ལྷུང་བཟེད་ཀྱི་བཤད་པ་ཉེ་བར་མཁོ་བ་ཞེས་བྱ་བ་བཞུགས་སོ།།

    བསོད་ནམས་དོན་གྲུབ་ཀྱིས་བརྩམས།


ལྷུང་བཟེད་ཀྱི་བཤད་པ་ཉེ་བར་མཁོ་བ་ཞེས་བྱ་བ་བཞུགས་སོ།།


                        བསོད་ནམས་དོན་གྲུབ་ཀྱིས་བརྩམས།

     ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།།སློབ་དཔོན་ཡོན་ཏན་འོད་ཀྱིས་འདུལ་བ་མདོ་རྩ་༼རྩ་བ་ཕྱོགས་བསྒྲིཊ་ག་ཤོག་ངོས་༡༢ཕྲེང་༦པ༽ལས། ལྷུང་བཟེད་མེད་པར་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པར་མི་བྱའོ། །ཞེས་གསུངས་པས་ལྷུང་བཟེད་ནི་རབ་ཏུ་བྱུང་བ་རྣམས་ལ་མེད་དུ་མི་རུང་བའི་སྣོད་སྤྱད་ཅིག་ཡིན་པར་གསུངས་ཡོད། དེ་ཡང་ཁུངས་ཐུབ་ཀྱི་བཀའ་བསྟན་དག་ལས་ལྷུང་བཟེད་ཀྱི་རྒྱུ་ཚད་མདོག་དབྱིབས་རྣམས་ཇི་ལྟར་གསུངས་པ་ལྟར་གྱི་ལྷུང་བཟེད་ཚད་ལྡན་གཅིག་དགོས་ཀྱི་ཚད་ལྡན་མིན་ན་ལྷུང་བཟེད་ཀྱི་གོ་མི་ཆོད་པ་དང་དེ་ལ་བྱིན་རླབས་ཀྱང་མི་ཆགས་པར་གསུངས་ཀྱིན་ཡོད།

     དེར་བརྟེན་ཁོ་བོས་འདི་ནས་ལྷུང་བཟེད་ཚད་ལྡན་ཅིག་བཤད་པར་བྱ། འདི་ལ་ཐོག་མར་ལྷུང་བཟེད་ཀྱི་སྒྲ་བཤད། དེའི་རྒྱུར་རུང་མི་རུང་བཤད་པ། དེའི་དབྱིབས་རུང་མི་རུང་བཤད་པ། དེའི་ཁ་དོག་རུང་མི་རུང་བཤད་པ། དེའི་ཚད་ཆེ་ཆུང་བཤད་པ། དེ་ལོངས་སྤྱད་བཟོད་དུ་ཡོད་མེད་བཤད་པ་དང་དྲུག་ལས། དང་པོ་སྒྲ་བཤད་ནི།  བསོད་སྙོམས་ཀྱི་ཟས་ལྷུ༷ང་བ་འདི་ཡི་ནང་དུ་བཟེ༷ད་པར་བྱེད་པས་ན་ལྷུང་བཟེད་ཅེས་བྱའོ། །

     གཉིས་པ་རྒྱུ་རུང་མི་རུང་བཤད་པ་ལ་རུང་བའི་རྒྱུ་ནི་ལྕགས་དང་ས་གཉིས་པོ་ཁོ་ན་ཡིན་ཏེ། འདུལ་བ་ཕྲན་ཚེགས་༼འདུལ་བ་ཐ་༢༡རྒྱབ་ངོས་ཕྲེང་༢པ༽ལས། འདི་ལྟར་ལྕགས་དང་། སའི་ལྷུང་བཟེད་གཉིས་ནི་བྱིན་གྱིས་བརླབ་ཏུ་རུང་བ་དག་ཡིན་ནོ། །ཞེས་དང་།  གཞུང་དམ་པ་༼འདུལ་བ་པ་༢༦༦རྒྱབ་ངོས་༤༽ལས། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་ལྷུང་བཟེད་རྣམ་པ་གཉིས་གསུངས་ཏེ། ལྕགས་ལས་བྱས་པ་དང་། ཁམ་པ་ལས་བྱས་པའོ། །ཞེས་དང་། མེ་ཏོག་ཕྲེང་རྒྱུད་༼རྩ་བ་ཕྱོགས་བསྒྲིགས་ག་༤༢རྒྱབ་ངོས་ཕྲེང་༣པ༽ལས། ལྕགས་དང་ས་ལས་བྱས་རང་བཞིན། །ལྷུང་བཟེད་རྣམ་པ་གཉིས་སུ་བརྗོད། །ཞེས་གསུངས་པའི་ཕྱིར།  ལྕགས་དེ་ཡང་ཟངས་སོགས་དང་མ་འདྲེས་པའི་ལྕགས་ཞིག་དགོས་པ་ཡིན།

     མི་རུང་བའི་རྒྱུ་ནི་གསེར་དངུལ་ལ་སོགས་པའི་རིགས་རྣམས་ཡིན་ཏེ། གཞུང་དམ་པ་༼འདུལ་བ་པ་༢༦༦རྒྱབ་ངོས་༤༽ལས། ལྷུང་བཟེད་རྣམ་པ་བརྒྱད་ནི་མི་གནང་སྟེ། གསེར་དང་། དངུལ་དང་། བཻ་དཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པ་དང་། ཤིང་ལས་བྱས་པ་དང་། རྡོ་ལས་བྱས་པ་དང་། འཆིང་བུ་ལས་བྱས་པ་དང་། ཁར་བ་ལས་བྱས་པ་སྟེ། ཞེས་གསུངས་སོ། །བོད་འགའ་ཞིག་གིས་ཤེལ་ནི་འཆིང་བུ་ལ་གོ་དགོས་ཞེས་འགྲེལ་འདུག་མོད། མདོ་འདིས་ཤེལ་ལས་བྱས་པ་དང་འཆིང་བུ་ལས་བྱས་པ་གཉིས་སོ་སོར་བྱས་ནས་བཀག་འདུག་པས་དེའི་རྗེས་སུ་འབྲང་བར་མི་བྱའོ། །ཁར་བ་ནི་ལི་སྟེ། ལྷད་འདྲེས་པའི་ལྕགས་རིགས་ཞིག་གོ །དེའི་ཕྱིར་ཁོ་བོས་རུང་བའི་རྒྱུ་ལྕགས་ལ་ལྷད་མ་འདྲེས་པ་ཞིག་དགོས་པར་བཤད་པ་ཡིན།

     རྣམ་གྲངས་གཞན་ཡང་གཞུང་དམ་པ་༼འདུལ་བ་པ་ཤོག་ངོས་༦༡་ཕྲེང་༡༽ལས། ལྷུང་བཟེད་འདི་ལྔ་མེད་ན་ཡང་མ་འཚོལ་ཅིག  ཡོད་ན་ཡང་བཅའ་བར་མ་བྱེད་ཅིག །ལྔ་གང་ཞེ་ན། ཤེལ་གྱི་ལྷུང་བཟེད་དང་། རྡོའི་ལྷུང་བཟེད་དང་། ཁར་བའི་ལྷུང་བཟེད་དང་། རིན་པོ་ཆེའི་ལྷུང་བཟེད་དང་། ལྷག་པའི་ལྷུང་བཟེད་དོ། །ཞེས་གསུངས་པའི་ཕྱིར། འདིར་ལྷག་པའི་ལྷུང་བཟེད་ནི་རུང་བ་ཚད་ལྡན་གྱི་ལྷུང་བཟེད་གཉིས་པ་ལ་ཟེར་བ་ཡིན། རྡོའི་ལྷུང་བཟེད་ཡང་བཀག་པས་མི་རུང་བ་ཡིན་ནམ་ཞེ་ན། རྡོའི་ལྷུང་བཟེད་ནི་རྗེས་འཇུག་རྣམས་ལ་བཀག་པ་ཡིན་གྱི་དེ་བཞིན་གཤེགས་ལ་དམིགས་བསལ་གྱི་མི་རུང་བ་མ་ཡིན་ཏེ། རྒྱ་ཆེར་རོལ་བ་༼མདོ་སྡེ་ཁ་ཤོག་ངོས་༡༨༣རྒྱབ་ངོས་ཕྲེང་༥པ་༽ལས། རྒྱལ་པོ་ཆེན་པོ་དད་པ་དང་བས་བཞི་པོ་འདི་དག་གིས་བདག་ལ་རྡོའི་ལྷུང་བཟེད་བཞི་ཕུལ་ན། བདག་ལ་ནི་བཞི་མི་རུང་ལ། ཇི་སྟེ་གཅིག་གི་བླངས་ན་ནི་གསུམ་ཡང་མི་དགའ་བར་འགྱུར་ལ། བདག་གིས་ལྷུང་བཟེད་བཞི་པོ་འདི་དག་བླངས་སྟེ། ལྷུང་བཟེད་གཅིག་ཏུ་བྱིན་གྱིས་བརླབ་པོ་སྙམ་མོ། །ཞེས་སོགས་ཀྱིས་རྡོའི་ལྷུང་བཟེད་བཞི་པོ་ལྷུང་བཟེད་གཅིག་ཏུ་བྱིན་གྱིས་བརླབ་ནས་བཞེས་པར་གསུངས་པའི་ཕྱིར་དང་། མངོན་པར་འབྱུང་བའི་མདོ་དང་འདུལ་བ་གཞི་དག་ལས་ཀྱང་དེ་ལྟར་དུ་སྟོན་པས་རྡོའི་ལྷུང་བཟེད་བཞེས་པ་གསུངས་པའི་ཕྱིར།

      འདུལ་བ་ཕྲན་ཚེགས་ལས་རྡོ་དང་འཆིང་བུ་ལས་བྱས་པ་གཉིས་མ་བཀག་མོད་རག་དང་ཟངས་གཉིས་ལས་བྱས་པ་བཀག་སྟེ། འདུལ་བ་ཕྲན་ཚེགས་༼འདུལ་བ་ཐ་༢༡་རྒྱབ་ངོས་ཕྲེང་༢༽ལས། གཞན་ཡང་ལྷུང་བཟེད་རྣམ་པ་བཞི་པོ་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་དཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པ་དང་། གཞན་ཡང་ལྷུང་བཟེད་རྣམ་པ་བཞི་པོ་ར་གན་དང་། ཟངས་དང་། ཁར་བ་དང་། ཤིང་ལས་བྱས་པ་དག་ལས་འདི་ལྟར་ལྷུང་བཟེད་སྔ་མ་བཞི་པོ་གང་དག་ཡིན་པ་དེ་དག་ནི་མ་བླངས་པ་ཡང་བླང་བར་མི་བྱ་ལ། བླངས་པ་ཡང་གཏང་བར་བྱའོ། །ལྷུང་བཟེད་ཕྱི་མ་བཞི་པོ་གང་དག་ཡིན་པ་དེ་དག་ནི་མ་བླངས་པ་ཡང་བླང་བར་མི་བྱ་ཞིང་བླངས་པ་ན་སྨན་ཕོར་དུ་ལོངས་སྤྱད་པས་སྤྱད་པར་བྱ་བ་ཡིན་ནོ།།ཞེས་གསུངས་པའི་ཕྱིར། ར་གན་ནི་རག་སྟེ། མདོག་སེར་པོ་ཅན་ཞིག་ཡིན། འདིར་ར་གན་དང་། ཟངས་དང་། ཁར་བ་དང་། ཤིང་སོགས་ལས་བྱས་པའི་ལྷུང་བཟེད་སྨན་ཕོར་དུ་ལོངས་སྤྱད་པར་གནང་ཡང་། ལྷུང་བཟེད་ལྷག་པོ་འཆིང་བའི་ལྟུང་བྱེད་མི་འབྱུང་སྟེ། དེ་ལྷུང་བཟེད་རུང་བ་ཚད་ལྡན་མིན་པའི་ཕྱིར།
  གཉིས་པ་དབྱིབས་རུང་བ་ནི་ཟླུམ་པོ་ཡིན་ཏེ། འདུལ་བ་རྣམ་འབྱེད༼འདུལ་བ་ཅ་ཤོག་ངོས་༡༡༧རྒྱབ་ངོས་ཕྲེང་༤པ༽་ལས། ལྷུང་བཟེད་གསལ་བ། མཛེས་པ། ཟླུམ་པ། ལོངས་སྤྱད་བཟོད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། དེའི་ཤུགས་ལ་མི་རུང་བ་ནི་གྲུ་བཞི་དང་ཟུར་གསུམ་ཟུར་བརྒྱད་པ་སོགས་ཡིན་པ་ཤེས་སོ། །བོད་ཀྱི་འདུལ་གཞུང་དག་ལས་དབྱིབས་ནི་སྒོ་ང་ཕྱེད་པ་ལྟ་བུ་དགོས་པར་གསུངས་འདུག དེ་ལྟར་ན་སྒོང་ང་རྩེ་གཉིས་ནས་བཅད་པ་ལྟ་བུའི་དབྱིབས་ཀྱང་མི་རུང་བ་ཡིན་ནོ། །འོན་ཀྱང་དབྱིབས་སྒོ་ང་ཕྱེད་པ་ལྟ་བུ་དགོས་པ་འཕགས་ཡུལ་གྱི་གཞུང་གང་ལ་ཁུངས་གཏུགས་ཡོད་པ་དཔྱད་དགོས་སོ། །
 
     གསུམ་པ་ཁ་དོག་རུང་བ་ནི་ནག་པོ་ཡིན་ཏེ། གླེང་གཞིའི་སྐབས་སུ་ལྷུང་བཟེད་ནག་པོ་ཅན་ཞེས་མང་དུ་འབྱུང་བའི་དགེ་སློང་དག་གི་ལྷུང་བཟེད་ནག་པོ་ཡིན་པར་རྟོགས་ཐུབ་ལ་དེ་ཉིད་ཀྱིས་ནག་པོ་ནི་ཁ་དོག་རུང་བ་ཡིན་པའང་ཤེས་པའི་ཕྱིར་དང་།བོད་ཀྱི་འདུལ་གཞུང་དག་ལས་ཀྱང་ཁ་དོག་ནག་པོ་བྱ་རོག་གི་མིག་ལྟ་བུ་དགོས་པ་ཡང་གསུངས་པའི་ཕྱིར། ད་ལྟ་རྒྱབ་ཁབ་གཞན་གྱི་འདུལ་འཛིན་པས་ལྷུང་བཟེད་དཀར་པོ་ལོངས་སྤྱོད་ཀྱིན་ཡོད་པ་དེ་ནི་ཁོ་ཚོ་ལ་འགྲེལ་བཤད་ཅིག་ཡོད་ནའང་བོད་བརྒྱུད་ནང་བསྟན་དང་མི་མཐུན་སྟེ། འདུལ་བ་དམ་པ་༼འདུལ་བ་ན་ཤོག་ངོས་༡༣༡རྒྱབ་ཕྲེང་༤༽ལས། དགེ་སློང་གིས་ལྷུང་བཟེད་དཀར་པོ་བཅིངས་ན་ཅི་འགྱུར། ཉེས་བྱས་སོ། །ཞེས་མི་རུང་བ་གསུངས་པའི་ཕྱིར་དང་། སྡེ་བ་བཅོ་བརྒྱད་ནང་ལ་ལྷུང་བཟེད་མདོག་མི་འདྲ་བའི་ཁྱད་པར་ཡོད་པ་མ་གསུངས་པའི་ཕྱིར།

   བཞི་པ་ཚད་ནི་ལྷུང་བཟེད་ལ་ཆེ་འབྲིང་ཆུང་གསུམ་ཡོད་དེ། འདུལ་བ་རྣམ་འབྱེད་༼འདུལ་བ་ཇ་༡༤༨་རྒྱབ་ངོས་༢༽ལས། ལྷུང་བཟེད་ནི་གསུམ་ཏེ། ཆེན་པོ་དང་། འབྲིང་དང་། ཆུང་ངུའོ། དེ་ལ་ཆེན་པོ་ནི་གང་དུ་འབྲས་འཐུག་པོ་ཆེ་མ་ག་དྷཱའི་བྲེ་ཆུང་དོ་བཙོས་པ་སྲན་ཚོད་དང་བཅས། ཚོད་མ་དང་བཅས་པ་བླུགས་ན་ཁའི་ཆའི་མཐའ་ཁོ་ན་ནས་མཐེ་བོའི་ལྟོ་གང་གིས་མི་རེག་པའོ། །ཆུང་ངུ་ནི་གང་དུ་འབྲས་འཐུག་པོ་ཆེ་མ་ག་དྷཱའི་བྲེ་ཆུང་གང་བཙོས་པ་སྲན་ཚོད་དང་བཅས། ཚོད་མ་དང་བཅས་བླུགས་ན་ཁའི་ཆའི་མཐའ་ཁོ་ན་ནས་མཐེ་བོའི་ལྟོ་གང་གིས་མི་རེག་པའོ། །འབྲིང་དེ་གཉིས་ཀྱི་བར་རོ། །ཞེས་གསུངས་པའི་ཕྱིར། དེ་ལ་བོད་འགྲེལ་ཚད་ལྡན་དག་ལས་མ་ག་དྷཱའི་བྲེ་ཆུང་གང་ལ་ཡ་འཁྱོར་བདུན་ཤོང་བར་གསུངས་ལ་དེ་བཙོས་པའི་ཚེ་སུམ་འགྱུར་དུ་འཕེལ་བའི་འབྲས་ལ་ཡ་འཁྱོར་ཉི་ཤུ་རྩ་གཅིག་དང་། དེའི་སྟེང་ཚོད་མ་སྲན་ཚོད་དང་བཅས་པ་ལ་ཡ་འཁྱོར་བདུན་དང་། དེའི་སྟེང་མཐེ་བོའི་ལྟོ་གང་ལ་ཡ་འཁྱོར་གསུམ་དང་ཕྱེད་ཡོད་པས་ཁྱོན་ཡ་འཁྱོར་སུམ་ཅུ་སོ་གཅིག་དང་ཕྱེད་ཤོང་སའི་ལྷུང་བཟེད་ནི་ཆུང་བ་ཡིན།  དེ་གཉིས་འགྱུར་དུ་ཤོང་བ་ཆེ་ཚད་ཡིན་པར་གསུངས་པས་ཡ་འཁྱོར་དྲུག་ཅུ་རེ་གསུམ་ཤོང་བ་ནི་ཆེ་ཚད་ཡིན་པ་དང་། དེ་གཉིས་ཀྱི་བར་ནི་ལྷུང་བཟེད་འབྲིང་པོ་ཡིན། ཚད་འདི་གསུམ་ནི་རུང་བའི་ཚད་ཡིན། འདི་ལས་ལྷག་པའམ་ཆུང་བ་དག་ཚད་མི་རུང་བ་ཡིན་ནོ། །

    དེང་སང་གི་མི་འབྲིང་ཚད་ཅིག་གི་ཡ་འཁྱོར་གང་ལ་(二两)སྲང་དོ་ཡོད། དེ་སུམ་ཅུ་སོ་གཅིག་དང་ཕྱེད་ལ་སྲང་དྲུག་ཅུ་རེ་གསུམ་(六十三两)ཡོད་པས་ལྷུང་བཟེད་ཆུང་བ་ལ་དེང་སང་གི་འབྲས་སྐམ་པོ་རྒྱ་མ་དྲུག་དང་སྲང་གསུམ་ཤོང་བ་ཞིག་དགོས་པ་ཡིན། ཆེ་བ་ལ་འབྲས་སྐམ་པོ་རྒྱ་མ་བཅུ་གཉིས་དང་སྲང་དྲུག་ཤོང་བ་ཞིག་དགོས། འབྲིང་བ་ནི་དེ་གཉིས་ཀྱི་བར་རོ། །འདི་ནི་ཁའི་ཆའི་སྟོང་ཆ་རྩིས་ནས་འཇལ་བ་ཡིན། ཁའི་ཆའི་མཐེ་བོ་ལྟོ་གང་འཇོག་པ་ནི་ཟས་ལེན་པའི་ཚོད་ཡིན་གྱི་ཆེ་ཆུང་མཇལ་བའི་ཚེ་ན་དེ་དང་བཅས་པ་མཇལ་ནས་རྩི་བ་ཡིན། སྤྱི་བཤད་ཙམ་ཡིན་གྱི་ཞིབ་མོར་དགེ་སློང་རང་རང་གི་ཡ་འཁྱོར་ནས་མཇལ་དགོས་པར་གསུངས་པས་མ་ངེས།
 
       ལོངས་སྤྱད་རུང་མི་རུང་བཤད་པ་ནི། དེ་ལྟར་རྒྱུ་དབྱིབས་མདོག་ཆེ་ཆུང་སོགས་གོང་དུ་བཤད་པ་ལྟར་དུ་ཚང་བའི་ལྷུང་བཟེད་ལ་རུང་བ་ཚད་ལྡན་གྱི་ལྷུང་བཟེད་ཟེར། དེ་ནི་དགེ་སློང་གིས་རང་དོན་དུ་གཅིག་ཁོ་ན་བྱིན་གྱིས་བརླབ་ནས་འཆིང་ཆོག་པ་ཡིན། བྱིན་ཀྱིས་རླབས་ཚུལ་ནི། འདུལ་བ་གཞི་༼འདུལ་བ་ཀ་ཤོག་ངོས་༥༣རྒྱབ་ངོས་ཕྲེང་༣པ་༽ལས། འདི་ལྟར་བྱིན་གྱིས་བརླབ་པར་བྱ་སྟེ།  གཉི་ག་འགྲེང་སྟེ་ལག་པ་གཡོན་པར་ལྷུང་བཟེད་བཞག་ལ་གཡས་པས་ལྷུང་བཟེད་བཀབ་ནས་དེས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ལྷུང་བཟེད་ཟས་ལ་སྤྱད་པར་འོས་པ་དྲོང་སྲོང་གི་སྣོད་འདི་བསླང་བའི་སྣོད་དུ་བྱིན་གྱིས་བརླབ་བོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། མཁན་པོས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱའོ། །སློབ་མས་ལེགས་སོ་ཞེས་བརྗོད་པར་བྱའོ། །དེ་ནི་ལྷུང་བཟེད་བྱིན་གྱིས་བརླབ་པའོ། །ཞེས་གསུངས་པའི་ཕྱིར། དེ་ལྟར་བྱིན་བརླབ་སོགས་ཚད་དང་ལྡན་བའི་ལྷུང་བཟེད་རྡོལ་ན་འང་ལྷུང་བཟེད་གསར་བ་འཚོལ་མི་རུང་བར་དེ་ལ་ལྷན་པ་སྦྱར་ནས་ལོངས་སྤྱད་དགོས་པ་ཡིན། དེ་ཡང་ལྷན་པ་བཞིའི་ཚུན་ཆད་སྦྱར་བ་དོར་མི་རུང་བ་ཡིན་གྱི་ལྷན་པ་ལྔ་དང་དྲུག་སོགས་ཕོག་པ་ནི་ལོངས་སྤྱད་མི་རུང་བའི་གྲས་སུ་འགྲོ་བས་དེ་དོར་ནས་བག་ཡོད་ངང་ནས་ལྷུང་བཟེད་གསར་བ་འཚོལ་ཆོག་པ་ཡིན་ཏེ། འདུལ་བ་མེ་ཏོག་ཕྲེང་རྒྱུད་༼རྩ་བ་ཕྱོགས་བསྒྲིགས་པོད་ག་ཤོག་ངོས་༤༢རྒྱབ་ཕྲེང་༤པ༽ལས། ལྷན་པ་གཅིག་གཉིས་གསུམ་དང་བཞིས། །ལྷུང་བཟེད་གཞན་དག་བསླང་མི་རུང་། །ཞེས་གསུངས་པའི་ཕྱིར། དེ་ལྟར་ལྷུང་བཟེད་ལ་དགེ་སློང་དག་གིས་གཅེས་སྤྲས་བྱ་དགོས་སྟེ། མདོ་རྩ་༼རྩ་བ་ཕྱོགས་བསྒྲིགས་པོད་ག་ཤོག་ངོས་༣༠རྒྱབ་ཕྲེང་༢པ༽ལས། ལྷུང་བཟེད་མིག་བཞིན་དུ་བསྐྱང་བར་བྱའོ།།ཞེས་གསུངས་པའི་ཕྱིར། འོན་ཀྱང་དགེ་སློང་གིས་ལྷུང་བཟེད་ལས་གཞན་པའི་སྣོད་དུ་ཟས་ལ་ལོངས་སྤྱོད་ན་ལྟུང་བ་ཡོད་པར་གསུངས་པ་མི་གནང་མོད། བོད་ཀྱི་བླ་མ་འགས་ལུགས་སྲོལ་ལྟར་གསེར་དང་དངུལ་སོགས་ཀྱི་ཕོར་བ་བྱས་ནས་དེར་ཟས་ལ་ལོངས་སྤྱོད་པ་ནི་ཆོས་འདུལ་བ་དང་འགལ་ཏེ། འདུལ་བ་ཕྲན་ཚེགས་༼འདུལ་བ་ད་ཤོག་ངོས་༢༩ཕྲེང་༧པ་༽ལས། དགེ་སློང་གིས་གསེར་དང་། དངུལ་དང་། བཻ་དཱུརྱ་དང་། ཤེལ་ལས་བྱས་པ་ལ་སོགས་པའི་རིན་པོ་ཆེའི་སྣོད་དུ་བཟའ་བར་མི་བྱ་སྟེ། ཟ་ན་འགལ་ཚབས་ཅན་དུ་འགྱུར་རོ། །ཞེས་གསུངས་པའི་ཕྱིར། དེ་ལྟར་ལྷུང་བཟེད་ཀྱི་རྣམ་གཞག་མདོར་ཙམ་བརྗོད་པ་འདི་ནི་ཁམས་བྱེ་མ་ཐང་ནས་སློབ་བུ་བསོད་ནམས་དོན་འགྲུབ་ཀྱིས་སྦྱར་བ་དགེའོ།། །།                     2018 1 1
                         
 རྩོམ་སྒྲིག་པ། བློ་དཀར། 
           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease