྱས་ནས་ཆོས་ལྔར་ངེས་ཞེས་དང་། གཙོ་བོ་ལུས་ལྟ་བུ་དང་། གྱེས་པ་ཡན་ལག་ལྟ་བུའི་བསྟན་བཅོས་ཀྱི་དབང་དུ་བྱས་ནས་ཆོས་ལྔར་ངེས་ཞེས་མི་སྨྲ་ཞིང་། ཆོས་ལྔ་ཡི་གོ་རིམ་ལ་ཡང་མངོན་རྟོགས་རྒྱན་ཐོག་མར་གསུངས་ཤིང་། རྒྱུད་བླ་མའི་བསྟན་བཅོས་ཐ་མར་གསུངས་པ་ཡང་དམ་མི་བཅའ་ལ། མངོན་རྟོགས་རྒྱན་ལ་མཆོད་བརྗོད་དང་རྒྱུད་བླ་མ་ལ་བསྔོ་བ་མཛད་པས་བསྟན་བཅོས་ལྔ་པོ་དཀྱུས་ཐོགས་གཅིག་ཡིན་ནོ་ཞེས་པ་ཡང་མི་སྨྲ་བས་དེ་དག་ལ་བརྟེན་པའི་དོགས་པ་བཅོད་མི་དགོས་སོ།  

གཞན་ཡང་པཎ་ཆེན་ཤཱཀ་མཆོག་དང་དོལ་པོ་བ་སོགས་ཀྱིས་བྱམས་ཆོས་ལྔ་པོ་གཞན་སྟོང་དུ་བཀྲལ་ཀྱང་དེ་དག་གིས་བཤད་པའི་གཞན་སྟོང་དབུ་མ་ནི་སེམས་ཙམ་ལས་འདའ་བ་མེད་པའི་ཚུལ། དེ་དང་རང་སྟོང་དབུ་མ་མི་འགལ་ན་དབུ་སེམས་མི་འགལ་བར་ཐལ་བ་དང་། ཕྱི་ནང་མི་འགལ་བར་ཐལ་ཚུལ། མངོན་རྟོགས་རྒྱན་གྱི་དགོངས་པ་རང་རྒྱུད་ལྟར་དུ་གནས་པར་སྔོན་གྱི་སློབ་དཔོན་ཕལ་ཆེ་བས་བཞེད་ཀྱང་། ཐལ་འགྱུར་ལྟར་དུ་བཀྲལ་ན་གནོད་བྱེད་མེད་ལ་གཞུང་གི་སྒྲུབ་བྱེད་མང་དུ་ཡོད་ཚུལ། དེ་ལ་སྐྱོན་བརྗོད་པ་རྣམས་མི་འཇུག་པའི་ཚུལ་སོགས་ཞིབ་འཇུག་གི་རྣམ་གྲངས་མང་པོས་གཞུང་དོན་དངོས་ལ་ཞུགས་ནས་རྒྱན་དང་བྱམས་ཆོས་ཁག་ལ་ཅུང་ཟད་དཔྱད་པའི་སྟ་གོན་བགྱིས་མོད། ཧ་ཅང་མང་ན་ཉོབ་པའི་རྒྱུར་འགྱུར་བས་རེ་ཞིག་མཇུག་འདི་ནས་རྫོགས་པར་བྱའོ། 

མི་ཕམ་མགོན་པོའི་གསུང་རབ་རྒྱ་མཚོ་རྣམ་དཔྱོད་རླུང་གིས་སྲུབ་པ་ལས།།
དོན་དང་དོན་མིན་རྣམ་པར་འབྱེད་ལ་ཆེས་ཆེར་མི་འཇིགས་སྤོབས་པ་ཐོབ།།
མང་ཐོས་ལེགས་བཤད་རྣམ་མང་སྤུངས་པའི་དཀར་གསལ་མདངས་ཀྱིས་རབ་མཛེས་པ།།
སྐྱེ་དགུ་ཚ་གདུང་རྣམ་པར་འཇོམས་པའི་ཞི་བསིལ་དགའ་སྟོན་ཅན་འདི་རྨད།།

ཅེས་པ་ནི་ངལ་གསོ་བའི་སྤོབས་པའི་ཚིགས་སུ་བཅད་པའོ། 

སླར་སྨྲས་པ། 


རྒྱན་དང་རྒྱན་འགྲེལ་བཅུ་ཕྲག་ལྷག་ཙམ་དང་། 
ཆོས་སྡེ་ལྔ་ཡི་ལེགས་བཤད་མ་ལུས་ལ། 
ཐོས་དང་བསམ་པས་སྒྲོ་འདོགས་རབ་བཅད་པས།།
ད་ལྟ་མེ་ལོང་བཞིན་དུ་ཅུང་ཙམ་གསལ།།

འོན་ཀྱང་མདོ་དང་ཆོས་ལྔའི་དགོངས་དོན་ལ།།
བརྩོན་པའི་འགྲུས་ཀྱིས་སྦྱང་པ་ཞན་པས་ན།།
དོན་ལ་མི་གནས་དོན་ལོག་དོན་འགལ་སོགས།།
ལོག་བཤད་གང་ཡོད་རྒྱལ་བའི་མདུན་དུ་བཤགས།།
འདི་ལས་བྱུང་བའི་རབ་དཀར་དགེ་བའི་ཚོགས།།
རྒྱུན་ཆད་མེད་པའི་བསོད་ནམས་གང་ཐོབ་པ།།
ཡབ་ཆེན་གཙོར་བྱས་མ་གྱུར་སྐྱེ་དགུ་ཀུན།།
རྣམ་དག་སངས་རྒྱས་ཐོབ་པའི་རྒྱུར་གྱུར་ཅིག།
བདག་ལ་གཅེས་པར་བསྐྱང་པའི་ཕ་མ་ལ། 
ཚེ་རབས་ཀུན་ཏུ་དྲིན་ལན་འཕྲོད་པར་ཤོག 
ཕ་མའི་དྲིན་ལན་འཕྲོད་པར་མ་ནུས་ཀྱང་། 
ཕ་མའི་སེམས་དང་འགལ་བའི་བྱ་བ་ཀུན། 
ཅུང་ཟད་ཙམ་ཡང་བདག་གིས་མི་བྱེད་ཤོག 
ཚེ་རབས་ཀུན་ཏུ་དཔལ་ལྡན་བླ་མ་ཡི། 
ཞབས་ཏོག་ཅི་དགོས་བདག་གིས་སྒྲུབ་པར་ཤོག 
བླ་མའི་ཞབས་ཏོག་ལེགས་པར་མ་འགྲུབ་ཀྱང་། 
བླ་མའི་ཐུགས་དང་འགལ་བའི་བྱ་བ་ཀུན། 
སྒྲུབ་པའི་རྨི་ལམ་ཙམ་ཡང་མི་འབྱུང་ཤོག 
བདག་ནི་འདི་ནས་སྐྱེ་བ་ཐམས་ཅད་དུ། 
བརྩོན་འགྲུས་དྲག་པོས་བཀའ་དང་བསྟན་བཅོས་ལ། 
སྦྱང་པའི་ཡོན་ཏན་ཕུལ་དུ་ཕྱིན་གྱུར་ནས། 
ཀུན་སློང་ཟང་ཟིང་མེད་པའི་བསམ་པ་ཡིས། 
བརྩེ་བས་བསྟན་པ་གཞན་ལ་སྤེལ་བར་ཤོག 
ཤེས་བརྩོན་ཟུང་དུ་འབྲེལ་བའི་བློ་གྲོས་ཀྱིས། 
མདོ་དང་རྒྱན་གྱི་དགོངས་དོན་རྟོགས་པར་ཤོག 
གཞུང་གི་དགོངས་དོན་རྟོགས་པར་མ་ནུས་ཀྱང་། 
ཆོས་ལ་ལོག་ལྟ་ནམ་ཡང་མི་འབྱུང་ཤོག 
བདག་ནི་འདི་ནས་སྐྱེ་བ་ཐམས་ཅད་དུ། 
རང་དང་གཞན་གྱི་དོན་ཆེན་སྒྲུབ་པར་ཤོག 
རང་གཞན་དོན་གཉིས་སྒྲུབ་པར་མ་ནུས་ཀྱང་། 
གནོད་པའི་ལས་ངན་བྱེད་པར་མ་གྱུར་ཅིག 
སྐྱེ་དང་སྐྱེ་བར་མན་ངག་སྟོན་པ་ཡི། 
རྣམ་དག་དགེ་བའི་བཤེས་དང་མཇལ་བར་ཤོག 
བཤེས་གཉེན་དམ་པར་ཕྲད་པར་མ་གྱུར་ཀྱང་། 
ཆོག་ལོག་སྟོན་པའི་བཤེས་དང་མི་ཕྲད་ཤོག 
ཚེ་རབས་ཀུན་ཏུ་རྒྱལ་བའི་བསྟན་པ་དང་། 
ཕྲད་ནས་བསྟན་ལ་བྱ་བ་བྱེད་པར་ཤོག 
བསྟན་ལ་བྱ་བ་བྱེད་པའི་མཐུ་མེད་ཀྱང་། 
བསྟན་ལ་གནོད་པའི་བྱ་བ་མི་བྱེད་ཤོག 
སྐྱེ་བ་འདི་དང་སྐྱེ་བ་ཐམས་ཅད་དུ། 
དོན་ལྡན་ལས་ལ་ངང་གིས་འཇུག་པར་ཤོག 
དོན་མེད་དོན་ལོག་ཕྱིན་ཅི་ལོག་པ་ཡི། 
བྱ་བ་སྒྲུབ་པའི་ནུས་པ་མེད་པར་ཤོག 
གང་ཞིག་དོན་དང་ལྡན་གྱུར་ན།། 
མ་སྒྲུབ་ན་ཡང་འགྲུབ་འགྱུར་ཞིང་།། 
གང་ཞིག་དོན་དང་མི་ལྡན་པ།། 
སྒྲུབ་ཀྱང་འགྲུབ་པར་མ་གྱུར་ཅིག།  

ཞེས་པ་འདི་ནི་འཇམ་མགོན་གཞན་ཕན་སྙིང་པོའི་ཞབས་རྡུལ་སྤྱི་བོས་ལེན་པའི་སྐལ་བ་ཐོབ་ཅིང་། ཡོངས་འཛིན་བཀའ་དྲིན་ཅན་སློབ་དཔོན་བསོད་གྲགས་དང་སློབ་དཔོན་ཡོན་ཏན་སོགས་ཀྱི་སྐུ་མདུན་ནས་ལོ་ངོ་གསུམ་གྱི་རིང་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་སློབ་གཉེར་བྱེད་པའི་བསོད་ནམས་བྱུང་བ་བེའུ་རུ་འཇམ་དབྱངས་མདོ་སྔགས་ནས་ཕར་ཕྱིན་གོང་མའི་ལོ་མཇུག་དཔྱད་རྩོམ་དུ་སྟོན་པ་འདས་ནས་ལོ་༢༥༦༣ལོན་པ། རབ་བྱུང་བཅུ་བདུན་པའི་ཀུན་ལྡན་ལྕགས་ཕོ་བྱི་བའི་ལོ་མགོ་ཟླ་བའི་ཡར་ཚེས་བཅུ་བཞི་སྟེ། འཇམ་མགོན་བླ་མ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་གཟིམས་ནས་ལོ་ཧྲིལ་པོ་༧༦༩འཁོར་བའི་དུས་ཚིགས་ཁྱད་པར་ཅན་དུ་མཁས་གྲུབ་བྱེ་བའི་འབྱུང་གནས་རྫོང་སར་ཁམས་བྱེ་བཤད་གྲྭ་རུ་རྫོགས་པར་བྲིས་པ་དགེའོ།། འདིས་ཀྱང་བསྟན་པ་ལ་ཕན་ཐོགས་པར་གྱུར་ཅིག། །།   དགེའོ།  དགེའོ།  དགེའོ། 
 


1 མཛད་པ་པོ། གཡག་སྟོན་སངས་རྒྱས་དཔལ། དཔེ་མིང་། རྒྱན་གྱི་གསལ་བྱེད་རིན་པོ་ཆེའི་སྒྲོན་མེ། ཕར་ཕྱིན་ཕྱོགས་སྒྲིག པོད་ཉེར་གསུམ། ལྡེབ་གྲངས། 443 དཔེ་སྐྲུན་ཁང་། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། བསྐྲུན་ལོ། 2015   2 མཛད་པ་པོ། དོལ་བུ་པ་ཤེས་རབ་རྒྱལ་མཚན། དཔེ་མིང་། བཀའ་བསྡུ་བཞི་པའི་བསྟན་རྩིས་ཆེན་པོ་ཞེས་པའི་དེབ་ལས་སློབ་མ་ལ་སྤྲིང་བ་སྒྲོ་སྐུར་སྤང་བ། ལྡེབ་གྲངས། 189 བོད་ལྗོངས་མི་དམངས་དཔེ་རྙིང་དཔེ་སྐྲུན་ཁང་། བསྐྲུན་ལོ། 2011   3 མཛད་པ་པོ། རེད་མདའ་བ་གཞོན་ནུ་བློ་གྲོས། དཔེ་མིང་། རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱི་གསུམ་འབུམ་པོད་གསུམ་པ། རྩེ་ཆེན་མཁན་པོའི་དྲིས་ལན། ལྡེབ་གྲངས། 153   4 མཛད་པ་པོ། རེད་མདའ་བ་གཞོན་ནུ་བློ་གྲོས། དཔེ་མིང་། རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱི་གསུམ་འབུམ་པོད་གསུམ་པ། བླ་མ་འོད་ཟེར་རྒྱལ་མཚན་གྱི་ཞུས་ལན། 201 དཔེ་སྐྲུན་ཁང་། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། བསྐྲུན་ལོ། 2015   5 མཛད་པ་པོ། གཡག་སྟོན་སངས་རྒྱས་དཔལ། དཔེ་མིང་། རྒྱན་གྱི་གསལ་བྱེད་རིན་པོ་ཆེའི་སྒྲོན་མེ། ཕར་ཕྱིན་ཕྱོགས་སྒྲིག པོད་ཉེར་གསུམ། ལྡེབ་གྲངས། 443 དཔེ་སྐྲུན་ཁང་། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། བསྐྲུན་ལོ། 2015   6 མཛད་པ་པོ། པཎ་ཆེན་ཤཱཀ་མཆོག དཔེ་མིང་། བྱམས་ཆོས་ལྔའི་ངེས་དོན་རབ་ཏུ་གསལ་བ། པོད་གྲངས།   ལྡེབ་གྲངས། 2 དཔེ་སྐྲུན་ཁང་། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། བསྐྲུན་ལོ། 2013   7 མཛད་པ་པོ། བྱམས་མགོན། དཔེ་མིང་།  མངོན་རྟོགས་རྒྱན། རྩ་བ་ཕྱོགས་སྒྲིག པོད། ག་པ། དེབ་གྲངས། རིང་བརྩིས། 317   8 མཛད་པ་པོ། བྱམས་མགོན། དཔེ་མིང་། རྒྱུད་བླ་མ། རྩ་བ་ཕྱོགས་སྒྲིག པོད། ག་པ། དེབ་གྲངས། རིང་བརྩིས། 528   9 མཛད་པ་པོ། བྱམས་མགོན། དཔེ་མིང་། དབུས་མཐའ་རྣམ་འབྱེད། རྩ་བ་ཕྱོགས་སྒྲིག པོད། ག་པ། དེབ་གྲངས། རིང་བརྩིས། 488   10 མཛད་པ་པོ། ཕྱོགས་ཀྱི་གླང་པོ། དཔེ་མིང་། བརྒྱད་སྟོང་དོན་བསྡུས། ལྟ་བའི་ཤན་འབྱེད་དུ་དྲང་པ་སྤྱི་དེབ། 436   11 མཛད་པ་པོ། བྱམས་མགོན། དཔེ་མིང་།  མངོན་རྟོགས་རྒྱན། རྩ་བ་ཕྱོགས་སྒྲིག པོད། ག་པ། དེབ་གྲངས། རིང་བརྩིས། 311   12 མཛད་པ་པོ། བྱམས་མགོན། དཔེ་མིང་།  མངོན་རྟོགས་རྒྱན། རྩ་བ་ཕྱོགས་སྒྲིག པོད། ག་པ། དེབ་གྲངས། རིང་བརྩིས། 317   13 མཛད་པ་པོ། བྱམས་མགོན། དཔེ་མིང་། དབུས་མཐའ་རྣམ་འབྱེད། རྩ་བ་ཕྱོགས་སྒྲིག པོད། ག་པ། དེབ་གྲངས། རིང་བརྩིས། 488   14 མཛད་པ་པོ། ཀླུ་སྒྲུབ། དཔེ་མིང་།  རྩ་བ་ཤེས་རབ། རྩ་བ་ཕྱོགས་སྒྲིག པོད། ག་པ། དེབ་གྲངས། རིང་བརྩིས། 50   15 མཛད་པ་པོ། བྱམས་མགོན། དཔེ་མིང་། རྒྱུད་བླ་མ། རྩ་བ་ཕྱོགས་སྒྲིག པོད། ག་པ། དེབ་གྲངས། རིང་བརྩིས། 555   16 མཛད་པ་པོ། བྱམས་མགོན། དཔེ་མིང་། རྒྱུད་བླ་མ། རྩ་བ་ཕྱོགས་སྒྲིག པོད། ག་པ། དེབ་གྲངས། རིང་བརྩིས། 559   17 མཛད་པ་པོ། ས་སྐྱ་པཎྡི་ཏ། དཔེ་མིང་། སྡོམ་གསུམ་རབ་དབྱེ། རྩ་བ་ཕྱོགས་སྒྲིག པོད། ང་པ། དེབ་གྲངས། རིང་བརྩིས། 535   18 མཛད་པ་པོ། བྱམས་མགོན། དཔེ་མིང་། མདོ་སྡེ་རྒྱན། རྩ་བ་ཕྱོགས་སྒྲིག པོད། ག་པ། དེབ་གྲངས། རིང་བརྩིས། 364   19 མཛད་པ་པོ། བྱམས་མགོན། དཔེ་མིང་། དབུས་མཐའ་རྣམ་འབྱེད། རྩ་བ་ཕྱོགས་སྒྲིག པོད། ག་པ། དེབ་གྲངས། རིང་བརྩིས། 490   20 མཛད་པ་པོ། བྱམས་མགོན། དཔེ་མིང་། ཆོས་ཉིད་རྣམ་འབྱེད། རྩ་བ་ཕྱོགས་སྒྲིག པོད། ག་པ། དེབ་གྲངས། རིང་བརྩིས། 520   21 མཛད་པ་པོ། དཔལ་ལྡན་ཟླ་བ། དཔེ་མིང་།  དབུ་མ་ལ་འཇུག་པ། རྩ་བ་ཕྱོགས་སྒྲིག པོད། ག་པ། དེབ་གྲངས། རིང་བརྩིས། 233   22 མཛད་པ་པོ། དཔལ་ལྡན་ཟླ་བ། དཔེ་མིང་།  དབུ་མ་ལ་འཇུག་པ། རྩ་བ་ཕྱོགས་སྒྲིག པོད། ག་པ། དེབ་གྲངས། རིང་བརྩིས། 275   23 མཛད་པ་པོ། དཔལ་ལྡན་ཟླ་བ། དཔེ་མིང་།  དབུ་མ་ལ་འཇུག་པའི་འགྲེལ་བཤད། རྒྱ་འགྲེལ་ཕྱོགས་སྒྲིག པོད། ད་པ། དེབ་གྲངས། སྤྱི་དེབ། 731   24 མཛད་པ་པོ། ཀུན་མཁྱེན་གོ་རམས་པ། དཔེ་མིང་།  ལྟ་བ་ངན་སེལ། ཀུན་མཁྱེན་བཀའ་འབུམ། པོད། ཅ་པ། དེབ་གྲངས། སྤྱི་དེབ། 319   25 མཛད་པ་པོ། བྱམས་མགོན། དཔེ་མིང་། རྒྱུད་བླ་མ། རྩ་བ་ཕྱོགས་སྒྲིག པོད། ག་པ། དེབ་གྲངས། རིང་བརྩིས། 554   26 མཛད་པ་པོ། བྱམས་མགོན། དཔེ་མིང་།  མངོན་རྟོགས་རྒྱན། རྩ་བ་ཕྱོགས་སྒྲིག པོད། ག་པ། དེབ་གྲངས། རིང་བརྩིས། 304   27 མཛད་པ་པོ། བྱམས་མགོན། དཔེ་མིང་།  མངོན་རྟོགས་རྒྱན། རྩ་བ་ཕྱོགས་སྒྲིག པོད། ག་པ། དེབ་གྲངས། རིང་བརྩིས། 311   28 མཛད་པ་པོ། བྱམས་མགོན། དཔེ་མིང་།  མངོན་རྟོགས་རྒྱན། རྩ་བ་ཕྱོགས་སྒྲིག པོད། ག་པ། དེབ་གྲངས། རིང་བརྩིས། 299   29 མཛད་པ་པོ། བྱམས་མགོན། དཔེ་མིང་།  མངོན་རྟོགས་རྒྱན། རྩ་བ་ཕྱོགས་སྒྲིག པོད། ག་པ། དེབ་གྲངས། རིང་བརྩིས། 302   30 མཛད་པ་པོ། བྱམས་མགོན། དཔེ་མིང་།  མངོན་རྟོགས་རྒྱན། རྩ་བ་ཕྱོགས་སྒྲིག པོད། ག་པ། དེབ་གྲངས། རིང་བརྩིས། 326   31 མཛད་པ་པོ། བྱམས་མགོན། དཔེ་མིང་།  མངོན་རྟོགས་རྒྱན། རྩ་བ་ཕྱོགས་སྒྲིག པོད། ག་པ། དེབ་གྲངས། རིང་བརྩིས། 327   32 མཛད་པ་པོ། བྱམས་མགོན། དཔེ་མིང་།  མངོན་རྟོགས་རྒྱན། རྩ་བ་ཕྱོགས་སྒྲིག པོད། ག་པ། དེབ་གྲངས། རིང་བརྩིས། 330   33 མཛད་པ་པོ། ཀུན་མཁྱེན་གོ་རམས་པ། དཔེ་མིང་།  སྦས་དོན་ཟབ་མོ་གཏེར་གྱི་ཁ་འབྱེད། ཀུན་མཁྱེན་བཀའ་འབུམ། པོད། ཇ་པ། དེབ་གྲངས། སྤྱི་དེབ། 7   34 མཛད་པ་པོ། ཀུན་མཁྱེན་གོ་རམས་པ། དཔེ་མིང་།  ལྟ་བའི་ཤན་འབྱེད། ཀུན་མཁྱེན་བཀའ་འབུམ། པོད། ཅ་པ། དེབ་གྲངས། སྤྱི་དེབ། 437   35 མཛད་པ་པོ། བྱམས་མགོན། དཔེ་མིང་།  མངོན་རྟོགས་རྒྱན། རྩ་བ་ཕྱོགས་སྒྲིག པོད། ག་པ། དེབ་གྲངས། རིང་བརྩིས། 321   36 མཛད་པ་པོ། བྱམས་མགོན། དཔེ་མིང་།  མངོན་རྟོགས་རྒྱན། རྩ་བ་ཕྱོགས་སྒྲིག པོད། ག་པ། དེབ་གྲངས། རིང་བརྩིས། 331   36 མཛད་པ་པོ། བྱམས་མགོན། དཔེ་མིང་། རྒྱུད་བླ་མ། རྩ་བ་ཕྱོགས་སྒྲིག པོད། ག་པ། དེབ་གྲངས། རིང་བརྩིས། 553   37 མཛད་པ་པོ། ས་སྐྱ་པཎྡི་ཏ། དཔེ་མིང་། ཐུབ་པ་དགོངས་གསལ། དེབ་གྲངས། སྤྱི་དེབ། 209   38 མཛད་པ་པོ། པཎ་ཆེན་ཤཱཀ་མཆོག དཔེ་མིང་། བྱམས་ཆོས་ལྔའི་ངེས་དོན་རབ་ཏུ་གསལ་བ། པོད་གྲངས།   ལྡེབ་གྲངས། 1 དཔེ་སྐྲུན་ཁང་། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་།བསྐྲུན་ལོ། 2013   39 མཛད་པ་པོ། སྟོན་པ་ཤཱཀྱ་ཐུབ་པ། དཔེ་མིང་། མདོ་སྡེ་དགོངས་པ་ངེས་འགྲེལ། དེབ་གྲངས། རིང་བརྩིས། 548 556。   40 མཛད་པ་པོ། བྱམས་མགོན། དཔེ་མིང་། མདོ་སྡེ་རྒྱན། རྩ་བ་ཕྱོགས་སྒྲིག པོད། ག་པ། དེབ་གྲངས། རིང་བརྩིས། 391   41 མཛད་པ་པོ། སེངྒེ་བཟང་པོ། དཔེ་མིང་། འགྲེལ་བ་དོན་གསལ། དེབ་གྲངས། རིང་བརྩིས། 2   42 མཛད་པ་པོ། ཀུན་མཁྱེན་གོ་རམས་པ། དཔེ་མིང་། སྦས་དོན་ཟབ་མོ་གཏེར་གྱི་ཁ་འབྱེད། སྤྱི་དེབ། 200
                                  རྩོམ་སྒྲིག་པ། གསར་བ།


           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


Signature is customized by Netease