རྟེན་འབྲེལ་བསྟོད་པའི་བརྗེད་བྱང་།

    རྩོམ་པ་པོ། འཚམས་ཕྲུག


རྟེན་འབྲེལ་བསྟོད་པའི་བརྗེད་བྱང་།

 
                 འཚམས་ཕྲུག མགོ་ལོག

ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ།
རྟེན་འབྱུང་ལེགས་པར་ཐུགས་སུ་ཆུད།།  དེ་ཕྱིར་མཁྱེན་པ་བླ་ན་མེད།།
དེ་དོན་གདུལ་བྱར་བསྟན་པ་ཡིས།།  སྟོན་པ་བླ་མེད་གྱུར་ལ་འདུད།།
མི་མཐུན་སྡུག་བསྔལ་གང་བྱུང་བ།།  རྩ་བ་གནས་ལུགས་དོན་ལ་རྨོངས།།
དེ་ལྡོག་པ་ལ་རྟེན་འབྱུང་དོན།།  དགོས་ཕྱིར་སྟོན་པས་ཇི་བཞིན་བསྟན།།
དེ་ཕྱིར་བློ་ལྡན་གཟུར་གནས་རྣམས།།  རྟེན་འབྱུང་ལམ་བཟང་གཅིག་པུ་དེ།།
སྟོན་མཆོག་བསྟན་པའི་སྙིང་བོ་རུ།།  མི་ཤེས་ཞེས་བྱ་སུ་ཞིག་སྨྲ།།
དེས་ན་རྒྱལ་བར་མཚན་བཟང་སོགས།།  བསྟོད་པའི་སྒོ་ནི་མང་ཡོད་ཀྱང་།།
རྟེན་འབྱུང་རང་དབང་གསུངས་པ་ལ།།  བསྟོད་པ་ལས་གཞན་ལྷག་པ་མེད།།
ཆོས་ཀུན་རྒྱུ་འམ་འདོགས་བྱེད་ལ།།  རག་ལས་ཕྱིར་ན་རང་བཞིན་སྟོང་།།
ཞེས་གསུངས་འདི་ལས་ངོ་མཚར་བ།།  ཟབ་མོའི་ཆོས་ཚུལ་ག་ལ་ཡོད།།
བྱིས་པས་དངོས་རྣམས་རྒྱུ་རྐྱེན་ལ།།  ལྟོས་པ་རྟག་འཛིན་རྒྱབ་རྟེན་བྱེད།།
དབུ་མ་སྨྲ་བས་དེ་ཉིད་ནི།།  མཐར་འཛིན་ལྡོག་པའི་ཁུངས་སུ་ལྟ།།
འདི་ལྟའི་བསྟན་པ་གཞན་ན་མེད།།  དེ་ཕྱིར་སྟོན་པ་ཁྱོད་གཅིག་པུ།།
གཞན་གྱི་སྟོན་པར་ཁས་འཆེ་བ།།  ཝ་སྐྱེར་སེངྒེ་བཏགས་པ་འདྲ།།
རྟེན་ཅིང་འབྲེལ་འབྱུང་སྟོན་མཛད་ཅིང་།།  སྐྱབས་དང་སྨྲ་བ་མགོན་གྱི་མཆོག། 
ངོ་མཚར་ཆེ་བ་ཁྱེད་ལ་ནི།།  བདག་གིས་སྒོ་གསུམ་ཕྱག་རྒྱུད་དོ།།
རྒྱལ་བ་མཆོག་གིས་རྗེས་འཇུག་ལ།།  ཕན་སླད་བསྩལ་བའི་སྟོང་བ་ཉིད།།
མཐའ་གཉིས་སེལ་བར་བྱེད་པ་དེ།།  ངེས་བྱེད་རྒྱུ་མཚན་མཆོག་གྱུར་པ།།
རྟེན་འབྱུང་བསྟན་པ་རང་སྡེ་ལར།།  འགལ་དང་གཞན་སྡེར་མ་གྲུབ་པ།།
འཛིན་ཚུལ་ཕྱིན་ཅི་ལོག་པ་དེས།།  ཐུབ་གསུང་སྙིང་བོར་ཇི་ལྟར་ངེས།།
ཁྱོད་ལ་སྟོང་བ་རྟེན་འབྱུང་གཉིས།།  གཅིག་གཅིག་དོན་དུ་ཤར་བ་ན།།
རང་བཞིན་སྟོང་བཞིན་བྱ་བ་བྱེད།།  མི་འགལ་ཙམ་མིན་གྲོགས་སུའང་འཐད།།
དེ་ལས་ལོག་པར་འཛིན་པའི་ཚེ།།  སྟོང་བཞིན་བྱ་བྱེད་མི་འཐད་ཅིང་།།
བྱ་བྱེད་དང་བཅས་སྟོང་བ་མེད།།  དེ་ཕྱིར་རྟག་ཆད་མཐའ་རུ་ལྷུང་།།
དེས་ན་ཁྱོད་ཀྱི་བསྟན་པ་ཡི།།  ཉིང་ཁུ་རྟེན་འབྱུང་སྟོང་བ་དང་།།
སྟོང་བས་སྣང་བར་ངེས་ཤེས་རྙེད།།  དེ་ལྟར་མཐོང་བ་ལེགས་པར་བསྔགས།།
མེད་ཅེས་གཏན་ནས་མེད་པ་དང་།།  ཡོད་ཅེས་རང་བཞིན་ཡོད་པས་མིན།།
དཔེར་ན་ནམ་མཁའི་མེ་ཏོག་བཞིན།།  མ་བརྟེན་པ་ནི་ག་ལ་ཡོད།།
གང་ཞིག་ཆོས་རྣམས་རང་དབང་དུ།།  ངོ་བོས་གྲུབ་ན་དེ་ཡོད་པ།།
རྒྱུ་དང་རྐྱེན་ལ་མི་ལྟོས་བཞིན།།  རྟེན་འབྱུང་ཁས་ལེན་བྱེད་པ་འགལ།།
ཆོས་ཀུན་གཞན་ལ་རག་ལས་པ།།  མ་གཏོགས་རང་དབང་འབྱུང་བ་མེད།།
དེ་ཕྱིར་རང་བཞིན་སྟོང་བ་ལས།།  ཆོས་འགའ་མེད་པ་ཐུབ་པས་གསུངས།།
ཆོས་རྣམས་བསྒྱུར་དུ་མེད་པ་ཡི།།  རང་བཞིན་གྲུབ་པའི་ངོར་གནས་ན།།
སྒྲིབ་པ་ལས་ནི་མི་གྲོལ་ཏེ།།  བདག་འཛིན་ལོག་ཐབས་མེད་ཕྱིར་རོ།།
དེས་ན་རང་བཞིན་མེད་དོ་ཞེས།།  འཇིགས་མེད་སེངྒེའི་ང་རོ་བཞིན།།
དཔྱོད་ལྡན་འདུ་སར་གསུངས་པ་འདིར།།  ཆོས་མཐུན་རྒོལ་བ་སུ་ཞིག་ནུས།།
རང་བཞིན་གྲུབ་པ་རྡུལ་ཙམ་མེད།།  གང་ལ་བརྟེན་ནས་དེ་འབྱུང་བའི།།
ལུགས་མཐུན་འགྲོ་ཚུལ་འདི་གཉིས་པོ།། འབྲལ་མེད་གྲོགས་སུ་དབུ་མས་ལྟ།།
ཆོས་ཀུན་རྒྱུ་རྐྱེན་ལ་ལྟོས་ཕྱིར།།  རྟག་ཆད་མཐའ་ལ་མི་གནས་ཞེས།།
མདོ་ལས་གསུངས་འདི་རྒྱལ་བ་ཡི།།  གསུང་མཆོག་མཚུངས་པ་མེད་པར་ངེས།།
དངོས་ཀུན་རང་བཞིན་གྱིས་སྟོང་ཞིང་།།  རྒྱུ་རྐྱེན་ལས་ནི་འབྲས་འབྱུང་བ།།
ངེས་པ་རྙེད་ཚེ་འདི་གཉིས་པོ།།  གཅིག་གཅིག་མཐུན་པའི་གྲོགས་སུ་འགྱུར།།
འདི་ལྟའི་ངོ་མཚར་ཆེ་བ་དང་།།  འདི་ལྟའི་རྨད་དུ་བྱུང་བ་གང་།།
སྣང་སྟོང་ཟུང་འཇུག་བསྟན་པ་ལ།།  བསྟོད་ན་བསྟོད་པ་མཆོག་ཏུ་འགྱུར།།
རྟེན་འབྲེལ་མི་ཆུན་བྱིས་པ་རྣམས།།  ཁྱོད་ཀྱི་བསྟན་ལ་ཞེ་སྡང་བས།།
ཆོས་རྣམས་རང་བཞིན་མེད་ཅེས་སྒྲ།།  བློས་མི་དཔོག་པར་ཅི་ཞིག་མཚར།།
ཐུབ་གསུང་སྙིང་བོ་བརྟེན་ནས་འབྱུང་།།  ཁས་ལེན་མཛད་ཀྱང་ཆོས་ཀུན་ནི།།
རང་བཞིན་གྲུབ་པར་ཁས་འཆེས་པར།།  བློ་བཟང་གྲགས་པར་ཡ་མཚར་སྐྱེས།།
བདག་མེད་རྟོགས་པའི་ཐབས་ཀྱི་མཆོག།  བརྟེན་ནས་འབྱུང་བའི་མིང་ཙམ་གྱིས།།
རང་བཞིན་གྲུབ་པའི་སྒྲུབ་བྱེད་དུ།།  བརྟན་པོར་འཛིན་པའི་སྐྱེ་བོ་དག།
ཐེག་གསུམ་འཕགས་མཆོག་བགྲོད་པ་ཡི།།  འབབ་སྟེགས་བླ་ན་མེད་པ་སྟེ།།
སྟོན་མཆོག་དགྱེས་པའི་ལམ་བཟང་བོར།།  ཇི་ལྟ་བུར་ནི་འཁྲིད་པར་བྱེད།།
གཞན་ལ་ལྟོས་མིན་བཅོས་མིན་དང་།།  ལྟོས་དང་བཅོས་མ་གཉིས་པོ་ནི།།
གཞི་གཅིག་བུམ་པ་ལྟ་བུ་ལ།།  མི་འགལ་གཞི་མཐུན་ཇི་ལྟར་གནས།།
ཆོས་རྣམས་གློ་བུར་ཙམ་མིན་པར།།  གདོད་མ་ཉིད་ནས་རང་བཞིན་བྲལ།།
འོན་ཀྱང་རང་བཞིན་གྲུབ་པར་སྣང་།།  འདི་གཉིས་དཔེ་ལ་སྒྱུ་མ་གསུངས།།
ཇི་ལྟར་ལེགས་པར་རབ་བསྟན་པར།།  ཕས་རྒོལ་སུས་ཀྱང་གནས་ལུགས་ལྟར།།
རྩོད་པའི་གོ་སྐབས་མི་རྙེད་པས།།  ཁྱད་དུ་འཕགས་པ་བདག་གིས་གོ།།
ཅི་ཕྱིར་ཞེ་ན་སྣང་སྟོང་གཉིས།།  མངོན་ལྐོག་དངོས་པོར་རྒོལ་བ་ཀུན།།
སྒྲོ་སྐུར་བྱེད་པའི་རྒྱུ་མཚན་ནི།།  རིང་ནས་འགག་པར་བྱས་ཕྱིར་རོ།།
སྟོན་ཁྱོད་སྨྲ་མཆོག་ཡིན་པའི་རྟགས།།  རྟེན་འབྱུང་སྐྱོན་མེད་ཡིན་པས་ན།།
སྦྱིན་སོགས་ཕན་ཡོན་གསུངས་པ་རྣམས།།  དཔྱད་གསུམ་དག་པའི་ངེས་ཤེས་རྙེད།།
བདེན་པ་གཟིགས་ཤིང་ཐོགས་མེད་གསུངས།།  དེ་ལྟར་རྗེས་འཇུག་རྗེས་སུ་སློབ།།
འཇིག་རྟེན་རྒུད་པ་སྤོང་འགྱུར་ཏེ།།  རྩ་བ་མ་རིག་ལྡོག་ཕྱིར་རོ།།
ཁྱོད་བསྟན་ལས་ནི་ལྡོག་པ་དེས།།  དཀའ་སྤྱད་གྲངས་མེད་བྱས་ན་ཡང་།།
སྐྱོན་རྣམས་བསམ་བཞིན་བོས་པ་ལྟར།།  བདག་འཛིན་རྩ་བ་ཇེ་བརྟན་སོང་།།
མཁས་པས་ཡང་དག་ཡང་དག་མིན།།  སོ་སོར་ཁོང་དུ་ཆུད་པ་ན།།
སྙིང་དང་གློ་བའི་ཁོང་ནས་ནི།།  སྟོན་པ་ཁྱོད་ལ་ཅིའི་མི་གུས།།
མང་དུ་ཐོས་པ་སྨོས་ཅི་དགོས།།  ཚིག་གཅིག་ཙམ་གྱི་དོན་ལ་ཡང་།།
སྒྲ་སྤྱིའི་ངེས་པ་རྙེད་ཙམ་ལའང་།།  མཆོག་གི་བདེ་བ་འཐོབ་པར་བྱེད།།
བདག་བློ་རྨོངས་པས་ཕམ་བྱས་པས།།  ཡོན་ཏན་གོང་བུར་གྱུར་ཁྱོད་ལ།།
ཆུང་ནས་སྐྱབས་སུ་བསྟེན་མོད་ཀྱང་།།  ཡང་དག་ཆོས་ཚུལ་ཐོབ་མ་གྱུར།།
སྲོག་གི་སུམ་ཆ་གཉིས་ཟད་ཀྱང་།།  ད་དུང་རྒྱུན་ནི་ཡོད་དུས་འདིར།།
ཁྱོད་ལ་ཤེས་པའི་དད་པ་ཐོབ།།  འདི་ཡང་སྐལ་བ་བཟང་བོར་འདོད།།
རྟེན་འབྲེལ་རང་དབང་སྟོན་པ་དང་།།  རྟེན་འབྲེལ་ཤེས་པའི་ཤེས་རབ་གཉིས།།
ཅི་འདོད་སྩོལ་བའི་ནོར་བུ་བཞིན།།  ཁྱོད་ལ་མངའ་ཡི་གཞན་དུ་མིན།།
ཁྱོད་ཀྱིས་ཆོས་ཚུལ་གང་གསུངས་པ།།  དངོས་དང་བརྒྱུད་པས་རྟེན་འབྲེལ་སྟོན།།
དེ་ཀུན་ཐར་བ་འཐོབ་ཕྱིར་ཏེ།།  ཕན་མཛད་མིན་པ་ཁྱོད་མི་སྟོན།།
ཁྱོད་གསུངས་ངོ་མཚར་གྱུར་པ་དེ།།  སུ་ཡིས་ཐོས་པ་དེ་དག་ནི།།
འཕྲལ་ཕུགས་ཀུན་ཏུ་ཞི་བྱེད་པས།།  བློ་ལྡན་སུ་ཞིག་དེ་མི་འཛིན།།
མི་མཐུན་རྒོལ་བ་ཕམ་བྱེད་ཅིང་།།  དངོས་ཤུགས་སྔ་ཕྱི་འགལ་བ་མེད།།
རང་གཞན་དོན་གཉིས་འགྲུབ་བྱེད་པ།།  འདིར་ནི་བློ་བཟང་གྲགས་པ་དགྱེས།།
ཟབ་མོ་ལྟ་བའི་དོན་དུ་ནི།།  ལུས་སྲོག་ལོངས་སྤྱོད་སྡུག་པའི་གཉེན།།
བསྐལ་བ་གྲངས་མེད་དུ་མ་རུ།།  གང་ལ་གང་མཁོ་ཡང་ཡང་བཏང་།།
སེམས་ཅན་ཐར་པ་ཐོབ་བྱེད་པས།།  ལྕགས་ཀྱུས་ཉ་མོ་འཁྲིད་པ་བཞིན།།
ཁྱོད་ཀྱི་ཐུགས་འཕྲོགས་ཟབ་མོའི་ཆོས།།  དངོས་སུ་ཁྱོད་ལས་མ་ཐོས་འགྱོད།།
དེ་ལྟའི་འགྱོད་སེམས་དྲག་པོ་ནི།།  བུ་ཡི་རྗེས་སུ་མ་ཡི་སེམས།།
རྟག་ཏུ་འཁོར་བ་ཇི་བཞིན་དུ།།  བདག་ཡིད་ཁྱོད་ལ་དེ་ལྟར་ཕྱོགས།།
དྲན་གདུངས་སེལ་ལ་ཁྱོད་གསུང་བསམ།།  མཚན་དཔེའི་དཔལ་འབར་འོད་ཀྱིས་བསྐོར།།
ཚངས་པའི་དབྱངས་ལྟར་གདངས་སྙན་གྱིས།།  རྟེན་འབྲེལ་ཟབ་མོ་འདི་བཞིན་དུ།།
གསུངས་སོ་སྙམ་བཞིན་ཡིད་ལ་ནི།།  ཐུབ་པའི་གཟུགས་བརྙན་ཤར་བ་ན།།
ཚ་བས་གདུངས་ལ་ཟླ་ཟེར་ལྟར།།  རབ་ཏུ་སྨན་ནོ་ངལ་གསོ་ཐོབ།།
དེ་ལྟའི་རྨད་བྱུང་ལུགས་བཟང་བོ།།  ཇི་བཞིན་མི་ཤེས་རྒྱ་བོད་ཀྱི།།
སྨྲ་བོས་དཀྲུགས་པར་གྱུར་པ་དེ།།  བྱི་བཟུང་བ་བཞིན་འཛིངས་པར་བྱས།།
བདག་གིས་ནག་ནོག་དེ་མཐོང་ནས།།  གུས་རྟག་བརྩོན་པས་ཡང་དག་པའི།།
མཁས་པའི་རྗེས་འབྲངས་ཁྱོད་དགྱེས་པའི།།  དགོངས་པ་ལན་གཅིག་མིན་པར་བཙལ།།
དེ་ཚེ་ཕྱི་ནང་གཞུང་མང་ལ།།  ཅི་ལྟར་སྦྱངས་པ་དེ་ལྟར་དུ།།
སོམ་ཉིའི་ཚོགས་ལ་བོས་པ་བཞིན།།  བདག་ཡིད་ཤུགས་དྲག་གདུངས་པར་བྱས།།
འོ་ན་རྒྱལ་བས་ལུང་བསྟན་པར།།  མཐའ་གཉིས་སྤངས་པ་དབུ་མའི་ལམ།།
ཡང་དག་འབྱེད་པའི་གནད་རྫོགས་པ།།  ཀླུ་སྒྲུབ་གཞུང་ཆེན་ཀུ་མུད་ཚལ།།
མ་ནོར་འགྲེལ་བའི་ཆ་ཤས་རྫོགས།།  གཞུང་བཟང་མཁའ་ལ་གང་འདོད་རྒྱུ།།
བདེན་འཛིན་མུན་སྟུག་སེལ་བར་བྱེད།།  ལོག་སྨྲའི་རྒྱུ་སྐར་མོག་མོག་མཛད།།
ཟླ་གྲགས་ལེགས་བཤད་འོད་དཀར་གྱིས།།  ཀླུ་སྒྲུབ་གཞུང་ལུགས་གསལ་བྱས་པ།།
བླ་མས་མ་ནོར་བསྟན་པ་ལྟར།།  ལེགས་པར་ཤེས་པས་བདག་ཡིད་སོས།།
སེམས་བསྐྱེད་པ་དང་ཚོགས་བསགས་སོགས།།  གཞན་དོན་མཛད་པ་མང་ན་ཡང་།།
ཟབ་མོ་གསུང་གི་ཚུལ་ཤེས་པས།།  སངས་རྒྱས་དྲན་ཚུལ་མཆོག་ཡིན་ནོ།།
སྟོན་མཆོག་རྗེས་སུ་རབ་ཏུ་བྱུང་།།  གང་གི་གསུང་ལ་སྦྱང་བ་ཟབ།།
དེ་དོན་སྤྱོད་ལ་མཐར་སོན་པ།།  བློ་བཟང་གྲགས་པས་རྒྱལ་བ་བཀུར།།
རྒྱལ་བའི་བསྟན་དང་མཇལ་བ་དེ།།  བླ་མའི་དྲིན་ཡིན་རྣམ་དཀར་དགེ།།
ཅི་མཆིས་འགྲོ་ཀུན་བཤེས་གཉེན་གྱིས།།  རྗེས་སུ་འཛིན་པའི་རྒྱུ་རུ་བསྔོས།།
འཕྲལ་ཕུགས་བདེ་སྟེར་གསུང་མཆོག་དེ།།  ངན་རྟོག་གཉིས་ཀྱིས་མ་སླད་ཅིང་།།
ཆོས་ཚུལ་ཤེས་ནས་སྟོན་པ་ལ།།  ཡིད་ཆེས་ཅན་གྱིས་གང་བར་ཤོག།
ཐུབ་པས་གསལ་མཛད་བརྟེན་ནས་འབྱུང་།།  སྐྱེ་བ་ཀུན་ཏུ་ལུས་དང་སྲོག།
གྲངས་མེད་བཏང་ནས་འཛིན་དགོས་ཀྱང་།།  ལྷོད་དང་གཡེང་བ་མེད་པར་ཤོག།
འདྲེན་པ་མཆོག་གང་ཐུགས་དགྱེས་པའི།།  སྙིང་བོ་འགྲོལ་བྱེད་ཆོས་ཚུལ་འདི།།
འཕེལ་དང་གནས་པའི་ཐབས་སུ་ནི།།  དགོངས་བཞེས་རྟག་ཏུ་གཏོང་བར་ཤོག།
ལྷག་བསམ་དག་པས་ཟབ་མོའི་དོན།།  འཛིན་སྐྱོང་སྤེལ་བར་བརྩོན་པ་ལ།།
བསྟན་སྲུང་ཞལ་བཞེས་ཚོགས་རྣམས་ཀྱིས།།  སྐད་ཅིག་གཡེལ་མེད་གྲོགས་མཛོད་ཅིག།

སྨྲས་པ།
ལེགས་བཤད་མཆོག་འདིའི་ཚིག་རེ་ལ།།
རང་བློའི་བརྗེད་བྱང་བྲིས་པའི་དགེས།།
བདག་དང་བདག་འདྲའི་ཚོགས་ཀུན་ལ།།
ཟབ་དོན་རྒྱུད་ལ་སྐྱེ་བར་ཤོག།
ཅེས་ཤར་འཇམ་མགོན་བླ་མ་ཙོང་ཁ་པ་བློ་བཟང་གྲགས་པས་མཛད་པའི་ལེགས་བཤད་སྙིང་བོ་ཆུང་བ་ཞེས་སུ་གྲགས་པའི་རྟེན་འབྲེལ་བསྟོད་པའི་ཁྲིད་དང་ལུང་སོགས་མང་བོ་ཐོས་པས་རང་གི་ཆོས་སྐལ་དུ་གོ་ཞིང་རིང་ནས་ཁ་ཏོན་བྱས་པའི་དྲན་རྟེན་ཙམ་དུ་རང་གི་གོ་ཚོད་ལྟར་བརྗེད་བྱང་དུ་བཀོད་པ་འདི་ཉིད་རྟེན་འབྲེལ་འགྲིག་པོ་ཞིག་གིས་མཚམས་སྦྱར་ནས་འཕྲོད་སྦྱོར་བཟང་བོ་ཁེལ་བའི་ཉིན་བཟང་སྐར་བཟང་ལ་ཡོངས་སུ་གྲུབ་པར་བྱས་པ་དགེའོ།། 

                           རྩོམ་སྒྲིག་པ། གསར་བ།
           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease