སྟོང་ཕྲག་ཉི་ཤུ་ལྔ་པའི་བཤད་པ་བྱམས་པའི་འཐད་རྒྱན། སྨད་ཆ།

    ཤཱཀྱའི་དགེ་སློང་གླང་ཡག་ངག་དབང་རྒྱ་མཚོས་བརྩམས།


༄༅།། འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པའི་བཤད་པ་མངོན་རྒྱན་ཡུམ་ལ་འཇུག་པའི་ལེགས་བཤད་
བྱམས་པའི་འཐད་རྒྱན་ཞེས་བྱ་བ་བཞུགས་སོ།། སྨད་ཆ།
 
                      ཤཱཀྱའི་དགེ་སློང་གླང་ཡག་ངག་དབང་རྒྱ་མཚོས་བརྩམས།
བཞི་བ། དོན་བདུན་བཅུ་ལས་རྣམ་རྫོགས་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཅུ་གཅིག་བཤད་པ་ལ་མདོར་བསྟན་དང་། རྒྱས་བཤད་གཉིས་ལས། དང་པོ་མདོར་བསྟན་ནི། རྒྱན་རྩ་བ་ལས། རྣམ་པ་སྦྱོར་བར་བཅས་རྣམས་དང་། །ཡོན་ཏན་སྐྱོན་ནི་མཚན་ཉིད་བཅས། །ཐར་དང་ངེས་འབྱེད་ཆ་མཐུན་དང་། །སློབ་པ་ཕྱིར་མི་ལྡོག་པའི་ཚོགས། །སྲིད་དང་ཞི་བ་མཉམ་ཉིད་དང་། །ཞིང་དག་བླ་ན་མེད་པ་ནི། །རྣམ་ཀུན་མངོན་རྫོགས་རྟོགས་པ་སྟེ། །འདི་ནི་ཐབས་མཁས་བཅས་པ་ཡིན། ། ཞེས་པས་མཚན་མཚོན་གྱི་རྣམ་གྲངས་མདོར་བསྟན་པ་ཡིན་ནོ། ། གཉིས་པ་རྒྱས་བཤད་ལ་བཅུ་གཅིག་ལས། ༡དོན་བདུན་བཅུ་ལས་རྣམ་རྫོགས་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཅུ་གཅིག་ལས། དང་པོ་སྒོམ་བྱའི་རྣམ་པ་རྒྱས་པར་བཤད་པ་ནི། རྒྱན་རྩ་བ་ལས། གཞི་ཤེས་པ་ཡི་བྱེ་བྲག་རྣམས། ། ཞེས་པ་ནས། སུམ་ཅུ་རྩ་དགུ་དག་ཏུ་བཞེད། ། ཅེས་པའི་བར་ཚིགས་བཅད་ལྔས་བསྟན་ཅིང་། སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་ལས། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་མ་མཆིས་པའི་ཕ་རོལ་དུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནམ་མཁའ་མེད་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་མཉམ་པ་ཉིད་ཀྱི་ཕ་རོལ་དུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་རྣམ་པར་དབེན་པའི་ཕ་རོལ་དུ་ཕྱིན་པའོ། ། ཞེས་པ་ནས། གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་སངས་རྒྱས་ཀྱི་ཕ་རོལ་དུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས། ལེའུ་ཉི་ཤུ་དགུ་པའོ།། །། ཞེས་པའི་བར་ཏེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉེར་ལྔ་པ་སྡེ་པར་ཁ་དུམ་པའི་ཤོག་ངོས་ཉིས་བརྒྱ་བཅུ་བདུན་ནས་ཉིས་བརྒྱ་ཉེར་གཉིས་བར་གྱིས་བསྟན་ཏོ། །  འདིར་ཞར་བྱུང་སྦྱོར་བ་སྒོམ་པའི་གང་ཟག་རྒྱས་པར་བཤད་པ་ནི། རྒྱན་རྩ་བ་ལས། སངས་རྒྱས་རྣམས་ལ་ལྷག་པར་བྱས། ། སྣོད་དུ་དམ་པ་རྣམས་བཞེད་དོ། ། ཞེས་པའི་བར་ཚིགས་བཅད་གཉིས་ཀྱིས་བསྟན་ཅིང་། སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་ལས། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་གྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་གང་གི་རྣ་ལམ་དུ་གྲག་པ་དེ་དག་ནི་སྔོན་གྱི་རྒྱལ་བ་ལ་བསྙེན་བཀུར་བྱས་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སེམས་ཅན་གང་གི་རྣ་ལམ་དུ་གྲག་པ་དེ་དག་ནི་དེ་བཞིན་གཤེགས་པ་ལ་དགེ་བའི་རྩ་བ་བསྐྱེད་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སེམས་ཅན་གང་གི་རྣ་ལམ་དུ་གྲག་པ་དེ་དག་ནི་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བའོ། །གང་འཛིན་ཅིང་འཆང་བ་དང་། ཀློག་ཅིང་ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་ཅིང་གཟུང་བ་དང་། ཞེས་པ་ནས། ཇི་ལྟར་ན་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་བརྩོན་པར་བགྱིད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་ལྟར་ཁྱོད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་དོན་འདི་ཡོངས་སུ་ཞུ་བར་སེམས་པ་ལེགས་སོ་ལེགས་སོ། །ཀཽ་ཤི་ཀ་ཁྱོད་ཀྱི་སྤོབས་པ་འདི་ཡང་སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས་བྱུང་ངོ་། ། ཞེས་པའི་བར་ཏེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉེར་ལྔ་པ་སྡེ་པར་ཁ་དུམ་པའི་ཤོག་ངོས་ཉིས་བརྒྱ་ཉེར་གཉིས་ནས་ཉིས་བརྒྱ་ཉེར་ལྔའི་བར་གྱིས་བསྟན་ཏོ། །  ༢དོན་བདུན་བཅུ་ལས་རྣམ་རྫོགས་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཅུ་གཅིག་ལས། གཉིས་པ་ཐེག་ཆེན་སྦྱོར་བ་རྒྱས་པར་བཤད་པ་ནི། རྒྱན་རྩ་བ་ལས། གཟུགས་ལ་སོགས་ལ་མི་གནས་ཕྱིར། ། ཞེས་པ་ནས། དེ་ནི་དག་པ་མཚམས་དང་བཅས། ། ཞེས་པའི་བར་ཚིགས་བཅད་བཞིས་བསྟན་ཅིང་། སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་ལས། ཀཽ་ཤི་ཀ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་ལ་མི་གནས་ཏེ། །གང་གི་ཚེ་གཟུགས་ལ་མི་གནས་པ་དེའི་ཚེ། གཟུགས་ལ་བརྩོན་པར་བྱེད་པ་ཡིན་ནོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་ལ་མི་གནས་ཏེ། གང་གི་ཚེ་རྣམ་པར་ཤེས་པ་ལ་མི་གནས་པ་དེའི་ཚེ། རྣམ་པར་ཤེས་པ་ལ་བརྩོན་པར་བྱེད་པ་ཡིན་ནོ། །མིག་ལ་མི་གནས་ཏེ། གང་གི་ཚེ་མིག་ལ་མི་གནས་པ་དེའི་ཚེ། མིག་ལ་བརྩོན་པར་བྱེད་པ་ཡིན་ནོ། །རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ལ་མི་གནས་ཏེ། གང་གི་ཚེ་ཡིད་ལ་མི་གནས་པ་དེའི་ཚེ། ཡིད་ལ་བརྩོན་པར་བྱེད་པ་ཡིན་ནོ། །གཟུགས་ལ་མི་གནས་ཏེ། གང་གི་ཚེ་གཟུགས་ལ་མི་གནས་པ་དེའི་ཚེ། གཟུགས་ལ་བརྩོན་པར་བྱེད་པ་ཡིན་ནོ། ། ཞེས་པ་ནས། གལ་ཏེ་ཟླ་བ་གཅིག་གིས་བསྟན་པ་དང་། ལུང་དབོག་པ་དང་། ཁ་ཏོན་བྱ་བ་དང་། ཚུལ་བཞིན་དུ་ཡིད་ལ་བྱ་བ་དང་། བསྒོམ་པར་བྱས་ན་ཡང་དེ་བཞིན་དུ་བསྒོམ་པར་བྱའོ། །གལ་ཏེ་ལོའི་བར་གྱིས་བསྒོམ་པར་བྱས་ན་ཡང་དེ་བཞིན་དུ་བསྒོམ་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་རིན་པོ་ཆེ་ཆེན་པོ་ལ་བར་ཆད་མང་དུ་འབྱུང་ངོ་། ། ཞེས་པའི་བར་ཏེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉེར་ལྔ་པ་སྡེ་པར་ཁ་དུམ་པའི་ཤོག་ངོས་ཉིས་བརྒྱ་ཉེར་ལྔ་ནས་ཉིས་བརྒྱ་ཞེ་གཉིས་བར་གྱིས་བསྟན་ཏོ། །  ༣དོན་བདུན་བཅུ་ལས་རྣམ་རྫོགས་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཅུ་གཅིག་ལས། གསུམ་པ་ཐེག་ཆེན་སྦྱོར་བའི་ཡོན་ཏན་རྒྱས་པར་བཤད་པ་ནི། རྒྱན་རྩ་བ་ལས། བདུད་ཀྱི་མཐུ་བཅོམ་ལ་སོགས་པ། །ཡོན་ཏན་རྣམ་པ་བཅུ་བཞི་འོ། ། ཞེས་པའི་ཚིགས་རྐང་གཉིས་ཀྱིས་བསྟན་ཅིང་། སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་ལས། གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ཅི་ནས་ཀྱང་མི་བྲི་བ་དང་། མི་ཀླག་པ་དང་། མི་བསྟན་པ་དང་། ཁ་ཏོན་མི་བགྱི་བ་དང་། ཡིད་ལ་མི་བགྱིད་པ་དང་། མི་བསྒོམ་པའི་སླད་དུ་བདུད་སྡིག་ཏོ་ཅན་དག་བར་ཆད་མི་བགྱིད་པ་ངོ་མཚར་ཆེའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ལ་ཅི་ནས་ཀྱང་མི་བྲི་བ་དང་། མི་ཀླག་པ་དང་། མི་བསྟན་པ་དང་། ཚུལ་བཞིན་དུ་ཡིད་ལ་མི་བྱ་བ་དང་། མི་བསྒོམ་པའི་ཕྱིར། བདུད་སྡིག་ཏོ་ཅན་དག་བར་ཆད་མི་བྱེད་པ་ཡང་མ་ཡིན་མོད་ཀྱི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ཀློག་པ་དང་། ཁ་ཏོན་བྱེད་པ་དང་། སྒོམ་པ་རྣམས་ལ་བར་ཆད་བྱ་བར་མི་ནུས་སོ། ། ཞེས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་གིས་མདོ་སྡེ་ཟབ་མོ་ཟབ་མོ་ཕ་རོལ་དུ་ཕྱིན་པ་དྲུག་དང་ལྡན་པ་འདི་དག་མི་འགྲུབ་པར་འགྱུར་བ་དེ་ལྟ་བུའི་གནས་མེད། སྐབས་མེད་དོ་དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་ཅན་རྣམས་ཡང་དག་པར་སྟོན་ཅིང་ཡང་དག་པར་སྐུལ་བ་དང་། ཡང་དག་པར་གཟེང་བསྟོད་པ་དང་། ཡང་དག་པར་དགའ་བར་བྱེད་པ་དང་། འགོད་ཅིང་རབ་ཏུ་གཞོག་པ་ལས་ཀྱང་དེ་བཞིན་དུ་འགྱུར་ཏེ། ཤ་ར་དྭ་ཏིའི་བུ་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ཚེ་འདས་ནས་ཀྱང་ཕ་རོལ་དུ་ཕྱིན་པ་དྲུག་པོ་འདི་དག་འགྲུབ་པར་འགྱུར་རོ། །དེ་དག་ནི་ནམ་ཡང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་མ་བྱས། སེམས་ཅན་ཡོངས་སུ་སྨིན་པར་མ་བྱས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་མ་གྱུར་གྱི་བར་དུ་ཇི་སྐད་དུ་བསྟན་པའི་ཕ་རོལ་དུ་ཕྱིན་པ་དྲུག་པོ་དེ་དག་ལས་བརྩོན་འགྲུས་ཉམས་པར་མི་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས། ལེའུ་སུམ་ཅུ་པའོ།། །། ཞེས་པའི་བར་ཏེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉེར་ལྔ་པ་སྡེ་པར་ཁ་དུམ་པའི་ཤོག་ངོས་ཉིས་ཞེ་གཉིས་ནས་ཉིས་བརྒྱ་ཞེ་དགུའི་བར་གྱིས་བསྟན་ཏོ། །  ༤དོན་བདུན་བཅུ་ལས་རྣམ་རྫོགས་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཅུ་གཅིག་ལས། བཞི་བ་ཐེག་ཆེན་སྦྱོར་བའི་སྐྱོན་རྒྱས་པར་བཤད་པ་ནི། རྒྱན་རྩ་བ་ལས། སྐྱོན་ནི་བཅུ་ཚན་བཞིར་བཅས་པ། །དྲུག་ཏུ་ངེས་པར་རྟོགས་པར་བྱ། ། ཞེས་པའི་ཚིགས་རྐང་གཉིས་ཀྱིས་བསྟན་ཅིང་། སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་ལས། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཞུགས་པ། ཕ་རོལ་དུ་ཕྱིན་པ་དྲུག་ལ་སྤྱོད་པ། སེམས་ཅན་ཡོངས་སུ་སྨིན་པར་བགྱིད་པ། སངས་རྒྱས་ཀྱི་ཞིང་ཡོངས་སུ་འཛིན་པ་དེ་དག་གི་ཡོན་ཏན་ཡོངས་སུ་བརྗོད་པ་ནི་འདི་དག་ལགས་ན། བཅོམ་ལྡན་འདས་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྤྱོད་པ་དེ་དག་ལ་བར་ཆད་ཏུ་འགྱུར་བ་ཇི་ལྟ་བུ་དག་མཆིས། ཞེས་པ་ནས། རབ་འབྱོར་དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ལ་སངས་རྒྱས་ཀྱི་སྤྱན་གྱིས་རྟག་ཏུ་རྒྱུན་མི་ཆད་པར་གཟིགས་ཤིང་དགོངས་ཏེ། དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་བདག་ཅག་གི་སངས་རྒྱས་ཀྱི་ཆོས་ཐམས་ཅད་སྐྱེད་སྐྱེད་པའོ། །འཇིག་རྟེན་འདི་སྟོན་སྟོན་པའོ། ། ཞེས་རྒྱུན་ཏུ་གཟིགས་ཤིང་དགོངས་སོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་།  ཆོས་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ལ་སངས་རྒྱས་ཀྱི་སྤྱན་གྱིས་རྟག་ཏུ་རྒྱུན་མི་ཆད་པར་གཟིགས་ཤིང་དགོངས་སོ། ། ཞེས་པའི་བར་ཏེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉེར་ལྔ་པ་སྡེ་པར་ཁ་དུམ་པའི་ཤོག་ངོས་ཉིས་བརྒྱ་ཞེ་དགུ་ནས་ཉིས་བརྒྱ་རེ་དགུའི་བར་གྱིས་བསྟན་ཏོ། །  ༥དོན་བདུན་བཅུ་ལས་རྣམ་རྫོགས་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཅུ་གཅིག་ལས། ལྔ་བ་ཐེག་ཆེན་སྦྱོར་བའི་མཚན་ཉིད་རྒྱས་པར་བཤད་པ་ནི། རྒྱན་རྩ་བ་ལས།  གང་གི་མཚོན་ཏེ་མཚན་ཉིད་དུ། ། ཞེས་པ་ནས། མཚན་ཉིད་བཞི་པར་བཞེད་པ་ཡིན། ། ཞེས་པའི་བར་ཚིགས་བཅད་བཅུ་དགུས་བསྟན་ཅིང་། སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་ལས།  དེ་ཅིའི་ཕྱིར་ཞེ་ན། འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་སྐྱེད་སྐྱེད་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་འདི་ཡང་སྟོན་སྟོན་པའོ། །དེ་བས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ལ་སངས་རྒྱས་ཀྱི་སྤྱན་གྱིས་རྟག་ཏུ་རྒྱུན་མི་ཆད་པར་གཟིགས་ཤིང་དགོངས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལས་བྱུང་བ་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། ཞེས་པ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བའི་ཕྱིར་དེའི་སྨོན་པ་ཡང་ཆེ། དེའི་སེམས་བསྐྱེད་པ་ཡང་ཆེ། ཡོངས་སུ་འཛིན་པ་ཡང་ཚད་མེད་དུ་ཟིན་ཀྱང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་བྲལ་ཞིང་ཐབས་མཁས་པས་ཡོངས་སུ་མ་བཟུང་ན་ཉན་ཐོས་ཀྱི་སའམ་རང་སངས་རྒྱས་ཀྱི་སར་ལྟུང་ངོ་། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་དེས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མི་ལྡན་པར་སྦྱིན་པ་བྱིན། ཚུལ་ཁྲིམས་བསྲུངས། བཟོད་པ་བསྒོམས། བརྩོན་འགྲུས་བརྩམས། བསམ་གཏན་བསྒྲུབས་པས། བྱང་ཆུབ་སེམས་དཔའ་དེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་བྲལ་ཞིང་ཐབས་མཁས་པས་ཡོངས་སུ་མ་བཟུང་བའི་ཕྱིར། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ལྟུང་ངོ་། ། ཞེས་པའི་བར་ཏེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉེར་ལྔ་པ་སྡེ་པར་ཁ་དུམ་པའི་ཤོག་ངོས་ཉིས་བརྒྱ་རེ་དགུ་ནས་སུམ་བརྒྱ་བཞི་བཅུའི་བར་གྱིས་བསྟན་ཏོ། །  ༦དོན་བདུན་བཅུ་ལས་རྣམ་རྫོགས་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཅུ་གཅིག་ལས། དྲུག་པ་ཐེག་ཆེན་གྱི་ཐར་པ་ཆ་མཐུན་རྒྱས་པར་བཤད་པ་ནི། རྒྱན་རྩ་བ་ལས། མཚན་མེད་རབ་ཏུ་སྦྱིན་ལ་སོགས། ། ཞེས་པ་ནས།  རྟོགས་སླ་རྟུལ་པོས་རྟོགས་དཀར་བཞེད། ། ཅེས་པའི་བར་ཚིགས་བཅད་གསུམ་གྱིས་བསྟན་ཅིང་། སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་ལས། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་འདས་པ་དང་། མ་འོངས་པ་དང་ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་དང་རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་སེམས་ཤིང་འཛིན་ལ་མཚན་མར་བྱེད་ཀྱང་། དེ་བཞིན་གཤེགས་པ་རྣམས་ཀྱི་ཚུལ་ཁྲིམས་མི་ཤེས། ཏིང་ངེ་འཛིན་དང་ཤེས་རབ་དང་རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་མི་ཤེས་ན། དེ་མི་ཤེས་ཁོང་དུ་མ་ཆུད་པས་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་སྒྲ་ཐོས་ནས་དེ་ནི་དེ་དག་ལ་ཞི་བར་མཚན་མར་འཛིན་ཏེ། དེ་དག་ལ་ཞི་བར་མཚན་མར་བཟུང་ཞིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ། ། ཞེས་པ་ནས། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱི་བྱེ་བྲག་མེད་པར་རབ་ཏུ་ཕྱེ་བ་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་མི་འཇུམ་ཞིང་འགོང་བ་མེད་ལ། ཡིད་ལ་འགྱོད་པ་མེད་ཅིང་། མི་འཇིགས་མི་སྡང་སྐྲག་པར་མི་འགྱུར་ན། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འབྱུང་བར་འགྱུར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ལྟ་བུའི་ཆོས་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་གང་གིས་འབྱུང་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་འབྱུང་བར་འགྱུར་རོ། ། ཞེས་པའི་བར་ཏེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉེར་ལྔ་པ་སྡེ་པར་ཁ་དུམ་པའི་ཤོག་ངོས་སུམ་བརྒྱ་བཞི་བཅུ་ནས་སུམ་བརྒྱ་ཞེ་བདུན་བར་གྱིས་བསྟན་ཏོ། །  ༧དོན་བདུན་བཅུ་ལས་རྣམ་རྫོགས་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཅུ་གཅིག་ལས་བདུན་པ་ངེས་འབྱེད་ཆ་མཐུན་རྒྱས་པར་བཤད་པ་ནི། རྒྱན་རྩ་བ་ལས། དྲོ་བ་རྣམས་ཀྱི་དམིགས་པ་འདིར། ། ཞེས་པ་ནས། སྨིན་བྱེད་སོགས་ཀྱིས་ཤེས་པར་བྱ། ། ཞེས་པའི་བར་ཚིགས་བཅད་གསུམ་གྱིས་བསྟན་ཅིང་། སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་ལས། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འབྱུང་བར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཇི་ལྟར་གནས་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་དུ་གནས་པར་བྱའོ། །སེམས་ཅན་ཐམས་ཅད་ལ་མཉམ་པའི་སེམས་བསྐྱེད་པར་བྱ་སྟེ། མི་མཉམ་པའི་སེམས་བསྐྱེད་པར་མི་བྱའོ། །སེམས་ཅན་ཐམས་ཅད་ལ་མཉམ་པའི་སེམས་ཀྱིས་དམིགས་པར་བྱ་སྟེ། མི་མཉམ་པའི་སེམས་ཀྱིས་དམིགས་པར་མི་བྱའོ། །སེམས་ཅན་ཐམས་ཅད་ལ་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་བསྐྱེད་པར་བྱའོ། །སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་ཀྱིས་དམིགས་པར་བྱ་སྟེ། བརླང་བའི་སེམས་ཀྱིས་དམིགས་པར་མི་བྱའོ། །སེམས་ཅན་ཐམས་ཅད་ལ་ང་རྒྱལ་མེད་པར་བྱའོ། །སེམས་ཅན་ཐམས་ཅད་ལ། གཡོ་མེད་པར་བྱའོ། །སེམས་ཅན་ཐམས་ཅད་ལ་ཕན་པའི་སེམས་བསྐྱེད་པར་བྱ་སྟེ། གནོད་པའི་སེམས་བསྐྱེད་པར་མི་བྱའོ། །སེམས་ཅན་ཐམས་ཅད་ལ་ཕན་པའི་སེམས་ཀྱིས་དམིགས་པར་བྱ་སྟེ། གནོད་པའི་སེམས་ཀྱིས་དམིགས་པར་མི་བྱའོ། །སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བ་མེད་པའི་སེམས་བསྐྱེད་པར་བྱ་སྟེ། ཁོང་ཁྲོ་བའི་སེམས་མི་བསྐྱེད་དོ། །སེམས་ཅན་ཐམས་ཅད་ལ་མི་འཚེ་བའི་སེམས་བསྐྱེད་པར་བྱ་སྟེ། འཚེ་བའི་སེམས་མི་བསྐྱེད་དོ། །སེམས་ཅན་ཐམས་ཅད་ལ་མི་འཚེ་བའི་སེམས་ཀྱིས་དམིགས་པར་བྱ་སྟེ། འཚེ་བའི་སེམས་ཀྱིས་དམིགས་པར་མི་བྱའོ། །སེམས་ཅན་ཐམས་ཅད་ལ་མའི་སེམས་དང་། ཕའི་སེམས་དང་། ཕུ་ནུའི་སེམས་དང་། སྲིང་མོའི་སེམས་དང་། གྲོགས་པོ་དང་། གཉེན་པ་དང་རུས་གཅིག་པའི་སེམས་བསྐྱེད་པར་བྱའོ། ། ཞེས་པ་ནས། བྱང་ཆུབ་སེམས་དཔའི་གནས་འདི་བཤད་པའི་ཚེ། བྱང་ཆུབ་སེམས་དཔའ་ཉིས་སྟོང་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས། ལེའུ་སུམ་ཅུ་བརྒྱད་པའོ།། །། ཞེས་པའི་བར་ཏེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉེར་ལྔ་པ་སྡེ་པར་ཁ་དུམ་པའི་ཤོག་ངོས་སུམ་བརྒྱ་ཞེ་བདུན་སུམ་བརྒྱ་ང་གཉིས་བར་གྱིས་བསྟན་ཏོ། །  ༨དོན་བདུན་བཅུ་ལས་རྣམ་རྫོགས་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཅུ་གཅིག་ལས། བརྒྱད་པ་སློབ་པ་ཕྱིར་མི་ལྡོག་ཚོགས་རྒྱས་པར་བཤད་པ་ནི། རྒྱན་རྩ་བ་ལས། ངེས་འབྱེད་ཡན་ལག་ནས་བཟུང་སྟེ། ། ཞེས་པ་ནས། ཐབས་མཁས་པ་ལ་ཟབ་པ་ཉིད། ། ཅེས་པའི་བར་ཚིགས་བཅད་ཉེར་གཉིས་ཀྱིས་བསྟན་ཅིང་། སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་ལས། དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྣམ་པ་ནི་གང་ལགས་ཚུལ་ནི་གང་ལགས་ཇི་ལྟར་བདག་ཅག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་ཕྱིར་མི་ལྡོག་པའོ་ཞེས་བགྱི་བར་འཚལ་བར་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཞེས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་གསུམ་ལ་གནས་ཤིང་སེམས་ཅན་གང་རྣམ་པར་རྟོག་པའི་འདུ་ཤེས་ལ་སྤྱོད་པ་དེ་དག་ནི་སྟོང་པ་ཉིད་ལ་རབ་ཏུ་འགོད་དོ། །སེམས་ཅན་གང་མཚན་མ་ལ་སྤྱོད་པ་དེ་དག་ནི་མཚན་མ་མེད་པ་ལ་རབ་ཏུ་འགོད་དོ། ། སེམས་ཅན་གང་སྨོན་པ་ལ་སྤྱོད་པ་དེ་དག་ནི་སྨོན་པ་མེད་པ་ལ་སྦྱོར་རོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཅིང་། ཏིང་ངེ་འཛིན་གསུམ་ལ་གནས་ཏེ། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས། ལེའུ་བཞི་བཅུ་གཅིག་པའོ།། །། ཞེས་པའི་བར་ཏེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉེར་ལྔ་པ་སྡེ་པར་ཁ་དུམ་པའི་ཤོག་ངོས་སུམ་བརྒྱ་ང་གཉིས་ནས་སུམ་བརྒྱ་གྱ་ལྔའི་བར་གྱིས་བསྟན་ཏོ། །  ༩དོན་བདུན་བཅུ་ལས་རྣམ་རྫོགས་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཅུ་གཅིག་ལས། དགུ་བ་སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་རྒྱས་པར་བཤད་པ་ནི། རྒྱན་རྩ་བ་ལས། ཆོས་རྣམས་རྨི་ལམ་འདྲ་བའི་ཕྱིར། །སྲིད་དང་ཞི་བར་མི་རྟོག་པ། །ལས་མེད་ལ་སོགས་ཀླན་ཀ་ཡི། །ལན་ནི་ཇི་སྐད་བཤད་པར་ཟད། ། ཅེས་པའི་ཚིགས་བཅད་གཅིག་གིས་བསྟན་ཅིང་། སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་ལས། དེ་ནས་ཡང་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལ་ལ་རྨི་ལམ་དུ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་གསུམ་ལ་སྙོམས་པར་ཞུགས་ན། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པས་རྣམ་པར་འཕེལ་ལམ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གལ་ཏེ་ཉིན་པར་བསྒོམས་པས་རྣམ་པར་འཕེལ་ན། རྨི་ལམ་ན་བསྒོམས་པས་ཀྱང་རྣམ་པར་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྨི་ལམ་དང་ཉིན་པར་ནི་རྣམ་པར་རྟོག་པ་མེད་དོ། ། ཞེས་པ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བའི་ཆོས་དེ་ནི་འདིའོ་ཞེས་བྱ་བར་མི་སེམས་ཏེ། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་སྟེ། དེ་ལ་ཐེ་ཙོམ་སྐྱེ་བ་མེད་ཅིང་བདག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་བ་མ་ཡིན་གྱི། བདག་ནི་གདོན་མི་ཟ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་སྙམ་སྟེ། ཤ་ར་དྭ་ཏིའི་བུ་གང་དེ་ལྟར་སྤྱོད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའོ། །ཤ་ར་དྭ་ཏིའི་བུ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མི་འཇིགས་མི་དངང་སྐྲག་པར་མི་འགྱུར་ཞིང་བདག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་བ་མ་ཡིན་གྱི། བདག་ནི་གདོན་མི་ཟ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་སྙམ་མོ། ། ཞེས་པའི་བར་ཏེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉེར་ལྔ་པ་སྡེ་པར་ཁ་དུམ་པའི་ཤོག་ངོས་སུམ་བརྒྱ་གྱ་ལྔ་ནས་སུམ་བརྒྱ་གྱ་བདུན་བར་གྱིས་བསྟན་ཏོ། ། ༡༠དོན་བདུན་བཅུ་ལས་རྣམ་རྫོགས་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཅུ་གཅིག་ལས། བཅུ་བ་ཞིང་དག་པའི་སྦྱོར་བ་རྒྱས་པར་བཤད་པ་ནི། རྒྱན་རྩ་བ་ལས། སེམས་ཅན་འཇིག་རྟེན་དེ་བཞིན་དུ། །སྣོད་ཀྱི་འཇིག་རྟེན་མ་དག་པ། །དེ་ལ་དག་པར་སྒྲུབ་པ་ཡིས། །སངས་རྒྱས་ཞིང་ནི་དག་པ་ཉིད། ། ཅེས་པའི་ཚིགས་བཅད་གཅིག་གིས་བསྟན་ཅིང་། སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་ལས། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་དུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བགྱིད་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་ཅན་བཀྲེས་པ་རྣམས་མཐོང་ཞིང་། སེམས་ཅན་སྐོམ་པ་དང་། གོས་ངན་པ་དང་། ཟས་དང་། གོས་དང་། མལ་ཆས་ཕོངས་པ་དག་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན་སེམས་ཅན་རྣམས་ཀྱི་ཉེས་པ་འདི་དག་ཐམས་ཅད་དུ་ཐམས་ཅད་མི་འབྱུང་ཞིང་མི་སྲིད་པ་དང་། ཞེས་པ་ནས། དགའ་བོས་གསོལ་པ། བཅོམ་ལྡན་འདས་སྲིང་མོ་འདིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དོན་དུ་ཡོངས་སུ་སྦྱང་བ་བགྱིས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བོ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཇི་སྐད་དུ་སྨྲས་པ་དེ་བཞིན་ནོ། །དགའ་བོ་སྲིང་མོ་འདི་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དོན་དུ་ཡོངས་སུ་སྦྱང་བ་བྱས་པའོ། ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས། གང་གཱའི་ལྷ་མོའི་ལེའུ་སྟེ་བཞི་བཅུ་གསུམ་པའོ།། །། ཞེས་པའི་བར་ཏེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉེར་ལྔ་པ་སྡེ་པར་ཁ་དུམ་པའི་ཤོག་ངོས་སུམ་བརྒྱ་གྱ་བདུན་ནས་སྡེ་པར་ག་དུམ་པའི་ཤོག་ངོས་དྲུག་བར་གྱིས་བསྟན་ཏོ། ། ༡༡དོན་བདུན་བཅུ་ལས་རྣམ་རྫོགས་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཅུ་གཅིག་ལས། བཅུ་གཅིག་པ་ཐམས་མཁས་སྦྱོར་བ་རྒྱས་པར་བཤད་པ་ནི། རྒྱན་རྩ་བ་ལས། ཡུལ་དང་སྦྱོར་བ་ཅན་འདི་ནི། །ཞེས་པ་ནས། ཐབས་ལ་མཁས་པ་རྣམ་པ་བཅུ། ། ཞེས་པའི་བར་ཚིགས་བཅད་གཉིས་ཀྱིས་བསྟན་ཅིང་། སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་ལས། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་སྟོང་པ་ཉིད་ལ་ཡོངས་སུ་འདྲིས་པར་བགྱི། ཇི་ལྟར་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་བགྱི། ཇི་ལྟར་མཚན་མ་མེད་པ་ལ་ཡོངས་སུ་འདྲིས་པར་བགྱི། ཇི་ལྟར་མཚན་མ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་བགྱི། ཇི་ལྟར་སྨོན་པ་མེད་པ་ལ་ཡོངས་སུ་འདྲིས་པར་བགྱི། ཇི་ལྟར་སྨོན་པ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་བགྱི། ཇི་ལྟར་དྲན་པ་ཉེ་བར་གཞག་པ་བཞི་ལ་ཡོངས་སུ་འདྲིས་པར་བགྱི། ། ཞེས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཕྱིར་མི་ལྡོག་པའི་ཡེ་ཤེས་ཀྱི་སར་ལུང་བསྟན་པ་དེ་དག་ནི་ཉུང་སྟེ། གང་ལུང་བསྟན་པ་དེ་དག་ནི་རྣམ་པ་དེ་བཞིན་དུ་ལན་གློན་ཏེ། གང་རྣམ་པ་དེ་ལྟར་ལན་གློན་པ་དེ་དག་ནི་དགེ་བའི་རྩ་བ་བསྐྱེད་པར་རིག་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དང་དེ་དག་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་མི་འཕྲོགས་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས། ལེའུ་བཞི་བཅུ་རྩ་བཞི་པའོ།། །། ཞེས་པའི་བར་ཏེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉེར་ལྔ་པ་སྡེ་པར་ག་དུམ་པའི་ཤོག་ངོས་དྲུག་ནས་བཅུ་བཞིའི་བར་གྱིས་བསྟན་ཏོ། ། 
མཁྱེན་གསུམ་རྣམ་པ་བརྒྱ་དང་བདུན་བཅུ་དེ། །
ལེགས་པར་བསྒོམས་པ་རྣམ་རྫོགས་སྦྱོར་བའི་ཡུམ། །
རྒྱལ་ཡུམ་སྟོང་ཕྲག་ཉེར་ལྔའི་ཁྲི་འཕངས་སུ། །
ལེགས་པར་བཀོད་འདི་མཁས་རྣམས་དགའ་བའི་ཡུལ། །
འཕགས་པ་ཤེར་རབ་ཀྱི་ཕལ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པའི་བཤད་པ་མངོན་རྒྱན་ཡུམ་ལ་འཇུག་པའི་ལེགས་བཤད་བྱམས་པའི་འཐད་རྒྱན་ལས་རྣམ་རྫོགས་སྦྱོར་བའི་སྐབས་ལེགས་པར་བཤད་ཟིན་ཏོ། །
 
ལྔ་བ། དོན་བདུན་བཅུ་ལས་རྩེ་མོའི་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བརྒྱད་བཤད་པ་ལ་མདོར་བསྟན། རྒྱས་བཤད་གཉིས་ལས། དང་པོ། མདོར་བསྟན་ནི། རྒྱན་རྩ་བ་ལས། དེ་ཡི་རྟགས་དང་རྣམ་འཕེལ་དང་། །བརྟན་དང་སེམས་ཀུན་གནས་པ་དང་། །མཐོང་ཞེས་བྱ་དང་སྒོམ་པ་ཞེས། །བྱ་བའི་ལམ་ནི་སོ་སོ་ལ། །རྣམ་པར་རྟོག་པ་རྣམ་བཞི་ཡི། །གཉེན་པོ་རྣམ་པ་བཞི་དང་ནི། །བར་ཆད་མེད་པའི་ཏིང་ངེ་འཛིན། །ལོག་པར་སྒྲུབ་དང་བཅས་པ་ནི། །རྩེ་མོའི་མངོན་རྟོགས། ཞེས་པས་མཚོན་བྱ་དང་མཚོན་བྱེད་ཀྱི་རྣམ་གྲངས་མདོར་བསྟན་པ་ཡིན་ནོ། ། གཉིས་པ་རྒྱས་བཤད་ལ་བརྒྱད་ལས། ༡དོན་བདུན་བཅུ་ལས་རྩེ་མོའི་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བརྒྱད་ལས། དང་པོ་རྟགས་ཀྱི་མཚོན་པའི་རྩེ་སྦྱོར་རྒྱས་པར་བཤད་པ་ནི། རྒྱན་རྩ་བ་ལས། རྨི་ལམ་ན་ཡང་ཆོས་རྣམས་ཀུན། །རྨི་ལམ་ལྟ་བུར་ལྟ་ལ་སོགས། །རྩེ་མོར་ཕྱིན་པར་སྦྱོར་བའི་རྟགས། །རྣམ་པ་བཅུ་གཉིས་དག་ཏུ་བཞེད། ། ཅེས་པའི་ཚིགས་བཅད་གཅིག་གིས་བསྟན་ཅིང་། སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་ལས། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྨི་ལམ་ན་ཡང་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་ས་འམ། ཁམས་གསུམ་པ་ལ་འདོད་སེམས་མི་སྐྱེད། ལེགས་པའི་སེམས་མི་སྐྱེད་ཅིང་། ཆོས་ཐམས་ཅད་རྨི་ལམ་དང་འདྲ་བ་ཉིད་དུ་ལྟ། སྒྲ་བརྙན་དང་འདྲ་བ་དང་། གཟུགས་བརྙན་དང་འདྲ་བ་དང་། སྨིག་རྒྱུ་དང་འདྲ་བ་དང་། སྤྲུལ་པ་དང་འདྲ་བ་ཉིད་དུ་ལྟ་ལ་མངོན་དུ་མི་བྱེད་ན། རབ་འབྱོར་འདི་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕྱིར་མི་ལྡོག་པའི་མཚན་ཉིད་དུ་རིག་པར་བྱའོ། ། ཞེས་པ་ནས། བཅོམ་ལྡན་འདས་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་མི་ཐུབ་པ་སྟེ། བཅོམ་ལྡན་འདས་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་ཟིལ་གྱིས་ནོན་པར་མི་ནུས་སོ། །དེ་ཅིའི་སླད་དུ་ཞེ་ན། དེ་ནི་འདི་ལྟར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པའི་གནས་ཟིལ་གྱིས་མི་ནོན་པ་ལ་གནས་པས།  བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བགྱིད་པ་དང་མ་བྲལ་བ་ནི་ཟིལ་གྱིས་མི་ནོན་པ་སྟེ། བཅོམ་ལྡན་འདས་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རྣམ་པ་ཐམས་ཅད་མཁྱེན་པ་དང་ཉེ་བར་གྱུར་པ་ལགས་སོ། ། ཞེས་པའི་བར་ཏེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉེར་ལྔ་པ་སྡེ་པར་ག་དུམ་པའི་ཤོག་ངོས་བཅུ་བཞི་ནས་ཉེར་ལྔའི་བར་གྱིས་བསྟན་ཏོ། ། ༢དོན་བདུན་བཅུ་ལས་རྩེ་མོའི་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བརྒྱད་ལས། གཉིས་པ་རྣམ་འཕེལ་གྱིས་མཚོན་པའི་རྩེ་སྦྱོར་རྒྱས་པར་བཤད་པ་ནི། རྒྱན་རྩ་བ་ལས། འཛམ་བུའི་གླིང་གི་སྐྱེ་བོ་རྙེད། །སངས་རྒྱས་མཆོད་པའི་དགེ་ལ་སོགས། །རྣམ་མང་དུ་ནི་དཔེར་མཛད་ནས། །རྣམ་འཕེལ་བཅུ་དྲུག་བདག་ཉིད་དོ། ། ཞེས་པའི་ཚིགས་བཅད་གཅིག་གིས་བསྟན་ཅིང་། སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གལ་ཏེ་འཛམ་བུའི་གླིང་གི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་སྔ་ཕྱི་མེད་པར་མིའི་ལུས་ཐོབ་པར་གྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ལ། དེ་དག་ནམ་འཚོའི་བར་དུ་བཞུགས་པ་ལ། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་རིམ་གྲོར་བྱས། བཀུར་བསྟིར་བྱས། བསྟི་སྟང་དུ་བྱས། མཆོད་པར་བྱས་ཏེ། དགེ་བའི་རྩ་བ་དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། ཞེས་པ་ནས། གལ་ཏེ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འདི་ན་ཡོད་དོ་ཞེས་བྱ་བར་ཤེས་པ་མེད་དེ། གང་གི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་འགྱུར་བ་དང་། གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་འགྱུར་བ་དང་། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་བྱུང་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་དེ་ལྟ་བུ་ཡང་མི་ཤེས་མི་མཐོང་ཞིང་། དེ་འདི་སྙམ་སྟེ་ཆོས་ཀྱི་དབྱིངས་དང་། དེ་བཞིན་ཉིད་དང་ཡང་དག་པའི་མཐའ་གནས་པའི་ཕྱིར། འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་མ་ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འདི་ན་ཡོད་པ་ཡང་མ་ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིས་ནི་ཆོས་གང་ཡང་འབྱུང་བར་འགྱུར་བ་ཡང་མེད་དོ་ཞེས། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས། ལེའུ་བཞི་བཅུ་བདུན་པའོ།། །། ཞེས་པའི་བར་ཏེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉེར་ལྔ་པ་སྡེ་པར་ག་དུམ་པའི་ཤོག་ངོས་ཉེར་ལྔ་ནས་ཞེ་བཞིའི་བར་གྱིས་བསྟན་ཏོ། ། ༣དོན་བདུན་བཅུ་ལས་རྩེ་མོའི་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བརྒྱད་ལས། གསུམ་པ་བརྟན་པས་མཚོན་པའི་རྩེ་སྦྱོར་རྒྱས་པར་བཤད་པ་ནི། རྒྱན་རྩ་བ་ལས། ཀུན་མཁྱེན་ཉིད་གསུམ་ཆོས་རྣམས་ཀྱི། །ཡོངས་སུ་རྫོགས་པ་བླ་མེད་པ། །སེམས་ཅན་དོན་ཡོངས་མི་གཏོང་བ། །བསྟན་པ་ཞེས་ནི་མངོན་པར་བརྗོད། ། ཅེས་པའི་ཚིགས་བཅད་གཅིག་གིས་བསྟན་ཅིང་། སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་ལས། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་སེམས་པར་གྱུར་ཏེ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང་། དྲན་པ་ཉེ་བར་གཞག་པ་རྣམས་དང་། ཞེས་པ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མོས་པ་སྐྱེད་ཅིང་། ཡང་དང་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་འདེབས་པ་དང་། འཁོར་བའི་སྡུག་བསྔལ་མང་པོ་འདི་དག་མཐོང་ནས། ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱི་དོན་དུ་མོས། སྨན་པར་མོས། བདེ་བར་མོས་ཤིང་། ལེགས་པར་བགྱི་བར་མོས་ཏེ། སེམས་བསྐྱེད་པ་དེ་ལྟ་བུ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདི་ལྟར་རྟོག་སྟེ། ཅི་བདག་རྒལ་ནས་སེམས་ཅན་མ་རྒལ་བ་སྒྲོལ་བར་འགྱུར་རམ། ཅི་བདག་གྲོལ་ནས་སེམས་ཅན་མ་གྲོལ་བ་འགྲོལ་བར་འགྱུར་རམ། ཅི་བདག་དབུགས་ཕྱིན་ནས་སེམས་ཅན་དབུགས་མ་བྱུང་བ་དབུགས་འབྱིན་པར་འགྱུར་རམ། ཅི་བདག་ཡོངས་སུ་མྱ་ངན་ལས་འདས་ནས། སེམས་ཅན་ཡོངས་སུ་མྱ་ངན་ལས་མ་འདས་པ་ཡོངས་སུ་མྱ་ངན་ལས་ཟློ་བར་འགྱུར་རམ་ཞེས་རྟོག་སྟེ། ཞེས་པའི་བར་ཏེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉེར་ལྔ་པ་སྡེ་པར་ག་དུམ་པའི་ཤོག་ངོས་ཞེ་བཞི་ནས་ཞེ་ལྔའི་བར་གྱི་དེབ་མ་གཅིག་དང་ཕྲེང་གཅིག་གིས་བསྟན་ཏོ། ། ༤དོན་བདུན་བཅུ་ལས་རྩེ་མོའི་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བརྒྱད་ལས། བཞི་བ་སེམས་ཀུན་ཏུ་གནས་པས་མཚོན་པའི་རྩེ་སྦྱོར་རྒྱས་པར་བཤད་པ་ནི། རྒྱན་རྩ་བ་ལས། གླིང་བཞི་པ་དང་སྟོང་དག་དང་། །སྟོང་གཉིས་གསུམ་དག་དཔེར་མཛད་ནས། །བསོད་ནམས་མང་པོ་ཉིད་ཀྱིས་ནི། །ཏིང་འཛིན་ཡོངས་སུ་བསྒྲགས་པ་ཡིན། ། ཞེས་པའི་ཚིགས་བཅད་གཅིག་གིས་བསྟན་ཅིང་། སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་ལས། བཅོམ་ལྡན་འདས་དེ་ལྟར་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སེམས་བསྐྱེད་པ་དེ་དག་ལ་རྗེས་སུ་ཡི་རང་བར་བགྱིད་པ་དང་། ཡུན་རིང་པོ་ནས་སྤྱོད་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སེམས་བསྐྱེད་པ་དེ་དག་ལ་རྗེས་སུ་ཡི་རང་བར་བགྱིད་པ་དང་། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སེམས་བསྐྱེད་པ་དེ་དག་ལ་རྗེས་སུ་ཡི་རང་བར་བགྱིད་པ་དང་། སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སེམས་བསྐྱེད་པ་དེ་དག་ལ་རྗེས་སུ་ཡི་རང་བར་བགྱིད་ན། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་ཅི་ཙམ་ཞིག་ཏུ་འཕེལ་བར་འགྱུར། དེ་སྐད་ཅེས་གསོལ་པ་དང་། ཞེས་པ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ། །སེམས་མེད་པ་དང་། སེམས་མ་ཡིན་པ་གཞན་ཡང་མེད་པར་སྤྱད་པ་སྤྱོད་པ་དང་། ཕྱིར་མི་ལྡོག་པ་དང་། སྐྱེ་བ་གཅིག་གིས་ཐོགས་པ་རྣམས་ཀྱི་དགེ་བའི་རྩ་བ་དེ་དག་ལ་ཡང་རྗེས་སུ་ཡི་རང་བར་བྱས་ཤིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ། ། ཞེས་པའི་བར་ཏེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉེར་ལྔ་པ་སྡེ་པར་ག་དུམ་པའི་ཤོག་ངོས་ཞེ་ལྔ་ནས་ཞེ་བདུན་བར་གྱི་དེབ་མ་གཅིག་དང་ཕྱེད་ཙམ་གྱིས་བསྟན་ཏོ། ། ༥དོན་བདུན་བཅུ་ལས་རྩེ་མོའི་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བརྒྱད་ལས། ལྔ་བ་མཐོང་ལམ་རྩེ་སྦྱོར་རྒྱས་པར་བཤད་པ་ནི། རྒྱན་རྩ་བ་ལས། འཇུག་པ་དང་ནི་ལྡོག་པ་ལ། ། ཞེས་པ་ནས། འགོག་དང་བཅས་པའི་སྙོམས་འཇུག་དགུར། ། ཞེས་པའི་བར་ཚིགས་བཅད་བཅུ་དགུས་བསྟན་ཅིང་། སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་ལས། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་སྒྱུ་མ་ལྟ་བུའི་སེམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། སྒྱུ་མ་ལྟ་བུའི་སེམས་དེ་ཁྱོད་ཀྱིས་ཡང་དག་པར་རྗེས་སུ་མཐོང་ངམ། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། བཅོམ་ལྡན་འདས་བདག་གིས་སྒྱུ་མ་ཡང་ཡང་དག་པར་རྗེས་སུ་མ་མཐོང་སྒྱུ་མ་ལྟ་བུའི་སེམས་དེ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། ། ཞེས་པ་ནས། དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་པར་ཤེས་པ་མཐའ་ཡས་སོ་ཞེས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཅུང་ཟད་མ་ཡོད་དོ་ཞེས་ཅུང་ཟད་མེད་པའི་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་ཅུང་ཟད་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་དང་ཚོར་བ་འགོག་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་ལྟར་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་པོ་དེ་དག་ལ་ལུགས་དང་འཐུན་པ་དང་། ལུགས་དང་མི་མཐུན་པར་སྙོམས་པར་འཇུག་ཅིང་རྣམ་པར་ལྡང་ངོ་། །དེ་རྣམ་པར་ཐར་པ་བརྒྱད་པོ་དེ་དག་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་པོ་དེ་དག་རྣམ་པར་ཕྱེ་ཞིང་། སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གོ ། ཞེས་པའི་བར་ཏེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉེར་ལྔ་པ་སྡེ་པར་ག་དུམ་པའི་ཤོག་ངོས་ཞེ་བདུན་ནས་གོ་གཉིས་བར་གྱིས་བསྟན་ཏོ། ། ༦དོན་བདུན་བཅུ་ལས་རྩེ་མོའི་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བརྒྱད་ལས། དྲུག་པ་སྒོམ་ལམ་རྩེ་སྦྱོར་རྒྱས་པར་བཤད་པ་ནི། རྒྱན་རྩ་བ་ལས། འགོག་དང་བཅས་པའི་སྙོམས་འཇུག་དགུར། ། ཞེས་པ་ནས། རྣམ་པ་ཀུན་ཏུ་བརྟེན་པར་བྱེད། ། ཅེས་པའི་བར་ཚིགས་བཅད་བཅུ་གསུམ་གྱི་བསྟན་ཅིང་། སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་ལས། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཏིང་ངེ་འཛིན་སེང་གེ་རྣམ་པར་བསྒྱིངས་པ་དེ་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདོད་པས་དབེན། སྡིག་ཏོ་མི་དགེ་བའི་ཆོས་ཀྱིས་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །བསམ་གཏན་དང་པོ་ལས་ལངས་ནས་བསམ་གཏན་གཉིས་པ་ལ་སྙོམས་པར་འཇུག་གོ། བསམ་གཏན་གཉིས་པ་ལས་ལངས་ནས། བསམ་གཏན་གསུམ་པ་ལ་སྙོམས་པར་འཇུག་གོ། བསམ་གཏན་གསུམ་པ་ལས་ལངས་ནས། བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་གོ ། ཞེས་པ་ནས། ཆོས་ཀྱི་འཁོར་ལོ་བསྐོར་ཅིང་། སེམས་ཅན་རྣམས་ཐེག་པ་གསུམ་ལ་རབ་ཏུ་བཀོད་དོ། །སེམས་ཅན་རྣམས་ཐེག་པ་གསུམ་ལ་རབ་ཏུ་བཀོད་ནས། ཕུང་པོའི་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་འོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡོན་ཏན་དང་། ལེགས་པ་ཐམས་ཅད་མཐོང་ནས། བདག་གིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །གཞན་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དུ་གཞུག་པར་བྱའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་ཇི་སྐད་དུ་བསྟན་པ་འདི་ལ་སྤྱོད་པ་དེ་དག་ནི། ལྷ་དང་། མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་ཕྱག་བགྱི་བར་འོས་པའོ། ། ཞེས་པའི་བར་ཏེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉེར་ལྔ་པ་སྡེ་པར་ག་དུམ་པའི་ཤོག་ངོས་གོ་གཉིས་ནས་བརྒྱ་དང་སོ་བདུན་བར་གྱིས་བསྟན་ཏོ། ། ༧དོན་བདུན་བཅུ་ལས་རྩེ་མོའི་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བརྒྱད་ལས། བདུན་པ་བར་ཆད་མེད་པའི་ཏིང་ངེ་འཛིན་གྱི་རྩེ་སྦྱོར་རྒྱས་པར་བཤད་པ་ནི། རྒྱན་རྩ་བ་ལས། སྟོང་གསུམ་སྐྱེ་བོ་ཉན་ཐོས་དང་། ཞེས་པ་ནས། རབ་ཏུ་སྨྲ་རྣམས་བརྒྱུད་མར་རྒོལ། ། ཞེས་བའི་ཚིགས་བཅད་གསུམ་གྱིས་བསྟན་ཅིང་། སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་ཇི་སྐད་དུ་བསྟན་པ་འདི་ལ་སྤྱོད་པ་དེ་དག་ནི། ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་ཕྱག་བྱ་བར་འོས་པའོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་དང་ལྡན་པ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་བ་དེའི་བསོད་ནམས་ཇི་ཙམ་ཞིག་ཏུ་འཕེལ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གང་ཇི་སྙེད་པ་དེ་དག་ཐམས་ཅད། ཉན་ཐོས་ཀྱི་ས་ལ་གནས་པར་གྱུར། རང་སངས་རྒྱས་ཀྱི་ས་ལ་གནས་པར་གྱུར་ན། སེམས་ཅན་དེ་དག་གི་བསོད་ནམས་ཆེས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཚད་མ་མཆིས་སོ། །བདེ་བར་གཤེགས་པ་ཚད་མ་མཆིས་སོ། ། ཞེས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བ་ནི། དངོས་པོ་མེད་པ་མཚན་ཉིད་མེད་པ། མཚན་མ་མེད་པ། བྱེད་པ་མེད་པ། སྐྱེ་བ་མེད་པ། འབྱུང་བ་མེད་པ་སྟེ། རབ་འབྱོར་གང་ཡང་འདི་སྐད་དུ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དམིགས་པ་ཇི་ལྟ་བུ་ཞིག་ཡོད་ཅེས་ཟེར་བ་ནི། རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་དམིགས་པ་མེད་པ་སྟེ། དྲན་པས་དབང་བསྒྱུར་བ་དང་། ཞི་བའི་རྣམ་པ་མཚན་ཉིད་མེད་པ་ཡིན་ཏེ། རབ་འབྱོར་འདི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དམིགས་པའོ། །འདི་ནི་དབང་བསྒྱུར་བའོ། །འདི་ནི་རྣམ་པའོ། །འདི་ནི་མཚན་ཉིད་དོ། ། ཞེས་པའི་བར་ཏེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉེར་ལྔ་པ་སྡེ་པར་ག་དུམ་པའི་ཤོག་ངོས་བརྒྱ་དང་སོ་བདུན་ནས་བརྒྱ་དང་བཞི་བཅུའི་བར་གྱིས་བསྟན་ཏོ། ། ༨དོན་བདུན་བཅུ་ལས་རྩེ་མོའི་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བརྒྱད་ལས། བརྒྱད་པ་བསལ་བྱ་ལོག་སྒྲུབ་རྒྱས་པར་བཤད་པ་ནི། རྒྱན་རྩ་བ་ལས། དམིགས་པ་འཐད་དང་དེ་ཡི་ནི། ། ཞེས་པ་ནས། རྣམ་པ་བཅུ་དྲུག་དག་ཏུ་བཞེད། ། ཅེས་པའི་བར་ཚིགས་བཅད་གསུམ་གྱིས་བསྟན་ཅིང་། སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་ལས། གསོལ་པ། བཅོམ་ལྡན་འདས་ཅི་ལགས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འབའ་ཞིག་དངོས་པོ་མ་མཆིས་པ་ལགས་སམ། མ་ལགས་ཀྱི། གཟུགས་ཀྱང་དངོས་པོ་མ་མཆིས་པ་ལགས། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་ཡང་དངོས་པོ་མ་མཆིས་པ་ལགས། སྐྱེ་མཆེད་དང་ཁམས་དང་རྟེན་ཅིང་འབྲེལ་པར་འབྱུང་བ་ཡང་དངོས་པོ་མ་མཆིས་པ་ལགས། ཕ་རོལ་དུ་ཕྱིན་པ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡང་དངོས་པོ་མ་མཆིས་པ་ལགས། ཞེས་པ་ནས། རབ་འབྱོར་གལ་ཏེ་མངོན་པར་ཤེས་པ་རྣམས་ལ་དངོས་པོ་ཞིག་ཡོད་དེ་ངོ་བོ་ཉིད་ཡོད་པ་འམ། གཞན་གྱི་དངོས་པོ་ཞིག་ཡོད་ན་ནི། རབ་འབྱོར་ངས་ཀྱང་མངོན་པར་ཤེས་པ་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་རིག་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་མི་འགྱུར་ཏེ། རབ་འབྱོར་འདི་ལྟར་མངོན་པར་ཤེས་པ་རྣམས་ལ་དངོས་པོ་མེད་དེ། ངོ་བོ་ཉིད་མེད་པ། གཞན་གྱི་དངོས་པོ་མེད་པ་སྟེ། གཞན་དུ་ན་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པས་དེའི་ཕྱིར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་མངོན་པར་ཤེས་པ་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་ཐུགས་སུ་ཆུད་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། ། ཞེས་པའི་བར་ཏེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉེར་ལྔ་པ་སྡེ་པར་ག་དུམ་པའི་ཤོག་ངོས་བརྒྱ་དང་བཞི་བཅུ་ནས་བརྒྱ་དང་དོན་བཞིའི་བར་གྱིས་བསྟན་ཏོ། །
མཁྱེན་གསུམ་བསྡུས་པ་རྩེ་སྦྱོར་ཕྱིན་པའི་བློ། །
དགག་སྒྲུབ་རིགས་པས་མཐའ་དཔྱད་མ་སྤྲོས་པར། །
སྟོན་མཆོག་གསུང་གིས་ལེགས་པར་རྒྱན་པ་འདི། །
བློ་གསར་བློ་ཡི་པད་མོ་རྒྱས་བྱེད་ཡིན། །
འཕགས་པ་ཤེར་རབ་ཀྱི་ཕལ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པའི་བཤད་པ་མངོན་རྒྱན་ཡུམ་ལ་འཇུག་པའི་ལེགས་བཤད་བྱམས་པའི་འཐད་རྒྱན་ལས་རྩེ་མོའི་སྦྱོར་བའི་སྐབས་ལེགས་པར་བཤད་ཟིན་ཏོ། །
 
དྲུག་པ། དོན་བདུན་བཅུ་ལས་མཐར་གྱིས་པའི་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཅུ་གསུམ་བཤད་པ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས་ལས། དང་པོོ་མདོར་བསྟན་ནི། རྒྱན་རྩ་བ་ལས། མཐར་གྱིས་པ། །རྣམ་གསུམ་རྣམ་བཅུ། ཞེས་པས་རྣམ་གྲངས་ཀྱི་སྒོ་ནས་མདོར་བསྟན་པ་ཡིན་ནོ། ། གཉིས་པ། རྒྱས་བཤད་ལ་མཚོན་བྱེད་ཀྱི་ཆོས་བཅུ་གསུམ་བཤད་པ་ནི། རྒྱན་རྩ་བ་ལས། སྦྱིན་པ་ཤེས་རབ་བར་དག་དང་། །སངས་རྒྱས་ལ་སོགས་དྲན་དང་ཆོས། །དངོས་མེད་ངོ་བོ་ཉིད་ཀྱིས་དེ། །མཐར་གྱིས་པ་ཡི་བྱ་བར་བཞེད། ། ཅེས་པས་མཐར་གྱིས་པའི་སྦྱོར་བ་རྒྱས་པར་བསྟན་པ་ཡིན་ནོ། ། ༡དོན་བདུན་བཅུ་ལས་མཐར་གྱིས་པའི་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཅུ་གསུམ་ལས། དང་པོ་སྦྱིན་པའི་ཕར་ཕྱིན་གྱི་མཐར་གྱིས་པའི་སྦྱོར་བ་རྒྱས་པར་བཤད་པ་ནི། སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་ལས། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ལ།  བསམ་གཏན་བཞི་དང་། མངོན་པར་ཤེས་པ་ལྔས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་ན། བཅོམ་ལྡན་འདས་དེའི་སླད་དུ་ཆོས་ཐམས་ཅད་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐར་གྱིས་སྤྱོད་པ་དང་། མཐར་གྱིས་སློབ་པ་དང་། མཐར་གྱིས་ནན་ཏན་དུ་བགྱི་བ་གང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་མཐར་གྱིས་སྤྱོད་པ་དང་། མཐར་གྱིས་སློབ་པ་དང་། མཐར་གྱིས་ནན་ཏན་དུ་བགྱི་བ་མཆིས་པར་གྱུར། ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས། ཆོས་ཀྱི་འཁོར་ལོ་བསྐོར་རོ། །ཆོས་ཀྱི་འཁོར་ལོ་བསྐོར་ནས། སེམས་ཅན་རྣམས་ཐེག་པ་གསུམ་ལ་སོ་སོར་འགོད་ཅིང་། འཁོར་བ་ལས་ཡོངས་སུ་གྲོལ་བར་བྱེད་དོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པས་མཐར་གྱིས་སྤྱོད་པ་ཡོད་པ་ཡིན་ཏེ། དེ་ཐམས་ཅད་ཀྱང་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་ལ་ངོ་བོ་ཉིད་མེད་དོ། ། ཞེས་པའི་བར་ཏེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉེར་ལྔ་པ་སྡེ་པར་ག་དུམ་པའི་ཤོག་ངོས་བརྒྱ་དང་དོན་བཞི་ནས་བརྒྱ་དང་དོན་དྲུག་བར་གྱི་དེབ་མ་གཉིས་ཙམ་གྱིས་བསྟན་ནོ། ། དེ་ཡང་འདིར་ངེས་དགོས་པ་ཞིག་ལ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ལ། ཞེས་པ་ནས། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བའི་ཕྱིར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཇུག་སྟེ། མཐར་གྱིས་སྤྱོད་པ་དང་། མཐར་གྱིས་བསླབ་པ་དང་། མཐར་གྱིས་ནན་ཏན་དུ་བྱ་བ་གང་ལ་བསླབས་ཤིང་། སྔོན་གྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་པ་དེ་ལྟ་བུའི་མཐར་གྱིས་སྤྱོད་པ་དང་། མཐར་གྱིས་བསླབ་པ་དང་། མཐར་གྱིས་ནན་ཏན་དུ་བྱ་བ་རྩོམ་མོ། ། ཞེས་པའི་བར་གྱིས་ནི་བཅོམ་ལྡན་འདས་ཀྱིས་རབ་འབྱོར་ལ་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར། བླ་ན་མེད་པའི་བྱང་ཆུབ་མངོན་པར་འཇུག་སྟེ། མཐར་གྱིས་བསླབ་དགོས་ཚུལ་གསུངས་པས་བསླབ་ཚུལ་སྤྱིར་བསྟན་པ་ཡིན་ཏོ། ། ༢དོན་བདུན་བཅུ་ལས་མཐར་གྱིས་པའི་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཅུ་གསུམ་ལས། གཉིས་པ་ཚུལ་ཁྲིམས་ཀྱི་ཕར་ཕྱིན་གྱི་མཐར་གྱིས་པའི་སྦྱོར་བ་རྒྱས་པར་བཤད་པ་ནི། སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་ལས། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བདག་ཀྱང་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་དོ། །གཞན་ཡང་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ཡང་དག་པར་བསྐུལ་ལོ། །ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པའི་ལེགས་པ་རྗོད་དོ། ། གཞན་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་དེ་དག་གི་ཡང་ལེགས་པ་རྗོད་ཅིང་འཐུན་པས་དགའ་བར་སྤྱོད་དོ། ། དེ་ཚུལ་ཁྲིམས་དེས་ལྷའི་ཆེ་བ་ཉིད་དང་། མིའི་ཆེ་བ་ཉིད་རབ་ཏུ་ཐོབ་པར་བྱེད་དོ། །དེ་ནོར་མེད་པའི་སེམས་ཅན་རྣམས་ལ་ནོར་བྱིན་ཞིང་ཚུལ་ཁྲིམས་ལ་རབ་ཏུ་འགོད་དོ། ། ཏིང་ངེ་འཛིན་དང་ཤེས་རབ་དང་རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ལ་རབ་ཏུ་འགོད་དོ། །དེ་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དེས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་འདས་ནས། ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དེ་ཉིད་ཀྱིས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འཇུག་གོ། བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཞུགས་ནས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱས། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས།  ཆོས་ཀྱི་འཁོར་ལོ་བསྐོར་རོ། །ཆོས་ཀྱི་འཁོར་ལོ་བསྐོར་ནས། སེམས་ཅན་རྣམས་ཐེག་པ་གསུམ་ལ་སོ་སོར་འགོད་ཅིང་འཁོར་བ་ལས་ཡོངས་སུ་གྲོལ་བར་བྱེད་དོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱིས་མཐར་གྱིས་སྤྱོད་པ་ཡོད་པ་ཡིན་ཏེ། དེ་ཐམས་ཅད་ཀྱང་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་ལ་ངོ་བོ་ཉིད་མེད་དོ། ། ཞེས་འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉེར་ལྔ་པ་སྡེ་པར་ག་དུམ་པའི་ཤོག་ངོས་བརྒྱ་དང་དོན་དྲུག་པའི་ཡིག་ཕྲེང་བརྒྱད་ཙམ་གྱིས་བསྟན་ཏོ། ། ༣དོན་བདུན་བཅུ་ལས་མཐར་གྱིས་པའི་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཅུ་གསུམ་ལས། གསུམ་པ་བཟོད་པའི་ཕར་ཕྱིན་གྱི་མཐར་གྱིས་པའི་སྦྱོར་བ་རྒྱས་པར་བཤད་པ་ནི། སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་ལས། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བདག་ཀྱང་བཟོད་པའི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་དོ། །གཞན་ཡང་བཟོད་པའི་ཕ་རོལ་དུ་ཕྱིན་པ་ལ་ཡང་དག་པར་བསྐུལ་ལོ། །བཟོད་པའི་ཕ་རོལ་དུ་ཕྱིན་པའི་ལེགས་པ་རྗོད་དོ། །གཞན་བཟོད་པའི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་དེ་དག་གི་ཡང་ལེགས་པ་རྗོད་ཅིང་འཐུན་པས་དགའ་བར་སྤྱོད་དོ། །དེ་བཟོད་པའི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་ཅན་རྣམས་སྦྱིན་པས་ཡོངས་སུ་ཚིམ་པར་བྱེད་དོ། །ཚུལ་ཁྲིམས་ལ་རབ་ཏུ་འགོད་དོ། །ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ལ་རབ་ཏུ་འགོད་དོ། །དེ་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དེས་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལས་འདས་ནས། ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དེ་ཉིད་ཀྱིས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འཇུག་གོ། བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཞུགས་ནས།  སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱས། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས། ཆོས་ཀྱི་འཁོར་ལོ་བསྐོར་རོ། །ཆོས་ཀྱི་འཁོར་ལོ་བསྐོར་ནས།  སེམས་ཅན་རྣམས་ཐེག་པ་གསུམ་ལ་སོ་སོར་འགོད་ཅིང་། འཁོར་བ་ལས་ཡོངས་སུ་གྲོལ་བར་བྱེད་དོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པས་མཐར་གྱིས་སྤྱོད་པ་ཡོད་པ་ཡིན་ཏེ། དེ་ཐམས་ཅད་ཀྱང་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་ལ་ངོ་བོ་ཉིད་མེད་དོ། ། ཞེས་འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉེར་ལྔ་པ་སྡེ་པར་ག་དུམ་པའི་ཤོག་ངོས་བརྒྱ་དང་དོན་དྲུག་ནས་བརྒྱ་དང་དོན་བདུན་བར་གྱི་ཡིག་ཕྲེང་བདུན་ཙམ་གྱིས་བསྟན་ཏོ། ། ༤དོན་བདུན་བཅུ་ལས་མཐར་གྱིས་པའི་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཅུ་གསུམ་ལས། བཞི་པ་བརྩོན་འགྲུས་ཀྱི་ཕར་ཕྱིན་གྱི་མཐར་གྱིས་པའི་སྦྱོར་བ་རྒྱས་པར་བཤད་པ་ནི། སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་ལས། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བདག་ཀྱང་དགེ་བའི་ཆོས་རྣམས་ལ་བརྩོན་འགྲུས་རྩོམ་མོ། །གཞན་ཡང་བརྩོན་འགྲུས་ལ་ཡང་དག་པར་བསྐུལ་ལོ། །བརྩོན་འགྲུས་ཀྱི་ལེགས་པ་རྗོད་དོ། །གཞན་བརྩོན་འགྲུས་རྩོམ་པ་དེ་དག་གི་ཡང་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་སྤྱོད་དོ། །དེ་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཅིང་། སེམས་ཅན་རྣམས་སྦྱིན་པས་ཡོངས་སུ་ཚིམ་པར་བྱེད་དོ། །ཚུལ་ཁྲིམས་ལས་རབ་ཏུ་འགོད་དོ། །ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ལ་རབ་ཏུ་འགོད་དོ། །དེ་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དེས། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལས་འདས་ནས། ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དེ་ཉིད་ཀྱིས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འཇུག་གོ། བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཞུགས་ནས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱས། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས་ཆོས་ཀྱི་འཁོར་ལོ་བསྐོར་རོ། །ཆོས་ཀྱི་འཁོར་ལོ་བསྐོར་ནས། སེམས་ཅན་རྣམས་ཐེག་པ་གསུམ་ལ་སོ་སོར་འགོད་ཅིང་། འཁོར་བ་ལས་ཡོངས་སུ་གྲོལ་བར་བྱེད་དོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱིས་མཐར་གྱིས་སྤྱོད་པ་ཡོད་པ་ཡིན་ཏེ། དེ་ཐམས་ཅད་ཀྱང་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་ལ་ངོ་བོ་ཉིད་མེད་དོ། ། ཞེས་འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉེར་ལྔ་པ་སྡེ་པར་ག་དུམ་པའི་ཤོག་ངོས་བརྒྱ་དང་དོན་བདུན་ནས་བརྒྱ་དང་དོན་བརྒྱད་བར་གྱི་ཡིག་ཕྲིང་བདུན་ཙམ་གྱིས་བསྟན་ཏོ། ། ༥དོན་བདུན་བཅུ་ལས་མཐར་གྱིས་པའི་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཅུ་གསུམ་ལས། ལྔ་བ་བསམ་གཏན་གྱི་ཕར་ཕྱིན་གྱི་མཐར་གྱིས་པའི་སྦྱོར་བ་རྒྱས་པར་བཤད་པ་ནི། སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་ལས། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བདག་ཀྱང་ཚད་མེད་པ་དང་། བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་ལ་གཞོག་གོ། གཞན་ཡང་ཚད་མེད་པ་དང་། བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་ལ་རབ་ཏུ་འགོད་དོ། །ཚད་མེད་པ་དང་། བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་ལེགས་པ་རྗོད་དོ། །གཞན་ཚད་མེད་པ་དང་། བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་ལ་མཉམ་པར་གཞག་པ་དེ་དག་གི་ལེགས་པ་རྗོད་ཅིང་འཐུན་པས་དགའ་བར་སྤྱོད་དོ། །དེ་ཚད་མེད་པ་དང་། བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དག་ལ་གནས་ཤིང་། སེམས་ཅན་རྣམས་སྦྱིན་པས་ཡོངས་སུ་ཚིམ་པར་བྱེད་དོ། །ཚུལ་ཁྲིམས་ལ་རབ་ཏུ་འགོད་དོ། །ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ལ་རབ་ཏུ་འགོད་དོ། །དེ་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དེས། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལས་འདས་ནས། ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་།  རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དེ་ཉིད་ཀྱིས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འཇུག་གོ། བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཞུགས་ནས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱས། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས། ཆོས་ཀྱི་འཁོར་ལོ་བསྐོར་རོ། །ཆོས་ཀྱི་འཁོར་ལོ་བསྐོར་ནས། སེམས་ཅན་རྣམས་ཐེག་པ་གསུམ་ལ་སོ་སོར་འགོད་ཅིང་། འཁོར་བ་ལས་ཡོངས་སུ་གྲོལ་བར་བྱེད་དོ། ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱིས་མཐར་གྱིས་སྤྱོད་པ་ཡོད་པ་ཡིན་ཏེ། དེ་ཐམས་ཅད་ཀྱང་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་ལ་ངོ་བོ་ཉིད་མེད་དོ། ། ཞེས་འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉེར་ལྔ་པ་སྡེ་པར་ག་དུམ་པའི་ཤོག་ངོས་བརྒྱ་དང་དོན་བདུན་པ་བརྒྱ་དང་དོན་བརྒྱད་པའི་བར་གྱི་ཡིག་ཕྲིང་བརྒྱད་ཙམ་གྱིས་བསྟན་ཏོ། ། ༦དོན་བདུན་བཅུ་ལས་མཐར་གྱིས་པའི་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཅུ་གསུམ་ལས། དྲུག་པ་ཤེས་རབ་ཀྱི་ཕར་ཕྱིན་གྱི་མཐར་གྱིས་པའི་སྦྱོར་བ་རྒྱས་པར་བཤད་པ་ནི། སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་ལས། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་ཅན་རྣམས་སྦྱིན་པས་ཡོངས་སུ་ཚིམ་པར་བྱེད་དོ། །ཚུལ་ཁྲིམས་ལ་རབ་ཏུ་འགོད་དོ། །ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ལ་རབ་ཏུ་འགོད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། བདག་ཀྱང་སྦྱིན་པ་ཡོངས་སུ་གཏོང་ངོ་། །ཚུལ་ཁྲིམས་སྲུང་ངོ་། །བཟོད་པ་སྒྲུབ་བོ། །བརྩོན་འགྲུས་རྩོམ་མོ། །བསམ་གཏན་ལ་མཉམ་པར་གཞོག་གོ། ཤེས་རབ་སྒོམ་མོ། །གཞན་ཡང་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ལ་རབ་ཏུ་གཞོག་གོ། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ལེགས་པ་རྗོད་དོ། །གཞན་གང་སྦྱིན་པ་ཡོངས་སུ་གཏོང་བ་དང་། ཚུལ་ཁྲིམས་སྲུང་བ་དང་། བཟོད་པ་སྒྲུབ་པ་དང་། བརྩོན་འགྲུས་བརྩོམ་པ་དང་། བསམ་གཏན་ལ་མཉམ་པར་གཞོག་པ་དང་། ཤེས་རབ་བསྒོམ་པ་དེ་དག་གི་ཡང་ལེགས་པ་རྗོད་ཅིང་འཐུན་པས་དགའ་བར་སྤྱོད་དོ། །དེ་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དེ་དང་།  ཐབས་མཁས་པས་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལས་འདས་ནས། བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འཇུག་གོ། བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཞུགས་ནས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱས། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས། ཆོས་ཀྱི་འཁོར་ལོ་བསྐོར་རོ། །ཆོས་ཀྱི་འཁོར་ལོ་བསྐོར་ནས། སེམས་ཅན་རྣམས་ཐེག་པ་གསུམ་ལ་སོ་སོར་འགོད་ཅིང་། འཁོར་བ་ལས་ཡོངས་སུ་གྲོལ་བར་བྱེད་དོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱིས་མཐར་གྱིས་སྤྱོད་པ་རྩོམ་སྟེ། དེ་ཐམས་ཅད་ཀྱང་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་ལ་ངོ་བོ་ཉིད་མེད་དོ། ། ཞེས་འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉེར་ལྔ་པ་སྡེ་པར་ག་དུམ་པའི་ཤོག་ངོས་བརྒྱ་དང་དོན་བརྒྱད་པའི་ཡིག་ཕྲེང་དགུ་ཙམ་གྱིས་བསྟན་ཏོ། ། ༧དོན་བདུན་བཅུ་ལས་མཐར་གྱིས་པའི་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཅུ་གསུམ་ལས། བདུན་པ་སངས་རྒྱས་དཀོན་རྗེས་སུ་དྲན་པའི་མཐར་གྱིས་པའི་སྦྱོར་བ་ནི། སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་ལས། རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་རྗེས་སུ་དྲན་པ་སྒོམ་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཟུགས་སུ་ཡིད་ལ་མི་བྱེད། ཚོར་བ་དང་འདུ་ཤེས་དང་། འདུ་བྱེད་དང་རྣམ་པར་ཤེས་པར་ཡིད་ལ་མི་བྱེད་དོ། ། ཞེས་པ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡོངས་སུ་རྫོགས་པར་བྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡོངས་སུ་རྫོགས་པར་བྱེད་དོ། །དེ་ནི་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དེ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་ལ་དངོས་པོ་ཡོད་པར་འདུ་ཤེས་པ་འམ། དངོས་པོ་མེད་པར་འདུ་ཤེས་པ་ཡང་མེད་ན། དྲན་པའི་ལས་རྡུལ་ཙམ་ཡང་ཡོད་པ་འམ། དྲན་པ་དང་བྲལ་བར་འགྱུར་བ་ལྟ་ཅི་ཞིག་སྨོས། ཞེས་པའི་བར་ཏེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉེར་ལྔ་པ་སྡེ་པར་ག་དུམ་པའི་ཤོག་ངོས་བརྒྱ་དང་དོན་བརྒྱད་ནས་བརྒྱ་དང་བརྒྱད་བཅུའི་བར་གྱི་དེབ་མ་གཅིག་དང་ཕྱེད་ཙམ་གྱིས་བསྟན་ནོ། ། འདིར་སངས་རྒྱས་རྗེས་དྲན་གྱི་མདོ་ཡི་དབུ་ནས། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐར་གྱིས་སྤྱད་པ་དང་། མཐར་གྱིས་བསླབ་པ་དང་། མཐར་གྱིས་འཇུག་པ་ལ་སློབ་སྟེ། དེ་སེམས་དང་པོ་བསྐྱེད་པ་ཉིད་ཀྱི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་རྟོགས་པར་བྱེད་དེ། དེ་སངས་རྒྱས་རྗེས་སུ་དྲན་པ་བསྒོམ་མོ། ། ཞེས་གསུངས་འདུག་པས་ནི་རྗེས་དྲན་དྲུག་གི་མདོར་བསྟན་ཙམ་བྱུང་བ་ཡིན་ཏོ། ། ༨དོན་བདུན་བཅུ་ལས་མཐར་གྱིས་པའི་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཅུ་གསུམ་ལས། བརྒྱད་པ་ཆོས་དཀོན་རྗེས་སུ་དྲན་པའི་མཐར་གྱིས་པའི་སྦྱོར་བ་རྒྱས་པར་བཤད་པ་ནི། སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་ལས། རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་རྗེས་སུ་དྲན་པ་སྒོམ་པ་ཡིན་ཞེ་ན། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། དེ་ཆོས་རྗེས་སུ་དྲན་པ་སྒོམ་ན། དགེ་བའི་ཆོས་ཡིད་ལ་མི་བྱེད། མི་དགེ་བའི་ཆོས་ཡིད་ལ་མི་བྱེད། འཇིག་རྟེན་པའི་ཆོས་དང་། འཇིག་རྟེན་ལས་འདས་པའི་ཆོས་དང་། ཟང་ཟིང་དང་བཅས་པའི་ཆོས་དང་། ཟང་ཟིང་མེད་པའི་ཆོས་དང་། འཕགས་པའི་ཆོས་དང་། འཕགས་པ་མ་ཡིན་པའི་ཆོས་དང་། ཟག་པ་དང་བཅས་པའི་ཆོས་དང་། ཟག་པ་མེད་པའི་ཆོས་དང་། འདོད་པའི་ཁམས་སུ་གཏོགས་པའི་ཆོས་དང་། གཟུགས་ཀྱི་ཁམས་སུ་གཏོགས་པའི་ཆོས་དང་། གཟུགས་མེད་པའི་ཁམས་སུ་གཏོགས་པའི་ཆོས་དང་། འདུས་བྱས་ཀྱི་ཆོས་དང་། འདུས་མ་བྱས་ཀྱི་ཆོས་ཡིད་ལ་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཆོས་དེ་དག་ལ་ངོ་བོ་ཉིད་མེད་དེ། གང་ལ་ངོ་བོ་ཉིད་མེད་པ་དེ་དག་ནི་དངོས་པོ་མེད་པའོ། །དངོས་པོ་མེད་པས་ནི་དངོས་པོ་མེད་པ་དྲན་པར་མི་ནུས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དྲན་པ་མེད་ཅིང་ཡིད་ལ་བྱ་བ་མེད་པ་ནི་ཆོས་རྗེས་སུ་དྲན་པའོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་རྗེས་སུ་དྲན་པ་དེ་ལ་བསླབས་ཤིང་། དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡོངས་སུ་རྫོགས་པར་བྱེད་དོ། །དེ་ནི་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་ལ་དངོས་པོ་ཡོད་པར་འདུ་ཤེས་པ་འམ། དངོས་པོ་མེད་པའི་འདུ་ཤེས་པ་ཡང་མེད་ན། དྲན་པའི་ལས་རྡུལ་ཙམ་ཡང་ཡོད་པ་འམ། དྲན་པ་དང་བྲལ་བར་འགྱུར་བ་ལྟ་ཅི་ཞིག་སྨོས། ཞེས་འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉེར་ལྔ་པ་སྡེ་པར་ག་དུམ་པའི་ཤོག་ངོས་བརྒྱ་དང་བརྒྱད་བཅུ་པའི་ཡིག་ཕྲེང་དྲུག་ཙམ་གྱིས་བསྟན་ཏོ། ། ༩དོན་བདུན་བཅུ་ལས་མཐར་གྱིས་པའི་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཅུ་གསུམ་ལས། དགུ་བ་དགེ་འདུན་དཀོན་རྗེས་སུ་དྲན་པའི་མཐར་གྱིས་པའི་སྦྱོར་བ་རྒྱས་པར་བཤད་པ་ནི། སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་ལས། རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་འདུན་རྗེས་སུ་དྲན་པ་སྒོམ་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། དགེ་འདུན་རྗེས་སུ་དྲན་པ་སྒོམ་སྟེ།  བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཕུན་སུམ་ཚོགས་པའི་སྐྱེས་བུ་ཟུང་བཞི་དང་། སྐྱེས་བུ་གང་ཟག་བརྒྱད་པོ་དེ་དག་དངོས་པོ་མེད་པའི་ངོ་བོ་ཉིད་དུ་ཡིད་ལ་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་དག་ལ་ངོ་བོ་ཉིད་མེད་དོ། །གང་ལ་ངོ་བོ་ཉིད་མེད་པ་དག་ནི་དངོས་པོ་མེད་པའོ། །དངོས་པོ་མེད་པས་ནི་དངོས་པོ་མེད་པ་དྲན་པར་མི་ནུས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དྲན་པ་མེད་ཅིང་ཡིད་ལ་བྱ་བ་མེད་པ་ནི། དགེ་འདུན་རྗེས་སུ་དྲན་པའོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་འདུན་རྗེས་སུ་དྲན་པ་དེ་ལ་བསླབས་ཤིང་། དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡོངས་སུ་རྫོགས་པར་བྱེད་དོ། །དེ་ནི་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་ལ་དངོས་པོ་ཡོད་པར་འདུ་ཤེས་པ་འམ། དངོས་པོ་མེད་པར་འདུ་ཤེས་པ་ཡང་མེད་ན། དྲན་པའི་ལས་རྡུལ་ཙམ་ཡང་ཡོད་པ་འམ། དྲན་པ་དང་བྲལ་བར་འགྱུར་བ་ལྟ་ཅི་ཞིག་སྨོས། ཞེས་འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉེར་ལྔ་པ་སྡེ་པར་ག་དུམ་པའི་ཤོག་ངོས་བརྒྱ་དང་བརྒྱད་བཅུ་ནས་བརྒྱ་དང་གྱ་གཅིག་བར་གྱི་ཡིག་ཕྲེང་དྲུག་ཙམ་གྱིས་བསྟན་ཏོ། ། ༡༠དོན་བདུན་བཅུ་ལས་མཐར་གྱིས་པའི་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཅུ་གསུམ་ལས། བཅུ་བ་ཚུལ་ཁྲིམས་རྗེས་སུ་དྲན་པའི་མཐར་གྱིས་པའི་སྦྱོར་བ་རྒྱས་པར་བཤད་པ་ནི། སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་ལས། རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་རྗེས་སུ་དྲན་པ་སྒོམ་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཚུལ་ཁྲིམས་རྗེས་སུ་དྲན་པ་སྒོམ་ཞིང་། མ་རལ་བ་མ་ཞིག་པ་མ་འདྲེས་པ། སྐྱོན་མེད་པ། མ་ཉམས་པ། མཐུ་དང་ལྡན་པ། མཁས་པས་བསྔགས་པ། ཤིན་དུ་རྫོགས་པའི་ཏིང་ངེ་འཛིན་ཡོངས་སུ་གྲུབ་པའི་ཚུལ་ཁྲིམས་ལ་གནས་པ་ཡིན་ཏེ། དེ་ཚུལ་ཁྲིམས་དེ་དངོས་པོ་མེད་པའི་ངོ་བོ་ཉིད་དུ་ཡིད་ལ་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་ལ་ངོ་བོ་ཉིད་མེད་དེ། གང་ལ་ངོ་བོ་ཉིད་མེད་པ་དེ་དག་ནི་དངོས་པོ་མེད་པའོ། །དངོས་པོ་མེད་པས་ནི་དངོས་པོ་མེད་པ་དྲན་པར་མི་ནུས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དྲན་པ་མེད་ཅིང་ཡིད་ལ་བྱ་བ་མེད་པ་ནི། ཚུལ་ཁྲིམས་རྗེས་སུ་དྲན་པའོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་རྗེས་སུ་དྲན་པ་དེ་ལ་བསླབས་ཤིང་། དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡོངས་སུ་རྫོགས་པར་བྱེད་དོ། །དེ་ནི་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་ལ་དངོས་པོ་ཡོད་པར་འདུ་ཤེས་པ་འམ། དངོས་པོ་མེད་པར་འདུ་ཤེས་པ་ཡང་མེད་ན། དྲན་པའི་ལས་རྡུལ་ཙམ་ཡང་ཡོད་པ་འམ། དྲན་པ་དང་བྲལ་བར་འགྱུར་བ་ལྟ་ཅི་ཞིག་སྨོས། ཞེས་འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉེར་ལྔ་པ་སྡེ་པར་ག་དུམ་པའི་ཤོག་ངོས་བརྒྱ་དང་གྱ་གཅིག་གི་ཡིག་ཕྲེང་དྲུག་ཙམ་གྱིས་བསྟན་ཏོ། ། ༡༡དོན་བདུན་བཅུ་ལས་མཐར་གྱིས་པའི་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཅུ་གསུམ་ལས། བཅུ་གཅིག་པ་གཏོང་བ་རྗེས་སུ་དྲན་པའི་མཐར་གྱིས་པའི་སྦྱོར་བ་རྒྱས་པར་བཤད་པ་ནི། སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་ལས། རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཏོང་བ་རྗེས་སུ་དྲན་པར་འགྱུར་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཏོང་བ་རྗེས་སུ་དྲན་པ་སྒོམ་ཞིང་། གང་ཟང་ཟིང་གཏོང་བ་དང་། ཆོས་གཏོང་བ་ཡིད་ལ་མི་བྱེད་དེ། དེ་ཡན་ལག་དང་། ཉིང་ལག་ཀྱང་ཡོངས་སུ་གཏོང་ན། དངོས་པོ་གཞན་ལྟ་ཅི་ཞིག་སྨོས། དེ་ལྟར་སྦྱིན་པ་ཡོངས་སུ་གཏོང་ཡང་། འདི་ལྟར་བདག་ནི་སྦྱིན་པ་ཡོངས་སུ་གཏོང་བའོ། །དངོས་པོ་འདི་གཏོང་བའོ། །འདི་ལ་གཏོང་བར་བྱའོ། །སྙམ་དུ་མི་སེམས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དངོས་པོ་མེད་པ་དེ་དག་ལ་ངོ་བོ་ཉིད་མེད་དེ།  གང་ལ་ངོ་བོ་ཉིད་མེད་པ་དེ་དག་ནི་དངོས་པོ་མེད་པའོ། །དངོས་པོ་མེད་པས་ནི་དངོས་པོ་མེད་པ་དྲན་པར་མི་ནུས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དྲན་པ་མེད་ཅིང་ཡིད་ལ་བྱ་བ་མེད་པ་ནི་གཏོང་བ་རྗེས་སུ་དྲན་པའོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཏོང་བ་རྗེས་སུ་དྲན་པ་ལ་བསླབས་ཤིང་། དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡོངས་སུ་རྫོགས་པར་བྱེད་དོ། །དེ་ནི་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་ལ་དངོས་པོ་ཡོད་པར་འདུ་ཤེས་པ་འམ། དངོས་པོ་མེད་པར་འདུ་ཤེས་པ་ཡང་མེད་ན། དེ་ལ་དྲན་པའི་ལས་རྡུལ་ཙམ་ཡང་ཡོད་པ་འམ། དྲན་པ་དང་བྲལ་བར་འགྱུར་བ་ལྟ་ཅི་ཞིག་སྨོས། ཞེས་འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉེར་ལྔ་པ་སྡེ་པར་ག་དུམ་པའི་ཤོག་ངོས་བརྒྱ་དང་གྱ་གཅིག་པའི་རྒྱབ་ངོས་ཀྱི་ཡིག་ཕྲེང་དྲུག་ཙམ་གྱིས་བསྟན་ཏོ། ། ༡༢དོན་བདུན་བཅུ་ལས་མཐར་གྱིས་པའི་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཅུ་གསུམ་ལས། བཅུ་གཉིས་པ་ལྷ་རྗེས་སུ་དྲན་པའི་མཐར་གྱིས་པའི་སྦྱོར་བ་རྒྱས་པར་བཤད་པ་ནི། སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་ལས། རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ལྷ་རྗེས་སུ་དྲན་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷ་རྗེས་སུ་དྲན་པ་སྒོམ་སྟེ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷར་སྐྱེས་པ་དང་། སུམ་ཅུ་རྩ་གསུམ་དང་། མཚེ་མ་དང་།  དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷར་སྐྱེས་པའི་ལྷ་དག་དང་། གཟུགས་ན་སྤྱོད་པ་དང་། གཟུགས་མེད་པ་ན་སྤྱོད་པའི་ཕྱིར་མི་འོང་བ་དེ་དག་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས་ཡིད་ལ་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན།  དེ་ནི་འདི་ལྟར་དེ་དག་ལ་ངོ་བོ་ཉིད་མེད་དེ། གང་ལ་ངོ་བོ་ཉིད་མེད་པ་དེ་དག་ནི་དངོས་པོ་མེད་པའོ། །དངོས་པོ་མེད་པས་ནི་དངོས་པོ་མེད་པ་དྲན་པར་མི་ནུས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དྲན་པ་མེད་ཅིང་ཡིད་ལ་བྱ་བ་མེད་པ་ནི་ལྷ་རྗེས་སུ་དྲན་པའོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷ་རྗེས་སུ་དྲན་པ་དེ་ལ་བསླབས་ཤིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡོངས་སུ་རྫོགས་པར་བྱེད་དོ། །དེ་ནི་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་ལ་དངོས་པོ་ཡོད་པར་འདུ་ཤེས་པ་འམ། དངོས་པོ་མེད་པར་འདུ་ཤེས་པ་ཡང་མེད་ན། དྲན་པའི་ལས་རྡུལ་ཙམ་ཡང་ཡོད་པ་འམ། དྲན་པ་དང་བྲལ་བར་འགྱུར་བ་ལྟ་ཅི་ཞིག་སྨོས། ཞེས་འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉེར་ལྔ་པ་སྡེ་པར་ག་དུམ་པའི་ཤོག་ངོས་བརྒྱ་དང་གྱ་གཅིག་ནས་བརྒྱ་དང་གྱ་གཉིས་པའི་བར་གྱི་ཡིག་ཕྲེང་དྲུག་ཙམ་གྱིས་བསྟན་ཏོ། ། ༡༣དོན་བདུན་བཅུ་ལས་མཐར་གྱིས་པའི་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཅུ་གསུམ་ལས། བཅུ་གསུམ་པ་དངོས་པོ་མེད་པའི་ངོ་བོ་ཉིད་དུ་རྟོགས་པའི་མཐར་གྱིས་པའི་སྦྱོར་བ་རྒྱས་པར་བཤད་པ་ནི། སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་ལས། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། མཐར་གྱིས་སྤྱད་པ་དང་། མཐར་གྱིས་བསླབ་པ་དང་། མཐར་གྱིས་འཇུག་པའི་ལམ་ཡོངས་སུ་རྫོགས་པར་བྱ་བར་འདོད་པས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བྱའོ། ། ཞེས་པ་ནས། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མི་དམིགས་པར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་སྤྱོད་དོ། །སེམས་ཅན་རྣམས་མི་དམིགས་པར་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །སངས་རྒྱས་ཀྱི་ཞིང་མི་དམིགས་པར་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་དོ། །སངས་རྒྱས་ཀྱི་ཆོས་རྣམས་མི་དམིགས་པར་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་དམིགས་པའི་ཚུལ་གྱིས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། དེ་ལ་བདུད་སྡིག་ཏོ་ཅན་རྣམས་སམ། བདུད་ཀྱི་རིས་ཀྱི་ལྷ་རྣམས་ཀྱིས་ཚུགས་པར་དཀའ་བ་ཡིན་ནོ། ། ཞེས་པའི་བར་ཏེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉེར་ལྔ་པ་སྡེ་པར་ག་དུམ་པའི་ཤོག་ངོས་བརྒྱ་དང་གྱ་གཉིས་ནས་བརྒྱ་དང་གྱ་དྲུག་བར་གྱི་ལྡེབ་མ་ལྔ་ཙམ་གྱིས་བསྟན་ཏོ། ། 
སྒོམ་བྱའི་དོན་རྣམས་མཐར་གྱིས་སྒོམ་པའི་ལམ། །
ལུང་ཚིགས་མང་པོས་ཕུང་བོ་མ་སྤོང་ཞིང་། །
མཁས་པའི་བཞེད་ཚུལ་ཚོགས་སུ་མ་བསྡེབས་པར། །
མངོན་རྒྱན་མདོ་ལ་སྦྱར་བའི་ལེགས་བཤད་ཡིན། །
འཕགས་པ་ཤེར་རབ་ཀྱི་ཕལ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པའི་བཤད་པ་མངོན་རྒྱན་ཡུམ་ལ་འཇུག་པའི་ལེགས་བཤད་བྱམས་པའི་འཐད་རྒྱན་ལས་མཐར་གྱིས་པའི་སྐབས་ལེགས་པར་བཤད་ཟིན་ཏོ། །
 
བདུན་པ། དོན་བདུན་བཅུ་ལས་སྐད་ཅིག་མའི་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཞི་བཤད་པ་ལ། མདོར་བསྟན་དང་། རྒྱས་བཤད་གཉིས་ལས། དང་པོ། མདོར་བསྟན་ནི། རྒྱན་རྩ་བ་ལས། སྐད་ཅིག་མ། གཅིག་གིས་མངོན་རྫོགས་བྱང་ཆུབ་པ། །མཚན་ཉིད་ཀྱིས་ནི་རྣམ་པ་བཞི། ཅེས་པས་རྣམ་གྲངས་ཀྱི་སྒོ་ནས་མཚན་མཚོན་མདོར་བསྟན་པ་ཡིན་ནོ། ། གཉིས་པ་རྒྱས་པར་བཤད་པ་ལ་བཞི་ལས། ༡དོན་བདུན་བཅུ་ལས་སྐད་ཅིག་མའི་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཞི་ལས། དང་པོ་རྣམ་པར་སྨིན་པ་མིན་པའི་སྐད་ཅིག་མའི་སྦྱོར་བ་རྒྱས་པར་བཤད་པ་ནི། རྒྱན་རྩ་བ་ལས། སྦྱིན་པ་ལ་སོགས་རེ་རེས་ཀྱང་། །ཟག་མེད་ཆོས་ཀུན་བསྡུས་པའི་ཕྱིར། ། ཞེས་པ་ནས།  སྐད་ཅིག་གཅིག་ཤེས་དེ་བཞིན་ནོ། ། ཞེས་པའི་བར་ཚིགས་བཅད་གཉིས་ཀྱིས་བསྟན་ཅིང་། སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་ལས། དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཇི་ལྟར་སེམས་བསྐྱེད་པ་གཅིག་གིས་ཕ་རོལ་དུ་ཕྱིན་པ་དྲུག་ཡོངས་སུ་འཛིན་པ་ལགས། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་འཛིན་པ་ལགས། ཞེས་པ་ནས། ལ་ལའི་དོན་དུ་ནི་རྒྱལ་སྲིད་ཡོངས་སུ་གཏོང་ངོ་། །ལ་ལའི་དོན་དུ་ནི་བདག་ཡོངས་སུ་གཏོང་སྟེ། དེ་ལྟར་ཐབས་གང་དང་གང་གིས་སེམས་ཅན་རྣམས་ཀྱི་དོན་དུ་འགྱུར་བའི་ཐབས་དེ་དང་དེས་སེམས་ཅན་རྣམས་ཀྱི་དོན་བྱེད་དོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་མཚན་མ་མེད་པ་དང་། བྱེད་པ་མེད་པ་དང་། དམིགས་སུ་མེད་པ་དང་། འབྱུང་བ་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པ་ལ་སེམས་ཀྱི་བརྩོན་འགྲུས་དང་ལྡན་པས།  བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། ། ཞེས་པའི་བར་ཏེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉེར་ལྔ་པ་སྡེ་པར་ག་དུམ་པའི་ཤོག་ངོས་བརྒྱ་དང་གྱ་དྲུག་ནས་བརྒྱ་དང་གོ་བརྒྱད་བར་གྱིས་བསྟན་ཏོ། ། ༢དོན་བདུན་བཅུ་ལས་སྐད་ཅིག་མའི་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཞི་ལས། གཉིས་པ་རྣམ་པར་སྨིན་པའི་སྐད་ཅིག་མའི་སྦྱོར་བ་རྒྱས་པར་བཤད་པ་ནི། རྒྱན་རྩ་བ་ལས། གང་ཚེ་ཆོས་དཀར་ཐམས་ཅད་ཀྱི། །རང་བཞིན་ཤེས་རབ་ཕ་རོལ་ཕྱིན། །རྣམ་སྨིན་ཆོས་ཉིད་གནས་སྐབས་ཀྱིས། །དེ་ཚེ་སྐད་ཅིག་གཅིག་ཡེ་ཤེས། ། ཞེས་པའི་ཚིགས་བཅད་གཅིག་གིས་བསྟན་ཅིང་། སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་ལས། རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་མཚན་མ་མེད་པ་དང་། བྱེད་པ་མེད་པ་དང་། དམིགས་སུ་མེད་པ་དང་། འབྱུང་བ་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པ་ལ་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་མཚན་མ་མེད་པ་དང་།  བྱེད་པ་མེད་པ་དང་། དམིགས་སུ་མེད་པ་དང་། འབྱུང་བ་མེད་པ་དང་། ཞེས་པ་ནས། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་མཚན་མ་མེད་པ་དང་། བྱེད་པ་མེད་པ་དང་། དམིགས་སུ་མེད་པ་དང་། འབྱུང་བ་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་ཡིན་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་མཚན་མ་མེད་པ་དང་། བྱེད་པ་མེད་པ་དང་། དམིགས་སུ་མེད་པ་དང་། འབྱུང་བ་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པ་ལ་ཕ་རོལ་དུ་ཕྱིན་པ་རྣམས་ཡོངས་སུ་རྫོགས་པར་འགྱུར་རོ། ། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་དུ་ཡོངས་སུ་རྫོགས་པར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས། ལེའུ་དྲུག་ཅུ་པའོ།། །། ཞེས་པའི་བར་ཏེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉེར་ལྔ་པ་སྡེ་པར་ག་དུམ་པའི་ཤོག་ངོས་བརྒྱ་དང་གོ་བརྒྱད་ནས་ཉིས་བརྒྱ་གསུམ་བར་གྱིས་བསྟན་ཏོ། ། ༣དོན་བདུན་བཅུ་ལས་སྐད་ཅིག་མའི་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཞི་ལས། གསུམ་པ་མཚན་ཉིད་མེད་པའི་སྐད་ཅིག་མའི་སྦྱོར་བ་རྒྱས་པར་བཤད་པ་ནི། རྒྱན་རྩ་བ་ལས། སྦྱིན་ལ་སོགས་པའི་སྤྱོད་པ་ཡིས། །ཆོས་ཀུན་རྨི་ལམ་འདྲར་གནས་ནས། །ཆོས་རྣམས་མཚན་ཉིད་མེད་པ་ཉིད། །སྐད་ཅིག་མ་ནི་གཅིག་གིས་རྟོགས། ། ཞེས་པའི་ཚིགས་བཅད་གཅིག་གིས་བསྟན་ཅིང་། སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་ལས། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་ལྟར་ཆོས་ཐམས་ཅད་དབྱེར་མ་མཆིས་ཤིང་། མཚན་མ་མ་མཆིས་ལ། རང་གི་མཚན་ཉིད་ཀྱིས་སྟོང་པ་ལགས་ན། ཇི་ལྟར་ན་ཕ་རོལ་དུ་ཕྱིན་པ་དྲུག་པོ་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམས་པ་ཡོངས་སུ་རྫོགས་པར་འགྱུར། ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་ཆོས་དེ་དག་ཀྱང་། ཇི་ལྟར་ན་ཐ་དད་དུ་གྱུར་པར་གདའ་བ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པར་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པར། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་བར་དུ་འདུས་པ་ལགས།  བཅོམ་ལྡན་འདས་དེ་ལྟར་མཚན་ཉིད་ཀྱང་ཐ་དད་ལ། འདི་ལྟ་སྟེ། མཚན་ཉིད་མ་མཆིས་པར་མཚན་ཉིད་གཅིག་པར་གྱུར་པ་དེ་དག་རྣམ་པར་ཇི་ལྟ་བུར་གདགས་པར་འགྱུར། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྨི་ལམ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་གནས་ཤིང་། ཞེས་པ་ནས། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ལ་སྤྱོད་པའི་ཚེ། ཏིང་ངེ་འཛིན་གྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་ནས། ཆོས་ཀྱི་འཁོར་ལོ་བསྐོར་བའི་བར་དུ་སྟེ། མི་དམིགས་པའི་འཁོར་ལོ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་འཁོར་ལོ་སྐོར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་རྨི་ལམ་ལྟ་བུར་ཡོངས་སུ་ཤེས་སོ། །ཆོས་ཐམས་ཅད་སྒྲ་བརྙན་ལྟ་བུ་དང་། མིག་ཡོར་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་།  སྨིག་རྒྱུ་ལྟ་བུ་དང་། སྤྲུལ་པ་ལྟ་བུར་ཡོངས་སུ་ཤེས་སོ། ། ཞེས་པའི་བར་ཏེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉེར་ལྔ་པ་སྡེ་པར་ག་དུམ་པའི་ཤོག་ངོས་ཉིས་བརྒྱ་གསུམ་ནས་ཉིས་བརྒྱ་བཅུ་གཉིས་བར་གྱིས་བསྟན་ཏོ། ། ༤དོན་བདུན་བཅུ་ལས་སྐད་ཅིག་མའི་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཞི་ལས། བཞི་པ་གཉིས་སུ་མེད་པའི་སྐད་ཅིག་མའི་སྦྱོར་བ་རྒྱས་པར་བཤད་པ་ནི། རྒྱན་རྩ་བ་ལས། རྨི་ལམ་དང་ནི་དེ་མཐོང་ཉིད། །གཉིས་ཀྱི་ཚུལ་དུ་མི་མཐོང་ལྟར། །ཆོས་རྣམས་གཉིས་སུ་མེད་པ་ཡི། །དེ་ཉིད་སྐད་ཅིག་གཅིག་གིས་མཐོང་། ། ཞེས་པའི་ཚིགས་བཅད་གཅིག་གིས་བསྟན་ཅིང་། སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་ལས། གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཇི་ལྟར་ན་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་འཚལ་བ་ལགས། ཇི་ལྟར་ན་ཆོས་ཐམས་ཅད་སྒྲ་བརྙན་ལྟ་བུ་དང་། མིག་ཡོར་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྨིག་རྒྱུ་ལྟ་བུ་དང་། སྤྲུལ་པ་ལྟ་བུར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་འཚལ་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།  རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྨི་ལམ་མི་མཐོང་ངོ་། །རྨི་ལམ་མཐོང་བ་མི་མཐོང་ངོ་། །སྒྲ་བརྙན་མི་ཐོས་སོ། །སྒྲ་བརྙན་ཉན་པ་མི་མཐོང་ངོ་། ། ཞེས་པ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ཀྱི་རང་བཞིན་ལ་མཁས་པ་ནི་བྱང་ཆུབ་ཀྱི་ལམ་ཡོངས་སུ་རྫོགས་པར་བྱེད་དོ། །སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་འཛིན་ཏོ། །དེ་ལ་གནས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་རྣམས་ཅི་ནས་ཀྱང་དུལ་བར་གྱུར་ནས། སྲིད་པ་གསུམ་ན་མི་སྣང་བ་དེ་ལྟར་རྣམ་པར་བཏུལ་ལོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མཚན་མ་མེད་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས་ལེའུ་དྲུག་ཅུ་གཅིག་པའོ།། །། ཞེས་པའི་བར་ཏེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉེར་ལྔ་པ་སྡེ་པར་ག་དུམ་པའི་ཤོག་ངོས་ཉིས་བརྒྱ་བཅུ་གཉིས་ནས་ཉིས་བརྒྱ་བཅུ་བཞིའི་བར་གྱིས་བསྟན་ཏོ། ། 
སྐད་ཅིག་གཅིག་བློས་ཟག་མེད་ཀུན་མཁྱེན་པའི། །
སྐད་ཅིག་གཅིག་མའི་སྦྱོར་བ་ཟབ་མོའི་དོན། །
རྒྱ་ཆེན་མདོ་ཡི་གནད་ལ་སྦྱར་བ་འདི། །
བསོད་ནམས་ཚོགས་གཉིས་སྒྲུབ་པའི་ལམ་བཟང་ཡིན། །
འཕགས་པ་ཤེར་རབ་ཀྱི་ཕལ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པའི་བཤད་པ་མངོན་རྒྱན་ཡུམ་ལ་འཇུག་པའི་ལེགས་བཤད་བྱམས་པའི་འཐད་རྒྱན་ལས་སྐད་ཅིག་མའི་སྦྱོར་བའི་སྐབས་ལེགས་པར་བཤད་ཟིན་ཏོ། །
 
བརྒྱད་པ། དོན་བདུན་བཅུ་ལས་འབྲས་བུ་ཆོས་སྐུ་མཚོན་བྱེད་ཀྱི་ཆོས་བཞི་བཤད་པ་ལ། མདོར་བསྟན། རྒྱས་བཤད་གཉིས་ལས། དང་པོ། མདོར་བསྟན་ནི། རྒྱན་རྩ་བ་ལས། ངོ་བོ་ཉིད་ལོངས་རྫོགས་བཅས་དང་། །དེ་བཞིན་གཞན་པ་སྤྲུལ་པ་ནི། །ཆོས་སྐུ་མཛད་པ་དང་བཅས་པ། །རྣམ་པ་བཞིར་ནི་ཡང་དག་བརྗོད། ། ཅེས་པས་མདོར་བསྟན་པ་ཡིན་ནོ། ། གཉིས་པ་རྒྱས་བཤད་ལ་བཞི་ལས། ༡དོན་བདུན་བཅུ་ལས་འབྲས་བུ་ཆོས་སྐུ་མཚོན་བྱེད་ཀྱི་ཆོས་བཞི་ལས། དང་པོ། ངོ་བོ་ཉིད་སྐུ་རྒྱས་པར་བཤད་པ་ནི། རྒྱན་རྩ་བ་ལས། ཐུབ་པའི་ངོ་བོ་ཉིད་སྐུ་ནི། ། ཞེས་པ་ནས། རྟག་པ་ཞེས་ཀྱང་བརྗོད་པ་ཡིན། ། ཞེས་པའི་བར་ཚིགས་བཅད་བཅུ་གཅིག་གིས་བསྟན་ཅིང་། སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་ལས། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྦྱིན་པ་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་དང་ཐུན་མོང་མ་ཡིན་པ་གང་ཞེ་ན། འདི་ལྟ་སྟེ། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། རྣམ་པར་ཐར་པའི་སྒོ་གསུམ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། ཞེས་པ་ནས། སྐུའི་ཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་བ་སྟེ། ཡེ་ཤེས་ཀྱི་རྗེས་སུ་འབྲང་ངོ་། །གསུང་གི་ཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་བ་སྟེ། ཡེ་ཤེས་ཀྱི་རྗེས་སུ་འབྲང་ངོ་། །ཐུགས་ཀྱི་ཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་བ་སྟེ། ཡེ་ཤེས་ཀྱི་རྗེས་སུ་འབྲང་ངོ་། །འདས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་གཟིགས་པ་འཇུག་གོ། མ་འོངས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་གཟིགས་པ་འཇུག་གོ། ད་ལྟར་བྱུང་བའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་གཟིགས་པ་འཇུག་སྟེ། དེ་དག་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སོ། །རབ་འབྱོར་དེ་བཞིན་གཤེགས་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ཞེ་ན། གང་ལ་དམིགས་པ་མེད་པ། དྲན་པས་དབང་བསྒྱུར་བ། ཞི་བའི་རྣམ་པ་དང་ལྡན་པའི་མཚན་ཉིད་མེད་པའི་མཚན་ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ།། །། ཞེས་པའི་བར་ཏེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉེར་ལྔ་པ་སྡེ་པར་ག་དུམ་པའི་ཤོག་ངོས་ཉིས་བརྒྱ་ཉེར་བདུན་ནས་ཉིས་བརྒྱ་སོ་བཞིའི་བར་གྱིས་བསྟན་ཏོ། ། དེ་ཡང་། འདིར་ངོ་བོ་ཉིད་སྐུ་དེ་ནི་དག་པ་གཉིས་ལྡན་གྱི་དབྱིངས་མཐར་ཐུག་དང་ཟག་མེད་ཀྱི་ཡོན་ཏན་དབྱེར་མེད་དུ་གྱུར་བའི་རང་དོན་དོན་དམ་པའི་སྐུ་ཞིག་ཏུ་ངོས་འཛིན་གནང་ཞིང་། དེ་ལ་དབྱེ་ན་ཟག་མེད་ཀྱི་ཡེ་ཤེས་སྡེ་ཚན་ཉེར་གཅིག་ཏུ་རྒྱས་པར་ཕྱེས་ནས་གསུངས་ཡོད། འཕགས་པ་རྣམ་གྲོལ་སྡེས་ཀྱང་། ཐུབ་པའི་ངོ་བོ་ཉིད་སྐུ་སོགས་ཤོ་ལོ་ཀ་གཅིག་གིས་ངོ་བོ་ཉིད་སྐུ་མདོར་བསྟན་ནས། བྱང་ཆུབ་ཕྱོགས་མཐུན་སོགས་ནས། ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན་ཞེས་པས་བར་ངོ་བོ་ཉིད་སྐུ་རྒྱས་བཤད་དུ་གསུངས་ནས་ལེགས་པར་བཀྲལ་འདུག་ལ། ཀུན་མཁྱེན་ཆོས་ཀྱི་རྒྱལ་བོས་ཀྱང་། དེ་རང་ལུགས་སུ་བྱས་ནས་གསུངས་ཡོད། འདིར་ཟག་མེད་ཀྱི་ཡེ་ཤེས་སྡེ་ཚན་ཉེར་གཅིག་པོ་དེ་དག་རང་བཞིན་སྐྱེ་བ་མེད་པ་གང་ཡིན་པ་དེ་ནི་ངོ་བོ་ཉིད་སྐུའམ་ཆོས་ཉིད་ཀྱི་སྐུ་རུ་ལེགས་པར་ངོས་འཛིན་གནང་པ་འདིས། སེམས་ཙམ་པས་ངོ་བོ་ཉིད་སྐུ་བདེན་གྲུབ་ཏུ་བཞེད་པ་དེའང་བསལ་ཏེ། འདིར་ཟག་མེད་ཀྱི་ཡེ་ཤེས་སྡེ་ཚན་ཉེར་གཅིག་རང་བཞིན་སྐྱེ་བ་མེད་པར་བསྟན་ཤིང་། སྐུ་གསུམ་ཡེ་ཤེས་བཞི་ཡི་རྣམ་བཞག་ལེགས་པར་གཏན་ལ་ཕབ་སྟེ། འབྲས་བུ་དབུ་མ་སྐུ་གཉིས་ཟུང་འཇུག་གི་དོན་ངོ་བོ་ཉིད་མེད་པར་སྨྲ་བས་ཇི་ལྟར་གསུངས་པ་བཞིན་ལེགས་པར་བསྟན་ཡོད་དོ། ། དེས་ན་མངོན་རྟོགས་རྒྱན་གྱི་གཞི་ལམ་གཉིས་དབུ་སེམས་གཉིས་ལས་དབུ་མར་གནས་པ་དང་། སེམས་ཙམ་པ་ནི་མངོན་རྒྱན་གྱི་གཞི་ལམ་ཀྱི་ལྟ་བ་ལས་གོལ་ཟིན་པ། སྔར་ལམ་ཤེས་ཀྱི་སྐབས་སུ་ལེགས་པར་བསྒྲུབས་ཟིན་པས། འབྲས་བུའི་སྐབས་སུ་ཁྱད་པར་འབྱུང་བ་ནི་ཆོས་ཉིད་ཡིན་ནོ། ། སྤྱིར་མངོན་རྟོགས་རྒྱན་གྱི་མཐར་ཐུག་གི་ལྟ་བ་ཐོགས་མེད་སྐུ་མཆེད་ཀྱིས་བྱམས་པའི་མན་ངག་ལ་བརྟེན་ནས་སེམས་ཙམ་དུ་བཀྲལ་བ་དང་། འཕགས་པ་རྣམ་གྲོལ་སྡེས་ཉི་ཁྲི་ལེ་བརྒྱད་མ་དང་སྦྱར་ཏེ་ངོ་བོ་ཉིད་མེད་པར་སྨྲ་བའི་ཕྱོགས་སུ་བཀྲལ་བ་ནས་བཟུང་། རྒྱ་བོད་ཀྱི་མཁས་པ་མང་པོས་ཀྱང་བཞེད་སྲོལ་མང་དུ་བྲིས་ཡོད་ནའང་། ཁོ་བོས་འདིར་མཁས་པ་དེ་དག་གི་བཞེད་ཚུལ་རེ་ཞིག་བསྐྱུར་ནས། རྒྱན་གཞུང་རང་སྟེང་ནས་རང་བློས་ལྕོགས་ཚོད་ཀྱིས་གཞི་ལམ་འབྲས་གསུམ་གྱི་ལྟ་བ་དབུ་མར་གནས་མིན་གྱི་སྐོར་རག་ཙམ་ཞིག་བྲིས་པ་ཡིན་ནོ། ། ༢དོན་བདུན་བཅུ་ལས་འབྲས་བུ་ཆོས་སྐུ་མཚོན་བྱེད་ཀྱི་ཆོས་བཞི་ལས། གཉིས་པ་ལོངས་སྤྱོད་རྫོགས་སྐུ་རྒྱས་པར་བཤད་པ་ནི། རྒྱན་རྩ་བ་ལས། མཚན་ནི་སུམ་ཅུ་རྩ་གཉིས་དང་། ། ཞེས་པ་ནས། སངས་རྒྱས་དཔེ་བྱད་བཟང་པོར་བཞེད། ། ཅེས་པའི་བར་ཚིགས་བཅད་ཉེར་གཉིས་ཀྱིས་བསྟན་ཅིང་།  སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ། བམ་པོ་དྲུག་ཅུ་བརྒྱད་པ། དེ་ལ་དེ་བཞིན་གཤེགས་པའི་མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་གང་ཞེ་ན། ཕྱག་དང་ཞབས་འཁོར་ལོའི་མཚན་དང་ལྡན་པ་དང་། ཞབས་ཤིན་ཏུ་གནས་པ་དང་། ཕྱག་དང་ཞབས་དྲ་བར་འབྲེལ་པ་དང་། ཕྱག་དང་ཞབས་གཞོན་ཞིང་འཇམ་པ་དང་། བདུན་ཤིན་དུ་མཐོ་བ་དང་། སོར་མོ་རིང་བ་དང་། རྟིང་པ་ཡངས་པ་དང་། སྐུ་ཆེ་ཞིང་དྲང་བ་དང་། ཞབས་ལེགས་པར་མཐོ་བ་དང་། ཡན་ལག་གི་སྤུ་གྱེན་དུ་འཁྱིལ་བ་དང་། རི་དགས་ཨེ་ན་ཡའི་བྱིན་པ་ལྟ་བུ་དང་། ཕྱག་བརླ་དྲང་པོར་སླེབས་པ་དང་། གསང་བའི་གནས་སྦུབས་སུ་ནུབ་པ་དང་། གསེར་གྱི་ཁ་དོག་དང་། མདོག་ཤིན་ཏུ་འཇམ་པ་དང་། སྤུ་རེ་རེ་ནས་གཡས་ཕྱོགས་སུ་འཁྱིལ་བ་དང་། ཞལ་མཛོད་སྤུས་བརྒྱན་པ་དང་། སེང་གེའི་རོ་སྟོད་ལྟ་བུ་དང་། ཕྲག་པའི་ལྷུན་མཛེས་པར་གྲུབ་པ་དང་། ཕྲག་སོ་ཤིན་ཏུ་རྒྱས་པ་དང་། རོ་བྲོ་བའི་མཆོག་དང་། ཤིང་ནྱ་གྲོ་ད་ལྟར་ཆུ་ཞེང་གབ་པ་དང་། དབུ་སྤྱི་གཙུག་དང་ལྡན་པ་དང་། ལྗགས་ཤིན་དུ་ཡངས་པ་དང་། ཚངས་པའི་དབྱངས་དང་། སེང་གེའི་འགྲམ་པ་ལྟ་བུ་དང་། ཚེམས་ཤིན་ཏུ་དཀར་བ་དང་། ཚེམས་ཤིན་ཏུ་མཉམ་པ་དང་། ཚེམས་ཐགས་བཟང་བ་དང་། ཚེམས་མཉམ་ཞིང་བཞི་བཅུ་ཚང་བ་དང་། སྤྱན་དཀར་ནག་འབྱེས་པ་དང་། བའི་རྫི་མ་ལྟ་བུ་སྟེ། དེ་ལ་དེ་བཞིན་གཤེགས་པའི་ཕྱག་དང་ཞབས་ཀྱི་མཐིལ་ལ་འཁོར་ལོ་རྩིབས་སྟོང་དང་ལྡན་པ་མུ་ཁྱུད་ཅན་ལྟེ་བ་དང་བཅས་པ། རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པ་འདི་ལྟ་སྟེ། རུས་པ་འམ་བ་སོ་ལ་གཟུགས་བརྐོས་པ་དང་འདྲ་བ་མངའ་བས། ཕྱག་དང་ཞབས་འཁོར་ལོའི་མཚན་དང་ལྡན་པའོ། ། ཞེས་པ་ནས། རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་འཐུན་པས་སེམས་ཅན་རྣམས་སྡུད་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་དུ་ཕྱིན་པ་དྲུག་པོ་དེ་དག་གི་དོན་འཐུན་པས་སེམས་ཅན་རྣམས་སྡུད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཕ་རོལ་དུ་ཕྱིན་པ་དྲུག་པོ་དེ་དག་གིས་དགེ་བའི་ཆོས་ཐམས་ཅད་མ་འདུས་པ་མེད་དེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དོན་འཐུན་པས་སེམས་ཅན་རྣམས་སྡུད་དོ། །རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ངོ་མཚར་དང་རྨད་དུ་བྱུང་བའི་ཆོས་སོ། ། ཞེས་པའི་བར་ཏེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉེར་ལྔ་པ་སྡེ་པར་ག་དུམ་པའི་ཤོག་ངོས་ཉིས་བརྒྱ་སོ་བཞི་ནས་ཉིས་བརྒྱ་བཞི་བཅུའི་བར་གྱིས་བསྟན་ཏོ། ། ༣དོན་བདུན་བཅུ་ལས་འབྲས་བུ་ཆོས་སྐུ་མཚོན་བྱེད་ཀྱི་ཆོས་བཞི་ལས། གསུམ་པ་སྤྲུལ་བའི་སྐུ་རྒྱས་པར་བཤད་པ་ནི། རྒྱན་རྩ་བ་ལས། གང་གི་སྲིད་པ་ཇི་སྲིད་པར། །འགྲོ་ལ་ཕན་པ་སྣ་ཚོགས་དག །མཉམ་དུ་མཛད་པའི་སྐུ་དེ་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་མི་འཆད། ། ཅེས་པའི་བར་ཚིགས་བཅད་གཅིག་གིས་བསྟན་ཅིང་། སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་ལས། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་རྨི་ལམ་ལྟ་བུ་དངོས་པོ་མ་མཆིས་པ། དངོས་པོ་མ་མཆིས་པའི་ངོ་བོ་ཉིད་རང་གི་མཚན་ཉིད་ཀྱིས་སྟོང་པ་རྣམས་ལ། འདི་དག་ནི་དགེ་བའི་ཆོས་སོ། །འདི་དག་ནི་མི་དགེ་བའི་ཆོས་སོ། །འདི་དག་ནི་འཇིག་རྟེན་པའི་ཆོས་སོ། །འདི་དག་ནི་འཇིག་རྟེན་ལས་འདས་པའི་ཆོས་སོ། །འདི་དག་ནི་ཟག་པ་དང་བཅས་པའི་ཆོས་སོ། །འདི་དག་ནི་ཟག་པ་མེད་པའི་ཆོས་སོ། །འདི་དག་ནི་འདུས་བྱས་ཀྱི་ཆོས་སོ། །འདི་དག་ནི་འདུས་མ་བྱས་ཀྱི་ཆོས་སོ། །འདི་དག་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱ་བའི་རྒྱུར་འགྱུར་བའོ། །འདི་དག་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱ་བའི་རྒྱུར་འགྱུར་བའོ། །འདི་དག་ནི་རང་བྱང་ཆུབ་ཀྱི་རྒྱུར་འགྱུར་བའོ། །འདི་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་འགྱུར་བའོ། །ཞེས་བགྱི་བར་ཇི་ལྟར་རྣམ་པར་དགོད་པར་འགྱུར། ཆོས་ཐམས་ཅད་སྒྲ་བརྙན་ལྟ་བུ། མིག་ཡོར་ལྟ་བུ། སྒྱུ་མ་ལྟ་བུ། སྨིག་རྒྱུ་ལྟ་བུ། སྤྲུལ་པ་ལྟ་བུ། དངོས་པོ་མ་མཆིས་པ། དངོས་པོ་མ་མཆིས་པའི་ངོ་བོ་ཉིད་རང་གི་མཚན་ཉིད་ཀྱིས་སྟོང་པ་རྣམས་ལ། འདི་དག་ནི་དགེ་བའི་ཆོས་སོ། །འདི་དག་ནི་མི་དགེ་བའི་ཆོས་སོ། །འདི་དག་ནི་འཇིག་རྟེན་པའི་ཆོས་སོ། །འདི་དག་ནི་འཇིག་རྟེན་ལས་འདས་པའི་ཆོས་སོ། །འདི་དག་ནི་ཟག་པ་དང་བཅས་པའི་ཆོས་སོ། །འདི་དག་ནི་ཟག་པ་མེད་པའི་ཆོས་སོ། །འདི་དག་ནི་འདུས་བྱས་ཀྱི་ཆོས་སོ། །འདི་དག་ནི་འདུས་མ་བྱས་ཀྱི་ཆོས་སོ། །འདི་དག་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱ་བའི་རྒྱུར་འགྱུར་བའོ། །འདི་དག་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱ་བའི་རྒྱུར་འགྱུར་བའོ། །འདི་དག་ནི་རང་བྱང་ཆུབ་ཀྱི་རྒྱུར་འགྱུར་བའོ། །འདི་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་འགྱུར་བའོ། །ཞེས་བགྱི་བར་ཇི་ལྟར་རྣམ་པར་དགོད་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱིས་པ་ཐོས་པ་དང་མི་ལྡན་པ་སོ་སོའི་སྐྱེ་བོ་ནི་རྨི་ལམ་ཡང་དམིགས་ལ། རྨི་ལམ་མཐོང་བ་ཡང་དམིགས་སོ། །སྒྲ་བརྙན་ཡང་དམིགས་ལ། སྒྲ་བརྙན་ཉན་པ་ཡང་དམིགས་སོ། །མིག་ཡོར་ཡང་དམིགས་ལ། མིག་ཡོར་མཐོང་བ་ཡང་དམིགས་སོ། ། ཞེས་པ་ནས། དེ་སྟོང་པ་ཉིད་ལ་གནས་ཤིང་སྦྱིན་པ་གཏོང་ན། དེའི་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་རྟག་ཏུ་རྒྱུན་མི་འཆད་པར་ཡོངས་སུ་རྫོགས་པར་འགྱུར་ཏེ། དེའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་དེས། ཕྱི་ནང་གི་ཆོས་ལ་བཅད་ཅིང་གཏུབས་ཀྱང་། བདག་ལ་སུ་ཡང་གཏུབ་པ་འམ། གཅོད་སྙམ་པའི་སེམས་མི་འབྱུང་ངོ་། ། ཞེས་པའི་བར་ཏེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉེར་ལྔ་པ་སྡེ་པར་ག་དུམ་པའི་ཤོག་ངོས་ཉིས་བརྒྱ་བཅུ་བཞི་ནས་ཉིས་བརྒྱ་ཉི་ཤུའི་བར་གྱིས་བསྟན་ཏོ། ། ༤དོན་བདུན་བཅུ་ལས་འབྲས་བུ་ཆོས་སྐུ་མཚོན་བྱེད་ཀྱི་ཆོས་བཞི་ལས། བཞི་བ་མཛད་པ་འཕྲིན་ལས་རྒྱས་པར་བཤད་པ་ནི། རྒྱན་རྩ་བ་ལས། དེ་བཞིན་འཁོར་བ་ཇི་སྲིད་འདིའི། ། ཞེས་པ་ནས། རྣམ་པ་ཉི་ཤུ་བདུན་དུ་བཞེད། ། ཅེས་པའི་བར་ཚིགས་བཅད་བདུན་གྱིས་བསྟན་ཅིང་། སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་ལས། རབ་འབྱོར་ངས་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ཆེད་དུ་བསམས་ཏེ། སེམས་ཅན་དམྱལ་བ་ཆེན་པོ་དག་ཏུ་དོང་ཞིང་། སེམས་ཅན་དམྱལ་བ་ཆེན་པོའི་སྡུག་བསྔལ་ཞི་བར་བྱས་ནས། རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་། ཡོངས་སུ་བསྟན་པའི་ཆོ་འཕྲུལ་དང་། རྗེས་སུ་བསྟན་པའི་ཆོ་འཕྲུལ་དང་། ཆོ་འཕྲུལ་གསུམ་པོ་དེ་དག་གིས་སེམས་ཅན་དམྱལ་བའི་སེམས་ཅན་དེ་དག་ལ་ཆོས་སྟོན་ཅིང་། རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་སེམས་ཅན་དམྱལ་བ་ཆེན་པོའི་སྡུག་བསྔལ་ཞི་བར་བྱས་ཏེ། ཞེས་པ་ནས། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཇིག་རྟེན་པའི་ཆོས་ཀྱི་སྦྱིན་པ་སྟེ། དེ་ལ་བརྟེན་པས་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྦྱིན་པ་འབྱུང་ངོ་། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་རྣམས་འཇིག་རྟེན་པའི་ཆོས་ཀྱི་སྦྱིན་པ་ལ་སྦྱོར་ཞིང་། ཐབས་མཁས་པས་འཕགས་པའི་ཆོས་འཇིག་རྟེན་ལས་འདས་པའི་སྦྱིན་པ་ལ་བཀོད་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་འགོད་པ་ཡིན་ནོ། ། ཞེས་པའི་བར་ཏེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉེར་ལྔ་པ་སྡེ་པར་ག་དུམ་པའི་ཤོག་ངོས་ཉིས་བརྒྱ་ཉི་ཤུ་ནས་གཉིས་བརྒྱ་ཉེར་བདུན་གྱི་བར་དང་། གཞན་ཡང་། སྟོང་ཕྲག་ཉེར་ལྔ་པའི་ཤོག་ངོས་གཉིས་བརྒྱ་བཞི་བཅུའི་རྒྱབ་ངོས་ཀྱི་ཕྲེང་གསུམ་པ་ལས། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་དག་ལ་འདི་སྐད་འདོམས་ཤིང་འདི་སྐད་སྟོན་ཏོ། །རིགས་ཀྱི་བུ་ཁྱོད་ཚུར་ཤེག །ཡི་གེ་མངོན་པར་བསྒྲུབ་པ་ལ་མཁས་པར་གྱིས་ཤིག །ཡི་གེ་གཅིག་ལ་མཁས་པར་གྱིས་ཤིག །ཡི་གེ་གཉིས་ནས་ཡི་གེ་བཞི་བཅུ་རྩ་གཉིས་ཀྱི་བར་ལ་མཁས་པར་གྱིས་ཤིག །ཡི་གེ་གཅིག་གིས་བྱང་བའི་རང་བཞིན་ཐམས་ཅད་ཤེས་པར་གྱིས་ཤིག །ཡི་གེ་གཉིས་ཀྱིས་བྱང་བའི་རང་བཞིན་ཐམས་ཅད་ཤེས་པར་གྱིས་ཤིག ། ཡི་གེ་བཞི་བཅུ་རྩ་གཉིས་ཀྱི་བར་གྱིས་བྱང་བའི་རང་བཞིན་ཐམས་ཅད་ཤེས་པར་གྱིས་ཤིག །ཡི་གེ་གཅིག་ཏུ་ཡི་གེ་བཞི་བཅུ་རྩ་གཉིས་འདུས་པར་སྒོམས་ཤིག །ཡི་གེ་བཞི་བཅུ་རྩ་གཉིས་སུ་ཡི་གེ་གཅིག་འདུས་པར་སྒོམས་ཤིག །ཅེས་ཆོས་སྟོན་ཏོ། ། ཞེས་པ་ནས། བསྐལ་པ་གཅིག་གམ། བསྐལ་པ་གཉིས་སམ། བསྐལ་པ་བརྒྱ་འམ།  བསྐལ་པ་སྟོང་ངམ། དེ་བས་ཀྱང་ལྷག་པར་རས་ཀྱི་ཐོད་བཞིན་དུ་མགོ་ལ་ཁྱེར་རམ། བདེ་བའི་ཡོ་བྱད་ཐམས་ཅད་བྱིན་ནམ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། གཟུགས་དང་། སྒྲ་དང་དྲི་དང་རོ་དང་རེག་པ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་བྱིན་ཡང་དེ་ཙམ་གྱིས་རིགས་ཀྱི་བུ་ཁྱོད་ཀྱིས་དེ་ལ་ལན་ལོན་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དེའི་མཐུས་ཁྱོད་འདི་ལྟ་བུའི་ཏིང་ངེ་འཛིན་རྣམས་ཐོབ་པར་གྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཁས་པ་ཐོས་པར་གྱུར། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་རབ་ཏུ་ཐོབ་པར་འགྱུར་བའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས། བྱང་ཆུབ་སེམས་དཔའ་རྟག་པར་རབ་ཏུ་ངུ་བས། ཏིང་ངེ་འཛིན་གྱི་སྒོ་མང་པོ་ཐོབ་པའི་ལེའུ་སྟེ།  བདུན་ཅུ་རྩ་གསུམ་པའོ།། །། ཞེས་པའི་བར་ཏེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉེར་ལྔ་པ་སྡེ་པར་ག་དུམ་པའི་ཤོག་ངོས་ཉིས་བརྒྱ་བཞི་བཅུ་ནས་སུམ་བརྒྱ་དྲུག་བཅུ་བར་རྣམས་ཀྱིས་བསྟན་ཏོ། ། དེ་ཡང་། སྤྱིར་སྟོང་ཕྲག་ཉེར་ལྔ་པ་སྡེ་པར་པོད་གསུམ་པ་འདི་ལ་བམ་པོ་བདུན་བཅུ་དོན་བརྒྱད་དང་ལེའུ་བདུན་བཅུ་རྩ་དྲུག་བཞུགས་ཡོད་ནའང་། རྟག་ངུ་དང་། ཆོས་འཕགས། ཡོངས་གཏད་དེ་ལེའུ་མཐའ་མ་གསུམ་དང་། གླེང་གཞིའི་ལེའུ་སྟེ་བཞི་བོ་འདི་ཉིད་མངོན་རྟོགས་རྒྱན་གྱིས་བསྡུས་མིན་གྱི་སྐོར་ལ་མཁས་པ་དག་གི་བཞེད་ཚུལ་མི་མཐུན་པ་མང་ཞིག་འདུག་པར་སྣང་སྟེ། སློབ་དཔོན་ཆོས་ཀྱི་བཤེས་གཉེན་གྱིས། ཚིག་གསལ་ལས། རྒྱན་གྱི་ཚིག་ལེའུར་བྱས་པས་ཅིའི་ཕྱིར། གླེང་གཞི་དང་། རྗེ་བཙུན་རང་ཉིད་ཀྱིས་ཞུས་པ་སོགས་མ་བསྡུས་ཞེ་ན། མདོའི་དོན་རྟོགས་དཀའ་བ་ཙམ་ཞིག་བསྡུས་པར་ཟད་ཀྱི། རྟོགས་སླ་བ་དེ་དག་ནི་དགོས་པ་དང་མི་ལྡན་པས་འབད་པས་གནས་མིན་ནོ། ། ཞེས་གསུངས་ཏེ། མདོ་ཡི་དོན་མཐའ་དག་མངོན་རྒྱན་གྱིས་མ་བསྡུས་པར་གསུངས་ཡོད། ཡང་། ཨ་བྷྱ་ཀ་རའི་ཐུབ་པ་དགོངས་རྒྱན་དུ། མདོའི་དོན་ཐམས་ཅད་ནི་མདོ་རྒྱན་གྱི་ཚིག་ལེའུར་བྱས་པས་བསྡུས་པ་མེད་དོ། ། ཞེས་ཀྱང་གསུང་འདུག དེ་མཚུངས་སུ་བཅོམ་ལྡན་རལ་གྲིས། བསྟན་བཅོས་འདིས་ཡུམ་གྱི་མངོན་པར་རྟོགས་པའི་རིམ་པ་ཁོ་ན་བསྡུས་པ་ཡིན་གྱི་གཞན་ནི་མ་ཡིན་ཏེ་ཞེས་དང་། ཡང་། མདོ་ལ་སྐབས་སུ་བབ་པའི་མདོ་དང་། ཞར་ལས་བྱུང་བའི་མདོ་གཉིས་སུ་བྱས་ནས། སྐབས་སུ་བབ་པའི་མདོའི་དོན་ཁོ་ན་བསྟན་བཅོས་འདིར་སྟོན་པ་ཡིན་གསུངས་ཏེ། གླེང་གཞི་དང་། སྐབས་སྐབས་སུ་གང་ཟག་ལུང་བསྟན་པ་དང་། རྟག་ངུ་དང་། ཆོས་འཕགས། རྗེས་གཏན་གྱི་ལེའུ་དང་། སྔོན་བྱུང་བརྗོད་པ་རྣམས་རྒྱན་གྱིས་མ་བསྡུས་པར་མཛད། བུ་སྟོན་རིན་པོ་ཆེས་ཀྱང་དེ་དང་མཐུན་པར་གསུངས་ཡོད། འོན་ཀྱང་། མངོན་རྟོགས་རྒྱན་གྱི་སྟོང་ཕྲག་ཉི་ཤུ་ལྔ་བའི་དབུ་མཇུག་བར་གསུམ་གྱི་དོན་མཐའ་དག་མ་བསྡུས་པ་ནི་མི་རིགས་ཏེ། འཕགས་པ་རྣམ་གྲོལ་སྡེས། ཉི་ཁྲི་སྣང་བ་ལས། གང་གི་ཕྱིར་སྟོང་ཕྲག་ཉི་ཤུ་ལྔ་པོ་འདི་རྣམས་ཀྱིས་འདི་སྐད་ཅེས་བྱ་བ་ལ་སོགས་པ་སྐབས་འབྱེད་པ་ནས་བརྩམས་ཏེ། ཡོངས་སུ་རྫོགས་པའི་དངོས་པོ་རྣམས་གཅིག་ཏུ་བསྡུས་ནས། རྣམ་པ་ཐམས་ཅན་མཁྱེན་པ་ཉིད་ལ་སོགས་པ་ཆོས་ཀྱི་སྐུ་མཛད་པ་དང་བཅས་པའི་མཐར་ཐུག་པ་དངོས་པོ་བརྒྱད་དུ་འགྱུར་རོ། ། ཞེས་གསུངས་ཤིང་། སློབ་དཔོན་སེངྒེ་བཟང་པོས། འགྲེལ་ཆེན་ལས། མཁས་དང་མཁས་པ་མིན་པ་རྣམས། །ལྷག་ཆད་ཡོད་པར་དོགས་གྱུར་ན། །གཞུང་འདིའི་ཚད་ཀྱི་ངེས་པ་ནི། །ཡུམ་འདི་ཡི་ནི་ཚད་ཉིད་ཡིན། ། ཞེས་དང་། འགྲེལ་ཆུང་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་དོན་མ་ལུས་པ་ཞེས་སོགས་གསུངས་ཏེ། འཕགས་སེང་གཉིས་ཀྱིས། གླེང་གཞི་ནས་མཇུག་མ་རྫོགས་ཀྱི་བར་གྱི་མདོའི་དོན་མ་ལུས་བསྡུས་པར་གསུངས་པས། སྟོང་ཕྲག་ཉེར་ལྔ་པའི་ལེའུ་ཡོངས་རྫོགས་མ་བསྡུས་པར་འདོད་པ་དག་ནི་མཁས་པའི་མདུན་སར་རྣ་བའི་ཡུལ་དུ་འགྲོ་བའི་གཏམ་དུ་མ་སེམས་སོ། ། འོན་ཀྱང་འདིར་རྒྱན་དང་མདོ་སྦྱར་བའི་སྐབས་ཡིན་པས། སྟོང་ཕྲག་ཉི་ཤུ་ལྔ་བའི་ལེའུ་མཐའ་མ་གསུམ་པོ་མདོ་སྦྱོར་དངོས་སུ་མ་བྱས་པར་གསལ་བས། དེའི་རྒྱུ་མཚན་ཅི་ཡིན་སྙམ་ན། དེ་ནི་སློབ་དཔོན་སེང་གེ་བཟང་པོས། བརྒྱད་སྟོང་པའི་བཤད་པ་མངོན་པར་རྟོགས་པའི་རྒྱན་གྱི་སྣང་བ་ལས། དེའི་འོག་ཏུ་གདུལ་བྱའི་སྐྱེ་བོ་རྣམས་ལ་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་ལྟར་བསྒྲུབ་པར་བྱའོ་ཞེས་ཁོང་དུ་ཆུད་པར་བྱ་བའི་ཕྱིར། དེའི་སྔོན་གྱི་གཏམ་གྱི་སྦྱོར་བ་བརྗོད་པའི་སྒོ་ནས་དགེ་བའི་བཤེས་གཉེན་མཉེས་པ་སྔོན་དུ་འགྲོ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བའི་ཕན་ཡོན་བསྟན་པའི་དོན་དུ། མཇུག་བསྡུ་བའི་སྒོ་ནས། ཇི་སྐད་གསུངས་པའི་མངོན་པར་རྟོགས་པའི་རིམ་པ་ཉིད་ཚུལ་ལུགས་བར་པས་སྟོན་པ་ལྷུར་བྱེད་པ་ཉིད་ཀྱི་ལེའུ་གསུམ་བསྟན་ཏེ། དེ་ཡང་གོ་སླ་བའི་ཕྱིར་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པར་མ་བསྡུས་སོ། ། ཞེས་རྟོགས་པར་སླ་བ་ཉིད་དུ་དགོངས་ནས། ལེའུའི་རིམ་པ་དང་མཐུན་པར་བསྟན་བཅོས་འདིས་མ་བསྡུས་པར་གསུངས། རྟོགས་པར་སླ་བའི་རྒྱུ་མཚན་ཡང་། རྟག་ཏུ་ངུའི་ལེའུ་ནི། དགེ་བའི་བཤེས་ཀྱིས་མགོན་བྱས་པ། ། འདི་མཉམ་པ་ཡི་སྣོད་ཡིན་ནོ། ། ཅེས་སོགས་དང་དོན་གཅིག་པ་དང་། ཆོས་འཕགས་ནི། འགྲེལ་ཆེན་དུ། དེ་བཞིན་གཤེགས་པ་བྱོན་བཞུད་བཀག་པའི་སྒོ་ནས་མཐོང་ལམ་སྐྱེས་པའི་ཕྱིར། ཞེས་མཚམས་སྦྱར་བ་ལྟར། འདི་ལ་བསམ་བྱ་ཅི་ཡང་མེད། ཤེས་སོགས་དང་དོན་གཅིག  རྗེས་སུ་གཏན་པའི་ལེའུ་ནི་སྔར་བྱང་ཆུབ་ལ་གཞན་སྟོན་པ་དང་། ཞེས་པའི་མདོ་དང་ཁྱད་པར་མེད་པའི་ཕྱིར་སྙམ་དུ་དགོངས་སོ། ། ཞེས་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས་ལེགས་པར་གསུངས་པ་འདི་ཉིད་མཁས་པ་དགའ་བའི་ལེགས་བཤད་ཡིན་ནོ། །  དེས་ན་འདིར་ལེའུ་མཐའ་མ་གསུམ་ནི་རྟོགས་པར་སླ་བར་དགོངས་ནས་དངོས་སུ་མདོ་སྦྱར་བྱས་མེད་ལ། འོན་ཀྱང་ལེའུ་གསུམ་པོ་དེའི་སྦས་དོན་མངོན་རྟོགས་ཀྱི་རིམ་པ། རྒྱན་གྱིས་མ་བསྡུས་པར་འདོར་པ་ནི་སློབ་དཔོན་སེང་གེ་བཟང་པོའི་དགོངས་པ་མ་ཡིན་ནོ། ། འདི་ཡི་མཐའ་དཔྱད་རྒྱས་པར་ཤེས་འདོད་ཚེ་སློབ་དཔོན་གྱི་རྒྱན་སྣང་དང་། པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་མངོན་རྒྱན་གྱི་བཤད་པ་དཔུང་ཚོགས་རྣམ་པར་བཀོད་པ་བཞེད་ཚུལ་རྦ་རླབས་ཀྱི་ཕྲེང་བ་གཉིས་ལ་གཟིགས་པར་ཞུ་དང་སྔར་མེད་ཀྱི་ལེགས་བཤད་དོན་དང་ལྡན་པ་མང་པོ་ཐོས་པའི་སྐལ་བ་ཅན་དུ་འགྱུར་ངེས་སོ། ། གཞན་ཡང་། འདིར་ངོ་བོ་ཉིད་སྐུ་དང་དང་ལོངས་སྤྱོད་རྫོགས་སྐུ་སྟོན་པའི་རྒྱན་ཚིག་མདོ་ལ་སྦྱར་བའི་ཚེ། སྤྲུལ་སྐུའི་འཕྲིན་ལས་སྟོན་པའི་མདོ་ལས་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྦྱིན་པའི་བསྡུ་བའི་དངོས་པོ་སོགས་སྟོན་པའི་མདོ་དང་། སྤྲུལ་སྐུའི་མཚན་དཔེ་སྟོན་པའི་མདོ་གཉིས་ལ་རིམ་པར་སྦྱར་དགོས་ཏེ། འཕགས་པ་རྣམ་གྲོལ་སྡེས། ཉི་ཁྲི་སྣང་བ་ལས། འདི་གཉིས་ཀྱི་བཤད་པ་ནི་སྤྲུལ་པའི་སྐུའི་འཕྲིན་ལས་སྟོན་པའི་མདོ་ལས་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྦྱིན་པའི་བསྡུ་བའི་དངོས་པོ་ཉིད་ཀྱིས་སྟོན་པར་འགྱུར་ཏེ། དེས་ན་དང་པོར་མ་གསུངས་སོ། ། ཞེས་གསུངས་ནས་སྤྲུལ་སྐུའི་འཕྲིན་ལས་སྟོན་པའི་མདོ་རུ་ཁ་འཕངས་བའི་གནད་ཀྱང་འདི་ཉིད་ཡིན་ནོ། ། འགའ་ཞིག་གིས་ཉི་སྣང་གི་གཞུང་འདི་ཤེས་བྱེད་དུ་ཁུར་ནས་ངོ་བོ་ཉི་སྐུ་དང་ལོངས་སྤྱོད་རྫོགས་སྐུ་སྟོན་པའི་རྒྱན་ཚིག་མདོ་ལ་སྦྱར་མི་ནུས་ཏེ། གཞན་དུ་སྦྱར་ནུས་ན་ངོ་བོ་ཉིད་སྐུ་དང་ལོངས་སྤྱོ་རྫོགས་སྐུའི་མདོ་ཚིག་དགོས་པ་ལས་དེ་མེད་པའི་ཕྱིར། གསུངས་ནས་དཔྱད་པ་རྒྱ་ཆེན་ཞིག་བྱས་ཡོད་མདོག་སྟོན་གྱིན་ཡོད། འོན་ཀྱང་། ཡོད་ཚད་དཔྱད་པས་ཐག་བཅད་པར་རློམ་པ་དེ་དག་གིས། དེ་ལྟ་ན་ཡང་རང་གི་བློ་དྲི་མ་མེད་པས་རྗེས་སུ་དཔག་གོ་ཞེས་མངོན་རྟོགས་རྒྱན་གྱི་ཚིག་འགའ་ཞིག་ནི་རང་ཉིད་ཀྱིས་ཤེས་རབ་ཀྱིས་བརྟགས་ནས་སྦྱོར་དགོས་གསུངས་བའི་གནད་མ་རྟོགས་པའི་རང་མཚང་དང་། ཆོས་ཀྱི་བཤེས་གཉེན་གྱིས། ཡུམ་གྱི་མདོ་ན་མེད་པ་ལྟ་བུར་སྣང་བ་བསྟན་བཅོས་སུ་བཤད་པ་རྣམས་ནི། དུས་ཀྱི་དབང་གི་མདོའི་ཡི་གེ་ཉམས་པར་ཤེས་པར་བྱ་སྟེ། རྗེ་བཙུན་མདོའི་དོན་ལ་མངོན་དུ་གྱུར་པ་ཡིན་པའི་ཕྱིར། ཞེས་གསུངས་བའི་ཞལ་གདམས་མ་ཐོས་པའི་སྐྱོན་ནོ། ། དེས་ན་འདིར་ངོ་བོ་ཉིད་སྐུ་དང་ལོངས་སྐུ་སྟོན་པའི་རྒྱན་གཞུང་སྤྲུལ་སྐུའི་འཕྲིན་ལས་སྟོན་པའི་མདོ་ཚིག་ལ་སྦྱར་དགོས་ཤིང་། དེའང་ཁོ་བོས་མངོན་རྒྱན་གྱི་རིམ་པ་དང་མཐུན་པར་མདོ་ལ་སྦྱར་ཡོད་ལ། དེ་ལྟར་སྦྱར་བའི་ཚེ་མདོ་ཚིག་གོང་འོག་ཅུང་ཙམ་སྣོར་ཏེ་མདོ་སྦྱར་བྱེད་དགོས་སོ། ། ཡིན་ཡང་། ཇོ་ནང་ཀུན་མཁྱེན་དོལ་པོ་པས། མདོ་ཚིག་སོར་བཞག་ནས་རྒྱན་ཚིག་གོང་འོག་དཀྲུགས་ཏེ་མདོ་སྦྱོར་མཛད་འདུག་ནའང་། ཁོ་བོས་ནི་འཕགས་པ་རྣམ་གྲོལ་སྡེས་མཛད་པའི་ཉི་ཁྲི་སྣང་བས་མདོ་སྦྱར་མཛད་པའི་རིམ་པ་དང་མཐུན་པར་བྱས་པ་ཡིན་པས། མཁྱེན་དཔྱོད་ཡངས་པའི་ཆོས་ཀྱི་གྲོགས་པོ་དག་གིས་དེ་ལྟར་ཐུགས་ལ་ཟུངས་ནས། སྟོང་ཕྲག་ཉེར་ལྔ་བའི་བཤད་པ་ཚད་ལྡན་དག་གཞིར་བཟུང་སྟེ་གཟིགས་པར་ཤིན་ཏུ་གལ་ཆེ་བར་སེམས་སོ། ། ཁོ་བོ་ནི་མཁྱེན་པའི་བློ་རྒྱ་ཆུང་ཞིང་། ཤེས་རབ་ཀྱི་རྣམ་དཔྱོར་རབ་ཏུ་ཕྲ་བས། རྒྱན་ཚིག་མདོ་ལ་སྦྱར་ཏེ་གཞུངས་མཚམས་ཕྱེ་སྐབས། མ་ཤེས་པའི་ནོར་འཁྲུལ་ཡང་ཡོད་སྲིད་པས། བློ་གྲོས་ཀྱི་མེ་ལྕེ་རབ་ཏུ་རྒོད་ཅིང་། མཁྱེན་རྒྱ་དང་ཐོས་རྒྱ་རབ་ཏུ་ཡངས་པ། རྒྱལ་བསྟན་རིན་པོ་ཆེའི་དོན་དུ་སྐུ་ངལ་རབ་ཏུ་རྒྱུ་བ། གཞན་ཕན་གྱི་ལྷག་བསམ་རབ་ཏུ་དཀར་བ་ཁྱེད་ཅག་གིས་ནོར་འཁྲུལ་གྱི་ཆ་གང་ཡོད་སེལ་བར་མཛོད་དང་། ཁོ་བོས་ནི་བླུན་པོའི་ཨུ་ཚུགས་མི་བྱེད་པར་བདེན་པ་དེང་ལེན་གྱིས་སྤྱི་བོར་བཀུར་བ་ལེགས་སོ། ། 
སྦྱོར་འབྲས་མཐར་ཐུགས་ཆོས་སྐུ་རྒྱལ་བའི་ཆོས། །
རྒྱལ་ཚབ་མགོན་གྱི་བཞེད་དོན་གསེར་གྱི་དབུར། །
རྒྱལ་ཡུམ་གསུང་གི་ཅོད་པན་གསོལ་བ་འདི། །
བཤེས་གཉེན་བླ་མ་དགྱེས་པའི་མཆོད་སྤྲིན་ཡིན། །
འཕགས་པ་ཤེར་རབ་ཀྱི་ཕལ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པའི་བཤད་པ་མངོན་རྒྱན་ཡུམ་ལ་འཇུག་པའི་ལེགས་བཤད་བྱམས་པའི་འཐད་རྒྱན་ལས་འབྲས་བུ་ཆོས་སྐུའི་སྐབས་ལེགས་པར་བཤད་ཟིན་ཏོ། །
 
རྩ་བའི་ས་བཅད་གསུམ་པ་དངོས་པོ་བརྒྱད་ཀྱི་སྨོན་ལམ་གྱི་སྒོ་ནས་མཇུག་བསྡུ་བ་ནི། 
ཉེར་ཞིའི་དོན་བརྩོན་ཉན་ཐོས་རང་སངས་གཉིས།།
དོན་ཀུན་སྒྲུབ་པའི་རྒྱལ་སྲས་དཔའ་བོའི་ཚོགས།།
རྟག་ཁྱབ་འབད་མེད་ལྷུན་འགྲུབ་ཆོས་མཛོད་ཀྱིས།།
ཕྱག་འཚལ་མཆོད་པའི་མཆོད་ཡུམ་མཇལ་བར་ཤོག །
 
སྣ་ཚོགས་ཚུལ་གྱིས་གདུལ་བྱ་རྒྱ་མཚོའི་མགོན།།
ཞི་བསིལ་ཆོས་ཀྱི་ཉི་ཟླའི་དཀྱིལ་འཁོར་དྲངས།།
ཟབ་དོན་ཆོས་དབྱིངས་མཇལ་བའི་མཐར་ཐུགས་བློ། །
རྣམ་ཀུན་མཁྱེན་པའི་རྒྱལ་ཡུམ་མཇལ་བར་ཤོག །
 
སྐལ་ལྡན་གདུལ་བྱར་རང་རང་འཚམས་པའི་ལམ། །
ཇི་བཞིན་སྟོན་པའི་ཐེག་གསུམ་ལམ་གྱི་གནད། །
རང་བཞིན་སྐྱེ་མེད་ཚུལ་གྱིས་ལེགས་རྟོགས་པའི། །
ལམ་ཀུན་མཁྱེན་པའི་རྒྱལ་ཡུམ་མཇལ་བར་ཤོག །
 
དམིགས་མེད་སྙིང་རྗེས་ཞི་མཐར་མི་གནས་ཤིང་།།
སྐྱེ་མེད་རྟོགས་པས་སྲིད་མཐར་མི་གནས་པ། །
མི་མཐུན་ལམ་གྱི་མཚན་འཛིན་བསལ་བའི་བློ། །
གཞི་ཀུན་ཤེས་པའི་རྒྱལ་ཡུམ་མཇལ་བར་ཤོག །
 
ཐོས་བསམ་གཉིས་ཀྱིས་ལེགས་པར་སྦྱངས་པའི་ཡུལ། །
མཁྱེན་གསུམ་རྣམ་པ་བརྒྱ་དང་བདུན་ཅུར་བསྡུས། །
བསྡུས་པའི་དོན་ཀུན་རྫོགས་པར་བསྒོམས་པ་ཡིས། །
སྐུ་གསུམ་སྒྲུབ་པའི་རྒྱལ་ཡུམ་མཇལ་བར་ཤོག །
 
མཁྱེན་གསུམ་བསྡུས་སྒོམ་རབ་མཐར་ཕྱིན་པའི་མཐུས། །
གཟུང་འཛིན་འཁྲུལ་བའི་རྣམ་རྟོག་ལེགས་པར་བསལ། །
སྒྲིབ་གཉིས་མཐར་ཕྱིན་རྣམ་མཁྱེན་བསྐྱེད་པའི་ཡུམ། །
རྩེ་སྦྱོར་ཕྱིན་པའི་རྒྱལ་ཡུམ་མཇལ་བར་ཤོག ། 
 
ཕར་ཕྱིན་དྲུག་དང་རྗེས་དྲན་དྲུག་སོགས་ཀྱི། །
སྦྱོར་བའི་ལམ་གྱི་མཁྱེན་གསུམ་རྣམ་པ་ཀུན། །
རིམ་པར་སྒོམ་པའི་རྒྱ་ཆེན་ཐེག་མཆོག་ལམ། །
མཐར་གྱིས་སྦྱོར་བའི་རྒྱལ་ཡུམ་མཇལ་བར་ཤོག །
 
གྲངས་མེད་གསུམ་དུ་ཚོགས་གཉིས་གོམ་པའི་མཐུས། །
སྐད་ཅིག་གཅིག་བློས་ཟག་མེད་ཆོས་རྣམས་ཀུན། །
ཐུགས་སུ་ཆུད་པའི་བྱང་ཆུབ་མངོན་པར་རྟོགས། །
སྐད་ཅིག་སྦྱོར་བའི་རྒྱལ་ཡུམ་མཇལ་བར་ཤོག །
 
མཁྱེན་གསུམ་དོན་ལ་ཐོས་བསམ་ལེགས་པར་སྦྱང་། །
སྦྱང་བའི་དོན་རྣམས་སྦྱོར་བ་བཞི་ཡིས་བསྒོམས། །
བསྒོམས་པའི་དོན་རྣམས་རབ་མཐར་ཕྱིན་པའི་ལམ། །
འབྲས་བཟང་ཆོས་སྐུའི་རང་ཞལ་མཇལ་བར་ཤོག །
 
བརྩམས་པའི་གཞུང་ལ་རྣམ་དཀར་དགེ་བའི་ཆ། །
ཅུང་ཙམ་ཡོད་ཚེ་འགྲོ་ཀུན་བདེ་ཕྱིར་བསྔོ། །
མ་ཤེས་འཁྲུལ་བའི་སྡིག་པ་གང་མཆིས་པ། །
བཅོམ་ལྡན་ཧེ་རུ་ཀ་ཡི་མདུན་དུ་བཤགས། །
 
འདི་ནི་མཁས་རྣམས་དགའ་བའི་ལེགས་བཤད་དང་། །
རྒྱལ་བསྟན་གངས་རི་སྲུང་བའི་ལྕགས་རི་མིན། །
མངོན་རྒྱན་མདོ་སྦྱར་བསམ་པའི་བློ་གསར་ལ། །
ལམ་སྣ་ཅུང་ཙམ་སྟོན་པའི་བདེན་གཏམ་ཡིན། །
 
རྒྱལ་བསྟན་མི་ནུབ་གླིང་བཞིའི་ཁྱོན་ཀུན་ཁྱབ། །
སྐྱེ་དགུ་རྣམས་ལ་རྟག་ཏུ་དགེ་སྦྱོར་འཕེལ། །
བྱང་ཆུབ་བར་དུ་རབ་བྱུང་ངུར་སྨིག་རྒྱན། །
དམ་པས་སྨོན་ཡུལ་འདི་དག་མྱུར་འགྲུབ་ཤོག །
       ཅེས་པ་འདི་ནི་གངས་རིའི་འཕངས་བ་ནས་ལུགས་གཉིས་ཀྱི་ཉི་ཟླ་གསལ་ལེར་འཆར་བའི་བྱང་ཕྱོགས་ཁ་བ་ཅན་གྱི་ཡུལ། འགྲོ་ཀུན་བདེ་བའི་སྒོ་གཅིག་པུར་གྱུར་པ། རྒྱལ་བསྟན་གྱི་མཛད་པ་རབ་ཏུ་རྒྱས་པའི་ཞིང་། མཁས་ཞིང་གྲུབ་པའི་སྐྱེས་ཆེན་བར་མེད་དུ་བྱོན་ཞིང་།  བརྩེ་ཆེན་བསྟན་པའི་རྒྱལ་མཚན་མཁའ་ལ་སྒྲེང་བའི་གནས་མཆོག  བཀའ་དྲིན་གཞལ་མཐའ་བྲལ་ཞིང་དམ་པའི་ཚུལ་དགུས་རྒྱན་པ། འཇམ་མགོན་བླ་མ་༧མཁན་ཆེན་གཞན་ཕན་སྙིང་པོས་ཆོས་ཀྱི་རྔ་དབྱངས་ཆད་མེད་དུ་སྒྲོགས་པའི་ཆོས་གྲྭ་ཆེན་པོ་རྫོང་སར་ཁམས་བྱེ་ལྔ་རིག་ནང་བསྟན་སློབ་གླིང་དུ་ལོ་འཁོར་གསུམ་གྱི་རིང་ལ། ཤེར་ཕྱིན་མངོན་རྟོགས་རྒྱན་ལ་ཐོས་སྦྱང་གི་སྨོན་འབྲས་ལེགས་པར་སྨིན་པ། ཤཱཀྱའི་དགེ་སློང་གླང་ཡག་ངག་དབང་རྒྱ་མཚོ་རུ་འབོད་པ་དེས་རབ་བྱུང་༡༧པའི་ལྕགས་བྱི་ལོའི་སྨིན་དྲུག་ཟླ་བའི་དམར་ཕྱོགས་རྫོགས་པ་གཉིས་པ། ཚོགས་འབུལ་མཁའ་འགྲོ་མཆོད་པའི་ཚེས་བཅུ། རྒྱལ་བ་ཙོང་ཁ་པ་ཆེན་པོ་དགའ་ལྡན་ཡིད་དགའ་ཆོས་འཛིན་དུ་གཤེགས་པའི་དུས་ཆེན་ལ་འཕགས་པ་ཤེར་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་བའི་བཤད་པ་མངོན་རྒྱན་ཡུམ་ལ་འཇུག་པའི་ལེགས་བཤད་བྱམས་པའི་འཐད་རྒྱན་ཞེས་བྱ་བ་འདི་ཉིད་ཕར་ཕྱིན་མཐར་ཕྱིན་གྱི་རྒྱུགས་རྩོམ་གྱི་དོད་དུ་མཇུག་ལེགས་པར་གྲུབ་པའོ། ། འདིས་ཀྱང་བསྟན་པ་རིན་པོ་ཆེ་དར་རྒྱས་སུ་གྱུར་ཅིག །  །། དགེའོ། །དགེའོ། །དགེའོ། །

                         རྩོམ་སྒྲིག་པ། མྱི་གསར་བ།


           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


Signature is customized by Netease