རྣམ་འགྲེལ་ལེའུ་གཉིས་པའི་བསྡུས་དོན།
དྲི་མེད་འོད་ཟེར་གྱིས་བརྩམས།
དྲི་མེད་འོད་ཟེར་གྱིས་བརྩམས།
རྣམ་འགྲེལ་ལེའུ་གཉིས་པའི་བསྡུས་དོན་རྨོངས་མུན་འཁྲུལ་བ་སེལ་བའི་ཉི་གཞོན།
དྲི་མེད་འོད་ཟེར། གླང་ཡག
བླ་མ་དང་ལྷག་པའི་ལྷ་མཆོག་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།།
དམིགས་མེད་ཐུགས་རྗེ་བརྩེ་བ་ཆེན་པོས་རྣམ་མང་གདུལ་བྱར་ཡང་ཡང་གཟིགས་ནས་ཕྱིན་དྲུག་སྤྱོད་པའི་ཕྱག་བཞེས་གནང་།།
རྣམ་དག་སེམས་གྱི་དྲི་མ་སེལ་བའི་ཤེས་རབ་ཆེན་པོས་སྲིད་པའི་སྐྱོན་རྣམས་མ་ལུས་ཡོངས་སུ་བཅོམ་བྱས་ཏེ།།
ཁྱད་པར་གསུམ་ཀྱི་བདེ་གཤེགས་བརྙེས་ཤིང་འགྲོ་རྣམས་སྲིད་པའི་མཚོ་ལས་རྟག་ཏུ་སྐྱོབ་པའི་མཛད་རྣམ་མི་འདོར་བ།།
གང་གི་ཞབས་རྡུལ་སྤྱི་བོར་བླངས་ཏེ་མི་ཕྱེད་ཡིད་ཀྱི་ལྡིངས་ཀའི་དཀྱིལ་ནས་དད་པའི་མེ་ཏོག་ཁྱེད་ལ་གཏོར།།
དགེ་ལེགས་ཡོན་ཏན་དུ་མའི་གཞིར་གྱུར་རྣམ་དག་ཁྲིམས་ཀྱི་དྲི་གསུང་འཐིལ་བའི་རམས་འབྱམས་གཞུང་ལ་ཐོགས་མེད་པ།།
དངོས་སྟོབས་རིགས་པའི་ས་ལམ་བགྲོད་པའི་སྡེ་བདུན་རྒྱ་མཚོའི་བདུད་རྩིའི་ཐིགས་ལེའི་འོད་ཀྱི་ཟེར་འབྲུའི་ཐོར་ཅོག་ཅན།།ཉི་མའི་གཉེན་གྱི་ལུང་གིས་ཟིན་ཞིང་ཕྱི་རབས་གདུལ་བྱའི་མགོན་དུ་བྱོན་པ་བདེ་བར་གཤེགས་པའི་ཐུགས་སྲས་ཏེ།།
འཛམ་གླིང་མཛེས་པའི་རྒྱན་དུ་གྲགས་པ་འཇིགས་མེད་སྨྲ་བའི་དབང་བོ་མཆོག་ཉིད་ཆོས་ཀྱི་གྲགས་པ་དེ་འདུད།།
སྡེ་བདུན་མདོ་ཡི་དགོངས་དོན་འཆད་ལ་ཟླ་མེད་བློ་གྲོས་རབ་ཏུ་གསལ་བས་མི་འཇིགས་སྤོབས་པའི་གད་རྒྱངས་བསྒྲགས།།
རྨད་བྱུང་འཕྲིན་ལས་ཕྱོགས་ཀུན་རྡོལ་ཞིང་སྣ་ཚོགས་གདུལ་བྱའི་རེ་བ་སྐོང་མཛད་ལེགས་བཤད་སྟོང་གི་བ་གམ་བརྩེགས།།
རྣམ་དཔྱོད་གསེར་གྱི་རིགས་པའི་རལ་གྲིས་མུ་སྟེགས་སྟོན་པ་སྡེ་ཚོགས་དང་བཅས་རལ་བའི་ཁུར་ཆེན་ཞི་བར་བྲེགས།།
རིགས་པའི་རྒྱལ་པོ་རིགས་པའི་སེང་གེ་གང་ཉིད་མཆོད་དོ་ཚེ་རབས་ཀུན་ཏུ་བདག་ཉིད་སྐྱོངས་ཤིག་ས་སྐྱ་པ།།
སུས་ཀྱང་མ་མཁྱེན་གང་གིས་མ་དཔོག་པའི།།
བརྗོད་དོན་གསར་པའི་ལེགས་བཤད་མ་མཆིས་མོད།།
དམ་པའི་གསུངས་རབ་མཇལ་བའི་སྐལ་བཟང་ལས།།
བྱུང་བའི་ངེས་རྟོགས་སྤྲོས་པ་འདིར་བཤམ་བྱ།།
ཞེས་མཆོད་པར་བརྗོད་པ་དང་རྩོམ་པར་དམ་བཅའ་བས་སྒོ་འཕར་ཡངས་པོར་ཕྱེས་ཏེ། གང་ཞིག་གླེང་བར་བྱ་བ་ནི། ཀུན་མཁྱེན་གོ་བོ་རམས་འབྱམས་པ་བསོད་ནམས་སེང་གེའི་ཞལ་ནས། ཕྱོགས་ཀྱི་གླང་པོ་གཞན་ལ་ཕན་པའི་བསམ་པ་ཅན་ཞེས་ཉི་མའི་གཉེན་གྱིས་ལུང་བསྟན་ཅིང་།། ཕྱི་མའི་དུས་ན་བསྟན་བཅོས་ཀུན་གྱི་མིག་གཅིག་འགྱུར་ཞེས་འཇམ་དབྱངས་མགོན་པོས་དབུགས་དབྱུང་མཛད།། ཞེས་གསུངས་པ་བཞིན་སློབ་དཔོན་ཕྱོགས་ཀྱི་གླང་པོས་ཚད་མའི་བསྟན་བཅོས་ཐོར་བུ་བ་བརྒྱ་རྩ་བརྒྱད་ལ་སོགས་པ་མང་དུ་མཛད་ཅིང་། ཕྱི་ཡི་དུས་སུ་དེ་དག་གི་དགོངས་པ་ཕྱོགས་གཅིག་ཏུ་བསྡུས་ནས་ཚད་མ་མདོ་ཀུན་ལས་བཏུས་པ་མཛད་ལ། དེ་ཉིད་ཀྱི་དགོང་པ་ཚུལ་བཞིན་དུ་སྨྲ་བ་ལ་འགྲན་ཟླ་ཀུན་དང་བྲལ་བ་རིགས་པའི་དབང་ཕྱུག་ཆེན་པོ་དཔལ་ལྡན་ཆོས་ཀྱི་གྲགས་པས་ཚད་མ་སྡེ་བདུན་མཛད་ལ། དེ་དག་ལས་སྐབས་སུ་བབ་པ་ནི་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་ལེའུ་གཉིས་པའི་སྐབས་ཀྱི་བརྗོད་དོན་འགའ་ཞིག་འདིར་གླེང་བར་བྱ་བའི་ཆོས་སོ།། དེ་ཡང་ཚད་མ་མདོ་ལས། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ།། སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ་ནས།། ཚད་མར་བསྒྲུབ་ཕྱིར་རང་གི་གཞུང་ཀུན་ལས།། བཏུས་ཏེ་སྣ་ཚོགས་འཐོར་རྣམ་འདིར་གཅིག་བྱ།། ཞེས་ཚིགས་སུ་བཅད་པ་ཕྱེད་སྔ་མས་མཆོད་བརྗོད་དང་ཕྱེད་ཕྱི་མས་རྩོམ་པར་དམ་བཅའ་བ་བསྟན་ཏེ། མཆོད་བརྗོད་ཀྱི་ཚིག་རྐང་དེ་གཉིས་ཀྱིས་སྙིང་ནས་གྲོལ་བ་དོན་གཉེར་གྱི་སྐྱེས་བུ་ལ་མངོན་པར་འདོད་པའི་དོན་ཐར་བ་ཐབས་དང་བཅས་པ་གསལ་བར་སྟོན་པར་མཛད་མཁན་གྱི་ཐུབ་པ་བཅོམ་ལྡན་འདས་ལ་བསྟོད་ཕྱག་མཛད་པའི་སྒོ་ནས། བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ནི་གྲུབ་མཐའ་གཞན་གྱིས་ཀུན་ཏུ་བརྟགས་པའི་སྣོད་བཅུད་ཀྱི་བྱེད་པོ་རྟག་པ་རང་བྱུང་གི་སྟོན་པ་ལྟ་བུ་མ་ཡིན་པར། རྒྱུ་རྐྱེན་རྟེན་འབྲེལ་ལ་བརྟེན་ནས་དངོས་སུ་འཁྲུངས་ཤིང་། གདུལ་བྱ་སྐྱེ་འགྲོ་ཀུན་གྱི་གནས་སྐབས་དང་མཐར་ཐུག་གི་བདེ་བ་ཐོབ་བྱེད་ཀྱི་ལམ་རིམ་ཡང་དག་པ་ཕྱིན་ཅི་མ་ལོག་པ་གསལ་བར་བསྟན་ནོ་ཞེས་མདོའི་མཆོད་བརྗོད་ཀྱིས་སྟོན་པ་བཅོམ་ལྡན་འདས་སྐྱེས་བུ་ཚད་མར་གྱུར་བའི་སྒྲུབ་བྱེད་དང་བཅས་པའི་སྒོ་ནས་བསྟོད་ཕྱག་མཛད་དོ།། སྤྱིར་ན་ཆོས་ལུགས་དང་གྲུབ་མཐའ་སུ་ཞིག་ཡིན་ཡང་རང་རང་གི་ཆོས་ལུགས་དང་གྲུབ་མཐའི་སྲོལ་འབྱེད་ཀྱི་སྟོན་པ་རེ་རེ་ཡོད་ལ། སྟོན་པ་དེ་ཡང་ཡིད་ཆེས་དང་དད་མོས་ཙམ་གྱིས་ཚད་མར་མི་འཛིན་པར་རྒྱབ་རྟེན་གྱི་རིགས་པའི་སྒྲུབ་བྱེད་ཡོད་མེད་ལ་བསམ་གཞིགས་གནང་སྟེ། ད་གཟོད་དོན་དངོས་ཀྱི་ཐར་ལམ་སྟོན་པ་པོ་ཡིན་པ་རྙེད་ཐུབ་ཚེ། དེ་ཉིད་ལ་བདེན་དོན་གྱི་རྒྱལ་ས་བརྙེས་པའི་ཡང་དག་པའི་སྟོན་པ་ཞེས་ངོས་འཛིན་མཛད་པ་ནི་ཆོས་ལུགས་དང་གྲུབ་མཐའ་ཐུན་མོང་གི་ལྟ་ཚུལ་ལས་མ་འདས་ལ། དེར་བརྟེན། རང་ཅག་རྣམ་གྲོལ་དོན་དུ་གཉེར་མཁན་གྱི་སྐྱེ་འགྲོ་ཀུན་གྱི་སྤྱི་བོའི་གཙུག་ཏུ་བཀུར་བའི་སྟོན་པ་བཅོམ་ལྡན་འདས་ཀྱང་སྐྱེས་བུ་ཚད་མ་ཡིན་མིན་ལ་རྟོགས་དཔྱོད་ཞུགས་ཚེ། ཐོག་མར་རྒྱལ་བའི་གསུང་རབ་ཀྱི་བརྗོད་བྱ་བདེན་བཞིའི་རྣམ་བཞག་འཐད་ལྡན་མི་སླུ་བར་དངོས་གཤིས་རིགས་པས་སྒྲུབ་སྟོབས་ཀྱིས་སྟོན་པ་སྐྱེས་བུ་ཚད་མར་ངེས་རྟོགས་བྱུང་ཚུལ་ནི་ནང་བསྟན་སྨྲ་བ་དག་གི་ཐུན་མོང་མ་ཡིན་པའི་སྟོན་པ་སྐྱེས་བུར་ཚད་མ་སྒྲུབ་ཚུལ་གྱི་རིམ་པ་ཁོ་ན་ཡིན་པར་སྙམ། དེས་ན་ཐུབ་པ་བཅོམ་ལྡན་འདས་ཀྱིས། དགེ་སློང་དག་གམ་མཁས་རྣམས་ཀྱིས།། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ།། ལེགས་པར་བརྟགས་ལ་ང་ཡི་བཀའ།། བླང་བར་བྱ་ཡི་གུས་ཕྱིར་མིན།། ཞེས་རང་གི་རྗེས་འཇུག་རྣམས་ལ་གསུང་རབས་ཀྱི་དོན་ལ་འཇུག་པ་ན་གསེར་ལ་བསྲེག་བཅད་བརྡར་གསུམ་གྱི་ལྷད་ཡོད་མེད་བརྟགས་པ་ལྟར། ཁོང་གི་གསུང་རབས་ཀྱི་བརྗོད་དོན་ལ་ལེགས་པར་བརྟགས་ནས་འཇུག་པ་གལ་ཆེ་བའི་གདམས་པ་ཟབ་མོ་འདིས་ཀྱང་ཁོང་གི་གསུངས་ལ་སླུ་བ་མེད་པའི་ངེས་རྟོགས་སྐྱེ་ཚུལ་གྱི་གོ་རིམ་ཆ་ཚང་ཞིག་བསྟན་ཡོད་པའི་སྣང་ཚུལ་བྱུང་ངོ། དེས་ན་རྣམ་འགྲེལ་ལེའུ་གཉིས་པའི་སྐབས་སུ་ཚད་མ་མདོའི་མཆོད་བརྗོད་ཀྱི་དགོས་དོན་རྒྱས་པར་འགྲེལ་བའི་སྒོ་ནས་བདག་ཅག་གི་སྟོན་པ་ཐུབ་པའི་དབང་པོ་དེ་སྐྱེས་བུ་ཚད་མ་ཡིན་པ་ལ། ལུགས་འབྱུང་བཟློག་གི་རིགས་པ་བརྒྱད་ཀྱི་སྒོ་ནས་བསྒྲུབས་ཡོད་པས། དེས་ན་ཤིན་ཏུ་གཏིང་ཟབ་པའི་བརྗོད་དོན་གྱི་ཡང་སྙིང་ལ་མནོ་བསམ་བཏང་སྟེ་ཆོས་ཉིད་རྒྱུ་འབྲས་ཀྱི་གནས་སྟངས་ལ་ངེས་རྟོགས་བྱུང་དགོས་པ་ནི་ཤིན་ཏུ་གལ་ཆེ་བར་སྣང་བས། འདིའི་དོན་ལ་ཅུང་ཙམ་དཔྱད་འདོད་ཀྱི་སྤྲོ་བ་ལྷད་མེད་དུ་བྱུང་སྟབས། ། དེ་དག་གི་དོན་ལ་འཇུག་པ་ལ། བསྒྲུབ་བྱ་ཚད་མར་གྱུར་བ་ངོས་བཟུང་ནས་གཞན་གྱི་ལོག་པར་རྟོག་པ་སུན་དབྱུང་བ། སྒྲུབ་བྱེད་ལུགས་འབྱུང་ལྡོག་གི་རིགས་པ་རྒྱས་པར་བཤད་ནས་སྐབས་ཀྱི་འཇུག་བསྡུ་བ་དང་གཉིས་ལས། དང་པོ་ནི། ལེའུ་གཉིས་པ་འདིར་བརྗོད་དོན་ཡན་ལག་མང་དུ་མཆིས་ན་ཡང་། རྩ་བའི་བསྒྲུབ་བྱ་དེ་སྟོན་པ་བཅོམ་ལྡན་འདས་ཚད་མའི་སྐྱེས་བུ་བསྒྲུབ་རྒྱུ་དེ་ཡིན་ལ། ཐོག་མར་སྟོན་པ་ཚད་མའི་སྐྱེས་བུར་མ་སྒྲུབ་པའི་སྔོན་དུ་ཚད་མའི་ངོ་བོ་དང་ཁྱད་ཆོས་ངོས་ཟིན་དགོས་པ་ནི་ཤིན་ཏུ་གལ་ཆེ་བས། དེ་ངོས་འཛིན་ཆེད། ཚད་མ་བསླུ་མེད་ཅན་ཤེས་པ། ། དོན་བྱེད་ནུས་པར་གནས་པ་ནི། ། མི་སླུ། ། ཞེས་བྱུང་ལ། གཞུང་ཚན་དེས་ཚད་མའི་མཚན་ཉིད་མི་བསླུ་བའི་ཤེས་པ་ངོས་བཟུང་ཞིང་། མི་བསླུ་བའི་དོན་ཡང་བྱ་བྱེད་ལས་གསུམ་གྱི་མི་བསླུ་བ་ཡིན་དགོས་པས་གང་རུང་གཅིག་མ་ཚང་ན་མི་བསླུ་བའི་གོ་དོན་མེད་ཕྱིར། དོན་འདི་ལ་དགོང་ནས་འཇམ་མགོན་ས་པཎ་གྱིས། མི་སླུ་ལས་དང་བྱེད་པོ་དང་།། བྱ་བ་གསུམ་གྱི་བདག་ཉིད་ཅན།། ཅེས་གསུངས་སོ། དེས་ན་དོན་དང་དོན་མ་ཡིན་པ་རྣམ་པར་འབྱེད་འདོད་མཁན་དག་གིས།ངོ་བོའི་གནས་ལུགས་འཇལ་བྱེད་ཀྱི་བློ་ཡི་ངོ་བོ་ཙམ་ཡང་ངོས་མི་ཟིན་པར་དུང་ཞེན་དང་འཁྲེགས་འཛིན་ཙམ་གྱིས་ཆོས་ཉིད་ལ་འགྲེལ་བཤད་མོལ་བ་དང་། བདེན་རྫུན་གྱི་ཤན་འབྱེད་པ་ནི། ལག་རྡུམ་བྲག་ལ་འཛེགས་པ་དང་ཅིས་མི་མཚུངས། དེའི་ཕྱིར་སྟོན་པ་བཅོམ་ལྡན་འདས་ཀྱིས་བསྐལ་བ་དུ་མར་གདུལ་བྱའི་དོན་དུ་རྒྱུ་བསམ་སྦྱོར་ཕུན་ཚོགས་ལ་བརྩོན་པ་ལྷུར་ལེན་པའི་སྙིང་སྟོབས་ཀྱི་རྒྱུན་ཐག་བར་མེད་དུ་བསྐྱངས་སྟོབས་ཀྱིས་མཐར་ཇི་ལྟ་བ་དང་ཇི་སྙེད་པའི་དོན་ཐམས་ཅད་ལ་མི་བསླུ་བའི་ཁྱད་པར་གསུམ་ལྡན་གྱི་མཁྱེན་པ་མངའ་བས་ན་ཚད་མར་གྱུར་བ་ཡིན་ནོ།། དེ་ཡང་ཕྱི་རོལ་དབང་ཕྱུག་པ་ཁོང་ཚོས་དབང་ཕྱུག་ནི་སྣོད་བཅུད་འཇིག་རྟེན་གྱི་བྱེད་པ་པོ་ལ་སོགས་པའི་ཡོན་ཏན་བརྒྱད་ལྡན་གྱི་རྟག་པ་རང་བྱུང་གི་སྐྱེས་བུ་ཚད་མ་ཡིན་པར་འདོད་ལ། དེའི་སྒྲུབ་བྱེད་ཀྱང་། འཇིག་རྟེན་གྱི་གནས་ལུས་རྣམས་ཆོས་ཅན། བྱེད་པ་པོའི་བློ་སྔོན་དུ་སོང་སྟེ། སྡོད་ཅིང་འཇུག་པའི་ཕྱིར། སྟེའུ་བཞིན། དབྱིབས་ཀྱི་ཁྱད་པར་དང་ལྡན་པའི་ཕྱིར་གཞལ་ཡས་ཁང་བཞིན། དོན་བྱེད་ནུས་པ་ཡིན་པའི་ཕྱིར་དགྲ་སྟ་བཞིན། དེས་ན་དབང་ཕྱུག་ཀུན་མཁྱེན་ཡིན་ནོ་ཞེས་ཟེར་རོ། ། དེ་ལ་རྣམ་འགྲེལ་ལས། ཚད་མ་རྟག་པ་ཉིད་ཡོད་མིན།། དངོས་ཡོད་རྟོགས་པ་ཚད་ཕྱིར་དང་།། ཤེས་བྱ་མི་རྟག་པ་ཉིད་ཀྱིས།། དེ་ནི་མི་བརྟན་ཉིད་ཕྱིར་རོ།། ཞེས་གསུངས་པ་ལྟར། དབང་ཕྱུག་རྟག་པ་ཚད་མ་ཡིན་ན། ཁྱོད་ཀྱིས་ཡུལ་དངོས་པོར་ཡོད་པ་རྟོགས་པས་ཚད་མ་ཡིན་དགོས་ལ་དེ་ལྟར་ན་ཁྱོད་རྟག་པ་ཉིད་དུ་མ་གྲུབ་པར་ཐལ། ཁྱོད་ཀྱི་ཡུལ་ཤེས་བྱ་དེ་མི་རྟག་པ་ཡིན་པའི་ཕྱིར། ཁྱབ་སྟེ། ཡུལ་མི་རྟག་པ་ལ་ཡུལ་ཅན་ཚད་མ་རྟག་པ་འགལ་བའི་ཕྱིར། ཡང་ན་ཁྱོད་ཀྱིས་ཡུལ་རྣམས་དུས་རྟག་དུ་འཇལ་བའམ། ལན་གཅིག་ཀྱང་མི་འཇལ་བའི་ཁྱད་པར་གང་རུང་འཐད་ལྡན་དུ་བཟུང་དགོས་ལ། དང་པོ་ལྟར་ན་ཡུལ་མི་རྟག་པ་ཡིན་པ་ཉམས་ཤིང་། གཉིས་པ་ལྟར་ན་ཀུན་མཁྱེན་ཡིན་པ་ཉམས་སོ།། གལ་སྲིད་རེས་འགའ་འཇལ་ལ་རེས་འགའ་མི་འཇའ་བའི་ཞིབ་ཆ་ཕྱེས་ན། ཚད་མ་རྟག་པ་ཡིན་པ་ཉམས་ཏེ། རྟག་པ་ལ་རེས་འགའ་བའི་བྱ་བས་སྟོང་བའི་ཕྱིར། གལ་ཏེ་ཤེས་བྱའི་ཡུལ་མི་རྟག་པ་ཡིན་པས་ཤེས་བྱེད་ཀྱི་ཚད་མ་མི་བརྟན་པ་ཡིན་ཀྱང་། ཚད་མ་ཅན་གྱི་དབང་ཕྱུག་རྟག་པ་ཡིན་པས་དེ་ལས་ཚད་མ་སྐྱེའོ་ཞེ་ན། དབང་ཕྱུག་རྟག་པས་ཚད་མ་རིམ་ཅན་པ་སྐྱེ་བ་རྐྱེན་ལ་ལྟོས་པ་མི་རུང་སྟེ། རྟག་པ་ལ་རྐྱེན་མི་རྟག་པའི་རྣམ་པ་འགས་ཕན་གདགས་བྱ་མིན་པའི་ཕྱིར་རོ།། སུན་འབྱིན་དེ་མ་བཟོད་ནས། དབང་ཕྱུག་མི་རྟག་པ་ཡིན་ཡང་རང་བྱུང་ཡིན་ནོ་ཞེ་ན། མི་རྟག་པ་ཡིན་དུ་ཆུག་མོད་དེ་ཀུན་མཁྱེན་ཡིན་པའི་སྒྲུབ་བྱེད་ཀྱི་ཚད་མ་མེད་པའི་ཕྱིར་རོ།། གལ་ཏེ་དབྱིབས་ཀྱི་ཁྱད་པར་དང་ལྡན་པ་དེ་ཉིད་ཀྱིས་གྲུབ་བོ་སྙམ་ན་དེ་ནི་མི་གྲུབ་སྟེ། དབྱིབས་དེ་འཇིག་རྟེན་གྱི་གནས་ལས་རྣམས་བྱེད་པ་པོའི་བློ་སྔོན་དུ་སོང་བ་སྒྲུབ་པའི་རྟགས་ཡང་དག་མ་ཡིན་སྟེ། དེ་སྐོར་གྱི་བསྒྲུབ་བྱའི་ཆོས་དེ་བློ་སྔོན་སོང་ཙམ་བསྒྲུབ་ན་སངས་རྒྱས་པའི་ངོར་གྲུབ་ཟིན་པས་ཤེས་འདོད་མེད་ལ། དབང་ཕྱུག་གིས་བྱས་པར་བསྒྲུབ་ན། སྐྱེས་བུས་བྱས་པའི་དབྱིབས་རྟགས་སུ་བཀོད་དམ་དབྱིབས་ཙམ་རྟགས་སུ་བཀོད། དང་པོ་ལྟར་ན་ཕྱོགས་ཆོས་མ་གྲུབ་ལ། གཉིས་པ་ལྟར་ན་དེ་ནི་སྐྱེས་བུས་བྱས་པ་ལས་ཐ་དད་པའི་སྐྱེས་བུས་མ་བྱས་པའི་དངོས་པོ་རི་སོགས་ལ་རབ་ཏུ་གྲུབ་པས་ཁྱབ་པ་མ་ངེས་ཏེ། དཔེར་ན་སྐྱ་བོའི་རྫས་ལས་དེ་དང་ལྡན་པའི་གཞིར་མེ་དཔོག་པ་བཞིན་ནོ།། གཞན་ཡང་དབང་ཕྱུག་རྟག་པ་ཆོས་ཅན། འབྲས་བུ་དངོས་པོའི་རྒྱུ་ཡིན་པའི་རང་བཞིན་དེ་ཉིད་རྟག་པར་གནས་པའི་དུས་གང་གི་ཚེ། རྒྱུ་མ་ཡིན་པར་ཐལ། རྒྱུ་མ་ཡིན་པའི་གནས་སྐབས་ཀྱི་རང་བཞིན་དང་ཁྱད་པར་མེད་པའི་ཕྱིར་ཏེ། ཁྱོད་རྟག་པ་ཡིན་པའི་ཕྱིར་རོ།། མ་ཁྱབ་ན་ནག་པའི་རྨ་སོས་སྐྱེད་ལ་འབྲེལ་མེད་སྡོང་དུམ་ཅིའི་ཕྱིར་རྒྱུ་ཉིད་དུ་རྟོགས་པར་མི་བྱེད་དེ་བྱེད་རིགས་སོ།། འོ་ན་ཁྱེད་རང་ལའང་སྐྱོན་འདི་མཚུངས་ཏེ་མྱུ་གུ་བསྐྱེད་པ་ལ་མྱུ་གུ་མི་སྐྱེད་པའི་ས་སོགས་ཀྱི་རང་བཞིན་ལས་ཁྱད་པར་མེད་པར་མྱུ་གུ་རྒྱུ་ཉིད་དུ་འགྲོ་ཆོག་པ་དང་། ཡུལ་དབང་ཤེས་གསུམ་པོས་དབང་ཤེས་བསྐྱེད་པ་ལ་མ་ཚོགས་པའི་གནས་སྐབས་དང་ཚོགས་པའི་གནས་སྐབས་གཉིས་ཁྱད་པར་མེད་པར་དབང་ཤེས་སྐྱེ་ཆོག་པའི་ཕྱིར་ཞེ་ན། དེ་ནི་མ་ཡིན་ཏེ་མྱུ་གུ་བསྐྱེད་པ་ལ་ཞིང་པ་རྒན་པོས་དཔྱིད་ཀྱི་དུས་སུ་ཞིང་རྨོ་བ་དང་ཆུ་འདྲེན་པ་སོགས་སོ་ནམ་ལེགས་པར་བྱས་ནས། སྟོན་གྱི་དུས་སུ་མྱུ་གུ་ལེགས་པར་མཐོང་བས། མྱུ་གུ་བསྐྱེད་པ་ལ་མྱུ་གུ་མི་སྐྱེད་པ་ལས་ཁྱད་པར་ཡོངས་སུ་འགྱུར་བའི་ཕྱིར་དང་། ཡུལ་དབང་ཤེས་གསུམ་གྱིས་དབང་ཤེས་བསྐྱེད་པ་ལ། མ་ཚོགས་པའི་ཚེ་ནུས་པ་མེད་ལ། ཚོགས་པའི་ཚེ་དབང་ཤེས་བསྐྱེད་པའི་ཡོན་ཏན་ནམ་ནུས་པ་ཡོད་པས། ཚོགས་པ་དང་མ་ཚོགས་པའི་གནས་སྐབས་ལ་ཁྱད་པར་མེད་པ་མ་གྲུབ་པའི་ཕྱིར་རོ། ། དེས་ན་འཇིག་རྟེན་ཆོས་ཉིད་ཀྱི་ར་བ་ལས་ཡོངས་སུ་འདས་ཤིང་། རྒྱུ་འབྲས་ཕྲ་རག་གི་འབྲེལ་བ་ལ་ལོག་རྟོག་གི་རི་མོ་བཏབ་པས་དབངཕྱུག་པའི་ལྟ་གྲུབ་ནི་ཅིས་ཀྱང་དང་ལེན་དང་ཡིད་ཆེས་ཐུབ་པའི་གནས་སུ་མ་མཆིས་སོ། །
སྣོད་བཅུད་སྲིད་པ་འདི་ཡི་ཆོས་ཚུལ་ཀུན།།
རང་བྱུང་སྟོན་པ་ཞིག་གིས་བྱས་སོ་ཞེས།།
རྒྱབ་རྟེན་རིགས་ལམ་བཙལ་ཀྱང་མི་རྙེད་པའི།།
བཞེད་ཚུལ་དེ་དག་ཆུ་ནང་ཝུ་བ་འདྲ།།
བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།
གཉིས་པ་སྒྲུབ་བྱེད་ལུགས་འབྱུང་ལྡོག་གི་རིགས་པ་རྒྱས་པར་བཤད་ནས་སྐབས་ཀྱི་འཇུག་བསྡུ་བ་ལ། ཕྱོགས་སྔ་མ་བརྗོད། དེ་སུན་འབྱིན་པའོ།། དང་པོ་ནི། གཞུང་རྩ་བ་ལས། ཚད་མ་ལྐོག་གྱུར་དོན་ཤེས་ཡིན།། དེ་སྒྲུབ་བྱེད་ཀྱང་མེད་པའི་ཕྱིར།། ནན་ཏན་བྱེད་པ་ཡོད་མ་ཡིན།། ཞེས་ནི་ཁ་ཅིག་རབ་ཏུ་བརྗོད།། ཅེས་གསུངས་པ་ལྟར། ཚུར་རོལ་མཛེས་པ་བ་སོགས་ཕྱི་རོལ་པ་རྣམས་ཀྱིས་སངས་རྒྱས་པ་ཁྱོད་ཀྱི་ལུགས་ལའང་སྐྱེས་བུ་ཚད་མ་མི་འཐད་དེ། དེ་ཡིན་ན་ལྐོག་གྱུར་གྱི་དོན་ཐམས་ཅད་ཤེས་པ་ཞིག་དགོས་པས། དེ་ཤེས་པ་མི་སྲིད་པའི་ཕྱིར། གལ་ཏེ་ལྐོག་གྱུར་གྱི་དོན་ཤེས་ཀྱང་། དེ་སྒྲུབ་བྱེད་ཀྱི་ཐབས་མེད་པའི་ཕྱིར་དང་། ཐབས་ཡོད་ཀྱང་། དེ་ལ་ནན་ཏན་བྱེད་པའང་ཡོད་པ་མ་ཡིན་པས་དེའི་ཕྱིར་ཚད་མའི་སྐྱེས་བུར་མི་འཐད་དོ།། ཞེས་སྨྲའོ།། གཉིས་པ་སུན་འབྱིན་བཤད་པ་ལ། དགོས་པའི་དོན་ཀུན་མཁྱེན་པས་ཚད་མར་གྲུབ། ལུགས་འབྱུང་རིགས་པའི་སྒོ་ནས་ཐབས་ཡོད་བསྟན། ལུགས་བཟློག་རིགས་པས་ནན་ཏན་བྱེད་པར་བསྒྲུབ་པའོ།། དང་པོ་ནི། རྣམ་འགྲེལ་ལས། འདི་ཡིས་སྲིན་བུའི་གྲངས་མཁྱེན་པ།། ཞེས་པ་ནས། འདོད་པའི་དེ་ཉིད་མཐོང་བ་ཡིན།། ཞེས་བར་གྱིས་བསྟན་པ་ལྟར། ནང་བསྟན་སྨྲ་བ་ང་ཚོས་བཅོམ་ལྡན་འདས་སྐྱེས་བུ་ཚད་མ་ཡིན་པར་རློམ་དོན་ནི་བདེ་སྐྱིད་ཐོབ་འདོད་དང་སྡུག་བསྔལ་སྤོང་འདོད་ཀྱི་ཀུན་སློང་བར་མེད་དུ་བརྡོལ་ཞིང་། བདེ་སྐྱིད་ཀྱི་ཆེད་དུ་ཉིན་མཚན་ལྟོས་མེད་དུ་འབད་ཀྱང་། སྡུག་བསྔལ་གྱི་རྒྱུ་ལ་དབང་མེད་དུ་སྤྱོད་དེ། ཞེ་འདོད་དང་ལག་ལེན་རྒྱབ་འགལ་དུ་སོང་བའི་ཉམ་ཐག་པའི་སྐྱེ་འགྲོ་ཀུན་པོར་ཉེ་བར་མཁོ་བའི་འཁོར་བ་འཇུག་བཟློག་གི་རྒྱུ་འབྲས་བདེན་བཞི་སྟོན་པ་ལ། མི་བསླུ་བར་ཚད་མས་གྲུབ་སྟོབས་ཀྱིས་ཐམས་ཅད་མཁྱེན་པའམ་སྐྱེས་བུ་ཚད་མ་ཞེས་མགྲིན་གཅིག་ཏུ་སྨྲ་བར་བྱེད་ཀྱི། ཉེ་བར་མི་མཁོ་བའི་སྲན་བུའི་གྲངས་དང་། དཔག་ཚད་མང་པོས་ཆོད་པའི་ཤེས་བྱའི་རྣམ་བཞག་སོགས་མཁྱེན་ཡང་ལེགས་མ་མཁྱེན་ཡང་བླ་སྟེ། གཙོ་བོ་བདེན་བཞིའི་བླང་དོར་ཐབས་དང་བཅས་པ་ཚུལ་བཞིན་དུ་རྟོགས་ཤིང་། རྟོགས་པའི་དོན་དེ་རྣམ་གྲོལ་དོན་གཉེར་ཅན་གྱི་སྐྱེ་འགྲོ་ཀུན་ལ་མ་ནོར་ཞིང་མ་འདྲེས་པ་སྟོན་པར་མཛད་པ་ལ་ངེས་དོན་གྱི་སྐྱེས་བུ་ཚད་མ་ཞེས་བརྗོད་དོ།། དེ་ལྟར་སྨྲ་བའི་ཤུགས་ལ་ཤེས་བྱ་ཀུན་མཁྱེན་པའི་ཐམས་ཅད་མཁྱེན་པ་གྲུབ་སྟེ། དེ་ཡང་རྣམ་འགྲེལ་ལེའུ་དང་པོ་ལས། བླང་དང་དོར་བྱའི་དེ་ཉིད་ནི།། ཐབས་བཅས་རབ་ཏུ་ངེས་པ་ཡིས།། གཙོ་བོ་དོན་ལ་མི་བསླུའི་ཕྱིར།། གཞན་ལ་རྗེས་སུ་དཔག་པ་ཡིན།། ཞེས་པ་ལྟར། གང་ཕྲ་ཞིང་རྟོགས་དཀའ་བ་ཉི་ཟེར་གྱི་རྡུལ་མཐོང་བ་དེས་ཡིད་གཏད་ན་རགས་ཤིང་རྟོགས་སླ་བ་བུམ་པ་མཐོང་བ་བཞིན་དུ། ཕྲ་ཞིང་རྟོགས་བཀའ་བ་བདེན་བཞིའི་དོན་གཟིགས་སོ་ཞེས་པའི་རྟགས་ཀྱིས། རགས་ཤིང་རྟོགས་སླ་བའི་ཆོས་གཞན་རྣམས་མཐོང་བ་སྨོས་མི་དགོས་པའི་ཕྱིར་རོ། ། འཇམ་མགོན་བླ་མས་ཀྱང་། ཡང་ན་རྗེས་སུ་དཔག་པ་ཡིས།། ཐམས་ཅད་མཁྱེན་པ་གྲུབ་པ་ཡིན།། ཞེས་གསུངས་སོ།། གཉིས་པ་ལུགས་འབྱུང་རིགས་པའི་སྒོ་ནས་ཐབས་ཡོད་བསྟན་པ་ལ། སྒྲུབ་བྱེད་བསམ་སྦྱོར་ཕུན་ཚོགས་བཤད། འབྲས་བུ་དོན་གཉིས་ཕུན་ཚོགས་བཤད། ལུགས་འབྱུང་རིགས་པའི་ངག་དོན་བཀོད་པའོ།། དང་པོ་ལ་བསམ་པ་ཕུན་ཚོགས་བཤད་པ་དང་། སྦྱོར་བ་ཕུན་ཚོགས་བཤད་པ་གཉིས་ལས། དང་པོ་ལ། རྩ་བའི་སྒྲུབ་བྱེད་ཐུགས་རྗེ་ཆེན་པོ་ངོས་བཟུང་བ། དེ་ལ་རྩོད་པ་སྤོང་ནས་སྒྲུབ་བྱེད་རིགས་པ་ངོས་བཟུང་པའོ།། དང་པོ་ནི། རྣམ་འགྲེལ་ལས། སྒྲུབ་བྱེད་ཐུགས་རྗེས་གོམས་ལས་དེ།། ཞེས་པ་དེས་འགྲོ་བ་རྣམས་འཁོར་བ་སྡུག་བསྔལ་ལས་སྒྲོལ་བར་འདོད་པའི་བརྩེ་བ་སྙིང་རྗེ་ཆེན་པོའམ་ཐུགས་རྗེ་ཆེན་པོ་དེ་ཚད་མའི་སྐྱེས་བུ་བསྒྲུབ་པ་ལ་དང་པོ་སྔོན་དུ་འགྲོ་དགོས་པར་བསྟན་ལ། དེ་མེད་ན་ཐབས་ལ་སློབ་པར་མི་འགྱུར་བའི་ཕྱིར། དེས་ན་ཐུགས་རྗེ་ཆེན་པོ་དེ་ཡང་རྒྱུ་མེད་དང་མི་མཐུན་པའི་རྒྱུ་ལས་སྐྱེ་བ་མ་ཡིན་པར་མགོན་མེད་སྐྱབས་བྲལ་གྱི་ཉམ་ཐག་པའི་སྐྱེ་འགྲོ་མཐའ་དག་སྡུག་བསྔལ་གྱིས་དབང་མེད་དུ་མནར་བ་དེ་དག་ལ། མི་བཟོད་པའི་རྣམ་པ་ཅན་གྱི་བརྩེ་བ་སྙིང་རྗེ་ཆེན་པོ་སྐྱེ་བ་དུ་མར་གོམས་པ་ལས་སྐྱེས་བུ་ཚད་མ་བསྒྲུབ་དགོས་ཤིང་། དེ་ལྟ་བུའི་བརྩེ་བ་ཐུགས་རྗེ་ཆེན་པོ་དེ་ཡང་སྐྱེ་བ་དཔག་ཏུ་མེད་པ་ལ་གོམས་པར་བྱས་ན་འབད་རྩོལ་བསྐྱར་མ་ལ་མི་ལྟོས་པར་མཐའ་མེད་དུ་འཕེལ་བས་ཐུགས་རྗེ་ཆེན་པོ་མཐར་ཕྱིན་པ་ཡང་འགྲུབ་པའི་ཕྱིར་རོ། ། གཉིས་པ་ལ་སྐྱེ་བ་དུར་མར་སྙིང་རྗེ་གོམས་པ་མི་སྲིད་པའི་རྩོད་པ་སྤོང་། གོམས་ཀྱང་མཐའ་མེད་དུ་འཕེལ་བ་མི་སྲིད་པའི་རྩོད་པ་སྤོང་། སྐྱེ་བ་སྔ་ཕྱི་སྒྲུབ་པའི་རིགས་པ་བསྡུས་ཏེ་བསྟན་པའོ།། དང་པོ་ནི། མུ་སྟེགས་རྒྱང་འཕེན་པས་ནང་བ་སངས་རྒྱས་པ་ལ་སྙིང་རྗེ་སྐྱེ་བ་དུ་མར་གོམས་པ་མི་འཐད་པའི་རྩོད་པ་འདི་བྱས་པ་ཡིན་ལ། རྩོད་པ་འདི་བྱེད་དགོས་པའི་རྒྱུ་མཚན་ཡང་སྙིང་རྗེ་སྐྱེ་བ་དུ་མར་གོམས་དགོས་ན་ཚེ་རབས་སྔ་མ་ནས་འདིར་འོང་བ་དང་འདི་ནས་ཕྱི་མར་འགྲོ་བ་ཡང་ཡོད་དགོས་མོད། དེ་ནི་མེད་དེ། ཚེ་རབས་སྔ་ཕྱི་ནི་སངས་རྒྱས་པ་ཁྱེད་ཚོས་རྟོག་པའི་རང་དགར་བཏགས་པ་ཡིན་ལ། གལ་ཏེ་ཡོད་ན་མངོན་སུམ་ཚད་མས་མཐོང་དགོས་པ་ལས་མ་མཐོང་བའི་ཕྱིར་ན་སྐྱེ་བ་སྔ་ཕྱི་མེད་དོ་ཞེས་བཞེད་དེ། དེ་ཡང་མཐར་དེད་ན་སྐྱེ་བ་སྔ་ཕྱི་ནི་ཁོ་ཚོའི་མངོན་སུམ་གྱི་ཡུལ་ལས་འདས་པའི་རྒྱུ་མཚན་གྱིས་མེད་པར་འདོད་པ་དང་། ཡུལ་གྱི་གནས་ཚུལ་མཐོང་བའི་བློ་ཡང་རྗེས་དཔག་སོགས་བློ་རིག་གཞན་དག་ཁས་མི་ལེན་པས་མངོན་སུམ་གཅིག་པུར་འདོད་དེ། ཇི་ཙམ་དབང་པོའི་སྤྱོད་ཡུལ་བ།། སྐྱེས་བུའང་དེ་ཙམ་ཁོ་ནར་ཟད།། བཟང་མོ་མང་ཐོས་གང་སྨྲ་བ།། དེ་དག་སྤྱང་ཀིའི་རྗེས་དང་འདྲ།། ཞེས་ཀྱང་ཟེར་རོ།། དེས་ན་ཚེ་འདིར་འཇིན་རྟེན་ཕུན་ཚོགས་ཀྱི་ཆོས་ལ་ལོངས་སུ་སྤྱད་ནས་གང་ལེགས་གང་སྐྱིད་ཙམ་གྱིས་ཆོག་པར་སྨྲ་ཞིང་། ནམ་ཞིག་གི་ཚེ་མར་མེ་ཟད་པ་ཇི་བཞིན་དུ་ལུས་ཀྱི་ཕུང་བོ་འདི་དག་ཐལ་བ་བཞིན་དུ་ཞིག་པ་ན་སེམས་ཀྱང་འཇིག་རྟེན་ཕ་རོལ་སོགས་སུ་འགྲོ་བ་མེད་པར་རྒྱུན་ཆད་པར་འགྱུར་རོ་ཞེས་སྨྲ་སྟེ། སློབ་དཔོན་འཕགས་པ་ལྷས། ཡང་ཁ་ཅིག་ན་རེ། མ་ཤི་བར་དུ་བདེ་བར་འཚོ།། ཤི་ནས་དེ་ཡི་སྤྱོད་ཡུལ་མེད།། ལུས་ཀྱང་ཐལ་བ་བཞིན་སོང་ནས།། སླར་འཚོ་བར་ལྟ་ག་ལ་འགྱུར།། དེ་ཕྱིར་སྔ་ཕྱི་ཡོད་མ་ཡིན།། ཚེ་འདི་ཉིད་ལ་བདེ་བའི་ཕྱིར།། ལྷ་མཆོག་འདྲེ་སྲིན་མནན་བྱས་ན།། བཙན་ཕྱུག་མཐུ་སྟོབས་འགྲུབ་པར་འགྱུར།། ཞེས་གསུངས་པ་ལྟར་རོ།། དེས་ན་སྐྱེས་མ་ཐག་པའི་གང་ཟག་གི་རྒྱུད་ཀྱི་རྣམ་ཤེས་དེ་ཡང་ལུས་ཉིད་འབའ་ཞིག་ལས་སྐྱེས་པ་ཡིན་གྱི་སྐྱེ་བ་སྔོན་མར་རང་གི་རིགས་འདྲ་སྔ་མ་སྔོན་དུ་སོང་བ་ལས་སྐྱེ་བར་མི་འདོད་ལ། ཚད་མ་རྣམ་འགྲེལ་འདིར། སྐྱེ་བ་ཡོངས་སུ་ལེན་པ་ན།། འབྱུང་རྔུབས་དབང་པོ་བློ་དག་ནི།། རང་གི་རིགས་ལ་ལྟོས་མེད་ཅན།། ལུས་ཉིད་འབའ་ཞིག་ལས་སྐྱེ་མིན།། ཞེས་གསུངས་སོ།། ཚེ་རབས་སྔ་མ་ནས་འདིར་འོང་བ་དང་འདི་ནས་ཕྱི་མར་འགྲོ་བའི་སྐྱེ་བ་སྔ་ཕྱིའི་གོ་རིམ་མེད་པས། ཚེ་རབས་སྔ་མར་སྙིང་རྗེ་དང་བདག་མེད་རྟོགས་པའི་ཤེས་རབ་སོགས་གོམས་པ་ལས་ཐམས་ཅད་མཁྱེན་པ་ཡང་འགྲུབ་པ་མ་ཡིན་ནོ་ཞེས་སྨྲ་བ་དང་། བློ་ལུས་ལ་བརྟེན་ཚུལ་ཡང་ཚད་མ་རྒྱན་ལས། བློ་ནི་ལུས་ཀྱི་བདག་ཉིད་དང་།། ལུས་འབྲས་ལུས་ཀྱི་ཡོན་ཏན་དང་།། དེ་ལྟར་ལུགས་གསུམ་ལ་བརྟེན་ནས།། གོམས་པ་གྲུབ་པ་མེད་པར་འདོད།། ཅེས་གསུངས་པ་ལྟར། ཆང་དང་མྱོས་བྱེད་ཀྱི་ནུས་པ་བཞིན་དུ་བློ་ལུས་ཀྱི་བདག་ཉིད་དུ་གྱུར་པའི་སྒོ་ནས་ལུས་ལ་བརྟེན་པ་དང་། སྒྲོན་མེ་དང་འོད་བཞིན་དུ་བློ་ལུས་ཀྱི་འབྲས་བུར་གྱུར་བའི་སྒོ་ནས་ལུས་ལ་བརྟེན་པ་དང་། རྩིག་པ་དང་དེའི་རི་མོ་བཞིན་དུ་བློ་ལུས་ཀྱི་ཡོན་ཏན་དུ་གྱུར་པའི་སྒོ་ནས་ལུས་ལ་བརྟེན་པ་སྟེ། བརྟེན་ཚུལ་གསུམ་གྱི་སྒོ་ནས་བློ་ལུས་ལ་བརྟེན་པར་སྨྲའོ།། དེ་དག་འགོག་བྱེད་ཀྱི་རིགས་པ་ནི་དཔལ་ལྡན་ཆོས་ཀྱི་གྲགས་པས་རྣམ་འགྲེལ་ལེའུ་གཉིས་པ་འདིར་རྒྱས་པར་བཤད་ཡོད་ལ། རིགས་པའི་རྣམ་གྲངས་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་ལས་གཙོ་བོ་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ་བརྗོད་ན། ལུས་ཀྱི་རྡུལ་ལ་བརྟག་པའི་རིགས་པ་དང་། ལུས་སེམས་རྟེན་དང་བརྟེན་པར་བརྟགས་ནས་འགོག་པའི་རིགས་པ། སེམས་ཀྱི་ཆོས་ལུས་མཐོང་ཙམ་གྱིས་རིག་པར་ཐལ་བའི་རིགས་པ་སྟེ། རིགས་པའི་སྡེ་ཚན་དེ་གསུམ་གྱི་ཁྱབ་ཁོངས་སུ་གཏོགས་པའི་རིགས་པ་དེ་དག་སྐབས་བབས་མི་སྟེགས་རྒྱང་འཕེན་པའི་ཚེ་རབས་སྔ་ཕྱི་མེད་པར་འདོད་པའི་ལོག་རྟོག་སུན་དབྱུང་བྱེད་ཀྱི་རིགས་པ་གཙོ་གྲས་རྣམས་ཡིན་པར་སེམས། དེ་དག་ལས་དང་པོ་ནི། ལུས་དེ་ཡིད་བློའི་དངོས་རྒྱུར་འདོད་ན་དབང་པོ་མེད་པའི་ལུས་དང་དབང་པོ་དང་བཅས་པའི་ལུས་གཉིས་ལས་མ་འདས་པ་ཡིན་ལ། དང་པོ་ལྟར་ན་ལུས་ཀྱི་རྡུལ་ཚོགས་པ་ལས་བསྐྱེད་དམ་རེ་རེ་ལས་བསྐྱེད་ཅེས་བརྟག་ཚེ་ཕྱོགས་གང་ཁས་བླངས་ཀྱང་མི་འཐད་དེ། དང་པོ་ལྟར་ན་ལུས་ཀྱི་རྡུལ་ཕྲན་མཐེ་བོང་ལྟ་བུ་གཅིག་ཆད་པའི་ལུས་ལ་ཡིད་བློ་རྟོག་པ་མི་སྐྱེ་བར་ཐལ། ལུས་སྐྱེད་པ་ལ་ལུས་ཀྱི་རྡུལ་མ་ལུས་པ་ཚང་དགོས་པ་གང་ཞིག ། ལུས་ཀྱི་རྡུལ་གཅིག་མ་ཚང་བའི་ཕྱིར། གཉིས་པ་ལྟར་ན་དུས་གཅིག་ཅར་དུ་གང་ཟག་གཅིག་གི་རྒྱུད་ལ་ལུས་རྡུལ་གྱི་གྲངས་བཞིན་དུ་ཡིད་བློ་རྟོག་པ་དུ་མ་འབྱུང་བར་ཐལ། ལུས་རྡུལ་རེ་རེ་ནས་ལུས་བསྐྱེད་པ་ལ་མ་ཚང་མེད་པའི་རྒྱུ་ཡིན་པའི་ཕྱིར། རྣམ་འགྲེལ་ལས། མ་ལུས་རྒྱུ་ཉིད་ཡིན་ན་ནི།། ཡན་ལག་གཅིག་དང་བྲལ་ནའང་མིན།། རེ་རེ་ནུས་པ་ཉིད་ཡིན་ནའང་།། གཅིག་ཅར་མང་པོ་འབྱུང་བར་འགྱུར།། ཞེས་གསུངས་ལ། ཡིད་བློ་སྐྱེད་བྱེད་ཀྱི་རྒྱུར་དབང་པོ་མེད་པའི་ལུས་དང་དབང་པོ་དང་བཅས་པའི་ལུས་གཉིས་ལས་གང་འདོད་ཀྱང་ལུས་ཀྱི་རྡུལ་ལ་བརྟག་པའི་རིགས་པ་དེས་མི་ཁེགས་པ་མེད་མོད། མཐའ་དཔྱད་པའི་དབང་དུ་བྱས་ཏེ་རིགས་པའི་རྣམ་གྲངས་གཞན་ཞིག་བརྗོད་ན། གཞན་ཡང་། ལུས་ཁོ་ན་ཡིད་བློའི་དངོས་རྒྱུ་ཡིན་ན་རིགས་པའི་གནོད་བྱེད་འདི་ལྟར་འབབ་སྟེ། སེམས་ཆོས་ཅན། ལུས་གྲུབ་ཙམ་ནས་ཁྱོད་གནས་པར་ཐལ། ལུས་དེ་ཁྱོད་ཀྱི་དངོས་རྒྱུ་ཡིན་པའི་ཕྱིར། འདོད་ན། ཤི་ལུས་ལ་སེམས་ལྡོག་པ་མེད་པར་ཐལ། སེམས་ཀྱི་དངོས་རྒྱུ་ལུས་གནས་པའི་ཕྱིར། ཞེས་མཐའ་གཞན་དཔྱད་ནས་བཀག་ཡོད་ལ། གལ་ཏེ་ལུས་དེ་སེམས་ཀྱི་དངོས་རྒྱུ་ཡིན་ཡང་། ཤི་ལུས་ལ་མཐུན་རྐྱེན་དབུགས་མ་ཚང་བ་དང་། འགལ་རྐྱེན་ནད་ཀྱིས་གནོད་པ་བྱས་པས་ཤི་ལུས་ལ་སེམས་གནས་པར་ཐལ་བའི་ཐལ་བ་དེ་མེད་དེ། དཔེར་ན་སྡོང་བུ་ལ་སོགས་པ་སྒྲོན་མེའི་རྒྱུ་ཡིན་ཡང་འགལ་རྐྱེན་རླན་ཡོད་ན་སྒྲོན་མེ་མི་སྐྱེད་པ་བཞིན་ཞེས་རྩོད་སྤོང་མཛད་ཡོད་མོད། དབུགས་དེ་སེམས་ཀྱི་རྒྱུ་ཡིན་ན་དབུགས་ཀྱི་རྒྱུ་གང་ཡིན་ཞེས་དྲིས་ཚེ་ལན་ཅི་སྨྲ། གལ་ཏེ་སེམས་ཡིན་ནོ་ཞེ་ན། དེ་ལྟར་ན་སེམས་སྔ་མ་ལས་སེམས་ཕྱི་མ་སྐྱེ་བ་གྲུབ་པས་སྐྱེ་བ་སྔ་ཕྱིའི་སྐོར་གྱི་ནང་བ་སངས་རྒྱས་པའི་ལྟ་གྲུབ་ཀྱི་གཞི་རྩ་ཚུགས་པ་ཡིན་ལ། གལ་ཏེ་དབུགས་ཡིན་ནོ་ཞེ་ན། དེ་ལྟར་ན་སེམས་དང་ལུས་མེད་ཀྱང་དབུགས་ཡོད་པར་ཐལ་ཞིང་། གཞན་ཡང་ལུས་ཡིན་ནོ་ཞེ་ན་ཤི་བའི་རོ་དང་ཀ་བུམ་སོགས་ལ་ཡང་དབུགས་ཡོད་པར་ཐལ་བ་དང་། མ་ཟད་དབུགས་ལས་སེམས་སྐྱེ་ན་དབུགས་གཅིག་ལས་སྐྱེའམ་དུ་མ་ལས་སྐྱེ་ཞེས་དཔྱད་ན། གོང་དུ་བཤད་པའི་ལུས་རྡུལ་ལ་བརྟགས་པའི་རིགས་པའི་གནོད་བྱེད་དེ་འདི་ལ་ཡང་སོ་ན་གནས་སོ།། དེས་ན་སེམས་མེད་པར་དབུགས་འབྱུང་མི་རིགས་ཏེ། དབུགས་ནང་དུ་འདྲེན་པ་དང་ཕྱིར་འབྱིན་པ་སོགས་ནི་སེམས་ཀྱི་འབད་རྩོལ་མེད་པར་གང་ལས་སྐྱེ་བ་ཡིན་ཏེ་མིན་པའི་ཕྱིར་རོ།། སྐྱོན་སྤོང་གཉིས་པ་ལྟར། ནད་དེ་ལུས་ཀྱིས་སེམས་སྐྱེ་བ་ལ་འགལ་རྐྱེན་ཡིན་ན་དུག་སོགས་ཀྱིས་ཤི་ཟིན་པའི་ལུས་ལ་ཡང་སྔགས་ཀྱི་ནུས་པ་དང་སྨན་གྱི་འདུས་སྦྱོར་ལ་བརྟེན་ནས་འགལ་རྐྱེན་དུག་སོགས་སེལ་བར་བྱས་ཚེ། སླར་ཡང་འཚོ་བར་འགྱུར་བར་ཐལ་ཏེ། འགལ་རྐྱེན་དང་བྲལ་ཞིང་། ཉེར་ལེན་ལུས་ཀྱི་འབྱུང་བ་སྔར་བཞིན་ཆ་ཚང་བའི་ཕྱིར་རོ།། དཔེར་ན་མེ་ཡི་སྟོབས་ཀྱིས་གསེར་གྱི་སྲ་བ་ཆུ་བཞིན་དུ་བྱས་ཀྱང་མེ་ལྡོག་ན་སྔར་བཞིན་སྲ་བར་འགྱུར་བ་བཞིན་ནོ།། རྣམ་འགྲེལ་ལས། ལུས་ནི་གནས་པ་ཉིད་ན་སེམས།། ལྡོག་པ་མེད་པར་ཐལ་བར་འགྱུར།། དེ་ཡོད་ཡོད་དང་དབང་གྱུར་ཕྱིར།། དེ་ལས་འབྱུང་རྔུབ་དེ་མ་ཡིན།། རླུང་འབྱིན་པ་དང་འདྲེན་པ་ནི།། འབད་རྩོལ་མེད་པར་གང་ལས་ཡིན།། ཞེས་དང་། གལ་ཏེ་སྡོང་བུ་ལ་སོགས་བཞིན།། ཉེས་པས་མི་མཐུན་ལུས་རྒྱུ་མིན།། ཤི་བས་ཉེས་པ་ཉམས་གྱུར་ཚེ།། སླར་ཡང་འཚོ་བ་དག་ཏུ་འགྱུར།། ཞེས་གསུངས་སོ།། གཞི་རྩའི་དྲི་བ་གཉིས་པ་ལྟར། དབང་པོ་དང་བཅས་པའི་ལུས་ལས་སེམས་སྐྱེ་ན། དེ་ཡང་རྣམ་འགྲེལ་ལས། དེ་བློ་བཞིན་དུ་འཛིན་འགྱུར་ཕྱིར།། དབང་པོ་བཅས་ལས་ཡིད་ཤེས་མིན།། ཞེས་འབྱུང་བ་ལྟར། དབང་པོ་རེ་རེ་བ་དང་བཅས་པའི་ལུས་ལས་སེམས་བསྐྱེད་དམ། དབང་པོ་ཀུན་ཚང་བའི་ལུས་ལས་བསྐྱེད། དང་པོ་ལྟར་ན། ཡིད་བློ་རྟོག་པ་ཆོས་ཅན། མིག་བློ་བཞིན་དུ་གཟུགས་གསལ་བར་འཛིན་པར་ཐལ། མིག་དབང་ལས་དངོས་སུ་སྐྱེས་པའི་གཞན་རིག་གི་ཤེས་པ་ཡིན་པའི་ཕྱིར། གཉིས་པ་ལྟར་ན། དབང་པོ་ལྔ་བོ་ཆོས་ཅན། ཁྱོད་ཚོགས་པ་ལས་ཡིད་བློ་རྟོག་པ་གཅིག་མི་སྐྱེ་བར་ཐལ། དབང་པོ་ལྔ་བོ་རེ་རེ་ལ་རང་རང་གི་བདག་འབྲས་ཤེས་པ་མི་འདྲ་བ་རེ་རེ་སྐྱེ་བའི་ནུས་པ་མི་འདྲ་བ་ཐ་དད་པ་རེ་རེ་ཡོད་པར་ངེས་པའི་ཕྱིར། དེས་ན་གོང་དུ་བརྗོད་པའི་རིགས་པ་དེ་དག་ནི་གཙོ་བོ་ལུས་ཉིད་ཡིད་བློའི་དངོས་རྒྱུར་འདོད་པའི་ལྟ་གྲུབ་དམིགས་འབེན་དུ་བྱས་ནས་འཕངས་པ་ཡིན་ལ། གཞན་ཡང་རྒྱུ་འབྲས་འཕེལ་འགྲིབ་ཀྱི་སྒང་ནས་བརྟག་ནའང་ལུས་སེམས་གཉིས་ཉེར་རྒྱུ་ཉེར་འབྲས་སུ་འདོད་པ་ནི་དོན་གནས་དང་མཐུན་པའི་ལྟ་ཚུལ་ཞིག་ཡེ་ནས་མིན་ཏེ། རྣམ་འགྲེལ་ལས། ལུས་ཀྱི་ཕུལ་བྱུང་འགྲིབ་མེད་པར།། བློ་ཡི་བྱེད་པའི་ཁྱད་པར་གྱིས།། ཤེས་རབ་ལ་སོགས་ཕུལ་བྱུང་དང་།། འགྲིབ་པ་དག་ཏུ་འགྱུར་བ་ཡིན།། ཞེས་གསུངས་པ་བཞིན། གལ་ཏེ་ལུས་ཁོ་ན་སེམས་ཀྱི་ཉེར་ལེན་གྱི་རྒྱུ་ཡིན་ན། སེམས་ལུས་དང་འབྲེལ་བ་གྲུབ་ནས་བཟུང་ལུས་འཕེལ་འགྲིབ་ལས་སེམས་ཡང་འཕེལ་འགྲིབ་འབྱུང་དགོས་པ་དང་། སེམས་འཕེལ་འགྲིབ་ཀྱི་འགྱུར་བ་དེ་ལུས་འཕེལ་འགྲིབ་འབའ་ཞིག་ལ་རག་ལས་ཡོད་པའི་གནས་ལུགས་ཀྱི་རྒྱབ་ལྗོངས་དང་བྲལ་བའི་ཁས་ལེན་ཀྱང་མཛད་དགོས་ཏེ། ཆོས་དེའི་འབྲས་བུའི་འཕེལ་འགྲིབ་དེ་ཆོས་དེའི་འཕེལ་འགྲིབ་ལ་རག་ལས་ཡོད་པ་དེ་ནི་ཉེར་རྒྱུ་ཉེར་འབྲས་ལྟ་བུའི་རྒྱུ་འབྲས་དག་གི་གཞི་རྩའི་ཆོས་ཉིད་ཡིན་པས་སོ།། དེས་ན་རྒྱང་འཕེན་པ་ལྟར་ན། ནང་སེམས་ཀྱི་བྱམས་པ་དང་ཤེས་རབ་སོགས་ཀྱི་འཕེལ་འགྲིབ་དེ་ཕྱི་ལུས་ཀྱི་འཕེལ་འགྲིབ་ལས་བྱུང་བར་འདོད་དགོས་མོད། བདེན་པ་དཔང་དུ་བཙུགས། ཤེས་རབ་གྲོགས་སུ་བསུས་ནས། གཟུར་གནས་དྲང་པོའི་བློ་ཡིས་བརྟག་ན་ལུས་ལ་སྔ་མ་ལས་འཕེལ་འགྲིབ་ཀྱི་ཆ་གང་ཡང་མ་སོང་བཞིན་དུ། ནང་སེམས་ཀྱི་ཤེས་རབ་སོགས་ནི་འདུ་བྱེད་སྔ་མ་སྔ་མ་གོམས་སྟོབས་ཀྱིས་འཕེལ་འགྲིབ་ཀྱི་ཆ་གང་ལེགས་ཤིག་སོང་ཡོད་པ་འདི་མངོན་སུམ་དང་རང་རང་གི་མྱོང་ཚོར་གྱིས་བདེན་པ་ར་སྤྲོད་ཐུབ་མོད། མིག་མཐོང་ལག་ཟིན་གྱི་གནས་ཚུལ་འདི་ཙམ་ཡང་ཁས་ལེན་ཐུབ་པའི་ཤེས་རབ་དང་བློ་མིག་ཞར་ནས་ལུས་མ་གཏོགས་སེམས་ཀྱི་ཉེར་ལེན་གྱི་ཆོས་གང་ཡང་མེད་པར་ཁས་བླངས་ཏེ་རྒྱུ་འབྲས་རྟེན་འབྲེལ་གྱི་གནས་སྟངས་ལ་བསྙོན་འཛུགས་པ་འདི་ལས་ཐ་ཆད་པ་ཞིག་འཇིག་རྟེན་ན་མེད་དོ།། གཉིས་པ་ལུས་སེམས་རྟེན་དང་བརྟེན་པར་བརྟགས་ནས་དགག་པ་ནི། རྩིག་པ་དང་དེའི་རི་མོ་བཞིན་དུ་བློ་ལུས་ཀྱི་ཡོན་ཏན་དུ་གྱུར་བའི་སྒོ་ནས་ལུས་སེམས་རྟེན་དང་བརྟེན་པར་འདོད་པ་ནི། སྔ་རྒོལ་རྒྱང་འཕེན་པའི་གྲུབ་མཐའི་ཆ་ཤས་ཤིག་ཡིན་ལ། དེ་ཉིད་ལ་འཚོལ་ཞིབ་ནན་ཏན་གྱིས་བྱས་ཚེ་འདོད་ཚུལ་འདི་ནི་དོན་དངོས་དང་མཐུན་པའི་ལྟ་བ་ཞིག་ཡིན་པའི་སྣང་ཚུལ་ཙམ་ཡང་མ་བྱུང་ཏེ། དེ་ཡང་རྒོལ་བའི་འདོད་པ་ལ་བལྟས་ན་ལུས་ཉིད་སེམས་ཀྱི་རྟེན་ཡིན་པ་དེ་ཡང་གྲུབ་ཟིན་གནས་པའི་རྟེན་དུ་འདོད་དགོས་པར་སྣང་བས། དེ་ལྟར་ན། སེམས་ཀྱི་གནས་པ་སེམས་དང་གཅིག་ཐ་དད་གང་ཡིན་དཔྱད་ན་མི་འཐད་དེ། སེམས་ཀྱི་གནས་པ་སེམས་དང་གཅིག་ཡིན་ན། སེམས་ཀྱི་གནས་པ་ལུས་ཀྱིས་མ་སྐྱེད་པར་ཐལ། སེམས་ཀྱི་གནས་པ་སེམས་རང་ལས་གཞན་མ་ཡིན་པར་རང་རྒྱུ་ལས་སྐྱེས་པའི་ཕྱིར། གལ་ཏེ་སེམས་ཀྱི་གནས་པ་དེ་སེམས་ལས་གཞན་ཡིན་ན་ལུས་ཁྱོད་ཀྱིས་སེམས་གནས་པའི་བྱ་བ་ཅི་ཞིག་བྱས་ཏེ་མ་བྱས་པར་ཐལ། སེམས་ལས་འབྲེལ་མེད་རྫས་གཞན་པའི་སེམས་ཀྱི་གནས་པ་ལ་ཁྱོད་ཀྱིས་རྟེན་བྱས་པ་ཙམ་གྱིས་ཁྱོད་སེམས་ཀྱི་རྟེན་ཡིན་པའི་གོ་མི་ཆོད་པའི་ཕྱིར། གཞན་ཡང་སེམས་དེ་འཇིག་པ་མེད་པར་ཐལ་ཏེ། གྲུབ་ཟིན་ལུས་ཀྱིས་མི་འཇིག་པར་བྱས་པའི་ཕྱིར། གལ་ཏེ་འཇིག་རྒྱུ་ལས་འཇིག་པར་འདོད་ན། འཇིག་རྒྱུ་དེ་ཡང་སེམས་དང་གཅིག་ཐ་དད་གང་ཡིན་དཔྱད་ན་ཐལ་བ་སྔ་མ་དང་མཚུངས་ལ། དེས་ན་ལུས་དེས་སེམས་གནས་པའི་རྒྱུ་ཅི་ཞིག་བྱས་ཏེ་གང་ཡང་མ་བྱས་སོ།། གལ་ཏེ་ལུས་དེས་སེམས་འཇིག་རྒྱུ་དང་མ་ཕྲད་བར་དུ་གནས་པར་བྱེད་ལ་འཇིག་རྒྱུ་དང་ཕྲད་ཚེ་འཇིག་པར་འདོད་ན། སེམས་གནས་པ་ལ་ལུས་དོན་མེད་དེ། སེམས་དེ་འཇིག་རྒྱུ་དང་མ་ཕྲད་བར་དུ་ལུས་ཀྱིས་རྟེན་མ་བྱས་ཀྱང་སེམས་གནས་ལ། འཇིག་རྒྱུ་དང་ཕྲད་ཚེ་ལུས་ཡོད་ཀྱང་སེམས་གནས་པ་ལ་ཕན་འབྲས་གང་ཡང་མེད་པའི་ཕྱིར། དེ་ལ་གནས་རྒྱུ་ལུས་མེད་ན་སེམས་སྔར་ནས་འཇིག་ལ་འཇིག་རྒྱུ་དང་མ་ཕྲད་བར་དུ་ལུས་ཀྱིས་སེམས་གནས་པའི་རྟེན་བྱས་པས་སྐྱོན་མེད་དོ་སྙམ་ན། སེམས་ཆོས་ཅན། གནས་པའི་རྒྱུས་ནི་ཅི་ཞིག་བྱ་སྟེ་དགོས་པ་མེད་པར་ཐལ། ཁྱོད་འཇིག་པ་ཁྱོད་ཀྱི་དངོས་པོའི་ཆོས་ཉིད་ཡིན་པའི་ཕྱིར། ཁྱབ་ཏེ། ཆོས་ཉིད་ལ་སུས་ཀྱང་གནོད་པ་མེད་པའི་ཕྱིར་རོ།། དོན་འདི་ཡང་རྣམ་འགྲེལ་ལས། ཡོད་པའི་གནས་རྒྱུ་ནི།། རྟེན་ཡིན་ཞེ་ན་འདི་རྟེན་མེད།། ཞེས་པ་ནས། གནས་པའི་རྒྱུས་ནི་ཅི་ཞིག་བྱ། ཞེས་པའི་བར་དུ་ལེགས་པར་གསུངས་སོ།། གསུམ་པ་སེམས་ཀྱི་ཆོས་ལུས་མཐོང་ཙམ་གྱིས་རིག་པར་ཐལ་བ་ནི། སྔ་རྒོལ་རྒྱང་འཕེན་པས་ཆང་དང་མྱོས་བྱེད་ཀྱི་ནུས་པ་བཞིན་དུ་བློ་ལུས་ཀྱི་བདག་ཉིད་དུ་གྱུར་པའི་སྒོ་ནས་བློ་ལུས་ལ་བརྟེན་པར་འདོད་པ་ལ་རིགས་པའི་གནོད་བྱེད་འདི་འབབ་སྟེ། ནང་སེམས་ཀྱི་ཐོས་སོགས་གོམས་པ་སྔ་མ་སྔ་མ་ལ་བརྟེན་ནས་སེམས་ཕྱི་མ་ཕྱི་མ་ལ་ཐོས་པ་དང་བསམ་པ་སོགས་དུས་འགའ་ཞིག་གི་ཚེ་གསལ་བར་མངོན་དུ་གྱུར་བའི་ཚེ་ན། ལུས་ལ་ཡང་ཐོས་སོགས་ཀྱི་ཡོན་ཏན་མངོན་དུ་འགྱུར་བར་ཐལ། ལུས་སེམས་གཉིས་ཡུལ་དུས་རང་བཞིན་གང་ལ་ལྟོས་ཀྱང་ངོ་བོ་དབྱེར་མེད་ཀྱི་གྲུབ་བདེ་རྫས་གཅིག་པའི་ཕྱིར། གཞན་ཡང་ལུས་མཐོང་བའི་མིག་ཤེས་ཚད་མ་ཆོས་ཅན། ཁྱོད་ཀྱིས་སེམས་ཀྱི་ཡོན་ཏན་ཀྱང་མཐོང་བར་ཐལ། ཁྱོད་མངོན་སུམ་གང་ཞིག ། ལུས་སེམས་གཉིས་དབྱེར་མེད་རྫས་གཅིག་ཡིན་པའི་ཕྱིར།། རིགས་པ་དེ་དག་ནི་སེམས་ལུས་ཀྱི་ཡོན་ཏན་ཡིན་པ་ཙམ་དབང་བཙན་དུ་བྱས་ནས་འཕངས་པ་མ་ཡིན་གྱི། ལུས་སེམས་བདག་ཉིད་གཅིག་པའི་ཚུལ་གྱིས་གནས་པར་འདོད་པ་ལ་གནོད་བྱེད་དུ་སྤྲད་པ་རེད། རྣམ་འགྲེལ་ལས། ཇི་ལྟར་སེམས་ལ་བརྟེན་བྱས་ནས། ། ཐོས་སོགས་འདུ་བྱེད་སེམས་ལ་ནི། ། དུས་གསལ་ཐ་དད་མེད་པའི་ཕྱིར། ། དེ་ལྟར་ལུས་ལ་ཡོན་ཏན་འགྱུར། ། ཞེས་སེམས་ཀྱི་ཡོན་ཏན་ལུས་སྟེང་ནས་མཐོང་བར་ཐལ་བའི་སྐྱོན་བརྗོད་པའོ།། དེས་ན་སྐྱེ་བ་སྔ་ཕྱི་གཏན་མེད་དུ་འདོད་པའི་གནའ་བོའི་དངོས་གཙོའི་གྲུབ་མཐའ་སྨྲ་བ་རྒྱང་འཕེན་པ་དང་། སློབ་དཔོན་ཆོས་ཀྱི་གྲགས་པ་གཉིས་ཀྱི་བར་གྱི་ལྟ་བའི་འགལ་འདུ་ཆེས་ཆེར་མི་མཐུན་ས་ནི་ལུས་སེམས་གཉིས་ཀྱི་འབྲེལ་བའི་ཕྱོགས་ནས་ཡིན་སྟབས། ཚད་མ་རྣམ་འགྲེལ་གྱི་སྐབས་སུ་སྐྱེ་བ་སྔ་ཕྱིའི་རྣམ་བཞག་བཤད་སྐབས་ཀྱང་གཙོ་བོ་ལུས་སེམས་ཀྱི་འབྲེལ་བའི་ཕྱོགས་ནས་དགག་བཞག་མང་ཙམ་བྱས་ཡོད་པས། དེའི་སྐོར་ནས་ཏོག་ཙམ་དཔྱད་ཁུལ་བྱས་ཟིན་ཏོ།། གཉིས་པ་སྙིང་རྗེ་མཐའ་མེད་དུ་འཕེལ་བ་མི་འཐད་པའི་རྩོད་སྤོང་ནི། དེ་འདྲའི་རྩོད་པ་ལ་ང་ཚོས་དོ་སྣང་བྱ་དགོས་པར་སེམས་ཏེ། སྤྱིར་ནང་བསྟན་མཚན་ཉིད་ཀྱི་གཞུང་ལུགས་ཁག་གི་ནང་དུ་ནམ་རྒྱུན་སེམས་ཅན་ཐམས་ཅད་འཚང་རྒྱ་རིགས་པར་མ་ཟད། འཚང་རྒྱ་ངེས་ཡིན་པའི་འདོད་ཚུལ་ཞིག་ཀྱང་བྱུང་ཡོད་ལ། འདོད་ཚུལ་དེ་དག་གི་བསམ་བློའི་ཁྱེར་ཕྱོགས་གང་འདྲ་ཞིག་ཡིན་མིན་ལ་མནོ་བསམ་བཏང་སྟེ་ཧ་གོ་དགོས་པ་ཤིན་ཏུ་གལ་ཆེ་སྟེ། ང་ཚོ་སྐྱེས་བུ་གཅིག་གི་མི་ཚེའི་གཏན་གྱི་འདུན་མ་སྒྲུབ་ཚུལ་ཙམ་ལ་ཡང་གོ་རིམ་གྱི་ཚད་ཐིག་ངེས་ཅན་ཞིག་གི་སྟེང་ནས་ལམ་གྱི་རིམ་པ་མཐའ་དག་རིམ་གྱིས་བརྒལ་ནས་འགྲོ་དགོས་སྟབས། དེ་དག་ལ་འབྲེལ་བ་ཆེས་ཆེར་ཟབ་པས་ཧ་གོ་དགོས་པར་སེམས། དེས་ན་ཆོས་གཞུང་ཁག་གི་ནང་དུ་སེམས་ཅན་ཐམས་ཅད་འཚང་རྒྱ་ངེས་ཡིན་པའི་རྒྱུ་མཚན་ལ། སེམས་ཀྱི་རང་བཞིན་འོད་གསལ་བ་ཡིན་པས་སེམས་ཅན་ཀུན་ལ་ཡོངས་ཁྱབ་ཏུ་སངས་རྒྱས་ཀྱི་རིགས་ཁྱད་པར་ཅན་ཡོད་པ་དང། ཉོན་མོངས་པ་རྣམས་གློ་བུར་བ་ཡིན་པས་འབྲལ་རུང་གི་ཚུལ་དུ་གནས་ཡོད་པ་དང་། བརྩེ་སོགས་ཀྱི་ནུས་པ་མཐའ་མེད་དུ་འཕེལ་བའི་ངོ་བོ་ཅན་ཡིན་པས་ཚད་མེད་དུ་འཕེལ་རྒྱས་འགྲོ་བ་ཡིན་ཕྱིར་སེམས་ཅན་ཐམས་ཅད་འཚང་རྒྱ་ངེས་སུ་བཞེད་ལ། དེས་ན་དེ་དག་གི་ནང་ནས་བརྩེ་སོགས་མཐའ་མེད་དུ་འཕེལ་བ་ནི་སྐབས་འདིར་བསྒྲུབ་བྱ་གལ་གནད་ཅན་ཞིག་ཏུ་སྣང་བས་དེ་ཉིད་སྒྲུབ་པ་ལ། རྣམ་འགྲེལ་ལས། གོམས་ལས་ཁྱད་པར་འགྱུར་ན་ཡང་།། མཆོངས་དང་ཆུ་ཡི་དྲོད་བཞིན་དུ།། རང་བཞིན་ལས་འདས་མིན་ཞེ་ན།། ཞེས་གསུངས་པ་བཞིན། ཕྱི་རོལ་དཔྱོད་པ་བས། སྙིང་རྗེ་ཚེ་རབས་དུ་མར་གོམས་པས་གོང་དུ་འཕེལ་བ་ཅུང་ཙམ་ཡོད་ན་ཡང་། མཐའ་མེད་དུ་འཕེལ་ཞེས་པ་ནི་དངོས་ཡོད་གནས་ཚུལ་ལ་ཞིབ་དཔྱད་མ་བྱས་པའི་གཏམ་དུ་སྣང་བ་དང་། དེ་ནི་ང་ཚོའི་མཚུངས་དཔེ་རགས་པ་ཞིག་གི་སྟེང་ནས་བལྟས་ནའང་གོ་ཐུབ་པར་རློམ་ནས། མཆོངས་པ་ཅི་ཙམ་གོམས་ཀྱང་མཐའ་མེད་དུ་འཕེལ་རྒྱས་འགྲོ་བའི་སྐབས་མེད་པ་དང་། མེ་ཡི་སྟོབས་ཀྱིས་ཆུ་དྲོད་ཅི་ཙམ་འཕེལ་ཡང་མེ་ཟློག་ན་སླར་ཡང་ཟློག་འགྲོ་བ་ལས། མཐའ་མེད་དུ་འཕེལ་ཏེ་དམར་འབར་བའི་ངོ་བོར་འགྱུར་བ་ནམ་ཡང་མི་སྲིད་པས། མཚུངས་དཔེ་རགས་པ་དེ་དག་ལ་བལྟས་ན་བརྩེ་སོགས་མཐའ་མེད་དུ་འཕེལ་བར་འདོད་པ་ནི་བདེན་པའི་མཐིལ་དུ་གནས་པའི་ལྟ་ཚུལ་ཞིག་མ་ཡིན་ནོ་ཞེས་སྨྲའོ། ། དེ་ལ་ལན་འདི་ལྟར་སྨྲ་སྟེ། བྱམས་པ་དང་སྙིང་རྗེ་སོགས་ནི་སེམས་ཀྱི་རང་བཞིན་ཡིན་པ་དང་། ཡུལ་གྱི་གནས་ཚུལ་ལ་ཁ་ཕྱོགས་པའི་བློ་རིག་ཅིག་ཡིན་པས། འགྲོ་བ་སེམས་ཅན་སུ་ཡིན་ཡང་ཁོ་རང་གི་རྒྱུད་ཀྱི་གསལ་རིག་དེའི་སྟེང་དུ་བྱམས་སོགས་ཀྱི་ཆོས་ལ་སྦྱང་བ་དཔྱིས་ཕྱིན་པ་ཞིག་བྱས་ན་མཐར་ཚད་མེད་དུ་འགྱུར་རོ།། དེ་ལྟར་ན་མཆོངས་སོགས་ཀྱང་མཐའ་མེད་དུ་འཕེལ་བར་མཚུངས་སོ་ཞེ་ན། དེ་མི་མཚུངས་ཏེ། མཆོངས་པ་ནི་འབད་རྩོལ་བསྐྱར་མ་ལ་སོགས་པའི་ཚད་ངེས་ཀྱི་བདག་ཉིད་ཅན་ཡིན་པས་ཐེངས་དང་པོ་ཅུང་ཙམ་མཆོངས་ཡང་ཐེངས་གཉིས་པར་སླར་ཡང་ཐེངས་དང་པོའི་མཆོངས་གནས་དེ་ནས་འགོ་བརྩམ་དགོས་ལ། ཆུ་དྲོད་ནི་རྟེན་བརྟན་པ་མ་ཡིན་ཏེ། ཆུ་ཇི་ལྟར་བསྐོལ་ཡང་དྲོད་མཐའ་མེད་དུ་མི་འཕེལ་ཏེ། བསྐོལ་ཆེ་ན་ཆུ་སྐམ་པར་འགྱུར་ལ། ཆུ་དྲོད་ཀྱི་རང་བཞིན་མ་ཡིན་པས་མེ་ཟློག་ན་ཆུ་གྲང་བར་འགྱུར་བས་མཐའ་མེད་དུ་མི་འཕེལ་ལ། བརྩེ་སོགས་ནི་དེ་དང་མི་འདྲ་སྟེ། རྣམ་འགྲེལ་ལས། སེམས་ལ་བརྩེ་སོགས་གོམས་སྐྱེ་བ།། རང་གི་ངང་གིས་འཇུག་འགྱུར་ཏེ།། མེ་ལ་སོགས་པས་ཤིང་དག་དང།། དངུལ་ཆུ་དང་ནི་གསེར་སོགས་བཞིན།། ཞེས་གསུངས་པ་བཞིན། རང་གི་རིགས་རྒྱུན་སྔ་མ་གོམས་ཚར་ནས་ཕྱི་མར་སྔར་གྱི་གོམས་པ་གཞིར་བཞག་ལ་ཁ་སྣོན་གྱི་ཚུལ་དུ་རྟེན་བརྟན་པར་གོམས་ཆོག་པས། དེ་ཉིད་ལ་འགལ་རྐྱེན་ཞེ་སྡང་སོགས་ཀྱི་གནོད་པ་བྲལ་ཞིང་། མཐུན་རྐྱེན་རྟེན་བརྟན་པ་གོམས་ཡོང་ན། ནམ་ཞིག་གི་ཚེ་བརྩེ་སོགས་མཐའ་མེད་དུ་རང་གི་ངང་གིས་འཇུག་པས། འབྲས་བུ་སྐྱེས་བུ་ཚད་མ་ཉིད་འཁྲུངས་ཐུབ་སྟེ། དཔེར་ན་མེ་ལ་སོགས་པས་ཤིང་བསྲེགས་པའི་ཚེ་འགལ་རྐྱེན་རླན་ལ་སོགས་པ་མེད་ན་རྩོལ་བ་ལ་མི་སྟོས་པར་ཤིང་དག་ལ་ངང་གིས་འཇུག་པ་དང་། དངུལ་ཆུ་དང་ནི་གསེར་སོགས་འདུལ་བ་ན་དེ་བཞིན་འཇུག་པ་དང་། གཞན་ཡང་ཧ་ཅང་མངོན་འགྱུར་གྱི་མཚུངས་དཔེ་ཞིག་བཀོད་ན་ང་ཚོས་དཔེ་ཆ་བློར་བཟུང་བ་ཞིག་ལ་མཚོན་ན་ཡང་ཐེངས་དང་པོར་ཤོག་དེབ་གཅིག་བློ་ལ་བཟུང་ཚར་རྗེས་ཐེངས་གཉིས་པར་དེ་གཞིར་བཞག་ལ་ཁ་སྣོན་གྱི་ཚུལ་དུ་བཟུང་ཆོག་པ་བཞིན་ནོ།། དེས་ན་ཕྱི་རོལ་བ་ཁྱེད་ཚོས་བཀོད་པའི་མཚུངས་དཔེ་རགས་པ་དེ་དག་གིས་བརྩེ་སོགས་མཐའ་མེད་དུ་འཕེལ་བར་འདོད་པ་ལ་གནོད་པ་ཟུར་ཙམ་ཡང་མ་ཕོག་པའོ། དེའི་ཕྱིར་རྒྱུ་དུས་ཀྱི་བྱམས་པ་དང་སྙིང་རྗེས་སོགས་ནི་སྐྱེས་བུ་ཚད་མ་སྒྲུབ་བྱེད་ཀྱི་རྩ་བ་ལྟ་བུའི་རྒྱུ་ཕུན་སུམ་ཚོགས་པ་ཡིན་ནོ།། གསུམ་པ་སྐྱེ་བ་སྔ་ཕྱི་སྒྲུབ་པའི་རིགས་པ་བསྡུས་ཏེ་བསྟན་པ་ནི། སྐྱེ་བ་སྔ་ཕྱི་དང་སྟོན་པ་ཚད་མའི་སྐྱེས་བུར་བསྒྲུབ་པ་སོགས་ནི་གཞན་སྡེའི་སྟོན་པ་ལ་སྙིང་ནས་ཞེ་སྡང་བ་དང་། རང་སྡེའི་སྟོན་པ་ལ་སྙིང་ནས་ཞེ་ཆགས་པ། དེ་བཞིན། གཞན་སྡེའི་ལྟ་གྲུབ་ཀྱི་མགོ་མཇུག་ལྡོག་པ་དང་རང་སྡེའི་ལྟ་གྲུབ་ནི་ཤིན་ཏུ་མཆོག་གོ་ཞེས་ཁྱབ་སྤེལ་དང་དྲིལ་བསྒྲགས་གཏོང་བྱེད་ཙམ་ལར་ནས་མིན་ཏེ། སྙིང་ནས་གྲོལ་བ་ཐོབ་པར་འདོད་ཀྱང་གྲོལ་བྱེད་ཀྱི་ལམ་མི་ཤེས་པ་དང་། སྡུག་བསྔལ་གྱིས་བར་མེད་དུ་བཙེས་ཀྱང་སྡུག་བསྔལ་ལས་བྱོལ་མི་ཤེས་པ་རྣམས་ལ། དཔལ་ཆོས་ཀྱི་གྲགས་པས། ངེད་ཀྱི་སྟོན་པ་བཅོམ་ལྡན་འདས་ནི་ལམ་ཆེན་འདི་དང་གྲུ་གཟིངས་འདི་བརྒྱུད་ནས་སྡུག་བསྔལ་གྱི་རྒྱ་མཚོ་ལས་ཕ་རོལ་ཏུ་ཕྱིན་པ་ཡིན་པས།ཁྱེད་ཚོས་ཀྱང་ལམ་འདི་བཞིན་དུ་འདེམས་དགོས་ཞེས་སྐུལ་མ་བྱས་པ་ཙམ་སྟེ། ནང་བའི་གཞུང་ལུགས་དག་གི་ཁྲོད་དུ་སྐྱེ་བ་སྔ་ཕྱི་དང་སྟོན་པ་ཚད་གྲུབ་སྐོར་གྱི་རིག་གཞུང་ཆེས་ཟབ་ཤོས་ཤིག་ཡོད་པ་ནི་འདི་གཅིག་པུ་ཡིན། འོ་ན། ཚད་མ་རྣམ་འགྲེལ་དང་ཚད་མ་རྣམ་འགྲེལ་ལྟ་བུ་དག་ནི་ནང་བའི་བསྟན་པ་གནས་པ་ལ་མེད་ཐབས་མེད་པའི་རིག་གཞུང་ཞིག་ཡིན་ནམ་སྙམ་ན། དཔལ་ཆོས་ཀྱི་གྲགས་པ་མ་བྱོན་པའི་གོང་གི་ལོ་ངོ་སྟོང་ལ་ཉེ་བ་ཙམ་གྱི་རིང་ལ་ཡང་ནང་བའི་བསྟན་པ་ནི་རྩ་བ་རྒྱས་ཤིང་རྩེ་མོ་དབུས་པའི་ཡང་རྩེར་སོན་ཡོད་པས། འདི་ནི་ནང་བའི་བསྟན་པ་གནས་པ་ལ་མེད་ཐབས་མེད་པ་ཞིག་ཏུ་ནི་ཁས་ལེན་མི་ཐུབ་མོད། ཕྱིས་སུ་སྟོན་པ་གཤེགས་ཤིང་བསྟན་འཛིན་གྱི་སྐྱེས་ཆེན་མང་པོ་ཞིག་ཀྱང་ཕེབས་པའི་ཤུལ་ནས། ཆོས་མིན་ཆོས་སུ་བརྫི་བའི་ལོག་རྟོག་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་བྱས་ཏེ་དར་བའི་གོ་རིམ་ཁྲོད་ནས་དཔལ་ཆོས་ཀྱི་གྲགས་པས་ལོག་རྟོག་དེ་དག་དམིགས་འབེན་དུ་བཟུང་ནས་ཚད་མ་རྣམ་འགྲེལ་འདི་དབུ་བརྩམས་པ་ཡིན་པས། དགག་སྒྲུབ་ཀྱི་ལམ་ནས་བསྟན་པ་སྐྱོང་བ་ལ་ནི་ཚད་མ་རྣམ་འགྲེལ་ནི་ནང་བསྟན་སྲུང་བྱེད་ཀྱི་ལྕགས་རི་ཆེས་བཙན་ཤོས་ལྟ་བུ་ཞིག་ཏུ་གྱུར་ཡོད་པས། ད་ལྟའི་དུས་འདིར་ནང་བསྟན་སློབ་གཉེར་བ་དག་གིས། འདིའི་ནང་གི་དངོས་སྟོབས་ཀྱི་རིགས་ལམ་མང་པོ་ཞིག་ནི་མ་ཤེས་ཐབས་མེད་དུ་ཆགས་ཡོད་པས། རིགས་ལམ་དེ་དག་གི་ནང་ཚན་སྐྱེ་བ་སྔ་ཕྱི་སྒྲུབ་བྱེད་ཀྱི་དངོས་སྟོབས་རིགས་ལམ་དག་ཇི་ལྟར་ཡིན་པའི་ཚུལ་མདོ་ཙམ་ཞུས་ན། ཚད་མ་རྣམ་འགྲེལ་ལེའུ་གཉིས་པ་འདིའི་སྐབས་སུ་རིགས་འདྲ་སྔོན་སོང་གིས་སྒྲུབ་པ་དང་། ཉེར་ལེན་སྔོན་སོང་གིས་སྒྲུབ་པ་དང་། གོམས་པ་སྔོན་སོང་གིས་སྒྲུབ་པ་སྟེ་གསུམ་དངོས་སུ་བྱུང་འདུག་ལ། དེ་ཡང་རྩ་བར། སྐྱེ་བ་ཡོངས་སུ་ལེན་པ་ན།། འབྱུང་རྔུབ་དབང་པོ་བློ་དང་ནི།། རང་གི་རིགས་ལ་ལྟོས་མེད་ཅན།། ལུས་ཉིད་འབའ་ཞིག་ལས་སྐྱེས་མིན།། ཧ་ཀྱང་ཐལ་ཕྱིར།། ཞེས་པས་རིགས་འདྲ་སྔོན་སོང་བསྟན་ལ། དེ་ཡང་སྐྱེ་བ་ལེན་པ་ན་དེའི་རྒྱུད་ཀྱི་དབུགས་འབྱུང་རྔུབས་དང་། དབང་པོ་དང་། བློ་རྣམས་ནི་རང་གི་རིགས་འདྲ་སྔ་མ་ལས་མི་སྐྱེ་བར་རིགས་མི་མཐུན་པ་འབྱུང་བ་སོགས་ལས་སྐྱེ་ན་ཧ་ཅང་ཐལ་བས། དེས་ན་བློ་སོགས་རང་གི་རིགས་འདྲ་སྔ་ལས་དངོས་སུ་སྐྱེ་བར་བཞེད་དོ། གཞན་ཡང་། རྣམ་ཤེས་མིན་པ་རྣམ་ཤེས་ཀྱི།། ཉེར་ལེན་མིན་པའི་ཕྱིར་ཡང་འགྲུབ།། ཅེས་པས་ཉེར་ལེན་སྔོན་སོང་བསྟན་ལ། དེ་ཡང་སྐྱེ་སེམས་སྐད་ཅིག་དང་པོ་ཆོས་ཅན། ཉེར་ལེན་གྱི་རྒྱུ་སེམས་སྔ་མ་སྔོན་དུ་སོང་སྟེ། རིག་པ་ཡིན་པའི། དཔེར་ན་ད་ལྟའི་རིག་པ་བཞིན་ཞེས་པ་དེ་ཡིན་ནོ། གཞན་ཡང་། གོམས་ལས་འདོད་ཆགས་སོགས་གསལ་བ།། མཐོང་ཕྱིར།། ཞེས་པས་གོམས་པ་སྔོན་སོང་བསྟན་ལ། དེ་ཡང་སྐྱེས་མ་ཐག་པའི་སྐྱེས་བུ་ཆོས་ཅན། ཆགས་སོགས་གོམས་པ་སྔོན་དུ་སོང་སྟེ། རང་རྒྱུད་ལ་ཆགས་སོགས་གསལ་བར་སྐྱེ་བའི་ཕྱིར། ཁྱབ་སྟེ། ཚེ་འདིར་སྔར་ཆགས་སོགས་གོམས་པ་ལས་ཕྱིས་འདོད་ཆགས་ལ་སོགས་པ་གསལ་བར་མཐོང་བའི་ཕྱིར་ཞེས་པ་དེ་ཡིན་ནོ།། དེས་ན་ཚད་རྣམ་འགྲེལ་གྱི་སྐབས་སུ་བསྟན་པའི་སྐྱེ་བ་སྔ་ཕྱི་སྒྲུབ་བྱེད་ཀྱི་རིགས་པའི་གཙོ་ནི་དེ་གསུམ་ཡིན་ལ་མདོར་བསྡུས་ན་རིགས་པ་དེ་དག་གི་གནད་ཀྱི་ཡང་སྙིང་ནི། ང་ཚོ་འཇིག་རྟེན་འདིའི་སྒང་གི་ཚོར་སྣང་རང་བཞིན་ཅན་གྱི་སྐྱེ་འགྲོ་ཀུན་པོའི་ནང་སེམས་ཀྱི་གསལ་རིག་དེ་དག་ལ་ཕྱི་དོན་བེམ་པོ་ཕ་མའི་ཁུ་ཁྲག་དང་གཟུགས་ཅན་གྱི་བསགས་རྡུལ་ལུས་སོགས་ཀྱིས་ཕན་བཏགས་པ་ཙམ་མ་གཏོགས། རྗེས་སུ་འགྲོ་ལྡོག་གྲུབ་པའི་རྒྱུ་འབྲས་ཀྱི་འབྲེལ་བ་ཁྱད་པར་ཅན་ནི་རང་རང་གི་རིགས་རྒྱུན་སྔ་མའི་གསལ་རིག་དེ་ཉིད་ཡིན་ནོ་ཞེས་ངོས་འཛིན་མཛད་ནས། ད་ལྟའི་འཆི་སྲིད་འདི་རང་གི་རིགས་རྒྱུན་ཕྱི་མ་སྐྱེ་སྲིད་ཀྱི་ཉེར་རྒྱུ་ཡིན་པ་དང་། ད་ལྟའི་སྐྱེ་སྲིད་འདི་རང་གི་རིགས་རྒྱུན་སྔ་མ་འཆི་སྲིད་ཀྱི་ཉེར་འབྲས་ཡིན་པའི་འགྲེལ་བརྗོད་ཞིབ་ཚགས་བྱས་ཡོད་དོ།། གཉིས་པ་སྦྱོར་བ་ཕུན་ཚོགས་བཤད་པ་ནི། མཐའ་ཡས་པའི་འགྲོ་བ་རྣམས་ལ་སྡུག་བསྔལ་གྱི་ཆུ་བོ་ཆེན་པོ་ལས་བསྒྲལ་བར་འདོད་པའི་སེམས་རྒྱུད་སྙིང་རྗེའི་རང་བཞིན་དུ་གྱུར་པའི་བརྩེ་ལྡན་ཁོང་གིས་དང་པོར་གཞན་གྱི་སྡུག་བསྔལ་སེལ་བ་ལ། རྣམ་འགྲེལ་ལས། བརྩེ་ལྡན་སྡུག་བསྔལ་གཞོམ་པའི་ཕྱིར།། ཐབས་རྣམས་ལ་ནི་མངོན་སྦྱོར་མཛད།། ཐབས་བྱུང་དེ་རྒྱུ་ལྐོག་གྱུར་པ།། དེ་འཆད་པ་ནི་བཀའ་བ་ཡིན།། ཞེས་གསུངས་པ་བཞིན། རང་ཉིད་ཀྱི་སྡུག་བསྔལ་ཞི་བའི་ཐབས་ཏེ་ལམ་རྣམས་ལ་མངོན་པར་སྦྱོར་བ་ཆེན་པོའི་སྒོ་ནས་འབད་པར་མཛད་དེ། རང་རྒྱུད་ཀྱི་སྡུག་ཀུན་རྒྱུ་འབྲས་གཉིས་ཞི་བའི་ཐབས་དེར་མངོན་སུམ་དུ་མ་རྟོགས་པར་ལྐོག་ཏུ་གྱུར་བ་ཡིན་ན། དེ་གཞན་ལ་ཕྱིན་ཅི་མ་ལོག་པར་འཆད་པ་རབ་ཏུ་དཀའ་བ་ཡིན་ཕྱིར། ཐོག་མར་རང་རྒྱུད་ཀྱི་སྡུག་བསྔལ་ཞི་བའི་ཐབས་ལ་ལེགས་པར་མཛད་དེ། དེ་ནས་གཞན་གྱི་སྡུག་བསྔལ་བཅོམ་ཐབས་ལ་པདྨའི་མཚོ་རུ་ངང་པ་བཞིན་དུ་མནར་མེད་དམྱལ་བའི་གནས་སུ་འཇུག་དགོས་ཀྱང་སླར་མི་ལྡོག་པར་འཇུག་པ་ནི་སྐྱེས་བུ་དམ་པ་རྣམས་ཀྱི་མཛད་ཕྱོགས་ལེགས་ཤོས་ཡིན་ལ། དེར་བརྟེན། ཐོག་མར་སྡུག་བསྔལ་ཞི་བའི་ཐབས་འཚོལ་ཚུལ་ནི། རྣམ་འགྲེལ་ལས། ལུང་དང་རིགས་པས་རྣམ་དཔྱོད་པ།། སྡུག་བསྔལ་ཉིད་ཀྱི་ཁྱད་པར་གྱིས།། སྡུག་བསྔལ་རྒྱུ་དང་དེ་མི་རྟག ། ལ་སོགས་རང་བཞིན་རྟོགས་པར་མཛད།། ཅེས་གསུངས་པ་བཞིན། ཚད་ལྡན་སློབ་དཔོན་གྱི་ལུང་ལ་བརྟེན་པ་ཐོས་པའི་ཤེས་རབ་དང་། དངོས་པོ་སྟོབས་ཞུགས་ཀྱི་རིགས་པ་ལ་བརྟེན་པ་བསམ་པའི་ཤེས་རབ་ཀྱི་དཔྱོད་ཐབས་ལ་བརྟེན་ནས། ད་ལྟ་དངོས་སུ་མྱོང་ཚོར་གྱིས་ཟིན་པའི་སྡུག་བདེན་གྱི་ངོ་བོ་དེ་གང་འདྲ་ཞིག་ཡིན་མིན་ལ་བརྟག་ན་ངོ་བོ་རེ་འགའ་བ་དང་མི་རྟག་པ་ཡིན་པར་རྟོགས་ལ། དེ་ནས་མི་རྟག་པ་ཡིན་ཕྱིར་རྒྱུ་ཞིག་ཡོད་པ་ནི་གདོད་མི་ཟ་བས། རྒྱུ་དེ་ཡང་རྟག་མི་རྟག་གང་ཡིན་དཔྱད་ལ་དེའི་ཚེ་འབྲས་བུ་རེ་འགའ་བ་ཡིན་པས་དེ་ལ་ལྟོས་ན་རྒྱུ་ཡང་མི་རྟག་པ་ཡིན་པར་ཁུང་དུ་ཆུད་དེ། རྒྱུ་རྟག་པ་ཡིན་ན་འབྲས་བུ་ལྡོག་པ་མེད་པ་དང་འགྱུར་བ་མེད་པ་ཉིད་དུ་གྲུབ་དགོས་ལ་དེ་མ་གྲུབ་པ་རྒྱུ་མཚན་དེའི་ཕྱིར་རྒྱུ་མི་རྟག་པར་ངེས་ལ། དེ་ནས་ཡིད་དུ་མི་འོང་བའི་ཟག་བཅས་ཀྱི་སྡུག་བསྔལ་འདི་རང་ཉིད་དང་གཏན་དུ་ཁ་བྲལ་དགོས་པ་ལ་དེའི་རྒྱུ་ཉིད་རྩ་བ་དྲུང་ནས་ཕྱིར་མི་ཟློག་པར་བྱས་ན། ད་གཟོད་སྡུག་བསྔལ་དང་ཁ་ཁར་གྱེས་ཐུབ་པ་མཚུངས་དཔེ་ཞིག་གི་སྟེང་ནས་མཐོང་ཐུབ་བྱས་ན། དཔེར་ན་ནམ་མཁར་འཁྱིལ་བའི་དུ་བ་སྔོ་ཕྱུར་བ་འདི་མེད་པར་བཟོ་བ་ལ། རང་རྒྱུ་མེ་དེ་ལ་རླན་སོགས་ཀྱིས་གནོད་པ་བྱས་ན་རང་འབྲས་དུ་བ་སླར་ལྡོག་འགྲོ་བ་བཞིན་དུ། སྡུག་བསྔལ་གྱི་རང་རྒྱུ་ལ་གཉེན་པོ་སོགས་ཀྱིས་གནོད་པ་བྱས་ན་རང་འབྲས་སླར་མི་སྐྱེ་བར་མཐོང་བ་ཡིན་ནོ།། འོ་ན་གང་ཞིག་རྒྱུ་ཡིན་པ་དང་གང་ཞིག་དེའི་གཉེན་པོ་ཡིན་ཞེ་ན། རྣམ་འགྲེལ་ལས། བདག་དང་བདག་གིར་འཛིན་བྱས་པ།། འདུས་བྱས་སྤྱོད་ཡུལ་ཅན་ཆགས་ནི།། རྒྱུ་ཡིན་དེ་ཡི་གནོད་བྱེད་ནི།། བདག་མེད་མཐོང་བ་འགལ་བ་ཡིན།། ཞེས་གསུངས་པ་ལྟར། བདག་དང་བདག་གིར་འཛིན་པས་སྲེད་པ་ནི་དེའི་རྒྱུ་ཡིན་ལ་དེ་སྤོང་བྱེད་ཀྱི་གཉེན་པོ་ནི་བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཡིན་པའི་ཕྱིར་ཞེས་རྟོགས་པར་འགྱུར་ལ། དེ་ལྟ་བུའི་སྤང་གཉེན་དག་ངོས་ལེགས་པར་ཟིན་པའི་ཐོག་ནས། སྤང་གཉེན་ལ་འཇུག་ལྡོག་ཚུལ་བཞིན་དུ་བསྐལ་ཆེན་གྲངས་མེད་གསུམ་ལ་ཐབས་དང་ཤེས་རབ་ཟུང་འབྲེལ་གྱིས་ལམ་ལ་གོམས་སྟོབས་ཀྱིས་སྐྱོན་དང་ཡོན་ཏན་ཇི་སྙེད་ཡོད་པ་དག་རབ་ཏུ་གསལ་བའི་འབྲས་བུ་སྟེ། ཉན་རང་གི་བྱང་ཆུབ་ལས་རབ་ཏུ་བརྒལ་བའི་ཐེག་ཆེན་བླ་མེད་ཀྱི་བྱང་ཆུབ་མངོན་སུམ་དུ་འཁྲུངས་ཏེ། རྣམ་པ་དུ་མར་ཐབས་མང་པོ།། ཡུན་རིང་དུས་སུ་གོམས་པ་ལས།། དེ་ལ་སྐྱོན་དང་ཡོན་ཏན་དག ། རབ་ཏུ་གསལ་བ་ཉིད་དུ་འགྱུར།། ཞེས་གསུངས་སོ།། དེས་ན་རྩ་བ་བཅོས་མིན་གྱི་སྙིང་རྗེའི་ཀུན་སློང་གཙང་མ་དེས། སྦྱོར་བ་ཕུན་ཚོགས་འབྱུང་ཚུལ་གྱི་རིམ་པ་འདིའི་སྒང་ནས་བལྟས་ཚེ་སྟོན་པ་བཅོམ་ལྡན་འདས་སྐྱེས་བུ་ཚད་མ་ཡིན་མིན་ལ་ཤེས་འདོད་ཀྱི་དོགས་ཕྲེང་རེ་རེ་སེལ་ཐུབ་པ་སྨོས་མེད་རེད་སྙམ་མོད། ང་ཚོའི་འཇིག་རྟེན་གྱི་ཁམས་འདིར་ལོག་རྟོག་གི་འཆིང་རྒྱ་ལ་གྲངས་དང་ཚད་མེད་ལ་སེམས་ཅན་ལ་དེ་བས་ཀྱང་གྲངས་ཚད་གཟུང་དུ་མེད་པ་རེད། དེ་བས་རིགས་པའི་དབང་ཕྱུག་ཆེན་པོ་དཔལ་ལྡན་ཆོས་ཀྱི་གྲགས་པས་རིགས་པའི་རྣམ་གྲངས་དུ་མའི་སྒོ་ནས་གདུལ་བྱ་མཐའ་ཡས་པའི་སྐྱེས་འགྲོ་ཀུན་པོར་ཕན་དུ་རེ་ནས་བདག་ཅག་གི་སྟོན་པའི་གསུང་རབ་ལས་བྱུང་བའི་མཐར་ཐུག་གི་བདེ་འབྲས་རྙེད་སྟངས་ལ་དངོས་གཤིས་རིགས་པའི་ལམ་ནས་ཚུལ་བཞིན་དུ་བསྟན་ཡོད་ལ། དེས་ན་དེ་དག་གི་དོན་ལ་ཅུང་ཙམ་དཔྱད་འདོད་ཀྱིས་སྤྲོ་བ་རབ་ཏུ་ཁེངས་བས། འོག་འབྱུང་གི་རིགས་པ་རྣམས་ཚུལ་བཞིན་དུ་གླེང་བར་འདོད་དོ།། གཉིས་པ་འབྲས་བུ་དོན་གཉིས་ཕུན་ཚོགས་བཤད་པ་ལ། རང་དོན་ཕུན་ཚོགས་བཤད་པ་དང་། གཞན་དོན་ཕུན་ཚོགས་བཤད་པ་དང་གཉིས་ལས། དང་པོ་ནི། གོང་བཤད་ཀྱི་བསམ་སྦྱོར་ཕུན་ཚོགས་ལ་ཉམས་ལེན་གྱི་བརྩོན་པ་ལྷུར་ལེན་བྱས་སྟོབས་ལས་སྤོང་བའི་ཁྱད་པར་གསུམ་ལྡན་གྱི་བདེ་གཤེགས་སམ་རང་དོན་ཕུན་ཚོགས་འབྱུང་བ་ཡིན་ཏེ། བསམ་སྦྱོར་ཕུན་ཚོགས་ནི་བདེ་གཤེགས་འབྱུང་བ་ལ་མ་ཚང་མེད་རྒྱུ་ཉིད་དུ་གྲུབ་པའི་ཕྱིར། འོ་ན་སྤོང་བའི་ཁྱད་པར་གསུམ་ལྡན་གྱི་བདེ་གཤེགས་དེ་གང་འདྲ་ཡིན་སྙམ་པ་ན། རྣམ་འགྲེལ་ལས། རྒྱུ་སྤངས་ཡོན་ཏན་གསུམ་བདེ་གཤེགས།། ཉིད་ཡིན།། ཅེས་འབྱུང་བ་ལྟར། ལེགས་པར་སྤངས་པ་དང་། སླར་མི་ལྡོག་པར་སྤངས་པ་དང་། མ་ལུས་པར་སྤངས་པ་སྟེ། སྤོང་བའི་ཁྱད་པར་གསུམ་ལྡན་དུ་བཞེད་ལ། ལེགས་པར་སྤངས་ཚུལ་ནི། རྣམ་འགྲེལ་ལས། སྡུག་བསྔལ་རྟེན་མིན་ཕྱིར།། ལེགས་ཡིན་དེ་ནི་བདག་མེད་པ།། མཐོང་བའམ་སྦྱོར་བ་ལས་ཡིན་ནོ།། ཞེས་བདག་མེད་མངོན་སུམ་གསར་དུ་མཐོང་ཟིན་གོམས་པར་བྱེད་པའི་སྦྱོར་བ་ལས་ལམ་གྱི་སྤང་བྱ་སོ་སོར་སྤངས་པ་ཡིན་པས། ཟག་བཅས་སྡུག་བསྔལ་གྱི་རྟེན་མིན་པའི་སྤངས་པ་ཡིན་ལ། འདིས་ཕྱི་རོལ་བ་ལས་ཁྱད་པར་དུ་འཕགས་པར་གྲུབ་སྟེ། ཕྱི་རོལ་བ་ལ་སྤངས་པ་ཙམ་ཡོད་ཀྱང་སྤངས་པ་དེ་ཡང་སྡུག་བསྔལ་དང་འབྲེལ་བ་ཡིན་ལ། དེའི་ཕྱིར་སྤངས་པའི་ཡོན་ཏན་འདི་ཕྱི་རོལ་བ་དག་གི་སྤངས་པ་ལས་ཁྱད་པར་དུ་འཕགས་པ་ཡིན་ནོ་ཞེས་བསྟན་ལ། སླར་མི་ལྡོག་པར་སྤངས་བ་ནི། དེ་ཡང་། སྐྱེ་དང་སྐྱོན་ནི་ཀུན་འབྱུང་དག ། སླར་ཡང་ལྡོག་ཅེས་བཤད་པ་ཡིན།། བདག་ལྟའི་ས་བོན་སྤངས་བའི་ཕྱིར།། སླར་མི་གཤེགས་པ་ཉིད་ཡིན་ནོ།། དེ་བདེན་ཐ་དད་བདག་ཉིད་ཀྱིས།། ཞེས་སངས་རྒྱས་ཀྱི་སྤངས་པ་ནི་བདག་འཛིན་དང་འཛིན་སྟངས་འགལ་བའི་བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་བདག་ལྟའི་ས་བོན་ཟད་པར་སྤངས་བས་སླར་ལྡོག་པའི་སྐལ་བ་མི་སྲིད་ལ། ཐེག་དམན་སློབ་པ་རྣམས་ཀྱིས་ནི་སྐྱེ་བ་སྡུག་བསྔལ་གྱི་བདེན་པ་དང་། ཆགས་སོགས་སྐྱོན་རྣམས་ལན་གཅིག་སྤངས་ཐུབ་བྱས་ཀྱང་སླར་ཡང་ལྡོག་ཅེས་བཤད་པ་ཡིན་ཕྱིར། ཐེག་དམན་གྱི་སྤངས་པ་དེ་ལས་ཁྱད་པར་དུ་འཕགས་པ་ཡིན་ནོ་ཞེས་བསྟན་ལ། མ་ལུས་པར་སྤངས་པ་ནི། ལུས་ངག་སེམས་ཀྱི་གནས་ངན་ལེན།། ཉོན་མོངས་མེད་དང་ནད་མེད་དང་།། ལམ་བཤད་མི་གསལ་ཉིད་ལུས་ཡིན།། གོམས་ཕྱིར་མ་ལུས་སྤངས་པ་ཉིད།། ཅེས་སངས་རྒྱས་ཀྱི་སྤངས་པ་ནི་མ་ལུས་པ་སྤངས་པ་ཡིན་ཏེ། ཐབས་ཤེས་ཡུན་རིང་དུ་གོམས་པ་ལས་ཉོན་མོངས་པའི་བག་ཆགས་མ་ལུས་པ་སྤངས་བས་སྤངས་པ་ཁྱད་པར་ཅན་མཐར་ཐུག་པ་ཡིན་ལ། ཉན་རང་དགྲ་བཅོམ་པ་རྣམས་ནི་ལུས་ཀྱི་གནས་ངན་ལེན་བསོད་སྙོམས་ལ་གཤེགས་པ་ན་སྤྲེའུ་ལྟར་མཆོངས་པ་དང་། ངག་གི་གནས་ངན་ལེན་འགའ་ཞིག་ལ་དམངས་རིགས་ཞེས་ཡིད་དུ་མི་འོང་བའི་ཚིག་སྨྲ་བ་དང་། སེམས་ཀྱི་གནས་ངན་ལེན། རེས་འགའ་མཉམ་པར་མ་བཞག་པས་ལུང་དུ་མ་བསྟན་པའི་སེམས་ཀྱི་གནས་སྐབས་ལྟ་བུ་དང་ལྡན་པ་དང། ཉོན་མོངས་པ་ལས་བྱུང་བའི་སྡུག་བསྔལ་གྱི་ནད་མེད་ཀྱང་། ཐེག་གསུམ་གྱི་ལམ་བཤད་པ་ལ་ཐུགས་མི་གསལ་བ་ཉིད་ལུས་པའི་ཕྱིར་ན། སངས་རྒྱས་ཀྱི་སྤངས་པ་དེ་ཉན་རང་དགྲ་བཅོམ་ལས་ཁྱད་པར་དུ་འཕགས་པ་ཡིན་ཞེས་བསྟན་ནོ། གཉིས་པ་གཞན་དོན་ཕུན་ཚོགས་བཤད་པ་ནི། དེ་ཡང་རྣམ་འགྲེལ་ལས། སྐྱོབ་པ་ཉིད་གཟིགས་ལམ་གསུངས་པ།། འབྲས་མེད་ཕྱིར་ན་རྫུན་མི་གསུང་།། ཐུགས་བརྩེ་ལྡན་ཕྱིར་རྩོམ་ཀུན་ཡང་།། གཞན་གྱི་དོན་དུ་སྦྱོར་ཕྱིར་རོ།། ཞེས་གསུངས་པ་བཞིན། ཐུབ་པ་བཅོམ་ལྡན་འདས་ནི་རྣམ་གྲོལ་དོན་གཉེར་ཅན་རྣམས་ལ་ལྟོས་ན་སྐྱོབ་པ་ཡིན་ཏེ། རང་ཉིད་ཀྱིས་ཐར་ལམ་གཟིགས་པ་མཐར་ཕྱིན་ཞིང་གཟིགས་པའི་ལམ་དེ་ཡང་། ལེན་དང་གྲགས་པ་སོགས་ལ་མི་ལྟ་བར་གདུལ་བྱ་རྣམས་ལ་ཕྱིན་ཅི་མ་ལོག་པར་ཚུལ་བཞིན་དུ་བསྟན་པའི་སྒོ་ནས་གདུལ་བྱ་རྣམས་སྡུག་བསྔལ་ལས་སྐྱོབ་པར་མཛད་པའི་ཕྱིར། དེ་ཡང་ཐར་ལམ་ཚུལ་བཞིན་དུ་རང་ཉིད་ཀྱིས་རྟོགས་ཤིང་གཞན་ལ་ཕྱིན་ཅི་མ་ལོག་པར་སྟོན་པའི་ནུས་པ་ཡོད་ནའང་། ཕྱིན་ཅི་ལོག་ཏུ་བསྟན་ན་ནི་བདག་ལ་ཆགས་ནས་བདག་གི་རེ་བ་འགའ་ཞིག་གི་ཆེད་དུའམ། ཡང་ན་གཞན་ལ་ཐུགས་བརྩེ་བ་ཆེན་པོ་མེད་པས་ཐར་ལམ་ཡང་དག་པར་མ་བསྟན་པ་གང་རུང་ལས་མ་འདས་ལ། སྟོན་པ་བཅོམ་ལྡན་འདས་ནི་བདག་ལ་ཆགས་པའི་སྲེད་པ་མེད་ལ། དེ་མེད་པས་བདག་གི་འདོད་པའི་བདེ་འབྲས་ལ་རེ་བ་ཡང་མེད། དེའི་ཕྱིར་གདུལ་བྱ་རྣམས་ལོག་ལམ་དུ་ཁྲིད་པའི་རྫུན་མི་གསུངས་པ་དང་། གཞན་གྱི་དོན་དུ་ཐུགས་བརྩེ་བ་ཆེན་པོ་མི་མངའ་བ་མི་སྲིད་པས་ཐར་འདོད་སྐྱེ་བོ་ཀུན་གྱི་དོན་དུ་དུས་ཀུན་ཏུ་སྦྱོར་བར་མཛད་པའི་ཕྱིར་རོ།། དེ་བས་ན་བཅོམ་ལྡན་འདས་སྐྱེས་བུ་ཚད་མ་ཉིད་དུ་གྲུབ་སྟེ། རྒྱུ་བསམ་སྦྱོར་ལས་འབྲས་བུ་དོན་གཉིས་ཕུན་ཚོགས་འཁྲུངས་པའི་སྒོ་ནས་གཞན་སྡུག་བསྔལ་ལས་སྒྲོལ་བའི་ནུས་པ་དང་མཛད་པ་གཉིས་ལྡན་གྱི་སྐྱེས་བུ་ཡིན་པའི་ཕྱིར་རོ།། ལུགས་འབྱུང་གི་རིགས་པའི་དོན་བཙོ་བོ་བཤད་པའི་སྒོ་ནས་སྟོན་པ་ལམ་གང་ནས་བྱོན་པའམ། བདག་ཅག་གི་སྟོན་པ་ལ་སྒྲུབ་བྱེད་ཀྱི་རྒྱུ་ཡོད་པར་བསྟན་པའི་ཚུལ་ནི་མདོར་བསྡུས་པའི་སྒོ་ནས་བསྟན་ཟིན་ཏོ།། གསུམ་པ་ལུགས་འབྱུང་གི་རིགས་པའི་ངག་དོན་བཀོད་པ་ནི། ༡ བཅོམ་ལྡན་འདས་དང་རྒྱུད་གཅིག་པའི་བྱང་སེམས་ཚོགས་ལམ་པ་ཆོས་ཅན། ཁྱོད་ལ་གཞན་དོན་དུ་བདག་མེད་རྟོགས་པའི་ཤེས་རབ་བམ་རྒྱུ་དུས་ཀྱི་སྟོན་པ་འབྱུང་རུང་ཡིན་ཏེ། འགྲོ་བ་མཐའ་དག་ལ་ཕན་པར་བཞེད་པའི་བརྩེ་བ་སྙིང་རྗེ་ཆེན་པོ་རྒྱུད་ལ་མངའ་བའི་བྱང་སེམས་ཚོགས་ལམ་པ་ཡིན་པའི་ཕྱིར། དཔེར་ན་ནད་པ་ནད་ལས་གྲོལ་བར་འདོད་པའི་སྨན་པ་མཁས་པ་གང་ཞིག་གིས་ཐོག་མར་སྨན་གྱི་སྦྱོར་བ་ལ་བརྩོན་པ་བཞིན་ནོ།། ༢ བཅོམ་འདས་དང་རྒྱུད་གཅིག་པའི་བྱང་སེམས་མཐོང་ལམ་པ་ཆོས་ཅན། ཁྱོད་ལ་སྤངས་པའི་ཁྱད་པར་གསུམ་ལྡན་གྱི་བདེ་གཤེགས་འབྱུང་རུང་ཡིན་ཏེ། བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་རྒྱུད་ལྡན་གྱི་བྱང་སེམས་མཐོང་ལམ་པ་ཡིན་པའི་ཕྱིར། དཔེར་ན། ནད་པ་ནད་ལས་གྲོལ་བར་འདོད་པའི་སྨན་པ་མཁས་པས་ནད་པའི་ནད་འཚོ་བར་བྱེད་པ་བཞིན་ནོ།། ༣ བཅོམ་ལྡན་འདས་དང་རྒྱུད་གཅིག་པའི་རྣམ་མཁྱེན་སྐད་གཅིག་དང་པོ་ཐོབ་པའི་སངས་རྒྱས་འཕགས་པ་ཆོས་ཅན། གཞན་དོན་དུ་བདེན་བཞིའི་གནས་ལུགས་ཚུལ་བཞིན་དུ་སློབ་དཔོན་གཞན་ལ་མ་བསྟན་པར་སྟོན་པར་མཛད་པའི་སྐྱོབ་པ་འབྱུང་རུང་ཡིན་ཏེ། སྤངས་པ་ཁྱད་པར་གསུམ་ལྡན་གྱི་བདེ་གཤེགས་རྒྱུད་ལྡན་གྱི་སངས་རྒྱས་འཕགས་པ་ཡིན་པའི་ཕྱིར། དཔེར་ན། ནད་པ་ནད་དང་བྲལ་བར་འདོད་པའི་སྨན་པ་མཁས་པས་ནད་དང་བྲལ་བར་འདོད་པ་བཞིན་ནོ། ། ༤ ཐུབ་པ་བཅོམ་ལྡན་འདས་ཆོས་ཅན། སྐྱེས་བུ་ཚད་མ་གྲུབ་སྟེ། རྣམ་གྲོལ་དོན་གཉེར་རྣམས་ལ་བདེན་བཞིའི་བླ་དོར་ཚུལ་བཞིན་དུ་རང་སྟོབས་ཀྱིས་སྟོན་པར་མཛད་པའི་སྐྱོབ་པ་རྒྱུད་ལྡན་གྱི་སྐྱེས་བུ་ཡིན་པའི་ཕྱིར། དཔེར་ན། ནད་པ་ནད་ལས་གྲོལ་བར་འདོད་པའི་སྨན་པ་མཁས་པས་ནད་པའི་ནད་བསལ་ནས་ནད་མེད་པའི་བདེ་བ་ལ་བཀོད་པ་བཞིན་ནོ། །
དངོས་སྟོབས་རིགས་པའི་རལ་གྲིའི་རྣོ་སོ་ལས།།
སྟོན་དང་བསྟན་ལ་བཅོས་མིན་ཡིད་ཆེས་རྙེད།།
བསམ་སྦྱོར་གཤོག་ཡངས་དཀར་པོའི་ཟིལ་ཤུགས་ཀྱིས།།
དོན་གཉིས་ཕར་མཐར་ཕྱིན་ཞེས་ཡང་ཡང་གདམས།།
བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།
གསུམ་པ་ལུགས་བཟློག་རིགས་པའི་སྒོ་ནས་ནན་ཏན་བྱེད་པར་བསྒྲུབ་པ་ལ། བདེན་བཞི་སྟོན་པའི་རྟགས་ཀྱིས་སྐྱོབ་པ་བསྒྲུབ། སྐྱོབ་སོགས་ཕྱི་མ་ཕྱི་མས་བདེ་སོགས་སྔ་མ་སྔ་མ་དཔོག་པ་དང་གཉིས་ལས། དང་པོ་ནི། བཅོམ་ལྡན་འདས་རང་ཉིད་ཀྱིས་རང་དབང་གི་སྒོ་ནས་བདེན་བཞིའི་བླང་དོར་སོགས་བཀའ་བསྩལ་པའི་གསུང་རབ་ཐམས་ཅད་ཀྱི་བརྗོད་དོན་བསྟན་པ་ལྟར་དུ་དངོས་གཤིས་བདེན་དོན་རིགས་པས་གྲུབ་སྟོབས་ཀྱིས་སྟོན་པ་སྐྱེས་བུ་ཚད་མ་ཡིན་པར་ངེས་ཤེས་སྐྱེ་དགོས་ཤིང་། དེར་བརྟེན། རིགས་པའི་དབང་ཕྱུག་ཆེན་པོ་དཔལ་ལྡན་ཆོས་ཀྱི་གྲགས་པའི་ཚད་མ་རྣམ་འགྲེལ་ལ་གཞི་བཅོལ། དགོངས་འགྲེལ་མཁན་པོ་དག་གིས་ལེགས་བཤད་ཀྱིས་ཟུར་རྒྱན་ཏེ། རང་གི་རྣམ་རྟོག་གི་དཔོག་ཚོད་ཀྱིས་ཅུང་ཙམ་ཞིག་གླེང་ན། དེ་ཡང་རྣམ་འགྲེལ་ལས། ཡང་ན་སྐྱོབ།། བདེན་པ་བཞི་ནི་སྟོན་མཛད་པའོ།། ཞེས་པའི་གཞུང་དེས་སྐྱོབ་པ་དངོས་སྟོབས་རིགས་པས་བསྒྲུབས་ལ། དེ་ཡང་སྟོན་པ་ཆོས་ཅན། སྐྱོབ་པ་ཡིན་ཏེ། གདུལ་བྱ་ལ་བདེན་བཞི་ཕྱིན་ཅི་མ་ལོག་བསྟན་པས་སྡུག་བསྔལ་རྒྱུ་དང་བཅས་པ་ལས་སྐྱོབ་པར་མཛད་པའི་ཕྱིར་རོ། ། རྩ་བའི་གཏན་ཚིག་དེས་ཕྱོགས་སྒྲུབ་པ་ལ་བདེན་བཞི་དངོས་སྟོབས་རིགས་པས་བསྒྲུབ་དགོས་པས་དེས་ན་བདེན་བཞི་བཤད་པ་ལ། ཐོག་མར་བདེན་བཞིའི་གོ་རིམ་ལ་མངོན་རྟོགས་རྒྱན་ལས། རྒྱུ་དང་ལམ་དང་སྡུག་བསྔལ་དང་།། འགོག་པ།། ཞེས་གསུངས་པ་བཞིན་རྒྱུ་འབྲས་དོན་གྱི་གོ་རིམ་དང་། མཛོད་ལས། དེ་དག་ཇི་ལྟར་མངོན་རྟོགས་རིམ།། ཞེས་གསུངས་པ་ལྟར། གང་ཟག་གི་རྒྱུད་ལ་མངོན་རྟོགས་སྐྱེ་བའི་གོ་རིམ་དང་གཉིས་ལས་འདིར་ཕྱི་མ་ལྟར་ཡིན་པས།
དེ་ལ་དང་པོར་སྡུག་བསྔལ་བདེན་པ་བཤད་པ་ནི། སྤྱིར་བདེན་བཞིའི་མཚན་ཉིད་དང་མཚན་གཞི་ལ་གྲུབ་མཐའ་གོང་འོག་གིས་ངོས་བཟུང་ཚུལ་མི་འདྲ་བ་ཅུང་ཙམ་བྱུང་འདུག་མོད། འདིར་ཚད་མ་རྣམ་འགྲེལ་གཞིར་བཞག་ནས་བདེན་བཞིའི་གནས་སྟངས་ལ་ཅུང་ཙམ་དཔྱད་ན། རྣམ་འགྲེལ་རྩ་བ་ལས། སྡུག་བསྔལ་འཁོར་བ་ཅན་ཕུང་པོ། ཞེས་གསུངས་པ་ལྟར། ལས་ཉོན་གྱི་རྣམ་སྨིན་བར་མེད་དུ་འཁོར་བའི་ཉེར་ལེན་གྱི་ཕུང་པོ་འདི་སྡུག་བདེན་ཡིན་པ་དང་། དེ་ཉིད་མཚན་གཞིར་བཟུང་ནས་དེའི་སྟེང་དུ་མཚན་ཉིད་མི་རྟག་སོགས་བཞི་བསྒྲུབས་ཡོད་ལ། དཔལ་ལྡན་ཆོས་གྲགས་ཀྱིས་ཉེར་ལེན་གྱི་ཕུང་པོ་འདི་ཉིད་མཚན་གཞིར་བཟུང་ནས་དེའི་སྟེང་དུ་མཚན་ཉིད་མི་རྟག་སོགས་བསྒྲུབ་དགོས་དོན་དེ་ཡང་། རྟ་ནག་རྣམ་འགྲེལ་ལས། འདི་ལྟར་གསུངས་ཏེ། ཟག་བཅས་ཉེར་ལེན་གྱི་ཕུང་པོ་ལྔ་པོ་དེ་སྡུག་བསྔལ་བདེན་པའི་མཚན་གཞིར་སྟོན་པའི་རྒྱུ་མཚན་ཡང་གང་ཞེ་ན། དེ་ལྟར་སྟོན་པའི་རྒྱུ་མཚན་ཡོད་དེ། གཙང་བ་དང་། བདེ་བ་དང་། རྟག་པ་དང་། བདག་ཏུ་སྒྲོ་འདོགས་པ་དེ་ཡང་གཙོ་བོ་རང་གི་ཕུང་པོ་ལ་དམིགས་ནས་བྱུང་བས། རང་གི་ཕུང་པོའི་སྟེང་དུ་རྟག་འཛིན་གྱི་སྒྲོ་འདོགས་མ་བསལ་ན་ཕྱིའི་རི་ར་བ་ཁང་ཁྱིམ་ལ་སོགས་པ་མི་རྟག་པར་ཁོང་དུ་མི་ཆུད་པའི་རྒྱུ་མཚན་གྱིས་དེ་ལྟར་བསྟན་པའི་ཕྱིར། ཞེས་གསུངས་པའི་དོན་དེ་གནད་དུ་འབྱོར་བར་སེམས་སོ།། དེས་ན་ཉེར་ལེན་གྱི་ཕུང་པོ་འདི་མཚན་གཞིར་བཟུང་ནས་མཚན་ཉིད་མི་རྟག་སོགས་བསྒྲུབ་ན། རྣམ་འགྲེལ་ལས། དེ་ནི་རེས་འགའ་དམིགས་པའི།། མི་རྟག ། ཅེས་པའི་ཚིག་རྐང་དེ་དང་ཡིག་འབྲུ་དེ་གཉིས་ཀྱིས་མི་རྟག་པའི་རྣམ་པ་བསྟན་ལ། ཉེར་ཕུང་འདི་དུས་གཏན་དུ་འགྱུར་བ་མེད་པ་མ་ཡིན་པར། རེས་འགའ་དམིགས་པ་ཡིན་པས་མི་རྟག་པར་གྲུབ་ཅེས་བསྟན་ལ། སྤྱིར་མི་རྟག་པ་ལ་རགས་པ་རྒྱུན་གྱི་མི་རྟག་པ་དང་། ཕྲ་བ་ཆོས་ཉིད་ཀྱི་མི་རྟག་པ་སྟེ་གཉིས་ཡོད་པ་ལས། དང་པོ་ནི་ང་ཚོའི་མངོན་སུམ་གྱི་མཐོང་ཡུལ་གྱུར་བའི་དུས་ཚོད་ཡུན་ཙམ་འགོར་རྗེས་མི་སྡོད་པར་འཇིག་འགྲོ་བའི་བྱ་དངོས་དེ་དག་ཡིན་ལ། དེ་ནི་ཧ་ཅང་རྟོགས་སླ་བའི་རྒྱུ་མཚན་གྱིས་རིགས་ལམ་གྱིས་བསྒྲུབ་དགོས་པ་ཞིག་མིན་མོད། ཕྲ་བ་ཆོས་ཉིད་ཀྱི་མི་རྟག་པ་ནི་རང་གྲུབ་ཙམ་ནས་སྐད་ཅིག་སྐད་ཅིག་གིས་འཇིག་པའི་རང་བཞིན་ཅན་ཡིན་ཕྱིར། དེ་ནི་ཅུང་རྟོགས་དཀའ་བའི་རྒྱུ་མཚན་གྱིས་གྲུབ་མཐའ་ཁ་ཤས་ཀྱིས་བུམ་སོགས་འཇིག་རྒྱུ་དང་མ་འཕྲད་བར་དུ་མི་འཇིག་པར་འདོད་པའི་གནད་འགག་ཀྱང་དེ་ལ་ཐུག་ཡོད། ཕྲ་བའི་མི་རྟག་པ་སྟོན་བྱེད་ལ་ཆོས་གཞུང་ཁག་གི་ནང་དུ་རིགས་པའི་རྣམ་གྲངས་དུ་མ་གསུངས་ཡོད་ན་ཡང་། གཙོ་བོ་ནི་ད་ལྟ་རགས་པའི་འགྱུར་བ་དེ་དག་ལ་དཔག་ན་ཕྲ་བའི་མི་རྟག་པ་རྟོགས་ཐུབ་སྟེ། མདུན་གྱི་གཞི་འདིར་རགས་པའི་འགུལ་སྤྱོད་ཅུང་ཟད་ཙམ་ཡང་མ་བྱས་པའི་དངོས་པོ་ཞིག་དུས་ཚོད་བཅུའི་རྗེས་ནས་འཇིག་པ་མཐོང་ཚེ། དེ་ཉིད་དུས་ཚོད་དང་པོ་ནས་གཉིས་པ་སོགས་སུ་མི་སྡོད་པར་སྐད་ཅིག་སྐད་ཅིག་གིས་འཇིག་པའི་སྟོབས་ཀྱིས་དུས་ཚོད་བཅུའི་རྗེས་ནས་རགས་པའི་འཇིག་པ་མཐོང་བ་ཡིན་གྱི། གལ་ཏེ་དུས་ཚོད་དང་པོ་དང་གཉིས་པ་སོགས་སུ་གཏན་མི་འཇིག་པར་གནས་ན་དུས་ཚོད་བཅུ་བའི་སྐབས་ན་ཡང་འཇིག་མི་སྲིད་དེ། དུས་ཚོད་གཉིས་པ་དེ་དུས་ཚོད་དང་པོའི་ངོ་བོ་ལས་འགྱུར་བ་མེད་ན་དུས་ཚོད་བཅུ་བ་དེ་ཡང་དང་པོའི་ངོ་བོ་ལས་འགྱུར་བ་མེད་པར་འདོད་དགོས་ལ། དེ་ལྟར་ན་བཅུ་བའི་རྗེས་ནས་མི་འཇིག་པར་ད་དུང་ཡང་དུས་ཚོད་བཅུ་ལ་གནས་དགོས་པར་ཐལ་ལོ།། དེ་ལྟར་སྐར་ཆ་དང་སྐད་ཅིག་སོགས་སུ་ཕྱེས་ཏེ་དཔྱད་ན་དངོས་ཀུན་རང་བཞིན་གྱིས་མི་རྟག་པར་གྲུབ་བོ།། རྣམ་འགྲེལ་ལས། ཉེས་པའི་རྟེན་ཕྱིར་དང་།། རྒྱུ་དབང་ཕྱིར་ཡང་སྡུག་བསྔལ་ཡིན།། ཞེས་པས་སྡུག་བསྔལ་གྱི་རྣམ་པ་བསྟན་ལ། དེ་ཡང་ཉེར་ཕུང་འདི་ཉེས་ཚོགས་ཀུན་གྱི་རྟེན་ཡིན་པ་དང་། རྒྱུ་ལས་ཉོན་གྱི་གཞན་དབང་དུ་གྱུར་བའི་རྒྱུ་མཚན་དེ་གཉིས་ཀྱི་སྟེང་ནས་ཉེར་ཕུང་སྡུག་བསྔལ་ཉིད་དུ་གྲུབ་པ་དང་། རྣམ་འགྲེལ་ལས། བདག་མིན།། ཞེས་པའི་ཡིག་འབྲུ་དེ་གཉིས་ཀྱིས་བདག་མེད་པའི་རྣམ་པ་བསྟན་ལ། སྒྲུབ་བྱེད་ལ་རྩ་བས་དངོས་སུ་མ་བསྟན་ཀྱང་ཀུན་མཁྱེན་གྱིས་རྣམ་འགྲེལ་ངག་དོན་ཀུན་བཟང་ལས། བདག་དང་མཚན་ཉིད་མི་མཐུན་པའི་ཕྱིར་ཞེས་དང་། རྒྱལ་ཚབ་རྗེས་རྣམ་འགྲེལ་ཐར་ལམ་གསལ་བྱེད་ལས། རང་དབང་བའི་བདག་གི་ངོ་བོ་མིན་ཏེ། མི་རྟག་པ་དང་གཞན་དབང་ཅན་ཡིན་པའི་ཕྱིར་ཞེས་གསུངས་པ་ལ་བལྟས་ན་རང་གི་ངོ་བོ་གཞི་རྩའི་ཆ་ནས་སྐད་ཅིག་སྐད་ཅིག་གིས་འཇིག་པའི་བདག་ཉིད་ཅན་ཉིད་དུ་གྲུབ་པས་བདག་གི་ངོ་བོར་མ་གྲུབ་པ་ཨེ་ཡིན་སྙམ། བསམ་བློ་གཏོང་ཕྱོགས་གཞན་ཞིག་ནས་འཚོལ་ན་ནམ་རྒྱུན་ངའོ་བདག་གོ་སྙམ་པའི་བདག་འཛིན་དམ་ཧྲིག་ཧྲིག་འདི་ཡོད་ན་རང་རྒྱུད་ཀྱི་ཉེར་ལེན་གྱི་ཕུང་པོའི་སྟེང་དུ་ཡོད་དགོས་མོད། བརྟགས་ཤིང་དཔྱད་ན་ཉེར་ཕུང་འདིའི་སྟེང་དུ་བདག་ཟེར་བའི་འཛུབ་མོ་འཛུགས་ས་ཅུང་ཟད་ཙམ་ཡང་བརྙེད་ཐབས་མེད་དེ། གལ་ཏེ་ཡོད་ན་གཟུགས་ཕུང་ཡིན་ནམ་ཚོར་ཕུང་ཡིན་ཞེས་རེ་རེ་བཞིན་སོ་སོར་ཕྱེས་ནས་བརྟག་ན་བདག་ཟེར་བའི་ཆོས་ཤིག་རྡུལ་ཙམ་ཡང་མཐོང་རྒྱུ་མེད་ལ། རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་ན་ཉེར་ཕུང་འདི་བདག་མིན་པ་ཡང་ཧ་གོ་ཐུབ་པར་སེམས་སོ།། ཡང་རྣམ་འགྲེལ་ལས། བྱིན་གྱིས་བརླབས་པའང་མིན།། རྒྱུ་མིན་བྱིན་གྱིས་རློབ་མ་མིན།། ཞེས་པའི་གཞུང་དེས་སྟོང་པའི་རྣམ་པ་བསྟན་ལ། ཉེར་ཕུང་འདི་བདག་གིས་བྱིན་གྱིས་བརླབས་པའམ་བདག་མིན་པའི་རྒྱུ་མཚན་གྱིས་སྟོང་པ་ཡིན་པ་དང་། བདག་དེས་བྱིན་གྱིས་རློབ་པའམ་བདག་དེ་ཁྱོད་ཀྱི་རྒྱུ་མིན་པའི་ཕྱིར་ན། ཕུང་པོ་སྟོང་པ་ཉིད་དུ་གྲུབ་ཅེས་བསྟན་ནོ།།
གཉིས་པ་ཀུན་འབྱུང་བདེན་པ་བཤད་པ་ནི། འདིར་བདེན་པ་ལྷག་མ་གསུམ་ལ་གཞུང་རྩ་བ་ལས་རྣམ་པ་བཞི་བཞིར་ཕྱེས་ཏེ་བསྟན་མིན་གྱི་ཐད་ལ་དགོངས་ཚུལ་མི་འདྲ་བ་གཉིས་ཡོད་དེ། རྒྱན་མཁན་པོ་རྗེས་འབྲང་དང་བཅས་པས་བསྟན་པར་བཞེད་པ་དང་། སློབ་དཔོན་ལྷ་དབང་བློ་དང་དེའི་དགོངས་དོན་འཐད་ལྡན་དུ་སྨྲ་མཁན་རྣམས་ཀྱིས་ཀུན་འབྱུང་གི་རྒྱུ་དང་། འགོག་བདེན་གྱི་འགོག་པ། ལམ་བདེན་གྱི་ལམ་གྱི་རྣམ་པ་གསུམ་དངོས་སུ་བསྟན་པས་གཞན་རྣམ་པ་གསུམ་གསུམ་དེ་ཤུགས་ལ་གྲུབ་པར་བཞེད་པ་སྟེ། གསུང་སྟངས་གཉིས་སུ་བྱུང་བ་ལས། ཕྱི་མ་ལྟར་འཆད་ན་བདེ་བར་སྣང་བས་དེ་ལྟར་དུ་བཤད་ན། རྣམ་འགྲེལ་ལས། རེས་འགའ་བ་ཉིད་ཡིན་པས་ན།། སྡུག་བསྔལ་ཉིད་རྒྱུ་བཅས་ཉིད་གྲུབ།། རྒྱུ་མེད་གཞན་ལ་མི་ལྟོས་ཕྱིར།། རྟག་དུ་ཡོད་པའམ་མེད་པར་འགྱུར། ཅེས་པའི་གཞུང་དེས་མཚམས་སྦྱོར་བསྟན་ལ། དེ་ཡང་སྡུག་བསྔལ་རྒྱུ་དང་བཅས་པ་ཡིན་ཏེ། རེས་འགའ་བ་ཡིན་པའི་ཕྱིར། ཁྱབ་སྟེ། རྒྱུ་མེད་ཡིན་ན་རྟག་ཏུ་ཡོད་པའམ་གཏན་དུ་མེད་པ་གང་རུང་ལས་མ་འདས་པས་རེས་འགའ་བ་མ་ཡིན་པས་ཁྱབ་པའི་ཕྱིར་རོ།། དེས་ན་སྡུག་བསྔལ་རྒྱུ་དང་བཅས་པ་ཉིད་དུ་བསྒྲུབས་ནས། རྒྱུ་དེ་གང་ཡིན་སྙམ་པ་ལ་རྣམ་འགྲེལ་ལས། སྲིད་འདོད་རྒྱུ་ཡིན་གང་གི་ཕྱིར།། མི་རྣམས་ཡུལ་གྱི་ཁྱད་པར་ནི།། ཡོངས་འཛིན་དེ་ཐོབ་བསམ་པས་བྱས། ཞེས་པའི་གཞུང་དེས་མིས་མཚོན་ནས་སྐྱེ་འགྲོ་མཐའ་དག་ཡུལ་གྱི་ཁྱད་པར་ཡོངས་སུ་འཛིན་པ་དང་། དེ་ཐོབ་འདོད་ཀྱི་བསམ་པ་སྟེ་སྲེད་པས་བྱས་པའི་ཕྱིར་ན། སྲེད་པ་འཁོར་བའི་རྒྱུ་ཡིན་ཞེས་བསྟན་པ་རེད། ལུང་གི་སྒྲུབ་བྱེད་འགོད་དུས་ཀྱང་། ཆགས་བྲལ་སྐྱེ་བ་མ་མཐོང་ཕྱིར།། ཞེས་ནི་སློབ་དཔོན་རྣམས་ཀྱིས་གསུངས།། ཞེས་སློབ་དཔོན་དབྱིག་གཉེན་གྱིས། འདོད་ཆགས་བྲལ་བའི་སྐྱེས་བུ་འཁོར་བར་སྐྱེ་བ་མ་མཐོང་བ་དེའི་ཕྱིར། སྲེད་པ་འཁོར་བའི་རྒྱུ་ཡིན་པར་བཞེད་དོ་ཞེས་གསུངས་སོ། ། རྣམ་འགྲེལ་ལས། ལུས་མེད་ཆགས་པ་མ་མཐོང་ཕྱིར།། ལུས་ལས་ཀྱང་ནི་འདོད་ཆགས་འབྱུང་།། རྒྱུ་མཚན་ཁས་བླངས་ཕྱིར་ན་འདོད།། ཉེར་ལེན་ཉིད་ནི་བསལ་བ་ཡིན།། ཞེས་རྒྱང་འཕེན་པས་ཆགས་བྲལ་སྐྱེ་བ་མ་མཐོང་བས་ཆགས་པ་འཁོར་བའི་རྒྱུ་ཡིན་ན། ལུས་མེད་ཆགས་པ་མ་མཐོང་བའི་ཕྱིར་ན་ལུས་ལས་ཀྱང་འདོད་ཆགས་འབྱུང་བར་འགྱུར་རོ་ཞེ་ན། དེ་སངས་རྒྱས་པ་ལ་གནོད་བྱེད་ཡང་དག་མིན་ཏེ་འདོད་ལེན་དོན་མཐུན་ཐེབས་པས་སོ།། འོ་ན་གོང་དུ་ལུས་སེམས་ཀྱི་རྒྱུ་ཡིན་པ་བཀག་པ་དང་མི་འགལ་ལམ་ཞེ་ན། ལུས་ཉིད་སེམས་ཀྱི་ཉེར་ལེན་ཡིན་པ་བཀག་པ་ཡིན་གྱི། རྒྱུ་ཙམ་ཡིན་པ་ནི་རིང་ལུགས་ཀྱིས་ཀྱང་འདོད་དེ་ལུས་སེམས་གཉིས་དངོས་རྒྱུ་ཚོགས་པ་གཅིག་ལ་རག་ལས་ཀྱི་འབྲེལ་བ་གྲུབ་པའི་ཕྱིར། དེས་ན་སྲེད་པ་ཀུན་འབྱུང་བདེན་པའི་མཚན་གཞིར་བཟུང་ནས་དེ་ཉིད་སྡུག་བསྔལ་ལམ་འཁོར་བའི་རྒྱུ་ཡིན་པ་ནི་གཙོ་བོ་རྣམ་འགྲེལ་ལས་བསྟན་པ་རེད། འོ་ན་རྣམ་འགྲེལ་ལས་ཀུན་འབྱུང་བཤད་པའི་སྐབས་སུ་མ་རིག་པ་དང་ལས་གཉིས་རྒྱུར་མ་བསྟན་ལ་སྲེད་པ་གཅིག་པུ་འདིར་རྒྱུར་བསྟན་དགོས་པའི་རྒྱུ་མཚན་གང་ཞེ་ན། མི་ཤེས་སྲིད་པའི་རྒྱུ་ཡིན་ཡང་།། མ་བརྗོད་སྲེད་པ་ཉིད་བཤད་པ།། རྒྱུན་ནི་འཕེན་པ་བྱེད་ཕྱིར་དང་།། དེ་མ་ཐག་ཕྱིར་ལས་ཀྱང་མིན།། དེ་ཡོད་ན་ཡོད་མེད་ཕྱིར་རོ།། ཞེས་པས་བསྟན་ལ། དེ་ཡང་སྲེད་པ་དེ་སྐབས་འདིར་རྒྱུར་བཤད་པའི་རྒྱུ་མཚན་ཡོད་དེ། ཡང་སྲིད་ཀྱི་ཕུང་པོའི་རྒྱུན་འཕེན་བྱེད་ཀྱི་རྒྱུ་ཡིན་པ་དང་། སྐྱེ་བ་དེ་མ་ཐག་ཏུ་འགྲུབ་པར་བྱེད་པའི་འགྲུབ་བྱེད་ཀྱི་རྒྱུ་ཡིན་པའི་ཕྱིར་ན་སྲེད་པ་རྐྱེན་གྱི་གཙོ་བོར་བསྟན་པ་རེད། མ་རིག་པ་དང་ལས་གཉིས་འདིར་རྒྱུར་མི་བཤད་པའི་རྒྱུ་མཚན། ཀུན་མཁྱེན་བླ་མས་རྣམ་འགྲེལ་ཀུན་ཏུ་བཟང་པོའི་འོད་ཟེར་ལས། མི་ཤེས་པ་སྟེ་མ་རིག་པ་ཆོས་ཅན། ཡང་སྲིད་སྐྱེ་བའི་རྒྱུ་ཡིན་ཡང་འདིར་མ་བརྗོད་དེ། ཡང་སྲིད་འཕེན་པར་ངེས་པ་མིན་པའི་ཕྱིར། ཞེས་དང་། ལས་ཀྱང་ཆོས་ཅན། སྐབས་འདིར་རྒྱུར་བཤད་པར་འོས་པ་མིན་ཏེ། ཁྱོད་ཡོད་ཀྱང་སྲེད་པའི་རླན་དང་བྲལ་ན་སྐྱེ་བ་ཡོད་པར་ངེས་པ་མེད་པའི་ཕྱིར་རོ། ། ཞེས་གསུངས་སོ། ། སྤྱིར་འཁོར་བ་ཐོག་མ་ནས་ད་ལ་ཐུག་གི་བར་དུ་ལས་ཉོན་གཉིས་ཀྱི་དབང་གིས་བྱུང་བའི་ཉེས་ཚོགས་ཀུན་གྱི་རྩ་བ་ནི་འཇིག་ཚོགས་ལ་བདག་ཏུ་ལྟ་བ་ལས་བྱུང་བ་ཡིན་ལ། དེ་ཡང་། རྣམ་འགྲེལ་ལེའུ་དང་པོ་ལས། ཉེས་པ་རྣམ་པ་ཐམས་ཅད་དག ། འཇིག་ཚོགས་ལྟ་ལས་སྐྱེས་པ་ཡིན།། ཞེས་གསུངས་སོ།། དེ་བས་འུ་ཚོས་སྡུག་བསྔལ་འདི་དག་གང་ལས་བྱུང་བ་ཡིན་མིན་ལ་བརྟགས་དཔྱད་བྱས་ཚེ། མི་མང་པོ་ཞིག་གིས་ནང་སེམས་ཀྱི་བདེ་སྡུག་གི་ཚོར་འདུ་དེ་དག་ཕྱི་ཡུལ་གྱི་ཐོག་ནས་ཚུར་འོང་བ་དང་། ཕྱིའི་འཇིག་རྟེན་གྱི་ལུས་དང་ལོངས་སྤྱོད་ཀྱི་ཕུན་ཚོགས་གང་ལེགས་རེ་འཛོམས་ཚེ་བདེ་བ་དང་ལྡན་པར་རློམ་མོད་ཀྱང་། དྲང་པོའི་བློ་ཡིས་བརྟགས་ན། ང་ཚོ་གནས་འཆའ་བའི་འཇིག་རྟེན་འདིའི་སྒང་ནས་བཙན་པོ་དང་ཕྱུག་པོ་སོགས་ཐོབ་དང་གོ་ས་བླ་ན་མེད་པ་ཐོབ་མཁན་གྱི་མི་ཚོགས་ཆེས་མང་དུ་བྱུང་མྱོང་མོད། དེ་དག་ཀྱང་གསོག་སྲུང་སོགས་ཀྱི་ཆེད་དུ་སེམས་ཁྲལ་དང་སྐྱོ་སྣང་གིས་ཁེངས་ཤིང་མིག་ཆུ་དང་སྨྲེ་ངག་གི་རྒྱུན་ཆད་མ་མྱོང་བ་ཤ་སྟག་ཡིན་པ་ང་ཚོའི་མཐོང་ཆོས་མངོན་སུམ་མ་ཡིན་ནམ། དེས་ན་མཁས་དབང་དགེ་ཆོས་ཀྱིས། བལྟས་ན་སྐྱིད་སྐྱིད་འདྲ་བའི་འཇིག་རྟེན་གྱི་ཕུན་ཚོགས།། ཐོབ་ན་རང་རང་སྐབས་ཀྱི་སྡུག་བསྔལ་རེ་འདུག་པས།། འཕྲལ་སྣང་བདེན་པའི་གནས་སྐབས་རྨི་ལམ་ཙམ་སོང་རྗེས།། ཅིས་ཀྱང་རང་སེམས་སྐྱོ་བའི་རྐྱེན་སྣང་རེ་འདུག་གོ ། ཞེས་གསུངས་པ་ནི་རྨད་དུ་བྱུང་བའི་ལེགས་བཤད་ཅིག་གོ ། དེའི་ཕྱིར་ནང་བསྟན་གྱི་ལྟ་བའི་ངོས་ནས་ཞིབ་ཏུ་དཔྱད་ན་མིས་མཚོན་ནས་སྐྱེ་འགྲོ་ཀུན་གྱི་བདེ་སྡུག་དེ་ནང་སེམས་ཀྱི་གནད་དོན་ཞིག་གི་སྟེང་ནས་བྱུང་བ་སྟེ། དགྲ་གཉེན་ཆགས་སྡང་གི་སེམས་བྱུང་དེ་དག་ལས་འདོད་པ་ཐོག་ཏུ་མི་ཁེལ་བའི་སྡུག་བསྔལ། མི་འདོད་པ་ཐོག་ཏུ་བབས་པའི་སྡུག་བསྔལ། སྡང་དགྲ་བོ་དང་འཕྲད་པའི་སྡུག་བསྔལ། གཉེན་ཉེ་དུ་དང་བྲལ་བའི་སྡུག་བསྔལ། སྐྱེ་རྒ་ན་འཆིའི་སྡུག་བསྔལ་སོགས་མདོར་ན་འཇིག་རྟེན་འདིའི་སྟེང་གི་སྐྱེ་འགྲོ་ཀུན་གྱི་སྡུག་བསྔལ་ཡོད་ཚད་ནང་སེམས་ཀྱི་འཛིན་སྟངས་ཁོ་ན་ལས་བྱུང་བར་འདོད་ལ། དེ་འདྲའི་སྡུག་བསྔལ་སྐྱེད་བྱེད་ཀྱི་ཆགས་སྡང་ཡང་བདག་འཛིན་ལས་བྱུང་བ་ཡིན་ཏེ། བདག་འཛིན་ཟེར་བའི་སེམས་བྱུང་དེ་ཡོད་སྟོབས་ཀྱིས། བདག་དང་གཞན་ཞེས་པའི་ཤན་འབྱེད་ཀྱི་བསམ་བློ་འདི་བྱུང་ལ་དེ་ལས་ཆགས་སྡང་གི་ལས་རྣམ་པ་སྣ་ཚོགས་བསགས་ཤིང་དེ་ལས་ད་གཟོད་སྡུག་བསྔལ་གྱི་ཉེས་པ་སྣ་ཚོགས་བྱུང་བ་ཡིན་ནོ།། དེ་བས། རྣམ་འགྲེལ་ལས། བདག་ཡོད་ན་ནི་གཞན་དུ་ཤེས།། བདག་གཞན་ཆ་ལས་འཛིན་དང་སྡང་།། འདི་དག་དང་ནི་ཡོངས་འབྲེལ་ལས།། ཉེས་པ་ཐམས་ཅད་འབྱུང་བར་འགྱུར།། ཞེས་ཀྱང་གསུངས་སོ། །
གསུམ་པ་འགོག་བདེན་བཤད་པ་ནི། དེ་ལྟར་འཁོར་བ་སྡུག་བསྔལ་དུ་ངོས་ཟིན་ཞིང་དེའི་རྒྱུ་ཀུན་འབྱུང་བདེན་པར་ཐག་ཆོད་ནས་འཁོར་བ་སྡུག་ཀུན་གཉིས་དེ་རང་རྒྱུད་ལ་མེད་པར་བྱས་སྟོབས་ཀྱིས་འཐོབ་བྱ་ཞིག་ཐོབ་རྒྱུ་ཡོད་དམ་མེད། གལ་ཏེ་ཡོད་ན་འཐོབ་བྱ་དེ་གང་འདྲ་ཞིག་ཡིན་ནམ་སྙམ་པའི་སེམས་བྱུང་ཞིག་ངམ་ངམ་ཤུགས་ཤུགས་ཀྱིས་སྐྱེ་འོང་ལ་དེ་འདྲའི་སེམས་བྱུང་དེ་ཁ་སྐོང་ཆེད་དུ་སྡུག་ཀུན་གཉིས་ཀྱི་འོག་ཏུ་འགོག་བདེན་བཤད་པས་དེ་ལ་ཅུང་ཙམ་དཔྱད་ན། རྣམ་འགྲེལ་ལས། དེ་ནི་གཏན་དུ་བ་མིན་ཏེ།། རྒྱུ་ལ་གེགས་སོགས་སྲིད་ཕྱིར་རོ།། ཞེས་པས་མཚམས་སྦྱོར་བསྟན་ལ། སྡུག་བསྔལ་གཏན་དུ་བ་མ་ཡིན་ཏེ། སྡུག་བསྔལ་གྱི་རྒྱུ་ལ་གེགས་སོགས་དང་། མཐུན་རྐྱེན་མ་ཚང་བ་སྲིང་པའི་ཕྱིར། དེས་ན་སྡུག་བསྔལ་གྱི་རྒྱུ་གཉེན་པོའི་སྟོབས་ཀྱིས་འགག་པ་ན་དེ་ལ་སྡུག་བསྔལ་དང་བྲལ་བའི་འགོག་པ་ཐོབ་ཅེས་བསྟན་པ་ཡིན་ལ། སློབ་དཔོན་གྱིས། འཁོར་ཕྱིར་ཐར་པ་མེད་ཅེ་ན།། མ་ཡིན་འདོད་དང་མ་གྲུབ་ཕྱིར།། ཞེས་གསུངས་པ་ལྟར། ཕྱི་རོལ་པ་རྣམས་ཀྱིས་བདག་རྫས་སུ་གྲུབ་པ་ལ་བསམ་ནས། བདག་ཆོས་ཅན། ཐར་བ་མེད་པར་ཐལ། འཁོར་བའི་ཆོས་ཉིད་ཡིན་པའི་ཕྱིར། དཔེར་ན་མེ་དྲོད་ལས་མི་ཐར་བ་བཞིན་ཞེས་འདོད་ལ། སངས་རྒྱས་པའི་ངོར་བདག་འཁོར་བའི་ཆོས་ཉིད་དུ་གྲུབ་ན་འདོད་ལན་ཐེབས་མོད། བདག་འཁོར་བའི་ཆོས་ཉིད་དུ་གྲུབ་པའི་ཆོས་ཤིག་མ་ཡིན་པས་རྟགས་མ་གྲུབ་པའི་ལན་ཐེབས་སོ།། གལ་ཏེ་བདག་རྫས་སུ་མ་གྲུབ་ན་སུའང་འཁོར་བར་མི་འགྱུར་བས་འཁོར་བ་ཡོད་པར་མི་འཐད་ལ། འཁོར་བ་མེད་ན་ཐར་བའང་ག་ལ་རུང་། དེས་ན་འཁོར་བ་སྤང་ནས་ཐར་བ་ཐོབ་པའི་ཆེད་དུ་འབད་རྩོལ་བྱེད་པ་མི་འཐད་པར་ཐལ། འཁོར་བ་པོ་དང་། གྲོལ་བ་པོ་བདག་མེད་པའི་ཕྱིར་སྙམ་ན། དེ་ནི་སློབ་དཔོན་གྱིས། ཇི་སྲིད་བདག་ཆགས་མ་བཅོམ་ཞིང་།། དེ་ནི་ཡོངས་སུ་གདུང་འགྱུར་བ།། དེ་སྲིད་སྡུག་བསྔལ་སྒྲོ་བཏགས་ནས།། རང་བཞིན་དུ་གནས་པ་མེད།། གྲོལ་བ་པོ་ནི་མེད་ན་ཡང་།། ལོག་པར་སྒྲོ་འདོག་གཞོན་ཕྱིར་བརྩོན།། ཞེས་གསུངས་པ་ལྟར། བདག་རྫས་སུ་གྲུབ་པ་རང་དབང་དུ་གྲུབ་པ་ཞིག་མེད་མོད་ཐར་བ་ཐོབ་པའི་ཆེད་དུ་འབད་པ་དོན་མེད་མ་ཡིན་ཏེ། བསྐལ་བ་ཇི་སྲིད་དུ་བདག་ཅེས་པ་ཞིག་བདེན་པར་བཟུང་ནས། དེ་ལ་ཆགས་ཤིང་ཆགས་སེམས་དེ་ཉིད་མ་བཅོམ་པ་དེ་སྲིད་དུ། བདག་སྡུག་བསྔལ་བ་པོའི་རྟེན་དུ་སྒྲོ་བཏགས་ནས་ཡིད་དུ་མི་འོང་བའི་ཚོར་བ་སྡུག་བསྔལ་གྱིས་ཡོངས་སུ་གདུང་བར་གྱུར་བ་ཡིན་པས་བདེ་བའི་རང་བཞིན་དུ་གནས་པ་མེད་ལ། དེས་ན་དོན་ལ་གྲོལ་བ་པོ་མེད་ན་ཡང་། ཐ་སྙད་དུ་བདག་མེད་ལ་བདག་དུ་སྒྲོ་འདོགས་པའི་ལོག་རྟོག་གཞོམ་ཕྱིར། ཐར་བ་ཐོབ་པའི་ཆེད་དུ་འབད་བརྩོན་བྱེད་པ་དོན་དང་ལྡན་པ་ཡིན་ནོ།། འོ་ན་ཐར་བ་དེ་གང་ལ་འཇོག་ཅེ་ན། དཔེར་ན་བྱ་དངོས་གང་ཞིག་ཡིན་ཀྱང་རང་རང་གི་རྒྱུ་དེ་མེད་པར་བཟོས་སྟོབས་ཀྱིས། རང་གི་ངོ་བོ་སླར་འབྱུང་མི་སྲིད་པའི་གནས་ལུགས་ཤིག་བརྙེད་པ་བཞིན་དུ། སྡུག་བསྔལ་གྱི་རྒྱུ་གཏན་མེད་དུ་བྱས་སྟོབས་ཀྱིས་སྡུག་བསྔལ་སླར་མི་འབྱུང་བ་ཙམ་གྱི་གནས་ལུགས་དེ་ལ་ཐར་པ་དང་འགོག་བདེན་ཞེས་བརྗོད་དོ།།
བཞི་བ་ལམ་བདེན་བཤད་པ་ནི། དེ་ལྟར་སྡུག་ཀུན་གཉིས་དང་འགོག་བདེན་ངོས་བཟུང་ནས་སྡུག་བསྔལ་གྱི་རྩ་བ་ཀུན་འབྱུང་ཡིན་ན། དེ་སྤོང་བྱེད་ཀྱི་གཉེན་པོ་གང་ཡིན་པ་དང་འཐོབ་བྱ་འགོག་བདེན་དེ་ཐོབ་བྱེད་ཀྱི་ལམ་གང་ཞིག་ཡིན་སྙམ་པ་ལ། བདེན་པ་གསུམ་པོའི་འོག་ཏུ་ལམ་བདེན་བཤད་པ་ཡིན་ལ། རྣམ་འགྲེལ་ལས། བཤད་ཟིན་ལམ་དེ་གོམས་པ་ལས།། གནས་གྱུར།། ཞེས་པས་བསྟན་ལ། དེ་ཡང་སྔར་སྟོན་པའི་སྐབས་སུ། བདག་མེད་མཐོང་བ་འགལ་བ་ཡིན།། ཞེས་བཤད་ཟིན་པའི་བདག་མེད་རྟོགས་པའི་ལམ་དེ་ཆོས་ཅན། ཁྱོད་འཁོར་བ་སྡུག་བསྔལ་གྱི་རྩ་བ་བཅོམ་བྱེད་ཀྱི་གཉེན་པོ་ཡིན་ཏེ། བདག་འཛིན་གྱི་དངོས་གཉེན་དུ་ཁྱོད་གོམས་རྐྱེན་དང་མ་བྲལ་བར་གོམས་པར་བྱས་ན། ཉེས་སྐྱོན་མ་ལུས་པ་སྤངས་ཏེ་གནས་འགྱུར་མཐར་ཕྱིན་པ་ཐོབ་པར་འགྱུར་བའི་ཕྱིར་རོ།། དེས་ན་བདག་མེད་རྟོགས་པའི་ཤེས་རབ་དེ་སྐབས་འདིར་ལམ་བདེན་ཡིན་པ་ངོས་འཛིན་མཛད་དོ།། རྣམ་འགྲེལ་ལས། གལ་ཏེ་གནས་གྱུར་ཀྱང་།། ལམ་བཞིན་སྐྱོན་ནི་འབྱུང་ཞེ་ན། ཞེས་འབྱུང་བ་བཞིན། གལ་ཏེ་ཉེས་པ་དང་བཅས་པའི་སེམས་དེ་ཉེས་མེད་དུ་ལན་གཅིག་གནས་གྱུར་ཀྱང་སྔར་བདག་མེད་མཐོང་བའི་ལམ་མེད་པའི་རྒྱུད་ལ་ལམ་དེ་གསར་དུ་སྐྱེ་བ་བཞིན་དུ་བདག་དང་བདག་གིར་འཛིན་པའི་སྐྱོན་རྣམས་སླར་ཡང་འབྱུང་བར་འགྱུར་རོ་ཞེ་ན། དེའི་ལན་དུ། སློབ་དཔོན་གྱིས། མ་ཡིན་ནུས་པ་མེད་ཕྱིར་རོ།། ཞེས་པའི་གཞུང་དེས་བདག་མེད་མཐོང་བའི་ལམ་གོམས་སྟོབས་ཀྱིས་གནས་གྱུར་བའི་སེམས་ལ་ཉེས་པ་སླར་འབྱུང་བའི་ནུས་པ་མེད་པའི་ཕྱིར་ཞེས་བསྟན་པ་ལས་འཕྲོས་ནས། འདིར་དོགས་པ་མི་འདྲ་བ་བཞི་ཙམ་ཞིག་བྱུང་འདུག་ལ། ང་ཚོ་ཕལ་ཆེ་བ་ལ་དེ་འདྲའི་དོགས་པ་དེ་འབྱུང་སླ་བས། དེ་དག་སྐབས་འདིར་སེལ་དགོས་ངེས་ཀྱི་དོགས་པ་སྐོར་ཞིག་ཡིན་སྟབས། དེ་དག་གི་དོན་ལ་ཅུང་ཙམ་དཔྱད་ན། བདག་མེད་རྟོགས་པའི་ཤེས་རབ་ཀྱིས་བདག་འཛིན་བཟློག་ནས་སེམས་ཀྱི་ངོ་བོ་ཉེས་མེད་ཀྱི་ངོ་བོར་གནས་འགྱུར་བ་ལྟར། བདག་འཛིན་གྱིས་ཀྱང་བདག་མེད་རྟོགས་པའི་ཤེས་རབ་བཟློག་ནས་སེམས་ཀྱི་ངོ་བོ་བདག་འཛིན་གྱི་ངོ་བོར་སླར་ཡང་བསྐྱེད་ཆོག་སྟེ། བདག་མེད་རྟོགས་པའི་ཤེས་རབ་ཀྱིས་བདག་འཛིན་ལ་གནོད་བྱེད་ནུས་ན། བདག་འཛིན་གྱིས་ཀྱང་བདག་མེད་རྟོགས་པའི་ཤེས་རབ་ལ་གནོད་མི་ནུས་པ་ལ་རྒྱུ་མཚན་མེད་པའི་ཕྱིར་རོ་སྙམ་དུ། སྤང་གཉེན་ནུས་མཚུངས་སུ་དོགས་པ་དང་། གལ་ཏེ་བདག་མེད་རྟོགས་པའི་ཤེས་རབ་བདག་འཛིན་དང་འཛིན་སྟངས་འགལ་བ་ཙམ་གྱིས་དེ་ལ་གནོད་བྱེད་ཡིན་ན། འདོད་ཆགས་དང་ཞེ་སྡང་གཉིས་ཀྱང་འཛིན་སྟངས་འགལ་བའི་ཕན་ཚུན་སྤང་གཉེན་དུ་འགྱུར་རོ་སྙམ་དུ། ཆགས་སྡང་གཉིས་ཕན་ཚུན་སྤོང་གཉེན་ཏུ་དོགས་པ་དང་། གལ་ཏེ་བདག་མེད་རྟོགས་པའི་ཤེས་རབ་དེ་བདག་འཛིན་གྱི་གཉེན་པོ་ཡིན་ཡང་། ཉེས་པ་རྣམས་ཟད་པར་སྤོང་མི་ནུས་ཏེ། ཆགས་སོགས་ཉེས་པ་རྣམས་སེམས་ཅན་གྱི་ཆོས་ཉིད་དམ་གཤིས་སུ་གྲུབ་པའི་ཕྱིར། དཔེར་ན་གཟུགས་ཀྱི་རང་བཞིན་གཟུགས་སུ་རུང་བ་དང་། མེ་ཡི་རང་བཞིན་ཚ་ཞིང་སྲེག་པ་ཡིན་པ་བཞིན་ནོ།། དེས་ན་ཉོན་མོངས་གཏན་ཟད་མི་སྲིད་དོ་སྙམ་དུ་དོགས་པ་དང་། ཉོམ་མོངས་རྣམས་གནས་སྐབས་གཏན་མེད་དུ་སྤངས་ཀྱང་ནམ་ཞིག་གི་ཚེ་ན་སླར་ཡང་སྐྱེ་བར་འགྱུར་ཏེ། དཔེར་ན་གསེར་སོགས་མེས་བཞུས་ན་ཡང་མེ་དང་བྲལ་ཚེ་སླར་སྲ་བར་འགྱུར་བ་བཞིན་སྙམ་དུ། ཉོན་མོངས་སྤངས་ཀྱང་སླར་ལྡོག་པར་དོགས་པ་དང་བཞི་ལས། དང་པོ་སྤོང་གཉེན་ནུས་མཚུངས་སུ་དོགས་པ་ཟློག་བྱེད་ནི། དཔལ་ལྡན་ཆོས་གྲགས་ཀྱིས། རྣམ་ཤེས་ཡུལ་འཛིན་པ་ཡི་ཆོས།། ཞེས་པ་ནས། ས་རློན་ལ་ནི་མེ་བཞིན་ནོ།། ཞེས་པའི་བར་གྱི་ཚིག་རྐང་བཅུ་དྲུག་གིས་བསྟན་ལ། དེ་ཡང་མ་འཁྲུལ་བའི་རྣམ་ཤེས་ནི་ཡུལ་འཛིན་པའི་ཆོས་ཤིག་སྟེ་ཡུལ་གྱི་རང་བཞིན་ཇི་ལྟར་གནས་པ་ལ་དེ་ལྟར་དུ་འཛིན་པ་དང་། ཡུལ་ནི་རྣམ་ཤེས་དེ་རང་འཛིན་གྱི་ངོ་བོ་ཉིད་དུ་སྐྱེད་བྱེད་ཡིན་ལ། དེས་ན་ཡུལ་ཅན་མ་འཁྲུལ་བ་དེ་ཡུལ་གྱི་གནས་ལུགས་དང་འཛིན་སྟངས་མཐུན་པར་གྲུབ་པས། འཁྲུལ་རྒྱུའི་རྐྱེན་གྱིས་གནས་ལུགས་ཀྱི་དོན་ལ་ལོག་པར་ཞུགས་པའི་བློ་ལ་དེས་གནོད་ཀྱང་། དེ་ལ་ལོག་པར་ཞུགས་པའི་བློ་ཡིས་གནོད་མི་ནུས་ཏེ། དཔེར་ན་ཐག་ཁྲ་ལ་ཐག་ཁྲར་འཛིན་པའི་བློ་དེས། ཐག་ཁྲ་སྦྲུལ་དུ་སྒྲོ་འདོགས་པའི་བློ་དེར་གནོད་བྱེད་ཀྱང་། ཐག་ཁྲར་སྦྲུལ་འཛིན་གྱི་བློ་དེས་དེ་ལ་གནོད་མི་ནུས་པ་བཞིན་ནོ། ། བདག་མེད་རྟོགས་པའི་ཤེས་རབ་ཀྱིས་བདག་འཛིན་ལ་གནོད་ཀྱང་བདག་འཛིན་གྱིས་བདག་མེད་རྟོགས་པའི་ཤེས་རབ་ལ་གནོད་མི་ནུས་པའང་དེ་དང་གནད་གཅིག་ཏུ་འདོད་དེ། སེམས་ཀྱི་རང་བཞིན་ནི་བདག་འཛིན་དང་ཆགས་སོགས་ཀྱིས་མ་གོས་པའི་འོད་གསལ་བ་ཡིན་ལ། བདག་འཛིན་སོགས་ནི་སེམས་ཆོས་ཀྱི་ངོ་བོར་མ་གྲུབ་པར་གློ་བུར་བའམ་འབྲལ་རུང་གི་ཚུལ་དུ་གནས་པས། གཉེན་པོ་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་སྤོངས་ནུས་ཀྱི། བདག་མེད་རྟོགས་པའི་ཤེས་རབ་ནི་དངོས་པོའི་གནས་ལུགས་ལ་ཞུགས་པའི་ཡང་དག་པའི་ཤེས་པ་ཡིན་ཕྱིར། བདག་འཛིན་གྱིས་གནོད་མི་ནུས་སོ།། གཉིས་པ་ཆགས་སྡང་གཉིས་ཕན་ཚུན་སྤོང་གཉེན་ཏུ་དོགས་པ་ཟློད་བྱེད་ནི། རྣམ་འགྲེལ་ལས། བདག་འཛིན་རྒྱུ་གཅིག་ཅན་ཉིད་དང་།། རྒྱུ་དང་འབྲས་བུའི་དངོས་པོའི་ཕྱིར།། འདོད་ཆགས་ཁོང་ཁྲོ་ཕན་ཚུན་དུ།། ཐ་དད་ན་ཡད་གནོད་མ་ཡིན།། བྱམས་སོགས་རྨོངས་དང་འགལ་མེད་ཕྱིར།། ཤིན་ཏུ་ཉེས་པ་ཚར་གཅོད་མིན།། ཞེས་གསུངས་པ་བཞིན། འདོད་ཆགས་དང་ཁོང་ཁྲོ་གཉིས་འཛིན་སྟངས་ཐ་དད་ན་ཡང་། ཕུན་ཚུན་གནོད་བྱེད་མ་ཡིན་ཏེ། བདག་ཏུ་འཛིན་པའི་རྒྱུ་གཅིག་ལས་སྐྱེད་པ་དང་། ཕན་ཚུན་རྒྱུ་དང་འབྲས་བུའི་དངོས་པོར་འགྱུར་བའི་སྐབས་ཡང་ཡོད་དེ། རང་ཕྱོགས་ལ་ཆགས་ཤིང་ཆགས་པ་དེའི་སྟོབས་ཀྱིས་ཆགས་ཡུལ་ལ་གནོད་པ་བྱེད་མཁན་ལ་ཞེ་སྡང་སྐྱེ་བ་དང་། གཞན་ཕྱོགས་ལ་སྡང་ཞིང་སྡང་བ་དེའི་སྟོབས་ཀྱིས་རང་ཕྱོགས་ལ་ཆགས་པ་ཡང་སྐྱེ་སྲིད་པའི་ཕྱིར་རོ།། འོ་ན་བྱམས་སོགས་ཞེ་སྡང་སོགས་ཀྱི་གཉེན་པོར་གསུངས་པ་དང་འགལ་ལོ་སྙམ་ན། དེ་ནི་རགས་པ་མགོ་གནོན་ཙམ་གྱི་གཉེར་པོར་དགོངས་པ་ཡིན་གྱི། མཐའ་དག་དཔྱིས་འབྱིན་གྱི་གཉེར་པོར་མི་རུང་སྟེ། བདག་འཛིན་ལ་དངོས་སུ་གནོད་བྱེད་མ་ཡིན་པའི་ཕྱོར་རོ།། དེས་ན་བདག་མེད་རྟོགས་པའི་ཤེས་རབ་ཁོ་ན་བདག་འཛིན་གྱི་གཉེན་པོ་ཡིན་ཏེ། སློབ་དཔོན་གྱིས། སྟོང་ཉིད་ལྟ་དང་དེ་འགལ་ཡིན།། དེ་ཡི་རང་བཞིན་ཉེས་ཀུན་དང་།། འགལ་བ་རབ་ཏུ་གྲུབ་པ་ཡིན།། ཞེས་གསུངས་པ་ལྟར། བདག་མེད་རྟོགས་པའི་ཤེས་རབ་དེ་ཉེས་ཀུན་གྱི་རྩ་བ་བདག་འཛིན་དང་འཛིན་སྟངས་དངོས་སུ་འགལ་ཞིང་། རང་གི་འཛིན་སྟངས་ཡུལ་གྱི་གནས་ཚུལ་ལ་ཞུགས་པས། དེ་ཉིད་གོམས་ན་སེམས་རྒྱུད་ལ་འབྲལ་མི་ཤེས་བའི་ཚུལ་དུ་གནས་ལ། རྒྱུ་མཚན་དེས་ན་བདག་མེད་རྟོགས་པའི་ཤེས་རབ་འདི། བདག་འཛིན་སོགས་ཉེས་པ་ཀུན་འཇོམས་བྱེད་ཀྱི་གཉེན་པོ་ཉིད་དུ་གྲུབ་བོ། གསུམ་པ་ཉོན་མོངས་གཏན་ཟད་མི་སྲིད་པའི་དོགས་པ་ཟློག་བྱེད་ནི། སློབ་དཔོན་གྱིས། ཟད་མིན་སྲོག་ཆགས་ཆོས་ཉིད་ཕྱིར།། གཟུགས་སོགས་བཞིན་མིན་མ་གྲུབ་ཕྱིར།། གཉེན་པོ་ཕྱོགས་དང་འབྲེལ་བ་ན།། ལྡོག་པ་དག་ཀྱང་མཐོང་ཕྱིར་རོ།། ཞེས་པ་ལྟར། ཚིག་རྐང་དང་པོ་དང་གཉིས་པའི་ཡིག་འབྲི་གསུམ་གྱིས་གོང་དུ་བཤད་པ་ལྟར་ཕ་རོལ་པོའི་དོགས་པ་བསྟན་ལ། ཚིག་རྐང་ཕྱི་མ་རྣམས་ཀྱིས་དོགས་ལན་སྤྲད་པ་སྟེ། དེ་ཡང་ཆགས་སོགས་སེམས་ཀྱི་ཆོས་ཉིད་ཡིན་པའི་རྒྱུ་མཚན་གྱིས་མི་ཟད་པ་མ་ཡིན་ཏེ་ཆགས་སོགས་སེམས་ཀྱི་ཆོས་ཉིད་ཡིན་པའི་གཏན་ཚིགས་མ་གྲུབ་པས་སོ།། དེ་ཡང་ཡིན་ཏེ་གཉེན་པོ་བདག་མེད་རྟོགས་པའི་ཤེས་རབ་དེ། སེམས་རྒྱུད་དང་འབྲེལ་བ་ན་ཆགས་སོགས་སླར་མི་སྐྱེ་བར་ལྡོག་པ་ཚད་མས་མཐོང་ལ། དེས་ན་ཉེས་པ་གཏན་ནས་མི་ཟད་པ་མ་གྲུབ་པའི་ཕྱིར་རོ།། བཞི་བ་ཉོན་མོངས་སྤངས་ཀྱང་སླར་ལྡོག་པའི་དོགས་པ་ཟློག་བྱེད་ནི། སློབ་དཔོན་གྱིས། ཉེས་པ་རྣམ་པར་འགགས་པ་ནི།། སྲ་ཞིང་སླར་ཡང་སྐྱེ་མེད་དེ།། དེ་བདག་ཉིད་ཀྱིས་འབྲལ་མེད་དང་།། ཐལ་བ་བཞིན་དུ་མ་ངེས་ཕྱིར།། ཞེས་པ་ལྟར། བདག་མེད་གོམས་སྟོབས་ཀྱིས་ཉེས་པ་ཐམས་ཅད་འགགས་པའི་སེམས་རྒྱུད་དེ་གསེར་གྱི་སྲ་བ་བཞིན་སླར་ཉེས་ཚོགས་ཀྱི་ངོ་བོར་མི་འགྱུར་ཏེ། བདག་མེད་རྟོགས་པའི་ཤེས་རབ་དེ་སེམས་ཀྱི་རང་བཞིན་ནམ་གཤིས་སུ་འབྲལ་མེད་དུ་གནས་ཕྱིར། དཔེར་ན་བུད་ཤིང་མེ་ཡིས་བསྲེགས་ཏེ་ཐལ་བ་བྱས་པས་སླར་བུད་ཤིང་གི་ངོ་བོར་འགྱུར་མི་སྲིད་པ་བཞིན་ནོ།། དེས་ན་སྐབས་འདིར་ལམ་བདེན་བཤད་སྐབས་བདག་མེད་རྟོགས་པའི་ཤེས་རབ་དེ་ཉིད་སྲིད་རྩ་གཅོད་བྱེད་དང་། འགོག་པ་ཐོབ་བྱེད་ཀྱི་ལམ་ཉིད་དུ་གཙོ་བོར་བསྟན་ཏོ། རྣམ་འགྲེལ་ལས། སྟོང་ཉིད་ལྟ་བས་གྲོལ་བར་འགྱུར།། སྒོམ་པ་ལྷག་མ་དེ་དོན་ཡིན།། དེ་ཕྱིར་མི་རྟག་ལས་སྡུག་བསྔལ།། སྡུག་བསྔལ་ལས་ནི་བདག་མེད་གསུངས།། ཞེས་པ་ལྟར། མཐར་གཏུག་ན་སྟོང་ཉིད་རྟོགས་པའི་ལྟ་བ་འདི་ལ་བསྟན་ནས་སྡུག་ཀུན་གཉིས་ཀྱི་རྩ་བ་ཡོངས་སུ་གཅད་ནས་མཐར་འགོག་པ་ཞི་བ་གྱ་ནོམ་པ་སོགས་ཀྱི་བདག་ཉིད་ཅན་གྱི་ཐར་བ་འཐོབ་དགོས་པ་ཡིན་གྱི། འདི་བྱས་ཐམས་ཅད་མི་རྟག་པ་སྒོམ་པ་ཙམ་དང་། ཟག་བཅས་ཐབས་ཅད་སྡུག་བསྔལ་དུ་སྒོམ་པ་ཙམ་གྱིས་ཟག་མེད་ཀྱི་བདེ་བ་མཐར་ཐུག་པ་ཐོབ་པར་འདོད་པ་དག་གིས་བསྐལ་བའི་བར་དུ་འབད་པ་བྱས་ཀྱང་། འཁོར་བར་ཡིད་འབྱུང་བ་ཙམ་ལས་མཐར་ཐུག་གི་བདེན་དོན་རྙེད་པའི་གོ་སྐབས་མེད་ལ། དེས་ན་མི་རྟག་པ་དང་སྡུག་བསྔལ་སྒོམ་པ་སོགས་ཀྱིས་བརྟེན་བྱས་ཏེ། བརྟེན་པ་བདག་མེད་པའི་ལྟ་བའི་གནད་ལ་ཧྲིལ་གྱིས་དྲིལ་ནས་འཇུག་ན་ད་གཟོད་ཞི་ཞིང་ལྷོད་པའི་ཟག་པ་མེད་པའི་སེམས་ཚོར་གྱི་བདེ་བ་དམིགས་བསལ་བ་ཞིག་གི་གནས་ལ་འབྲལ་མི་ཤེས་པའི་ཚུལ་དུ་སླེབས་པར་ངེས་སོ།། དེས་ན་རིགས་པའི་དབང་ཕྱུག་ཆེན་པོ་དཔལ་ལྡན་ཆོས་ཀྱི་གྲགས་པས་ཐར་བ་ཐོབ་འདོད་དང་སྡུག་བསྔལ་འབྲལ་འདོད་ཀྱི་སེམས་ཁྲལ་རབ་ཏུ་ལྕི་བའི་དོན་གཉེར་ཅན་གྱི་གདུལ་བྱ་རྣམས་ལ་དགོངས་ནས། དེ་ཕྱིར་གྲོལ་འདོད་ཐོག་མེད་པའི།། རྒྱུ་ཅན་རིགས་མཐུན་ས་བོན་ལས།། བྱུང་བའི་འཇིག་ཚོགས་ལྟ་བ་དག ། རྩ་བ་ཉིད་ནས་དབྱུང་བར་གྱིས།། ཞེས་པའི་གདམས་པ་དེ་སེམས་སུ་ཉར་ཏེ། བློ་ཐག་རྦད་ཆོད་ཀྱིས་སྙིང་སྟོབས་བསྐྱངས་ནས་འཁོར་བ་འཇུག་ལྡོག་གི་རིམ་པ་ཆ་ཚང་ཞིག་གི་ལམ་དུ་ཚུལ་བཞིན་དུ་ཆས་ན། འཇིག་རྟེན་སྟེང་གི་རྙོག་འཛིངས་ཡོད་ཚད་ཐག་གིས་ཆོད་ནས། རེ་འབྲས་མ་ལུས་པ་ཡོངས་སུ་གྲུབ་པར་འགྱུར་རོ།། གཉིས་པ་སྐྱོབ་སོགས་ཕྱི་མ་ཕྱི་མས་བདེ་སོགས་སྔ་མ་སྔ་མ་དཔོག་པ་ལ། དང་པོ་སྐྱོབ་པའི་རྟགས་ལས་བདེ་གཤེགས་སྔོན་སོང་གྲུབ་ཚུལ་ནི། རྣམ་འགྲེལ་ལས། སྐྱོབ་ལས་དེ་ཉིད་དང་བརྟན་དང་།། མ་ལུས་ཁྱད་པར་མཁྱེན་པར་གྲུབ།། ཞེས་པས་བསྟན་ལ། དེ་ཡང་ཐུབ་པ་བཅོམ་ལྡན་འདས་ཆོས་ཅན། ཆོས་ཉིད་ཇི་ལྟ་བ་དེ་ཁོ་ན་ཉིད་དང་། མཁྱེན་པ་སླར་མི་ལྡོག་པས་བརྟན་པ་དང་། ཤེས་བྱ་ཇི་སྙེད་མ་ལུས་པ་མཁྱེན་པའི་རྟོགས་པ་ཁྱད་པར་གསུམ་ལྡན་སྔོན་དུ་སོང་སྟེ། གདུལ་བྱ་ལ་བདེན་བཞིའི་འཇུག་ལྡོག་ཚུལ་བཞིན་དུ་སྟོན་པར་མཛད་པའི་སྐྱོབ་པ་མངའ་བའི་ཕྱིར། གཉིས་པ་བདེ་གཤེགས་ཀྱི་རྟགས་ལས་སྟོན་པ་སྔོན་སོང་གྲུབ་ཚུལ་ནི། སློབ་དཔོན་གྱིས། གཞན་དོན་མཁྱེན་སྦྱོར་དེ་སྟོན་པ།། ཞེས་པས་བསྟན་ལ། དེ་ཡང་ཐུབ་པ་བཅོམ་འདས་ཆོས་ཅན། གཞན་གྱི་དོན་མཁྱེན་པའི་ཐབས་ལ་སྦྱོར་བ་མཛད་པའི་བསམ་པ་ཕུན་ཚོགས་སམ་སྟོན་པ་སྔོན་དུ་སོང་སྟེ། རྟོགས་པ་ཁྱད་པར་གསུམ་ལྡན་རྒྱུད་ལ་མངའ་བའི་ཕྱིར་རོ།། གསུམ་པ་སྟོན་པའི་རྟགས་ཀྱིས་བརྩེ་བ་སྔོན་སོང་གྲུབ་ཚུལ་ནི།། སློབ་དཔོན་གྱིས། དེ་ལས་བརྩེ་ཡིན་གཞན་དོན་ངོར།། དོན་གྲུབ་མཛད་པ་མི་འདོར་ཕྱིར།། ཞེས་པས་བསྟན་ལ། དེ་ཡང་ཐུབ་པ་བཅོམ་ལྡན་འདས་ཆོས་ཅན། གཞན་ལ་ཕན་པར་བཞེད་པའི་བརྩེ་བ་སྙིང་རྗེ་ཆེན་པོ་སྔོན་དུ་སོང་སྟེ། བདག་མེད་མངོན་སུམ་དུ་རྟོགས་པའི་སྒོ་ནས་གཞན་དོན་མཛད་པ་མི་འདོར་བ་ཡིན་པའི་ཕྱིར་རོ།། ཐུབ་པ་བཅོམ་ལྡན་འདས་ཀྱིས་མཐའ་ཡས་པའི་འགྲོ་བ་རྣམས་ཀྱི་ཆེད་དུ་སྐྱེ་བ་དུ་མར་དཀའ་སྤྱད་འབད་འབུངས་ལ་བརྟེན་ནས་བརྩེ་བ་དང་ཤེས་རབ་མཐར་ཕྱིན་པའི་རྟགས་ཀྱིས་གདུལ་བྱ་ལ་ཕྱིན་ཅི་མ་ལོག་པའི་ཡང་དག་པའི་ཆོས་ཚུལ་འབའ་ཞིག་གསུངས་བར་མཛད་པ་གྲུབ་པས། དེས་ན་བཅོམ་ལྡན་འདས་ཉིད་སྐྱེས་བུ་ཚད་མ་ཉིད་དུ་གྲུབ་བོ།། དོན་དེ་ལ་དགོངས་ནས་སློབ་དཔོན་གྱིས། བརྩེ་བའི་ལེགས་དང་ཡེ་ཤེས་ལས།། བདེན་པ་གསུང་མཛད་སྒྲུབ་བྱེད་བཅས།། དེ་གསུང་བར་ཡང་མངོན་སྦྱོར་ལྡན།། གང་ཕྱིར་དེས་ན་ཚད་མ་ཉིད།། ཅེས་གསུངས་སོ།། འདིར་ལུག་ལྡོག་བཤད་སྐབས་སྦྱོར་བ་དངོས་སུ་ཚིག་གིས་ཟིན་པའི་སྒོ་ནས་བསྟན་ཟིན་པས། ལུགས་འབྱུང་ལྟར་ལོགས་སུ་བཀར་ནས་མ་བཤད་དོ།།
མཐའ་དག་འགྲོ་ལ་བདེན་བཞིའི་དེ་ཉིད་བསྟན།།
ལྷུན་འགྲུབ་སྟོང་བའི་ཀློང་ལས་སྐྱབས་མེད་ཀྱི།།
འགྲོ་རྣམས་འཁོར་བའི་འོག་ཏུ་མི་ལྟུང་བའི།།
སྟོན་པ་འདི་ཡི་ལྟ་སྤྱོད་ཅི་འདྲའི་རྨད།།
མཇུག་རྫོགས་པའི་ཚིགས་སུ་བཅད་པའོ།།
སླར་སྨྲས་པ།
འགྲོ་ཀུན་མངོན་པར་འདོད་པའི་རྒྱལ་ས་ལ།།
དགྲོད་བྱེད་དོན་གྱི་སྙིང་བཅུད་བདེན་བཞིའི་ལམ།།
ལེགས་བཤད་ཚིག་གི་ཕྲེང་བའི་གཟིགས་མོ་འདི།།
མཁས་པ་དགྱེས་པའི་དཔལ་དུ་མཛེས་གྱུར་ཅིག །
འོན་ཀྱང་བློ་དམན་བདག་འདྲའི་སྐྱེ་བོ་ཡིས།།
གཏིང་དཔོག་དཀའ་བའི་རིགས་གཞུང་རྒྱ་མཚོ་ལ།།
ཉེས་དང་འཁྲུལ་བའི་ཆ་ཙམ་གང་མཆིས་པ།།
མི་ཕྱེད་ཡིད་ཀྱི་གཏིང་ནས་བཟོད་པར་གསོལ།།
མདོར་ན་གང་དུ་བསགས་པའི་དགེ་ཚོགས་ཀུན།།
ནམ་མཁའ་མ་འཇིག་འཁོར་བ་མ་སྟོང་བར།།
ཐུབ་བསྟན་སྲོག་གི་སྙིང་པོའི་གཟི་བྱིན་གྱིས།།
ས་གསུམ་དགེ་ལེགས་སྣང་བས་ཁྱབ་གྱུར་ཅིག །
ཅེས་འདི་ནི་བོད་རབ་བྱུང་བཅུ་བདུན་པའི་ས་ཕོ་ཁྱི་ཡི་ལོའི་མགོ་ཟླ་བའི་དཀར་ཕྱོགས་སྟོང་བ་གསུམ་པའི་ཉིན་ས་སྲོས་ཀྱི་བདུད་རྩིའི་ཐུན་མཚམས་སུ་མཁས་གྲུབ་བྱེ་བའི་འབྱུང་གནས་རྫོང་སར་ཁམས་བྱེ་ལྔ་རིག་ནང་བསྟན་སློབ་གླིང་གི་ལོ་མཐའི་རྒྱུགས་རྩོམ་དང་། རང་ཉིད་ཀྱི་དྲན་པ་གསོ་བའི་དོད་དུ་ཚད་མ་གོང་མའི་སློབ་བུ་གླང་ཡག་དྲི་མེད་འོད་ཟེར་དུ་འབོད་པ་དེས་ཆོས་རྗེ་འཇམ་མགོན་བླ་མ་ས་སྐྱ་པཎྜི་ཏའི་དགོངས་རྫོགས་དུས་དྲན་དང་བསྟུན་ནས་མཇུག་གྲུབ་པའོ།།
རྩོམ་སྒྲིག་པ། གསར་བ།
མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།
![]() |
|
Signature is customized by Netease