
རྣམ་འགྲེལ་ཚད་གྲུབ་ལེའུའི་བསྡུས་དོན་སྲིད་ཞིའི་མེ་ལོང་།
ངག་དབང་བློ་གྲོས་རྒྱ་མཚོས་བརྩམས།
བླ་མ་དང་ལྷག་པའི་ལྷ་མཆོག་ལ་དད་འདུན་གྱི་མེ་ཏོག་བྱུ་བུར་སྤུངས་ཏེ་སྒོ་གསུམ་གུས་པ་དང་བཅས་པའི་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ།། ཐུགས་རྗེའི་སྤྱན་ཟུང་གཡོ་བ་མེད་པར་རྗེས་སུ་གཟུང་དུ་གསོལ།།
བསོད་ནམས་ཡེ་ཤེས་ཟུང་འཇུག་བ་གམ་ལས།།
མི་ཟད་རྒྱན་གྱི་འཁོར་ལོར་མངོན་འཕགས་པའི།།
ཞབས་སྐྱེས་གེ་སར་དྲེག་ལྡན་རལ་བའི་རྒྱན།།
ངལ་གསོ་ཕྱོགས་ལས་རྣམ་པར་རྒྱལ་ལ་འདུད།།
གླེང་སློང་བ།
དེ་ཡང་སྣང་ལ་མ་ངེས་པའི་འཇིག་རྟེན་གྱི་ཁམས་ཆེན་མོ་འདི་ནི་སྐྱེ་འགྲོ་ཐུན་མོང་གི་ལས་ཀྱིས་བསྐྲུན་ཞིང་། འཇིག་རྟེན་དུ་འཚོ་བའི་སྐྱེ་བོ་དག་ཀྱང་ཐུན་མོང་དུ་བཟོད་དཀའ་བའི་སྡུག་བསྔལ་བ་དུ་མས་གཙེས་ཤིང་ཧ་ཅང་ཉམ་ཐག་པའི་ངང་ནས་འཚོ་དགོས་དོན་ཡང་མཐར་གཏུགས་ན་སོ་སོའི་ལས་ཀྱིས་བསྐྲུན་པ་རེད། འཇིག་རྟེན་གྱི་སྐྱེ་བོ་དག་ལ་སུས་ཀྱང་མ་བཅོས་པའི་"རིན་ཐང་ལྟ་ཚུལ"་ཞིག་ཡོད་པ་ནི་བདེ་བ་དང་ཡིད་དུ་འོང་བ་ཁོ་ན་ཡིན་པ་ཡང་མྱོང་བས་གྲུབ། དེ་བས་སྤྱི་ཚོགས་ཀྱི་ཁྲོད་ནས་སྐྱེ་བོ་བློ་མིག་ཅན་དང་། ཁྱད་པར་བ་མང་དག་ཅིག་འཚར་ཏེ་བདེ་བ་མངོན་དུ་བྱེད་པའི་ཐབས་ལམ་དང་སྡུག་བསྔལ་སྤོང་བའི་གཉེན་པོ་རུ་ཤེས་བྱ་གཞིའི་གནས་ཚུལ། ལམ་གྱི་རིམ་པ། འབྲས་བུ་མཆོག་མངོན་དུ་བྱེད་ཚུལ་ཏེ། གཞི་ལམ་འབྲས་གསུམ་གྱིས་གྲུབ་མཐའ་ཞིག་གི་མ་མཐའི་ཚད་ཤིང་བྱས་ཏེ་ཐུན་མིན་གྱི་ཆོས་ལུགས་རེ་གཏན་ལ་ཕབ། ཆོས་ལུགས་དེ་དག་གི་སྟོན་པ་སོ་སོའི་རྣམ་དཔྱོད་ཀྱི་ཟབ་ཚད། ཞིབ་འཇུག་གི་ཁྱབ་ཁོངས་རྒྱ་ཆེ་ཆུང་། སྡུག་རུས་དང་བློ་སྟོབས་ཆེ་ཆུང་། ཕུགས་འདུན་ཆེ་ཆུང་གི་བར་ཁྱད་ཀྱིས་གནམ་འོག་གི་ཆོས་ལུགས་དག་གི་བར་དུ་ཧེ་བག་ཆེན་པོ་བྱུང་། འོན་ཏེ་ཆོས་ལུགས་ཀུན་གྱི་གཞི་རྩའི་དམིགས་ཡུལ་ནི་དོན་དམ་པའི་བདེ་བ་བརྙེས་པའི་ཐབས་སུ་བསྟན་པ་ཤ་སྟག་རེད། གནའ་བོའི་མཁས་པ་དག་གིས"བདེན་པ་དམ་པ་ནི་གཅིག་ཁོ་ན"རུ་འདོད་པ་ལས་གཞན་མི་འདོད་པས། གྲུབ་མཐའི་རྗེས་སུ་ཞུགས་པའི་སྐྱེ་བོ་ཕལ་མོ་ཆེས་རང་རང་གི་གྲུབ་མཐའ་ཁོ་ན་ཚད་མ་དང་། སྟོན་པ་སྐྱེ་བུ་ཚད་མར་སྒྲུབ་དོན་ཡང་ཞེན་གོག་ཙམ་མིན་པར་ཡིད་ཆེས་དང་དད་པ་བརྟན་པོས་སྒྲུབ་བཞིན་ཡོད། བཙན་པོའི་བཀའ་དང་། དཔོན་པོའི་དབང་ཤུགས་ཀྱིས་དཔྱོད་ལྡན་སྐྱེ་བོ་སུ་ལ་ཡང་མགུ་བ་བསྐྱེད་མི་ཐུབ་ཅིང་། ཡིད་ཀྱི་བརྟན་པ་འཕྲོག་མི་ནུ་པས་དགག་སྒྲུབ་སྙིང་སྟོབས་ཀྱིས་དབུལ་བའི་ཆོས་ལུགས་དག་ནི་དུས་ཡུན་ངེས་ཅན་ཞིག་ནས་མིང་མེད་དུ་འགྱུར་བར་གདོན་མི་ཟ། དེའི་ཕྱིར་རིགས་ལམ་དྲི་མ་མེད་པས་གཡུལ་བཀྱེས་པའི་ཚེ་སུ་ཞིག་རྒྱལ་ན་རྒྱལ་བའི་མཐར་ཐུག་དང་། ཕམ་ན་ཕམ་པའི་མཐར་ཐུག་ལ་འཇོག། དེའི་ཕྱིར་གནའ་བོའི་རྒྱ་གར་འཕགས་པའི་ཡུལ་དུ་ཡང་གྲུབ་མཐའ་སྣ་ཚོགས་ཀྱི་ཚ་རླབས་འཕྱུར་ཞིང་། གྲངས་ཅན་པ་དང་རིགས་པ་ཅན་ལྟ་བུའི་གྲུབ་མཐའ་སྟོབས་ལྡན་མང་ཐག་ཆོད་ཅིག་བྱུང་ཡོད་ན་ཡང་། མཉམ་མེད་ཐུབ་པ་ཆེན་པོའི་རིང་ལུགས་ནི་གྲུབ་མཐའ་གཞན་སུས་ཀྱང་བསྒྲུན་མི་ནུས་པའི་ཆོས་ལུགས་ཤིག་ཡིན་པར་རིགས་ལམ་རྣམ་པར་དག་པ་དང་དངོས་བྱུང་ལོ་རྒྱུས་ཀྱིས་ར་སྤྲོད་པར་ནུས། དེ་ཡང་ཞི་བའི་སྟོན་པ་མཆོག་གི་ཞལ་ནས"དགེ་སློང་དག་གམ་མཁས་རྣམས་ཀྱིས།།སྲེག་བཅད་བརྡར་བའི་གསེར་བཞིན་དུ།། ལེགས་པར་བརྟགས་ལ་ང་ཡི་བཀའ།།བླང་བར་བྱ་ཡི་གུས་ཕྱིར་མིན།།"ཞེས་གསུངས་པ་ལྟར་དུ་གནའ་བོའི་རྒྱ་གར་གྱི་གཏན་ཚིགས་རིགས་པ་སྨྲ་བ་སློབ་དཔོན་ཕྱོགས་གླང་དང་། དཔལ་ཆོས་གྲགས་ལྟ་བུའི་གཟུར་གནས་ཀྱི་མཁས་པ་གནམ་གྱིས་ས་བཀབ་པ་ལྟ་བུའི་དམ་པ་དག་གིས་གྲགས་པའི་རྗེས་སུ་མ་འབྲངས་བར། སྐུ་ཚེ་གང་པོར་སངས་རྒྱས་ཆོས་ལུགས་ལ་ཞིབ་འཇུག་ནན་ཏན་བྱས་པའི་མཐར་སངས་རྒྱས་ཆོས་ལུགས་ཀྱིས་ཡིད་ཀྱི་བརྟན་པ་ཡོངས་སུ་འཕྲོག། འདི་དང་འབྲེལ་ཏེ་གནའ་བོའི་རྒྱ་གར་ཡུལ་གྱི་ནང་བསྟན་གཏན་ཚིགས་རིགས་པ་བའི་ཚབ་མཚོན་མི་སྣ་རིགས་པའི་དབང་ཕྱུག་རྣམ་གཉིས་ཀྱི་འབྲེལ་ཡོད་ཀྱི་རྣམ་ཐར་རག་ཙམ་བརྗོད་པ་ལ་དགོས་པ་མང་དུ་མཐོང་བས་ཟུར་ཙམ་ཞུས་ན། སློབ་དཔོན་ཕྱོགས་གླང་ནི་བྲམ་ཟེའི་ཆོས་ལུགས་ཀྱི་ཁྱིམ་རྒྱུད་ཅིག་ཏུ་སྐུ་འཁྲུངས་ནས། སྐུ་ན་ཆུང་དུས་སུ་ཕ་མེས་ཀྱི་ཆོས་ལ་སྦྱང་བ་ཕུལ་དུ་ཕྱིན་ན་ཡང་། གཟུ་བོའི་མིག་གིས་བྲམ་ཟེའི་ཆོས་ལུགས་ལ་ཞིབ་ལྟ་བྱས་ཚེ།བྲམ་ཟེའི་ཆོས་ལུགས་ནི་འགལ་འདུ་ཆེ་བའི་ཆོས་ལུགས་སྐྱོན་ཅན་དུ་མཐོང་། དྲང་པོའི་སྙིང་སྟོབས་དང་། ཤེས་རབ་ཀྱི་མིག་རྣོ་བ་ཁོང་གིས་ཕ་མ་དང་སློབ་དཔོན་གྱི་ཐུགས་དང་འགལ་མིན་ལ་མ་བལྟས་པར། སྐབས་དེའི་རྒྱ་གར་གྱི་ནང་ཁུལ་དུ་ཤུགས་རྐྱེན་ཆེ་བའི་སངས་རྒྱས་ཆོས་ལུགས་ཀྱི་རྗེས་སུ་ཞུགས། སྐུ་ཚེ་གང་བོར་སངས་རྒྱས་ཆོས་ལུགས་ལ་ཞིབ་འཇུག་རྒྱ་ཆེར་བྱས་པས་ངེས་ཤེས་གཏིང་ནས་འཁྲུངས་ཏེ། སྐུ་ཚེ་གང་བོ་ཐོས་བསམ་སྒོམ་གསུམ་གྱིས་མདའ་བར་མཛད། ཕྱོགས་གླང་རང་ཉིད་ཀྱི་ཞལ་ནས"ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ།། སྟོན་པ་བདེར་གཤེགས་སྐྱོབ་ལ་ཕྱག་འཚལ་ཏེ།། ཚད་མ་སྒྲུབ་ཕྱིར་རང་གི་གཞུང་ཀུན་ལས།། བཏུས་ཏེ་སྣ་ཚོགས་འཐོར་རྣམས་འདི་གཅིག་བྱ།། ཞེས་གསུངས་ནས་ཚད་མ་ཀུན་བཏུས་ཀྱི་གཞུང་ཧྲིལ་བོ་ཡང་སྟོན་པ་ཚད་མའི་སྐྱེ་བུར་སྒྲུབ་པའི་སླད་དུ་གསུངས། སྐབས་འདིར་ཤེས་དགོས་པའི་གནད་གལ་ཆེན་ཞིག་ཡོད་དེ། སློབ་དཔོན་ཕྱོགས་གླང་ནི་ཚད་མའི་སྲོལ་འབྱེད་ཀྱི་སློབ་དཔོན་དུ་བགྲང་ནས་ཚད་མ་གླེང་ན་སློབ་དཔོན་ཕྱོགས་གླང་གླེང་དགོས་པའི་ཚད་དུ་ལོན་ཡོད། དེའི་རྒྱུ་མཚན་ཡང་འདི་ལྟར་མཐོང་སྟེ། གཏན་ཚིགས་རིགས་པའི་གཞུང་ལུགས་འདི་ནི་ཆེས་ཐོག་མར་རིག་པ་ཅན་དང་། གྲངས་ཅན་པའི་མཚོན་པའི་ཕྱི་རོལ་བའི་གྲུབ་མཐའ་དག་གི་ནང་དུ་རྩ་བ་སྨིན་ཞིང་། རྩེ་མོ་རྒྱས། དུས་ཕྱིས་སུ་དགོན་སྡེ་དག་གི་ནང་དུ་འཆད་ཉན་གྱི་སྲོལ་ཆེ་ཆེར་དར། དེ་ཡང་སློབ་དཔོན་ཕྱོགས་གླང་གི་སྐབས་དེར་དར་བར་བརྩམས་ཤིང་དེའི་སྔོན་དུ་ཡང་དགྲ་བཅོམ་པ་འཆོས་སྐྱོབ་དང་། སློབ་དཔོན་དབྱིག་གཉེན་གཉིས་ཀྱིས་ཚད་མའི་བསྟན་བཅོས་སྨྲ་བའི་སྒོ་དང་རྩོད་སྒྲུབ་གཉིས་མཛད་པར་གྲགས་མོད། སྐབས་དེར་གཞུང་དེ་གཉིས་ལ་དོར་སྣང་དེ་ཙམ་བྱས་མེད་པའི་ཚོད་རེད། དེ་བས་ནང་བསྟན་གཏན་ཚིགས་རིགས་པའི་གཞུང་ལུགས་ནི་ཕྱོགས་གླང་གི་དུས་ནས་དར་བ་ཤེས་དགོས་ཏེ། ཁོང་གིས་ནང་བསྟན་གཙུག་ལག་གི་ནང་དུ་ནང་བསྟན་གཏན་ཚིགས་རིགས་པའི་གཞུང་ལུགས་རང་རྐྱ་འཕེར་བ་ཞིག་མེད་པ་ནི་སྟོང་ཆ་ཞིག་ཡིན་པར་གཟིགས།སྟོང་ཆ་དེ་ཁ་སྐོང་ཕྱིར་རིག་སྒོ་དང་ཚད་མ་ཀུན་བཏུས་རང་འགྲེལ་དང་བཅས་པ་གཙོས་པའི་གཏན་ཚིགས་རིགས་པའི་གཞུང་ལུགས་རྒྱ་ཆེར་བརྩམས། དེ་བས་སློབ་དཔོན་ཕྱོགས་གླང་གིས་གཏན་ཚིགས་རིགས་པ་དེ་ནང་བསྟན་མཚན་ཉིད་རིགས་པ་ཅན་དུ་བསྒྱུར་ཞིང་། དུས་དེར་ཁོང་ལ་གཏན་ཚིགས་རིགས་པའི་གཞུང་ལུགས་ཀྱི་སྲོལ་འབྱེད་པའི་ཆོ་ལོ་ཐོབ་པ་རེད། གཞན་ཕྱོགས་ཀྱི་གླང་པོའི་སྔོན་དུ་ཚད་མའི་གཞུང་ལུགས་མེད་པར་ཐག་གཅོད་པ་ནི་ནོར་འཁྲུལ་གྱི་རིགས་ཤིག་ཡིན་པར་ཤེས་དགོས་སོ།། རིགས་པའི་དབང་ཕྱུག་དཔལ་ཆོས་ཀྱི་གྲགས་པའི་སྐུ་ཚེའི་བྱུང་བ་ལ་བལྟས་ན། ཁོང་ནི་མུ་སྟེགས་ཆོས་ལུགས་ལ་དད་གུས་ཧ་ཅང་ཆེ་བའི་ཁྱིམ་ཚང་ཞིག་ཏུ་འཁྲུངས་ཤིང་། སྐུ་ན་ཆུང་དུས་སུ་རང་གི་ཡབ་མེས་ཀྱི་ཆོས་དང་ཐུན་མོང་གི་རིག་གནས་ལ་སྦྱང་བའི་རྩེར་སོན། སྐབས་དེར་རང་གི་ཡབ་མེས་ཀྱི་གྲུབ་མཐའ་ལ་འགལ་འདུ་མང་དུ་ཡོད་པར་གཟིགས་ཏེ། སངས་རྒྱས་ཆོས་ལུགས་ལ་རབ་ཏུ་མོས་པར་གྱུར། དེའི་ཚེའི་ཁོང་ནང་པའི་དགེ་སྦྱོང་གི་ཆ་ལུགས་བྱས་པ་ན། ཡབ་དང་བྲམ་ཟེ་དག་གིས་གནས་ནས་བསྐྲད། སྐྱེ་འགྲོ་ཡོངས་ཀྱི་ཆེད་དུ་གནས་ལུགས་ཀྱི་བདེན་པ་འཚོལ་བར་བློ་ཐག་རྦད་དེ་ཆོད་ཟིན་པའི་ཁོང་ལ་འགལ་རྐྱེན་དེ་ཙམ་གྱིས་གནོད་པར་ག་ལ་ནུས་ཏེ། ངང་པ་པད་མཚོར་འཇུག་པ་ལྟར་དགའ་བདེ་དང་བཅས་རྒྱ་གར་དབུས་སུ་བྱོན། སངས་རྒྱས་ཆོས་ལུགས་ལ་ཐོས་བསམ་སྒོམ་གསུམ་གྱིས་བརྡར་ཤ་ཡོངས་སུ་བཅད། ལྷག་ཏུ་སློབ་དཔོན་དབང་ཕྱུག་སྡེ་ལས་ཚད་མ་ཀུན་བཏུས་རང་འགྲེལ་དང་བཅས་པ་ཚར་གསུམ་གསན་ནས་རྟོག་གེའི་རིགས་པ་ལ་བྱང་ཆུབ་པར་མཛད། དེའི་ཚེ་རང་གི་བཤེས་གཉེན་སློབ་དཔོན་དབང་ཕྱུག་སྡེས་ཀྱང་ཕྱོགས་གླང་གི་དགོངས་པ་ཕྲ་མོ་རྣམས་མ་རྟོགས་པར་གཟིགས་ཏེ་སློབ་དཔོན་ལ་བཀའ་འདྲི་ཞུས་ཚེ།སློབ་དཔོན་རབ་ཏུ་མཉེས་ཏེ་རང་གི་ཁས་བླངས་དག་ཕྱོགས་སྔ་རུ་བླངས་ཏེ་སུན་དབྱུང་ལ་ཚད་མ་ཀུན་བཏུས་ཀྱི་ཟབ་དོན་མ་ནོར་བར་བཀྲལ་བའི་ལེགས་བཤད་ཅིག་གྱིས་ཞེས་བཀའ་བསྩལ་བ་ལྟར་རྣམ་འགྲེལ་གྱིས་གཙོས་པའི་ཚད་མ་སྡེ་བདུན་པོ་བརྩམས་སོ།། མཁས་པ་ཡོན་ཏན་དཔག་མེད་ཀྱང་།། གཞན་གྱི་ཡོན་ཏན་ཆུང་ངུའང་ལེན།། ཞེས་གྲགས་པ་ལྟར་དེ་ཙམ་གྱིས་ཀྱང་ཐུགས་ག་ལ་ཚིམས་ཏེ། དངོས་སུ་མུ་སྟེགས་བྱེད་དང་རྩོད་པར་འདོད་ནས། མུ་སྟེགས་ཀྱི་གསང་ཚིག་མཐའ་དག་མ་ཤེས་ན་ཁས་ལེན་དང་དམ་བཅའ་མཐའ་དག་འགོག་མི་ནུས་པར་དགོངས་ཏེ། ཁོལ་པོའི་ཆ་ལུགས་སུ་བརྫུས་ནས། དཀའ་སྤྱད་དུ་མས་གསང་ཚིག་མཐའ་དག་ཤེས་པར་བྱས། ཐ་ན་ཤིན་ཏུ་གསང་བའི་འདོད་སྤྱད་ཀྱི་དུས་སུ་བསྟན་པ་དག་ཀྱང་ཐུགས་སུ་ཆུབ་པར་བྱས། འདིས་ནི་རྣམ་འགྲེལ་དུ་མུ་སྟེགས་བྱེད་འགོག་པའི་ཚེ་ཕྱོགས་སྔ་ལོན་མེད་པར་བཤད་པ་དང་། གྲུབ་མཐའ་ཆག་རོ་འགའ་ཞིག་ཆེད་དུ་བསལ་ཏེ་དགག་པ་བྱས་པར་འདོད་པའི་ལོག་རྟོག་ཀུན་བསལ་ནུས་སོ།། དེ་ལྟར་མུ་སྟེགས་བྱེད་ཀྱི་གྲུབ་མཐའི་གནད་གསང་མ་ལུས་པ་མཁྱེན་ཏེ། དངོས་སུ་མུ་སྟེགས་བྱེད་དང་རྩོད་པར་མཛད། དེ་དག་རྒྱས་པར་སྤྲོས་ན་མང་དྲག་པས་འདིར་སྡོམ་སྟེ་བཤད་ན། ཆོས་འབྱུང་དང་ལོ་རྒྱུས་དག་ཏུ་བཀོད་པ་དག་བསྡུས་ན་རྩོད་པ་ཆེན་མོ་ཐེངས་བཅུ་ཙམ་ལ་མཛད་པར་དཔོགས་ནུས། ཐེངས་བཅུ་ཆར་གྱི་རྩོད་ཡུལ་དག་ཀྱང་སྐབས་དེའི་མུ་སྟེགས་བྱེད་ཀྱི་མཁས་པ་རྩེ་གྲ་ཤ་སྟག་ཡིན་ཏེ། དཔེར་ན་བྲམ་ཟེ་ཀ་ན་གུད་ཏ་དང་། སྟོན་པ་གཞོན་ནུ་རོལ་དང་ཀ་ཊ་དཱ་རོ་རུ་སོགས་ཀྱིས་མཚོན་ནུས། འདིས་ནི་རྣམ་འགྲེལ་དུ་བཀོད་པའི་རིགས་པ་དག་ཕྱོགས་སྔ་དང་ཐོད་གཏུགས་ནས་བཀོད་པ་མ་ཡིན་པས་ནུས་པ་མེད་པར་སྨྲ་བ་དང་། ཆེས་སྤྱིར་བཏང་གི་མུ་སྟེགས་བྱེད་དག་དང་རྩད་པས་རིགས་པ་རྣོ་མེད་པ་ཤ་སྟག་ཡིན་ནོ་ཞེས་ལོག་པར་སྨྲ་བ་དག་ཀྱང་བསལ་བ་ནོ། རང་ཉིད་ཀྱི་ཞལ་ནས་གལ་ཏེ་ཆོས་ཀྱི་གྲགས་པ་ཡི།། སྨྲ་བའི་ཉི་མ་ནུབ་གྱུར་ན།། ཆོས་རྣམས་གཉིས་ལོག་ཡང་ན་ཤི།། ཆོས་མ་ཡིན་རྣམས་ད་གདོད་ལོངས།། ཞེས་སྤོབས་པས་བསྒྲགས། འདི་དག་ལ་དཔགས་ན་སྐབས་དེར་རྒྱ་གར་དུ་དཔལ་ཆོས་ཀྱི་གྲགས་པ་ནི་མཚན་ཐོས་པ་ཙམ་གྱིས་ཀྱང་མི་སྟེགས་བྱེད་མཐའ་དག་འཇིགས་ཤིང་བག་ཚ་དགོས་པའི་འཇིགས་མེད་སྨྲ་བའི་སེང་གེ་ཉག་གཅིག་ཡིན་པར་ཤེས་ནུས། དེ་ལྟར་ཉིད་ཀྱིས་སྐུ་ཚེ་གང་བོར་མཐའ་མེད་པའི་སེམས་ཅན་གྱི་ཆེད་དུ་འཆད་རྩོད་རྩོམ་གསུམ་གྱིས་དུས་འདའ་བར་བྱས་ཤིང་། གཞན་ཡང་སྐུ་ཚེ་གང་གི་རིང་ལ་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་བླངས་ནས་བསྟན་པ་ཚུལ་བཞིན་དུ་སྐྱོང་བའི་སྐྱེ་བོ་དང་བསླབ་པའི་གཞི་ལྔ་ལ་ཁས་ལེན་ནས་དགེ་བསྙེན་དུ་བཅུག་པ་འབུམ་ལྷག་ཙམ་བྱུང་། དགེ་འདུན་གྱི་སྡེ་དང་གཙུག་ལག་ཁང་སྟོང་ཕྲག་བརྒལ་བ་བཞེངས།འདིས་ནི་དོ་ཞག་གི་མཁས་མིང་འཛིན་པ་དག་དང་རིགས་པ་སྨྲ་བར་རློམ་པའི་མངོན་པའི་ང་རྒྱལ་ཅན་དག་གིས་ལྷག་བསམ་གྱི་སྦྱོར་བ་རིང་དུ་སྤངས་ཏེ། རྙེད་འདོད་གྲགས་འདོད་ཁོ་ནས་དགག་སྒྲུབ་ཀྱི་གཡུལ་བཤམ་པ་དང་། བསྟན་པ་འཛིན་པར་ཁ་གཡར་ནས་ལུས་ངག་གི་དགེ་བ་ཡོད་ཚད་དགག་རྐྱང་བྱེད་མཁན་གྱི་མི་དག་ཕྱིན་ཆད་བག་ཡོད་པར་གྱིས་ཞེས་ནན་གྱིས་གདམས་པའོ།། དེ་ལྟར་ཕྱོགས་གླང་ཡབ་སྲས་གཉིས་ཆར་གྱི་མཛད་རྣམ་ལ་དཔོགས་ཏེ་གཟུ་བོས་བལྟས་ན་ད་གཟོད་སྟོན་པ་ཚད་མའི་སྐྱེ་བུ་སྒྲུབ་དོན་ནི་ཕྱོགས་ཞེན་དང་ཨུ་ཚུགས་ཀྱིས་མིན་པར་དྲང་པོའི་མིག་དང་གཟུ་བོའི་བློས་དཔྱད་ནས་བསྟན་འགྲོ་ཡོང་ཀྱི་ཆེད་དུ་བསྒྲུབས་པ་ནི་ཟུར་བལྟས་ལེབ་མཐོང་ཡིན། དེའི་ཕྱིར་དཔལ་ཆོས་ཀྱི་གྲགས་པའི་རྗེས་སུ་ཞུགས་ནས་དོན་དང་དོན་མིན་རྣམ་པར་འབྱེད་ན་ད་གཟོད་ཡངས་ཤིང་རྒྱ་ཆེ་བའི་ལམ་ཞིག་ཏུ་ཞུགས་པ་ཁོ་ན་ཡིན་པས། ཁོ་བོས་ཀྱང་ཚད་མ་གྲུབ་པའི་ལེའུ་ལ་ཞིབ་ལྟ་ཐེངས་ཤིག་བྱེད་པར་སྤྲོའོ།།
དཀྱུས་ཀྱི་དོན།
ད་ནི་དཀྱུས་ལ་འཇུག་པར་བྱ་སྟེ།དེ་ཡང་ཐོག་མར་སུ་ལ་ཡང་འདི་འདྲའི་དྲི་བ་དག་སེམས་ལ་དབང་མེད་དུ་འཁོར་ཡོང་སྟེ།ཅིའི་ཕྱིར་སྟོན་པ་ཚད་མའི་སྐྱེ་བུར་བསྒྲུབ་དགོས།ཚད་མའི་ངོ་བོ་ནི་གང་འདྲ་ཞིག་ལ་ངོས་བཟུང་དགོས།སྟོན་པ་ཚད་མའི་སྐྱེ་བུར་སྒྲུབ་བྱེད་ཀྱི་རིགས་ལམ་དྲི་མ་མེད་པ་དག་ནི་གང་ཡིན་སྙམ་ངེས།༡༽དེ་ལ་ཐོག་མར་ཅིའི་ཕྱིར་སྟོན་པ་ཚད་མའི་སྐྱེ་བུར་བསྒྲུབ་དགོས་སམ་ཞེ་ན།དོན་དང་དོན་མ་ཡིན་པར་རྣམ་པར་འབྱེད་པའི་ཆེད་དུ་ཡིན་པར་གསུངས་ཏེ།རང་འགྲེལ་སྟོང་ཕྲག་ཕྱེད་དང་བཞི་བ་ལས།དོན་དང་དོན་མ་ཡིན་པར་རྣམ་པར་འབྱེད་པ་ནི་རྗེས་སུ་དཔག་པ་ལ་བརྟེན་པའི་ཕྱིར་ཡིན་ལ།དེ་ལ་ཡང་ལོག་པར་རྟོག་པས་དེ་རྣམ་པར་བཞག་པའི་ཕྱིར་བཤད་པ།ཞེས་གསུངས་ཤིང་འདིའི་དོན་དང་དོན་མ་ཡིན་པའི་གོ་བ་ལེན་ཚུལ་ལ་ཡང་མི་འདྲ་བ་བཞི་ཙམ་དུ་འདུས་པར་སྣང་ཞིང་།འཐད་པའི་ཕྱོགས་ནི།དོན་ནི་མངོན་མཐོ་ངེས་ལེགས་དང་དོན་མ་ཡིན་པར་དེ་ལས་བཟློག་པ་ཡིན་ཏེ་སྟོན་པ་ཚད་མའི་སྐྱེ་བུར་སྒྲུབ་པའི་ཉིང་དགོས་མཐར་ཐུག་པ་ནི་གྲོལ་བ་དོན་གཉེར་གྱི་སྐྱེ་བུ་དག་གིས་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ཚུལ་བཞིན་དུ་ངེས་ནས་ཟག་མེད་བདེ་བ་ཆེན་པོ་མངོན་དུ་འགྱུར་བའི་ཆེད་ཡིན་པའི་ཕྱིར།འདིར་ཀུན་མཁྱེན་གོ་རམས་པས།དོན་ནི་ཚད་མའི་སྐྱེ་བུ་ཡིན་པ་དང་།དོན་མིན་པ་ནི་དེ་ལས་བཟློག་པ་ལ་གོ་དགོས་ཚུལ་གསུངས་པ་དང་ཡང་འགལ་བ་མེད་དེ།སྟོན་པ་ཚད་མར་སྒྲུབ་དོན་ཡང་མཐར་གཏུགས་ན་བཤད་མ་ཐག་པ་ལྟར་ཡིན་པའི་ཕྱིར།པཎྜི་ཏ་ཁ་ཅིག་གིས།དོན་ནི་ཕན་པ་དང་དོན་མ་ཡིན་པ་ནི་མི་ཕན་ལ་གོ་དགོས་པར་གསུངས་བ་ཡང་གཞུང་དང་མཐུན་ཏེ།ཕན་པ་དང་མི་ཕན་པ་ནི་ལམ་ཡང་དག་པ་དང་ཕྱིན་ཅི་ལོག་ལ་གོ་དགོས་ཤིང་།གྲོལ་འདོད་ཀྱི་སྐྱེ་བོའི་དོན་དུ་གཉེར་བྱ་གཙོ་བོ་ཡང་ལམ་ཡང་དག་པའམ་ཕན་པ་དེ་ཡིན་པས་སོ།།ལྷ་དབང་བློས་བརྗོད་པའི་སྐྱོན་དག་ཀྱང་མི་འཇུག་སྟེ།ཕན་པ་དང་མི་ཕན་པར་རྣམ་པར་འབྱེད་པར་རྗེས་སུ་དཔག་པ་ལ་གཙོ་བོར་བརྟེན་དགོས་པ་ལ་དགོངས་པའི་ཕྱིར།སྐབས་འདིར་དཔྱད་གཞི་མཆིས་ཏེ།ཐར་འདོད་ཀྱི་སྐྱེ་བུའི་འདོད་དོན་འགྲུབ་པའི་ཆེད་དུ་ཐུབ་པ་ཚད་མར་བསྒྲུབ་མི་དགོས་ཏེ།མངོན་རྗེས་ཀྱི་ཚད་མ་དག་ལས་དེ་འགྲུབ་པའི་ཕྱིར་ཞེ་ན།དེའི་ལན་དུ།དོན་རེ་འགའ་བ་སྒྲུབ་པའི་ཆེད་དུ་སྟོན་པ་ཚད་མར་སྒྲུབ་པ་མ་ཡིན་གྱི་མངོན་མཐོ་དང་ངེས་ལེགས་ཀྱི་འཇུག་ངོགས་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཕྱིར་དུ་བསྒྲུབས་པས་སྐྱོན་མེད་ཞེས་ལན་བཏབ་མོད།དེ་ལ་ཡང་དཔྱད་དགོས་ཏེ།དེའི་དོན་དུའང་ཐུབ་པ་ཚད་མར་བསྒྲུབ་མི་དགོས་པར་འགྱུར་ཏེ།སྐྱེ་བ་སྔ་ཕྱི་དང་བདེན་བཞིའི་བླང་དོར་གྱི་གནས་རྣམས་དངོས་སྟོབས་ཀྱིས་གྲུབ་པར་ཐུན་མོང་དུ་ཁས་བླངས་པའི་ཕྱིར་ཞེ་ན།དེའི་ལན་དུ་ཡང་།སྟོན་པའི་གསུང་ལ་མ་བརྟེན་པར་བདེན་བཞིའི་གནས་ཚུལ་ཕྲ་མོ་དག་རྟོགས་མི་ཐུབ་པས།དངོས་སྟོབས་ཀྱིས་རྟོགས་ག་ལ་ནུས།སྟོན་པའི་གསུང་རབ་ལས།མངོན་མཐོ་ངེས་ལེགས་ཀྱི་ཐབས་སོར་སྐྱེའི་མངོན་སུམ་ལ་ཐུག་གི་བར་དུ་བསྟན།བསྟན་པའི་དོན་ལ་བརྟགས་ཤིང་དཔྱད་པས་ཕྱིན་ཅི་མ་ལོག་པར་ངེས་ནས་བསྟན་པ་སྐྱོན་མེད་དུ་མཐོང་།དེ་ལས་སྟོན་པ་ཚད་མར་གྲུབ་པས་སྐྱོན་མེད་དོ་ཞེས་སྨྲ་བར་བྱེད་མོད།འདི་ལ་ཡང་དཔྱད་དུ་ཡོད་དེ།སྟོན་པ་ཚད་མའི་སྐྱེ་བུ་སྒྲུབ་པའི་གོ་རིམ་ལ་བརྟགས་ཚེ།བདེན་བཞི་ཕྱིན་ཅི་མ་ལོག་པར་ཤེས་ནས་སྟོན་པ་ཚད་མར་བསྒྲུབ་དགོས་པར་གསུངས་པ་དང་།རྣམ་འགྲེལ་ལེའུ་དང་པོར་ཉེས་ཟད་ཀྱི་སྐྱེ་བུའི་གསུང་ལ་མ་བརྟེན་པར་ཉེས་ཟད་ཀྱི་སྐྱེ་བུར་ངེས་མི་ནུས་པར་གསུངས་ཤིང་།དེ་བཞིན་དུ་གཞུང་ཕལ་མོ་ཆེར་སྟོན་པའི་བསྟན་པ་ཇི་བཞིན་དུ་ངེས་ནས་སྟོན་པ་ལ་ཡིད་ཆེས་རྙེད་དགོས་པར་གསུངས་པས་སྟོན་པ་ཚད་མའི་སྐྱེ་བུར་ངེས་པ་ལ།སྟོན་པའི་གསུང་གི་བརྗོད་བྱ་ངེས་པ་སྔོན་དུ་འགྲོ་དགོས་སམ་མི་དགོས།དང་པོ་ལྟར་ན།ཐར་ལམ་ཕྱིན་ཅི་མ་ལོག་པ་ཡིན་པར་རང་གིས་ངེས་ཟིན་པས།གཞི་ནས་སྟོན་པ་ཚད་མར་བསྒྲུབ་པ་དོན་མེད་པར་འགྱུར་ཏེ།སྐྲ་བཞར་ནས་ཚེས་གྲངས་བརྟག་པ་བཞིན།ཕྱི་མ་ལྟར་ན།སྟོན་པའི་སྐུ་མཇལ་བ་ཙམ་གྱིས་ཀྱང་ཚད་མར་ངེས་པར་ཐལ་བ་དང་།རྣམ་འགྲེལ་དུ་འཕངས་བའི་རིགས་པ་ཕལ་ཆེར་དོན་མེད་པར་འགྱུར་རོ།།འདིའི་ལན་དུ་ཁ་ཅིག་གིས།སྟོན་པའི་གསུང་རབ་ཀྱི་ཆ་འགའ་ཞིག་སྟེ།བདེན་བཞིའི་གོ་བ་རག་པ་ཙམ་ཞིག་ལ་ཡིད་ཆེས་རྙེད་ནས་སྟོན་པ་ཚད་མར་གྲུབ་བོ་ཞེས་སྨྲ་བ་ཡང་བབ་ཅོལ་ཏེ།དེ་ལྟར་ན་གསུང་གི་ཆ་འགའ་ལ་མི་བསླུ་ན་མི་བསླུ་བའི་ཁྱབ་དགོས་པར་འགྱུར་ཞིང་།འདོད་མི་ནུས་ཏེ།རྣམ་འགྲེལ་ལེའུ་དང་པོར།རིག་བྱེད་ཀྱི་སྒྲ་ཕྱོགས་གཅིག་ལ་མི་བསླུ་བ་ཙམ་གྱིས་མི་བསླུ་བའི་ཁྱབ་པ་བསྒྲུབ་པ་དག་ལ།སྐྱེ་བུ་མང་དུ་སྨྲ་བ་ལ།།བདེན་པའི་དོན་གཅིག་མེད་པ་མིན།།ཞེས་རིགས་པས་བཀག་ཅིང་།མངོན་སུམ་གྱིས་ཀྱང་འགྲུབ་པའི་ཕྱིར།དེ་བས་དོགས་པ་འདིའི་རིགས་ནི་གཞུང་ལུགས་སྤྱི་ལ་ཡང་ཡོང་སྲིད་པས་དཔྱད་འཚལ།མདོར་ན་སྟོན་པ་ཚད་མར་སྒྲུབ་དགོས་པའི་ཉིང་དགོས་མཐར་ཐུག་ནི།སོར་སྐྱེའི་བློ་ནི་འཇུག་པ་རྩིང་ཞིང་ཡུལ་གྱི་གནས་ཚུལ་མ་འདྲེས་པར་རང་སྟོབས་ཀྱིས་གཏན་ནས་རྟོགས་མི་ནུས་པས།དེ་ཇི་བཞིན་དུ་མཁྱེན་པའི་ཤེས་ལྡན་ཞིག་འཚོལ་དགོས་ཤིང་།ཤེས་ལྡན་དེ་ཚད་མར་ངེས་ནས་ད་གཟོད་དེ་ལ་ཡིད་ཆེས་བརྟན་པོས་རྗེས་སུ་ཞུགས་ན་ནོར་བ་མེད་པའི་ལམ་ཡང་དག་པར་ཞུགས་པ་ཁོ་ན་ཡིན་པས་སྟོན་པ་ཚད་མའི་སྐྱེ་བུར་བསྒྲུབས་པའོ།།༢༽འོ་ན་ཚད་མ་དེའི་ངོ་བོ་ནི་གང་ཞེ་ན།སྤྱིར་ཚད་མའི་ངོ་བོ་དང་དེའི་དབྱེ་བ་དེའི་བྱེད་ནུས་སོགས་རྒྱས་པར་སྤྲོས་ན་ཧ་ཅང་མང་དྲག་པས་འདིར་གནད་ཆེ་བ་འགའ་བཀོད་ན། སྤྱིར་ཚད་མའི་འཇོག་བྱེད་ནི།མི་བསླུ་བའི་ཤེས་པ་ཡིན་ཏེ།རྣམ་འགྲེལ་དུ།ཚད་མ་བསླུ་མེད་ཅན་ཤེས་པ།།དོན་བྱེད་ནུས་པར་གནས་པ་ནི།།མི་བསླུ།།ཞེས་གསུངས་ཤིང་དེ་ལ་མཚན་ཉིད་ཀྱི་སྐྱོན་སྤོང་བའི་ཕྱིར་དུ།སྒྲ་ལས་བྱུང་བ་ཡང་།།ཞེས་པ་ནས།དེ་ཡོད་ན་འདི་ཡོད་ཕྱིར་རོ་ཞེས་པའི་བར་གྱི་ཚིག་བཅད་བཞི་ཙམ་གྱིས་བསྟན་ཞིང་།ཆོས་རྗེ་ས་པཎ་གྱིས།མི་བསླུ་མ་ཤེས་དོན་གསལ་གཉིས།།རང་མཚན་རྟོགས་པར་དོན་ལ་མཐུན།།ཞེས་ཚད་མའི་མཚན་ཉིད་དུ་མི་བསླུ་བའི་ཤེས་པར་གསུངས་ཤིང་།མི་བསླུ་བའི་དོན་ཡང་།བྱ་བྱེད་ལས་གསུམ་གྱིས་མི་བསླུ་བའི་ཁྱད་པར་གསུམ་ལྡན་ལ་འཇོག་སྟེ།ལས་གང་ལ་མི་བསླུ་ཞེ་ན།འཇུག་ལྡོག་གི་ཡུལ་ལ་མི་བསླུ་བ།ཡུལ་གྱི་ཁྱད་པར་ཡོངས་སུ་བཅད་པའི་འཇུག་ཡུལ་ཐོབ་པ་དང་།བྱེད་པའི་ཁྱད་པར་ཤེས་པ་ཚད་མས་དོན་ཇི་ལྟར་གནས་པ་ལྟར་འཇལ་བའི་བློ་ལ་འཇོག་སྟེ།མི་བསླུ་ལས་དང་བྱེད་པོ་དང་།།བྱ་བ་གསུམ་གྱི་བདག་ཉིད་ཅན།།ཞེས་གསུངས་སོ།།དེ་ལ་དབྱེ་ན་མངོན་རྗེས་གཉིས་སུ་གྲངས་ངེས་ཏེ།གཞལ་བྱ་ལ་རང་སྤྱི་གཉིས་སུ་ངེས་པའི་ཕྱིར།འདིར་མངོན་སུམ་ནི་རང་ཡུལ་ལ་རང་སྟོབས་ཀྱིས་འཇུག་ནུས་ཤིང་།རྗེས་དཔགས་ནི་དེ་ལས་བཟློག་སྟེ་གཞན་སྤྱིའི་སྒོ་ནས་རང་ཡུལ་ལ་འཇུག་དགོས།མངོན་སུམ་གྱི་མཚན་ཉིད་ནི།རྟོག་བྲལ་མ་འཁྲུལ་བའི་ཤེས་པ་ཡིན་ལ།མངོན་སུམ་ལ་བཞི་རུ་གྲངས་ངེས་ཤིང་།དེ་དག་གི་མཚན་ཉིད་དང་དབྱེ་བ་སོགས་ནི་གཞུང་དུ་གསལ་ཞིང་།འདིར་གནད་ཆེ་བ་ཡུལ་དང་ཡུལ་ཅན་གྱི་འབྲེལ་བ་གྲུབ་ཚུལ་མདོར་བསྡུས་པ་ཞིག་འཆད་ན།སྤྱིར་ཡུལ་དང་ཡུལ་ཅན་གྱི་འབྲེལ་བ་གྲུབ་ཚུལ་ནི།གྲུབ་མཐའ་སྨྲ་བ་ཐམས་ཅད་ལ་བཤད་ཚུལ་སྣ་ཚོགས་པ་ཡོད་ན་ཡང་།དཔལ་ཆོས་གྲགས་ཀྱིས།གལ་ཏེ་ཕྱི་རོལ་ཞུགས་ལ་དཔྱོད་པ་ན།།ཁོ་བོ་མདོ་སྡེ་སྐས་ལ་རྣམ་པར་བརྟེན།།ཞེས་གསུངས་པ་ལྟར་ཕྱི་རོལ་གྱི་དོན་དང་དེའི་ཡུལ་ཅན་གཉིས་ཀྱི་འབྲེལ་བ་གྲུབ་ཚུལ་ལམ་དེས་དེ་རྟོགས་ཚུལ་འཆད་པའི་སྐབས་སུ་མདོ་སྡེ་པའི་གྲུབ་མཐའ་ཁོ་ན་དངོས་པོ་སྟོབས་ཞུགས་ཡིན་པས་དེ་གཞིར་བྱས་ནས་བཤད་པ་ཡིན་ཏེ།གཟུགས་སོགས་ཀྱི་ཕྱི་རོལ་གྱི་དོན་བྱེ་བྲག་ཏུ་སྨྲ་བ་དག་གིས་འཆད་པ་ལྟར་མིག་སོགས་དབང་པོ་གཟུགས་ཅན་པའི་ཡུལ་མིན་ཏེ།བེམ་པོ་ལ་ལྟ་བྱེད་འགལ་བའི་ཕྱིར་དང་།དུས་མཉམ་ལ་འབྲེལ་བ་མེད་པས་ཕྱིར།དེ་བས་མིག་ལ་སོགས་པའི་ཤེས་པ་དག་རྐྱེན་གསུམ་ཚོགས་སྟོབས་ཀྱིས་ཡུལ་གྱི་རྣམ་ལྡན་དུ་སྐྱེ་བ་ལ་འཇོག་སྟེ།སློབ་དཔོན་འཕགས་པ་ལྷས།མཐོང་བ་དབང་པོའི་ཡུལ་མིན་ཏེ།།ཤེས་པ་རྣམ་པར་བཅས་པར་སྐྱེ།།ཞེས་དང་སློབ་དཔོན་དགྲ་ལས་རྣམ་རྒྱལ་གྱིས།རང་གི་རྣམ་པར་ཤེས་པས་རིག།དབང་པོའི་ཡུལ་དུ་སྣང་བ་མིན།།ཞེས་གསུངས་ཤིང་།རྣམ་འགྲེལ་ལས་ཀྱང་།ཡུལ་རྣམས་ལས་ནི་བྱུང་བ་ཡི།།རྣམ་པར་ཤེས་པ་ཐམས་ཅད་དག།དེ་ལས་གཞན་རྒྱུ་ཡིན་ན་ཡང་།།རྣམ་འགས་ཡུལ་གྱི་རྣམ་པར་འགྱུར།།ཞེས་གསུངས་ལ།དོན་དེ་རིགས་གཏེར་ལས་ཀྱང་།ཡུལ་དང་དབང་པོ་ཡིད་ལས་བྱེད།།དེ་ལས་སྐྱེས་པ་རྣམ་ཤེས་ཞེས་གསུངས་སོ།།རང་རིག་དང་ཡིད་མངོན་གཉིས་ཀྱིས་ཡུལ་འཇལ་ཚུལ་ནི་རྙོག་འཛིང་ཆེ་ཞིང་གྲུབ་མཐའ་སྨྲ་བ་དག་གིས་ཁས་ལེན་མི་ལེན་ཅི་རིགས་ཀྱིས་འདིར་བཏང་སྙོམས་སུ་འཇོག་གོ།རྣལ་འབྱོར་མངོན་སུམ་གྱིས་ཡུལ་མཁྱེན་ཚུལ་ནི་འཇུག་པ་རྩིང་བའི་སོར་སྐྱེའི་བློས་དཔོགས་མི་ནུས་ཏེ།བསམ་གྱིས་མི་ཁྱབ་ཡེ་ཤེས་ནི།།དེ་ཡི་མཁྱེན་པ་དཔོག་མི་ནུས།།ཞེས་གསུང་བ་ལྟ་བུའོ།།རྗེས་དཔག་ཚད་མའི་མཚན་ཉིད་ནི།རྟགས་ཡང་དག་ལ་བརྟེན་ནས་བསྒྲུབ་བྱ་རྟོགས་པའི་བློར་འཇོག་ཅིང་།འདིར་དཔྱད་བྱར་མང་དུ་མཆིས་མོད་སྐབས་དོན་བསྒྲིབ་དོགས་ཀྱིས་བསྐྱུར་ནས།གནད་ཆེ་བ་རྟགས་ཆོས་ཀྱི་འབྲེལ་བ་གྲུབ་ཚུལ་ལས་འཕྲོས་ཏེ་འགལ་འབྲེལ་དང་།སྤྱི་བྱེ་བྲག སྣང་བ་དང་སེལ་བ་སོགས་ཀྱི་རྣམ་བཞག་ནི་གཞུང་ལུགས་སྤྱི་དང་ཚད་མའི་སྐབས་སུ་ལྷག་ཏུ་གནད་ཆེ་བས།མདོ།རྣམ་འགྲེལ།རིགས་གཏེར་སོགས་སུ་ཧ་ཅང་རྒྱས་པར་གསུངས་ཤིང་།དེ་དག་རེ་རེའི་སྐབས་སུའང་།དོན་ལ་དགག་ནས་བློ་ངོར་ཁོ་ནར་སྒྲུབ་ཚུལ་ལ་དཔགས་ན།འཇུག་ཡུལ་རང་མཚན་ཐོབ་པའི་ཐབས་སུ་བསྟན་པ་ཤ་སྟག་ཡིན།དེ་སྤྱི་ལ་མཁོ་བ་ནི་འཆད་ཚེ་དང་འཇུག་ཚེ་གཉིས་སུ་ཕྱེས་ནས་དོན་དང་དོན་མིན་པ་སོ་སོར་འབྱེད་ཤེས་པ་གནད་དུ་ཆེ་སྟེ།ཆོས་རྗེ་བླ་མས།འཆད་ཚེ་རྣམ་པར་ཕྱེ་བས་མཁས།།འཇུག་ཚེ་གཅིག་ཏུ་འཁྲུལ་བས་ཐོབ།།ཅེས་གསུངས་ཤིང་།འདིའི་དོན་ཡང་།འཇུག་ཚེ་ནི་རིགས་པས་མ་དཔྱད་པར་སྤྱི་བྱེ་བྲག།འགལ་བ་དང་འབྲེལ་བ།རྟགས་ཡང་དག་དང་ལྟར་སྣང་སོགས་ཁས་བླངས་ནས་ཡུལ་ལ་འཇུག་ལྡོག་བྱེད་པའི་སྐབས་ཡིན་ཞིང་།དེའི་སྒོ་ནས་འཆད་ཚེའི་རྣམ་བཞག་མཐའ་དག་བྱེད་དགོས་པས་མདོ་སྡེ་པའི་གྲུབ་མཐའ་ལ་ཤིན་ཏུ་གནད་ཆེ།འཆད་ཚེའི་སྐབས་སུ་གཞལ་བྱ་ལ་རང་མཚན་ཁོ་ནས་ཁྱབ་པ་དང་།རྗེས་དཔག་ཚད་མའི་ཡུལ་ལ་རང་མཚན་གྱིས་ཁྱབ་པ་ཤེས་དགོས།རྣམ་འགྲེལ་དུ།མེད་པ་གཞལ་བྱ་མ་ཡིན་ཕྱིར།།གཅིག་ཉིད་ཅེ་ན་ཁོ་བོའང་འདོད།།ཅེས་དང་།རིགས་གཏེར་དུ།རང་གི་མཚན་ཉིད་གཅིག་གཞལ་བྱ།།ཞེས་སོགས་གསུངས་བ་ཡང་སྐབས་འདིར་དགོངས་པ་ཡིན།དེ་བས་འདི་དག་ནི་གཞུང་ལུགས་སྤྱི་དང་ལྷག་ཏུ་ཚད་མའི་སྐབས་སུ་མ་ཤེས་ཐབས་མེད་ཀྱི་གནས་ཤིག་ཡིན།འདི་ལ་རོང་སྟོན་ཤཱཀྱ་རྒྱལ་མཚན་གྱིས་རིག་གཏེར་རྣམ་བཤད་དུ།རིགས་པས་མ་དཔྱད་པ་དང་ཅུང་ཟད་དཔྱད་པ་དང་།ཤིན་ཏུ་རྣམ་པར་དཔྱད་པའི་རྣམ་བཞག་དང་གསུམ་ཡོད་པ་འདི་རིགས་པ་ཁོ་ནའི་ཁྱད་ཆོས་ཡིན་པས་གསུམ་པོ་འདི་ལ་བརྟེན་ནས་རྣམ་བཞག་བྱ་སྨྲ་བར་བྱ་དགོས་སོ།ཞེས་ཐ་སྙད་གསུམ་དུ་ཕྱེས་ནས་རྣམ་བཞག་བྱེད་པ་ཡང་ཡོད་དོ།།དེ་དག་གིས་ཚད་མའི་ངོ་བོ་མདོར་ཙམ་བསྟན་ཟིན་ཞིང་།འདི་ཡན་གྱིས་ཚད་མའི་སྐྱེ་བུ་སྒྲུབ་པ་ལ་ཉེ་བར་མཁོ་བའི་དོན་འགའ་མདོར་ཙམ་ཞུས་ཟིན་ནོ།།༣༽འོ་ན་སྟོན་པ་ཚད་མའི་སྐྱེ་བུ་སྒྲུབ་བྱེད་ཀྱི་རིགས་ལམ་དྲི་མ་མེད་པ་དག་ནི་གང་ཡིན་ནམ་ཞེ་ན།སྤྱིར་གྲུབ་མཐའ་སྨྲ་བ་མཐའ་དག་ལ་སོ་སོའི་སྟོན་པ་ཚད་མར་སྒྲུབ་བྱེད་ཀྱི་རིགས་པ་ཐུན་མོང་མིན་པ་རེ་ཡོད་ཅིང་།ལྷག་ཏུ་རང་སྡེའི་གྲུབ་མཐའ་སྨྲ་བ་བཞི་ཆར་ལ་ཡང་སྟོན་པ་ཚད་མར་སྒྲུབ་བྱེད་ཀྱི་རྒྱུ་མཚན་ཐུན་མིན་རེ་ཡོད་དེ།དཔེར་ན་ཐེག་ཆེན་དབུ་མའི་སྐབས་སུ།སྟོན་པས་ཆོས་འཁོར་རིམ་པ་གསུམ་དུ་སྐོར་བའི་ཡ་གྱལ་བཀའ་བར་བ་མཚན་ཉིད་མེད་པའི་ཆོས་འཁོར་ངེས་དོན་མཐར་ཐུག་པ་རུ་བྱས་ནས།བཀའ་བར་པའི་ནང་གི་བརྗོད་དོན་གཙོ་བོ་རྟེན་འབྲེལ་གྱི་ལྟ་བ་འདི་ནི་སྔོན་བྱོན་གྱི་གྲུབ་མཐའ་མཁན་པོ་སུས་ཀྱང་མ་ཐོན་པའི་ཆེས་རྨད་དུ་བྱུང་བའི་གསུང་མཆོག་ཁོ་ན་ཡིན་པས།གསུང་མཆོག་མཚུངས་པ་མེད་པ་འདི་བསྟན་པས་ན་སྟོན་པ་མཆོག་དང་།ཐམས་ཅད་མཁྱེན་པ་ཡིན་ནོ་ཞེས་དབུ་མའི་སློབ་དཔོན་དག་གིས་མགྲིན་གཅིག་ཏུ་སྨྲ་བར་བྱེད་ཅིང་།དེ་བཞིན་སེམས་ཙམ་པ་དང་།བྱེ་སྨྲ་གཉིས་ཆར་ལ་ཡང་སྒྲུབ་བྱེད་ཐུན་མིན་རེ་ཡོད་ཅིང་།དཔལ་ཆོས་ཀྱི་གྲགས་པས་ནི་མདོ་སྡེ་པས་འཆད་ཚུལ་ནི་ཆེས་རྨད་དུ་བྱུང་བ་ཞིག་ཏུ་དགོངས་པ་རེད།དེའི་རྒྱུ་མཚན་གཙོ་བོ་ནི་མདོ་སྡེ་པའི་འཆད་ཚུལ་དེ་ལ།ཚུལ་མིན་གྱི་གྲུབ་མཐའ་འགོག་པའི་བྱེད་ནུས་ཆེ་ཆེར་ལྡན་པ་དང་།གྲུབ་མཐའི་གནད་མཐའ་དག་འདུས་པ།སྐྱེ་འགྲོ་ཀུན་གྱི་དགོས་མཁོ་ཉག་གཅིག་པོ་གནད་དུ་བསྟན་པ།སྲིད་ཞི་གཉིས་ཆར་གྱི་འཇོགས་ངོགས་གསལ་བོར་བསྟན་པ་སྟེ།སྐྱེ་བོ་ཀུན་གྱི་བློར་འཆར་སླ་བ།ཁམས་དང་མོས་པ་ལ་འཕྲོད་པ།།གནམ་འོག་གི་གྲུབ་མཐའ་སྨྲ་བ་ཡོངས་ཀྱིས་མ་ཤེས་ཐབས་མེད་ལྟ་བུར་གྱུར་པའི་འཆད་ཚུལ་ཕུན་སུམ་ཚོགས་པ་ཞིག་ཡོད་པས་རེད།དེ་བས་ཚད་མ་རྣམ་འགྲེལ་གྱི་རྒྱ་ཆེ་ལ་གྲངས་མང་བའི་ཚད་མའི་སྐྱེ་བུ་སྒྲུབ་བྱེད་རིགས་ལམ་དག་གི་གནད་གཙོ་བོ་རྣམས་བསྡུས་དོན་གྱི་ལམ་ནས་འབྲི་བར་སྤྲོའོ།། སྤྱིར་རྣམ་འགྲེལ་ལེའུ་གཉིས་པ་འདིས་ཚད་མ་ཀུན་བཏུས་ཀྱི་མཆོད་བརྗོད་ཚིག་རྐང་གཉིས་པོའི་དོན་གཙོ་བོ་འགྲེལ་ཡོད་པ།རྒྱ་བོད་ཀྱི་ཚད་མ་སྨྲ་བའི་སྐྱེ་བུ་དག་གཅིག་མཐུན་དུ་ཞལ་འཆམ་ཞིང་དེ་དང་མཐུན་པར་སྤྲོ་ན།མདོའི་མཆོད་བརྗོད་དུ་ཚད་མ་དང་གྱུར་པ་འགྲོ་ལ་ཕན་པར་བཞེད་པ་སྟོན་པ་བདེ་གཤེགས་སྐྱོབ་པ་སྟེ་ཚིག་ཟུར་མི་འདྲ་བ་དྲུག་བྱུང་ཞིང་།དེ་དག་ལས་ཚད་མ་དང་གྱུར་པ་གཉིས་སྒྲུབ་བྱར་བྱས་ནས།ཕྱི་མ་བཞི་པོ་ལུགས་འབྱུང་དང་ལུགས་ལྡོག་གི་སྒོ་ནས་སྒྲུབ་བྱེད་དུ་སྦྱོར་དགོས་པ་གནད་ཀྱི་དོན་ཡིན།མདོའི་ཚིག་ཟུར་གྱི་ཚད་མ་དང་དེའི་ངོ་བོ་ནི་གོང་དུ་སྨྲས་ཟིན་ལ།འདིར་རྣམ་འགྲེལ་དུ་ཚད་མའི་ངོ་བོ་སོགས་བཤད་ཟིན་པའི་འོག་ཏུ།དེ་ལྡན་བཅོམ་ལྡན་ཚད་མ་ཉིད།།ཅེས་འབྱུང་ཞིང་འདི་ལ་ལྷ་དབང་བློས།དེ་བཞིན་བཅོམ་ལྡན་ཚད་མ་ཉིད།།ཅེས་རྩ་ཚིག་གི་ཁ་བསྒྱུར་ནས་ཀུན་ཏུ་ཐ་སྙད་པའི་ཚད་མ་དང་འདྲ་བར་མངོན་པར་འདོད་པའི་དོན་ལ་མི་བསླུ་བའི་ཕྱིར་དང་།ཡང་ཚད་མ་དེ་དང་འདྲ་བར་མ་ཤེས་དོན་གསལ་ཡིན་པའི་ཕྱིར་ཞེས་གསུངས།ཀུན་མཁྱེན་གོ་རམས་པས།གདུལ་བྱའི་དོན་དུ་མི་བསླུ་བ་ལ་འགྲེལ་ཞིང་།དགེ་ཕྱོགས་ཀྱི་མཁས་པ་དག་གིས།ཆོས་ཐམས་ཅད་ལ་མི་བསླུ་བའི་མཁྱེན་པ་དང་ལྡན་པ་ལ་འགྲེལ་བ་སྟེ།མི་འདྲ་བ་དུ་མ་སྣང་ཞིང་ཀུན་མཁྱེན་བླ་མས་འགྲེལ་ཚུལ་ནི་འོག་ཏུ་འབྱུང་བའི་ཚད་མའི་སྐྱེ་བུ་སྒྲུབ་བྱེད་ཀྱི་རིགས་པ་རེ་རེ་དང་འབྲེལ་བ་དམ་ཟབ་ཡོད་པས་ཆེས་རྨད་དུ་བྱུང་བ་ཡིན་ནོ།།མདོའི་ཚིག་ཟུར་གཉིས་པ་"གྱུར་པ"གསུངས་པའི་དགོས་པ་ནི་དབང་ཕྱུག་པ་སོགས་ཀྱིས་རང་བྱུང་གི་ཚད་མ་ཚད་མ་ཡིན་གྱི་སྒྲུབ་བྱེད་ཀྱི་རྒྱུ་སྙིང་རྗེ་སོགས་གོམས་པ་ལས་འཁྲུངས་པའི་ཚད་མ་མི་སྲིད་དོ་སྙམ་པའི་ལོག་རྟོག་བཟློག་པའི་ཆེད་དུ་ཡིན།དེའི་དོན་མདོར་ཙམ་བསྟན་ན།སྤྱིར་གནམ་འོག་གི་ཆོས་ལུགས་ཕལ་མོ་ཆེ་ནི་འཇིག་རྟེན་བྱེད་པོ་འདོད་པའི་ལུགས་ཡིན་ཞིང་།གནའ་བོའི་དུས་སུ་རྒྱ་གར་དུ་ཤུགས་རྐྱེན་ཆེ་བའི་ཆོས་ལུགས་དབང་ཕྱུག་པ་དང་།ཁྱབ་འཇུག་པ་སོགས་ཧ་ཅང་མང་ལ།དེང་དུས་སུ་འཛམ་གླིང་གི་ཆོས་ལུགས་ཆེན་པོ་བཞིའི་ནང་གི་སངས་རྒྱས་ཆོས་ལུགས་ཕུད་ཤུལ་གྱི་ཆོས་ལུགས་གཞན་གསུམ་པོ་ཡང་འཇིག་རྟེན་བྱེད་པོ་འདོད་པའི་ཆོས་ལུགས་ཀྱི་གྲས་རེད།གནའ་ནས་བཟུང་སྟེ་ཆོས་ལུགས་དེ་དག་གིས་འཇིག་རྟེན་འདིར་དབང་བསྒྱུར་བྱས་ནས།འཇིག་རྟེན་འདི་ཡོམ་ཡོམ་དུ་སྒུལ་བའི་གཏོར་སྐྱོན་ཚབ་ཆེན་བྱས་ཡོད་ལ།ཕན་བདེའི་ཆ་ཡང་མི་ཉུང་བ་བསྐྲུན་ཡོད།རིགས་པའི་དབང་ཕྱུག་གཉིས་ཀྱིས་ཆོས་ལུགས་དེ་དག་ལ་གཟུ་བོའི་མིག་གི་བལྟས་ཚེ།ཆོས་ལུགས་དེ་དག་གི་གྲུབ་མཐའི་གཞི་རྩ་ནོར་ཟིན་པ་དང་།རྗེས་སུ་ཞུགས་པའི་སྐྱེ་བོ་དག་ནི་ཡིད་ཆེས་དང་རྨོངས་པ་ཁོ་ནས་རྗེས་སུ་འབྲངས་བར་མཐོང་ནས་སྙིང་བརྩེ་བས་བཀག་པ་ཡིན་ནོ།།དེ་ཡང་འཇིག་རྟེན་བྱེད་པོ་སྨྲ་བ་དག་གིས།འདིར་སྣང་གི་ཆོས་ཐམས་ཅད་ནི་རྒྱུ་མེད་རྐྱེན་མེད་ལས་བྱུང་བ་མིན་པར་བྱེད་པ་པོའི་བློའི་གཡོ་བ་སྔོན་དུ་བཏང་ནས་གྲུབ་པ་ཤ་སྟག་ཡིན་ཏེ།སྡོད་ཅིང་སྡོད་ཅིང་ལས་ལ་འཇུག་པའི་ཕྱིར།སྟེའུ་བཞིན།དབྱིབས་ཀྱི་ཁྱད་པར་དང་ལྡན་པའི་ཕྱིར།བུམ་པ་བཞིན།དོན་བྱེད་ནུས་པའི་ཕྱིར།དགྲ་སྟ་བཞིན།དེའི་ཕྱིར་འཇིག་རྟེན་བྱེད་པོ་ཁོ་ན་ཚད་མ་དང་།རེ་འགའ་བ་མིན་པའི་ཕྱིར་རྟག་པ་ཡིན་ནོ།།ཞེས་སྨྲ་བར་བྱེད་ཅིང་།དེ་ལ་རྣམ་འགྲེལ་དུ་གནད་དུ་སོང་བའི་རིགས་པ་དུ་མས་དགག་ཅིང་།འདིར་གཙོ་བོ་ནི།དབང་ཕྱུག་རྟག་པ་རུ་འདོད་པ་གཏན་མི་འཐད་དེ།ཚད་མ་ཡིན་ན་ཡུལ་དངོས་པོར་རྟོགས་པའི་ཚད་མ་ཡིན་དགོས།དེ་ཡིན་ན་མི་རྟག་པ་ཡིན་དགོས་ཏེ།ཡུལ་མི་རྟག་པ་རྟོགས་པའི་ཕྱིར།ཁྱབ་ཏེ།ཡུལ་ཤེས་བྱ་མི་རྟག་པ་ཡིན་ན་དེ་འཇལ་བའི་ཚད་མ་ཡང་མི་རྟག་པ་ཡིན་དགོས་པའི་ཕྱིར།གལ་ཏེ་དབང་ཕྱུག་ཉིད་རྟག་པ་ཡིན་ནོ་ཞེ་ན།དེ་ལ་ཡང་མཚུངས་ཏེ།དབང་ཕྱུག་གི་ཤེས་པ་ནི་མི་རྟག་པ་ཡིན་པར་ཁས་ལེན་དགོས།ཤེས་པ་དེ་དབང་ཕྱུག་ལས་སྐྱེ་བ་མི་འཐད་དེ།སྔ་ཕྱི་རིམ་བཞིན་དུ་སྐྱེ་བ་ཅན་ཡིན་པའི་ཕྱིར།རྐྱེན་ལ་ལྟོས་ནས་སྐྱེ་བ་ཡང་མི་རིགས་ཏེ།རྟག་པ་རྐྱེན་ལ་ལྟོས་མི་རུང་བའི་ཕྱིར།གཞན་ཡང་དབང་ཕྱུག་སོགས་རྒྱུ་ཡིན་པའི་དུས་དེར་ཡང་རྒྱུ་མ་ཡིན་དུ་འདོད་རིགས་པར་འགྱུར་ཏེ།རྒྱུ་ཡིན་པའི་རང་བཞིན་དེ་ལས་མ་འཕོས་བཞིན་དུ་དུས་དེར་རྒྱུ་མ་ཡིན་གྱི་རང་བཞིན་དུ་འདོད་པའི་ཕྱིར།འདི་དག་ནི་དབང་ཕྱུག་རྟག་དངོས་སུ་ཁས་བླངས་པ་ལ་སྐྱོན་བརྗོད་པ་ཡིན་ལ།འདིར་དབང་ཕྱུག་པ་དང་གྲངས་ཅན་པ་སོགས་ཀྱིས་རྟག་པའི་དོན་ནི་ཐོག་མ་དང་མཐའ་མ་མེད་པའི་ཆོས་ཞིག་ལ་བཞག་ནས།དེས་འབྲས་བུ་བསྐྱེད་ཅིང་དོན་བྱེད་པ་ལ་ཡང་འགལ་བ་མེད་པར་སྨྲ་མོད།དཔལ་ཆོས་གྲགས་ཀྱིས།ཞིབ་མོ་རྣམ་འཐག་གིས་བརྟག་ཚེ།ཆོས་དེས་འབྲས་བུ་བསྐྱེད་པ་སོགས་ཀྱི་དོན་བྱེད་ན།ཆོས་དེའི་རང་ངོས་ནས་སྔར་འབྲས་བུ་མ་བསྐྱེད་པའི་སྐབས་ནས་སྐད་ཅིག་གི་འགྱུར་བ་ཇི་སྙེད་ཅིག་སོང་སྟེ་འབྲས་བུ་སྐྱེད་པའི་ནུས་པ་ཡོངས་སུ་རྫོགས་པ་ཡིན་པས།དེ་ལ་ནི་མི་རྟག་པའི་བརྡ་སྦྱོར་མིན་གང་ལྟར་ཀྱང་མི་རྟག་པའི་དོན་ནི་ཡོངས་སུ་རྫོགས་པ་ཡིན་པར་གསུངས།འདི་ཤེས་པར་གནད་དུ་ཆེ།གཞན་ཡང་གོང་གི་སྒྲུབ་བྱེད་གསུམ་ཆར་ལ་གཞུང་དུ་དགག་པ་རྒྱས་པོ་གནང་ཡོད་མོད་འདིར་དེ་དག་གི་གཅིག་བཀག་པས་གཞན་རྣམས་འགོག་སླ།དེ་ཡང་སྒྲུབ་བྱེད་དང་པོར་བྱེད་པ་པོའི་བློ་སྔོན་དུ་སོང་བའི་ཕྱིར་ཞེས་པའི་དོན།བློ་ཙམ་སྔོན་དུ་སོང་བའི་དོན་ལ་བཤད་ན་རང་ཅག་སངས་རྒྱས་པས་ཀྱང་ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེ་བར་ཁས་ལེན་པས་གྲུབ་ཟིན་བསྒྲུབ་པའི་གཏན་ཚིགས་སུ་འགྱུར་ལ།དབང་ཕྱུག་གི་བློ་སྔོན་དུ་སོང་བ་བསྒྲུབ་ན།གཏན་ཚིགས་དེའི་དཔེ་མ་གྲུབ་ཏེ།རྟག་པས་རིམ་དང་ཅིག་ཅར་གྱིས་དོན་བྱེད་པ་འགལ་བ་དང་།མི་བྱེད་པའི་ཁྱབ་པ་བསྟན་ནས་གཏན་ཚིགས་དེ་འགལ་རྟགས་སུ་ཐལ་བ་བསྟན།འདིར་དཔེ་མ་གྲུབ་ཅེས་གསུངས་པ་ནི་ཤིན་ཏུ་གནད་ཆེ་བར་མཐོང་སྟེ།སྤྱིར་མཐུན་དཔེ་མེད་པའི་གཏན་ཚིགས་ནི།རྟགས་ངན་གཞན་ཡང་སུན་དབྱུང་བྱ།།ཞེས་གསུང་ནས་སྒྲུབ་བྱེད་ལྟར་སྣང་དུ་བསྟན་ཅིང་།ལྷག་ཏུ་དབང་ཕྱུག་རྟག་འགོག་གི་སྐབས་སུ་"དཔེ་མ་གྲུབ"་ཅེས་པ་ནི་གྲུབ་མཐའ་དེ་དག་གི་རྗེས་སུ་ཞུགས་པའི་སྐྱེ་བོ་དག་གིས།དཀོན་མཆོག་ཅེས་པའི་སྣོད་བཅུད་ཀྱི་བྱེད་པོ་ཞིག་ཡོད་པ་ནི་གྲུབ་མཐའི་སྲོལ་གཏོད་མཁན་རང་གིས་ཀྱང་མ་མཐོང་མོད།སྐྱེ་བོ་དག་ནི་ཟེར་སྒྲོས་རྐྱང་པ་ལ་ཡིད་ཆེས་ནས་རྗེས་སུ་ཞུགས་པ་ནི་ཆེས་བླུན་རྟགས་ཚ་བའི་བྱེད་སྟངས་ཤིག་ཡིན་པར་གསུངས་ནས་ཕྱིན་ཆད་བག་ཡོད་པར་གྱིས་ཞེས་ནན་གྱིས་གདམས་པའོ།།གཞན་ཡང་སྡོད་འཇུག་སོགས་ཡོད་པ་ཙམ་གྱིས་སྐྱེ་བུས་བྱས་པའི་ཁྱབ་ན།སྐྱེ་བུས་མ་བྱས་པའི་དབང་ཕྱུག་ལ་ཡང་སྡོད་འཇུག་སོགས་ཡོད་པ་ཐལ་བས་གཏན་ཚིགས་དེ་མ་ངེས་པའི་གཏན་ཚིགས་སུ་འགྱུར་རོ་ཞེས་ཕྱོགས་སྔའི་ཞེ་འདོད་ཀྱི་བསྒྲུབ་ཆོས་ལ་བརྟགས་ཏེ་མ་གྲུབ་པ་དང་།འགལ་བ་གཉིས་ཀྱིས་གནོད་པ་བསྟན་ཞིང་།རྟགས་ལ་བརྟགས་ཏེ་མ་ངེས་པའི་གནོད་བྱེད་བསྟན་པ་སྟེ།མདོར་ན་སྦྱོར་བ་སྐོར་གཅིག་ལ་ལྟར་སྣང་གསུམ་གྱིས་གནོད་པ་བསྟན་ནོ།།ཡང་དཔྱོད་པ་བ་སོགས་ཀྱིས།བཅོམ་ལྡན་འདས་ཚད་མ་དང་གྱུར་པ་གཉིས་ཀ་མིན་ཏེ།ཚད་མ་ཡིན་ན་ལྐོག་གྱུར་གྱི་ཆོས་སྲིན་བུའི་གྲངས་དང་རྡུལ་གྱི་གྲངས་སོགས་མཐའ་དག་ཤེས་དགོས་པས་དེ་མེད་པའི་ཕྱིར་དང་།དེ་སྒྲུབ་བྱེད་ཀྱི་ཐབས་མེད་པའི་ཕྱིར།ཐབས་ཡོད་ཀྱང་དེ་ལ་ནན་ཏན་བྱེད་པ་མེད་དོ་ཞེས་སྨྲ་བར་བྱེད་ཅིང་།དེ་ལ་རང་ལུགས་ཀྱིས།འདིར་སྐྱེ་བུ་ཚད་མ་ཡིན་མིན་གྱི་མ་མཐའི་ཚད་གཞི་ནི།ཕན་གནོད་ཀྱི་ཆོས་ཐམས་ཅད་ཤེས་པ་ལ་མི་འཇོག་པར།གྲོལ་བ་དོན་གཉེར་གྱི་སྐྱེ་བའི་འདོད་དོན་མཐར་ཐུག།རྟོགས་དཀའ་བ་བདེན་བཞིའི་གནས་ཚུལ་ཕྱིན་ཅི་མ་ལོག་པར་མཁྱེན་པ་ལ་ཚད་མར་འཇོག་པ་ལས།རིང་པོར་མཐོང་བ་དང་ཐོས་པ་སོགས་ལ་ཚད་མར་མི་འཇོག་སྟེ།གྲོལ་བ་དོན་གཉེར་གྱི་སྐྱེ་བུ་ལ་ཉེེར་མཁོ་མེད་པའི་ཕྱིར།འདི་དག་གིས་རྡུལ་དང་སྲིན་བུའི་གྲངས་སོགས་བདེ་བར་གཤེགས་པས་མི་མཁྱེན་པར་བཤད་པ་མིན་ཏེ།རྟོགས་དཀའ་བ་བདེན་བཞིའི་གནས་ཚུལ་ཕྲ་མོ་དག་མངོན་སུམ་དུ་མཁྱེན་ན་རྟོགས་སླ་བ་རྡུལ་དང་སྲིན་བུའི་གྲངས་སོགས་མཁྱེན་པ་ནི་ལྟ་ཅི་སྨོས།འདི་ཡན་གྱིས་ལུགས་འབྱུང་དང་ལུགས་ལྡོག་གཉིས་ཀྱི་བཤད་པའི་གཞིར་གཟུང་བ་ཡིན་ཏེ།ལུགས་འབྱུང་དང་ལུགས་ལྡོག་གཉིས་ཀའི་བསྒྲུབ་བྱ་སྟོན་པ་ཚད་མར་བཤད་ནས།མཚན་ཉིད་གང་དང་ལྡན་པའི་ཚད་མའི་མཚན་ཉིད་དང་དབྱེ་བ་སོགས་བཤད།དེ་ལ་ལོག་པར་སྨྲ་བ་དག་ཀྱང་བཀག་པའི་ཕྱིར།འདི་མན་ཆད་ཀྱིས་སྟོན་ཚད་མའི་སྐྱེ་བུ་ཡིན་པར་བསྒྲུབ་བྱར་བྱས་ནས།དེ་ལ་ལུགས་འབྱུང་དང་ལུགས་ལྡོག་གི་སྒོ་ནས་རིགས་པ་བརྒྱད་ཀྱིས་གཙོ་བོ་བསྒྲུབ་དགོས་པར་གསུངས།དེ་ལ་ལུགས་འབྱུང་དུ་བཤད་པ་དག་ནི་དེ་སྒྲུབ་བྱེད་ཀྱང་མེད་པའི་ཕྱིར།།ཞེས་པའི་ལན་གཙོ་བོར་བསྟན་པའི་སྒོ་ནས་ཚད་མའི་སྐྱེ་བུར་སྒྲུབ་ལ།ལུགས་ལྡོག་ཏུ་བཤད་པ་ནི།ནན་ཏན་བྱེད་པ་ཡོད་མ་ཡིན།།ཞེས་པའི་ལན་གཙོ་བོར་བསྟན་པའི་སྒོ་ནས་སྒྲུབ་དགོས་སོ།།འདི་དག་གི་དོན་ཕྱིན་ཅི་མ་ལོག་པར་ཤེས་ན་ལུགས་འབྱུང་སྒྲུབ་པ་དང་།ལུགས་འབྱུང་གི་སྒོ་ནས་སྒྲུབ་པ།ལུགས་ལྡོག་སྒྲུབ་པ་དང་།ལུགས་ལྡོག་གི་སྒོ་ནས་སྒྲུབ་པ་གཉིས་པོ་སོ་སོར་འབྱེད་ཤེས་སོ།།དེ་ལ་དང་པོ་ལུགས་འབྱུང་གི་སྒོ་ནས་སྒྲུབ་བྱེད་ཀྱི་རིགས་པ་བཞི་པོ་རག་ཙམ་ཞུས་ན།
༡༽བསམ་པ་ཕུན་ཚོགས་སྙིང་རྗེ་ཆེན་པོས་བསྒྲུབ།
འགྲོ་བ་མཐའ་དག་སྡུག་བསྔལ་ལས་སྐྱོབ་པར་འདོད་པའི་སྙིང་རྗེ་དེ།ཀུན་མཁྱེན་བསྒྲུབ་པ་ལ་ངེས་པར་སྔོན་དུ་འགྲོ་དགོས་ཏེ།འགྲོ་བ་མཐའ་དག་སྡུག་བསྔལ་ལས་སྐྱོབ་འདོད་ཀྱི་འདུན་པ་དྲག་པོ་མེད་ན།སངས་རྒྱས་པའི་ཐབས་ལ་འབད་པར་མི་འགྱུར་བའི་ཕྱིར་རོ།།སྟོན་པའི་རྒྱུད་ཀྱི་ཐུགས་རྗེ་ཆེན་པོ་དེ་ཡང་།རང་དགར་བྱུང་བ་མིན་པར་སྐྱེ་བ་དུ་མར་སྙིང་རྗེའི་དམིགས་རྣམས་གོམས་ནས་མཐའ་མེད་དུ་འཕེལ་བ་ཡིན་ནོ།།འདི་ལྟར་རྣམ་བཞག་བྱེད་པའི་ཚེ་གོམས་པ་མི་སྲིད་འགྱུར་བའི་རྩོད་པ་དང་།སྲིད་ཀྱང་རང་བཞིན་ལས་འདས་མིན་པའི་རྩོད་པ་གཉིས་བྱུང་ཞིང་།སྐྱེ་བོ་སུ་ལ་ཡང་འདི་འདྲའི་ཐེ་ཚོམ་ནི་སྐྱེ་སྲིད་པས་རྩོད་པ་འདི་གཉིས་ནི་སངས་རྒྱས་ཀྱི་ལམ་བསྒྲུབ་པ་ལ་ཆེས་ཆེ་བའི་གེགས་གཉིས་ཡིན་ཏེ།རྩོད་པ་དང་པོ་ནི།སངས་རྒྱས་པའི་ལམ་ལ་གཏན་མི་ཞུགས་པའི་རྒྱུ་ཡིན་ལ།ཕྱི་མ་ནི་ཞུགས་ཀྱང་ལམ་ཡུན་དུ་གོམས་པ་ལ་གེགས་བྱེད་པའི་རྒྱུ་ཡིན་པས་གྲོལ་བ་དོན་དུ་གཉེར་བའི་སྐྱེ་བུ་དག་གིས་ཐོག་མར་ཅིས་ཀྱང་དངོས་སྟོབས་རིགས་ལམ་དྲི་མ་མེད་པས་སྒྲོ་འདོགས་འདི་གཉིས་ཀྱི་རྒྱུན་བཅད་ནས་ངེས་ཤེས་གཏིང་ཚུགས་པ་སྐྱེ་བར་བྱེད་དགོས་ཏེ།གཞན་དུ་ན་སོར་སྐྱེས་དག་ལ་སྐྱེ་བ་སྔ་ཕྱི་སོགས་འཇལ་བའི་མངོན་སུམ་ནི་མེད་ལ།དེ་སྒྲུབ་བྱེད་ཀྱི་སྒྲུབ་རྟགས་ཡང་དག་མ་མཐོང་བ་དེ་སྲིད་དུ་རྗེས་དཔགས་ཚད་མ་ཡང་སྐྱེ་མི་སྲིད་ལ།དེ་འཇལ་བའི་ཚད་མ་གཉིས་པོ་གང་ཡང་མེད་ན་དེ་ངེས་པའི་ངེས་ཤེས་དོན་མཐུན་ནམ་ཡང་སྐྱེ་མི་སྲིད་པའི་ཕྱིར།དེ་ཡང་ཆད་ལྟ་བ་དག་གིས།སྐྱེ་བ་དུ་མར་སྙིང་རྗེའི་དམིགས་རྣམ་གོམས་ནས་ཐུགས་རྗེ་ཆེན་པོའི་རང་བཞིན་དུ་འགྱུར་མི་སྲིད་དེ།སྐྱེ་བ་སྔ་མ་ནས་འདིར་འོང་བ་དང་།འདི་ནས་ཕྱི་མར་འགྲོ་བ་མེད་པའི་ཕྱིར་ཏེ།རྟོག་བཅས་ཀྱི་བློ་ནི་ལུས་ལ་བརྟེན་པའི་ཕྱིར་ན།ལུས་ཞིག་པ་ན་ཡིད་བློ་རྟོག་པ་ཡང་འཇིག་གོ།ཡིད་བློ་རྟོག་པ་དེ་ལུས་ལ་བརྟེན་ཚུལ་ཡང་།ཆང་དང་མྱོས་པའི་ནུས་པ་ལྟར་ལུས་དང་བདག་ཉིད་གཅིག་དང་།སྒྲོན་མེ་དང་འོད་ལྟར་ལུས་ཀྱི་འབྲས་བུ་དང་།བུ་རམ་ལ་མངར་བ་ལྟར་ལུས་ཀྱི་ཡོན་ཏན་གྱི་ཚུལ་གྱིས་བརྟེན་ཞེས་འདོད་དོ།།སྤྱིར་སྐྱེ་བ་སྔ་ཕྱི་ཡོད་མེད་ཀྱི་གནད་དོན་ནི།ཆོས་ལུགས་ཀུན་གྱི་གཞི་རྩའི་གནད་དོན་ཞིག་ཡིན་ཏེ།འཇིག་རྟེན་འདིའི་ཐོག་གི་ཆོས་ལུགས་ཕལ་མོ་ཆེས་སྐྱེ་བ་སྔ་ཕྱི་ནི་གྲུབ་མཐའི་སྒྲོམ་གཞིར་བྱས་ནས་གྲུབ་པ་ཤ་སྟག་ཡིན་ཞིང་།དེ་ལ་གྲུབ་མཐའ་སྨྲ་བ་ཡོངས་ཀྱིས་སྐྱེ་བ་སྔ་ཕྱི་ཡོད་མེད་ལ་ཞིབ་འཇུག་གཏིང་ཟབ་བྱས་ནས།སྐྱེ་བ་སྔ་ཕྱི་ཡོད་མེད་གང་དུ་ཁས་ལེན་ན་ཡང་།དེ་ལ་ཐུན་མིན་གྱི་རྒྱུ་མཚན་རེ་ཡོད་ལ།ཆད་ལྟ་བ་དག་གིས་ཀྱང་ཡང་སྲིད་ཡོད་མེད་ལ་དཔྱད་པ་གཏིང་ཟབ་བྱས་ནས་མེད་པར་ཐག་ཆོད་པ་ཡང་རྒྱུ་མཚན་ཞིག་ལ་བརྟེན་པ་སྨོས་ཅི་དགོས་ཏེ།གྲུབ་མཐའི་འཆད་ཚུལ་ལ་བརྟགས་ཚེ་ཞིབ་ཆ་ཆེན་པོ་བྱས་ཡོད་པར་ར་སྤྲོད་ནུས།ཡང་སྲིད་འདོད་པའི་གྲུབ་མཐའ་རྗེས་སུ་ཞུགས་པའི་སྐྱེ་བོ་ཕལ་མོ་ཆེས།རྒྱང་འཕེན་པ་དང་ཆད་ལྟ་བ་ཞེས་པའི་མིང་ཐོས་པ་ཙམ་གྱིས་ཀྱང་ཁོང་དགོད་བྱེད་ཞོར།ཆོས་འབྱུང་དང་གྲུབ་མཐའི་རྣམ་བཤད་དག་ཏུ་བཀོད་པའི་རྒྱང་འཕེན་པའི་གྲུབ་མཐའི་བྱུང་བ་བརྗོད་པའི་གཏམ་རྒྱུད་ཡ་མཚན་པོ་དག་ལ་གཅིག་ཏུ་ཡིད་ཆེས་ནས།བླུན་པོས་བྱས་པའི་གྲུབ་མཐའ་དང་།རིགས་པས་དབེན་པའི་གྲུབ་མཐའ་ཐབས་སྡུག་ཅིག་ཡིན་པས་དགག་རིན་མེད་དོ་ཞེས་བཤད་ནས་རང་དགར་གཡུག་པ་ནི།རང་འཚང་ཕྱིར་སྟོན་པ་ཁོ་ན་ཡིན་ཏེ།རིགས་པའི་དབང་ཕྱུག་དཔལ་ཆོས་གྲགས་ཀྱིས་གཞན་དང་མི་འདྲ་བར་ནན་ཏན་ཆེན་པོས་བཀག་པ་དང་།འགོག་པའི་ཚེ་ན་ཡང་རྩུབ་མོའི་ཚིག་གི་ལྷུར་ལེན་རིང་དུ་སྤངས་ནས་རིགས་ལམ་ཡང་དག་པས་བཀག་པའི་ཕྱིར།དེ་ལྟར་ན་ཡང་རྒྱང་འཕེན་པའི་གྲུབ་མཐའི་གཞི་རྩ་ལ་ཡང་ཡང་དཔྱད་ཚེ།ཡང་སྲིད་མེད་པ་འདོད་པ་ལ་ནི་དངོས་པོ་སྟོབས་ཞུགས་ཀྱི་རིགས་པས་གནོད་པར་བསྟན།འདིར་རྣམ་འགྲེལ་དུ་སྐྱེ་བ་སྔ་ཕྱི་སྒྲུབ་བྱེད་ཀྱི་རིགས་པ་མཐའ་དཔྱད་དང་བཅས་པ་ཧ་ཅང་རྒྱས་པར་གསུངས་ཤིང་།དེ་དག་གི་གནད་བསྡུས་པ་ནི་རིགས་གཏེར་རང་འགྲེལ་མངོན་སུམ་བརྟག་པའི་རབ་བྱེད་དུ་གསལ་བས་འདིར་དེ་དག་བསྐྱར་དུ་ཟློས་པའི་ངལ་བ་མི་བྱ་ཞིང་།འདིར་གནད་ཆེ་བ་ནི།རྣམ་འགྲེལ་དུ།སྐྱེ་བ་ཡོངས་སུ་ལེན་པ་ན།།འབྱུང་རྔུབ་དབང་པོ་བློ་དག་ནི།།རང་གི་རིགས་ལ་ལྟོས་མེད་ཅན།།ལུས་ཉིད་འབའ་ཞིག་ལས་སྐྱེ་མིན།།ཧ་ཅང་ཐལ་ཕྱིར།།ཞེས་དང་།རྣམ་ཤེས་མིན་པ་རྣམ་ཤེས་ཀྱི།།ཉེར་ལེན་མིན་པའི་ཕྱིར་ཡང་འགྲུབ།།ཞེས་སོགས་ཀྱི་གཞུང་གིས་བསྟན་པའི་ཤེས་པའི་ཉེར་རྒྱུ་རང་དང་རིགས་འདྲ་བའི་ཤེས་པ་ཁོ་ན་སྔོན་དུ་འགྲོ་དགོས་པའི་གནད་ལ་བརྟགས་ན་འདི་ནས་གསུངས་པའི་རིགས་པ་དག་ལ་ངེས་ཤེས་གཏིང་ཚུགས་པ་སྐྱེ་ངེས་པས་དོན་འདི་ལ་བརྟག་ན།རྣམ་འགྲེལ་ལས།གང་ཡོད་ཉིད་ནའང་གང་སྐྱེ་བ་འམ།།གང་འགྱུར་ན་ཡང་རྣམ་འགྱུར་བ།།དེ་ནི་དེ་རྒྱུ་རབ་ཏུ་བརྗོད།།ཅེས་གསུངས་པ་ལྟར།ཕྱི་རོལ་གྱི་དངོས་ཆོས་མཐའ་དག་ལ་རང་རང་གི་ངོ་བོར་ཕན་འདོག་པའི་རྒྱུ་རེ་ཡོད་པར་ངེས་ཤིང་།རྒྱུ་དེ་ཡང་རང་དང་རིགས་འདྲ་བར་ཁོ་ནར་ཟད་དེ།རང་དང་རིགས་མཐུན་པའི་རྡུལ་ཕྲན་གྱི་ནུས་པ་ཁོ་ནས་ཁྱོད་བསྐྱེད་པར་བྱེད་པས་སོ།།གནད་འདིས་རྐྱེན་པས།སཱ་ལུའི་ས་བོན་ལས་སཱ་ལུའི་མྱུ་གུ་ཁོ་ན་བསྐྱེད་ཅིང་ནས་ཀྱི་མྱུ་གུ་མི་བསྐྱེད་ལ།ནས་ཀྱི་ས་བོན་ལས་ནས་མྱུག་ཁོ་ན་སྐྱེས་ཤིང་།སཱ་ལུའི་མྱུ་གུ་དང་།རྡོ་སོགས་འབྲེལ་མེད་པའི་ཆོས་མི་སྐྱེ་པའི་རྒྱུ་མཚན་ཡང་གནད་དེ་ལ་ཐུག་ཡོད།དཔེར་ན་མེ་ཏོག་པདྨ་ལྟ་བུར་མཚོན་ན།ཁ་དོག་དང་།འདབ་མ།ནང་གི་ཟེའུ་འབྲུ།ཕྱིའི་དབྱིབས་སོགས་ཀྱི་ཁྱད་པར་རེ་རེ་ལ་ཡང་རང་དང་རིགས་མཐུན་པའི་རྡུལ་གྱི་ནུས་པ་རེ་ཡོད་པར་དཔག་ནུས་ཏེ་རྒྱུ་དེ་དག་གི་གཅིག་མ་ཚང་ན་འབྲས་བུ་ལ་ཡང་འཕེལ་འགྲིབ་ངེས་ཅན་ཞིག་འགྲོ་བ་མཐོང་བའི་ཕྱིར།འོ་ན་མདོ་སྡེ་པས།སཱ་ལུའི་ས་བོན་ལས་སཱ་ལུའི་མྱུ་གུ་ཁོ་ན་བསྐྱེད་ཅིང་ནས་ཀྱི་མྱུ་གུ་མི་བསྐྱེད་ལ།ནས་ཀྱི་ས་བོན་ལས་ནས་མྱུག་ཁོ་ན་སྐྱེ་བའི་རྒྱུ་མཚན་འཆད་པའི་ཚེ།ཆོས་ཉིད་ཀྱིས་ལན་བཏབ་པ་མིན་ནམ་ཞེ་ན།སྐྱོན་མེད་གཏན་མེད་དེ།མདོ་སྡེ་པ་དག་གིས།འཇུག་པ་རྩིང་བའི་སོར་སྐྱེའི་བློས་རྡུལ་ཕྲན་གྱི་ནུས་པ་དཔོགས་མི་ཐུབ་པས་ནུས་པ་དེ་དག་ཕྲ་ཞིབ་བརྗོད་ན་ཡང་མི་གོ་བའི་རྐྱེན་གྱིས་གནས་སྐབས་ཆོས་ཉིད་ཀྱིས་ལན་བཏབ་པ་ཡིན་མོད།ནུས་པ་ཁས་མི་ལེན་པ་ནི་མིན་ཏེ།གཞན་དུ་ན་ཆོས་ཉིད་ཁོ་ནས་ལན་བཏབ་པས་ཨུ་ཚུགས་ཀྱི་དམ་བཅའ་ལ་འགྱུར་བ་གདོན་མི་ཟའོ།།དེ་ལྟར་གཟུགས་ཀྱིས་བསྡུས་པའི་ཆོས་མཐའ་དག་རང་གི་རིགས་འདྲ་སྔ་མས་རང་གི་ངོ་བོ་ལ་ཕན་འདོགས་པའི་ཁྱབ་ཅིང་།ཤེས་པ་མཐའ་དག་ལ་ཡང་དེ་དང་མཐུན་པར་འཆད་ནུས་པས།སྐྱེ་མ་ཐག་པའི་སེམས་ཅན་གྱི་ཤེས་པའི་རྒྱུར་རང་དང་རིགས་འདྲ་བའི་ཤེས་པ་སྔ་མ་སྔོན་དུ་སོང་བ་དངོས་པོའི་སྟོབས་ཀྱིས་དཔོགས་ནུས་སོ།།དོན་འདི་དག་ལ་དགོངས་ཏེ།ཆོས་རྗེ་འཇམ་དབྱངས་བླ་མས།རྡོ་དང་ཤིང་སོགས་མེ་རྒྱུ་མིན།།མེ་རྒྱུ་མེ་ཡི་རྡུལ་ཕྲན་ཡིན།།རྡུལ་ཕྲན་གཅིག་ཏུ་སྡུད་པའི་རྒྱུ།།རྡོ་ཤིང་སོགས་ཡིན་དབང་པོ་བཞིན།།ཞེས་དང་དེའི་རང་འགྲེལ་དུ།དེས་ན་མེ་མ་ཡིན་པ་མེའི་ཉེར་ལེན་དང་།རྣམ་ཤེས་མ་ཡིན་པ་རྣམ་ཤེས་ཀྱི་ཉེར་ལེན་དུ་མི་འཐད་དོ།།ཞེས་གསུངས་པའི་དོན་ལ་ཞིབ་ཏུ་བརྟགས་ན་གནད་འདི་མི་ཤེས་པའི་དོན་མེད།འདིར་རྒྱས་པར་སྤྲོ་འདོད་མོད་ཡི་གེ་མང་དུ་དོགས་ཏེ་རེ་ཞིག་འཇོག་གོ།དེ་ལྟར་ཕྲ་ཞིབ་རིགས་པས་ཞིབ་མོར་བརྟག་ཚེ་ཤེས་པའི་ཉེར་རྒྱུ་ནི་རང་དང་རིགས་མཐུན་པའི་ཤེས་པ་སྔ་མ་སྔོན་དུ་འགྲོ་དགོས་པར་གྲུབ་ཅིང་།དོན་འདི་ཕྱིན་ཅི་མ་ལོག་པར་རྟོགས་ན་རྣམ་འགྲེལ་དུ་བཀོད་པའི་ཡང་སྲིད་སྒྲུབ་བྱེད་ཀྱི་རིགས་པ་དག་ནི་གྲུབ་མཐའ་མཁན་པོ་སུས་ཀྱང་མ་ཐོན་པའི་ལུགས་འདིའི་ཐུན་མོང་མིན་པ་ཁོ་ན་ཡིན་པར་ཤེས་པར་འགྱུར་རོ།།འདི་ལ་ཁ་ཅིག་རྣམ་འགྲེལ་དུ་བཀོད་པའི་རིགས་པ་དག་ནི་ཁྱབ་འབྲེལ་མེད་པ་དང་།སུ་ལ་ཡང་ངེས་ཤེས་བརྟན་པོ་འདྲེན་མི་ནུས་པས་དོར་བར་བྱ་བ་ཁོ་ནའོ་ཞེས་སྒྲོག་པར་བྱེད་པ་ནི།རང་ཤ་བཅད་ནས་ཁྱི་སྔོན་དུ་དབྱུག་པ་ཡིན་ཏེ།ཡང་སྲིད་སྒྲུབ་བྱེད་ཀྱི་རིགས་པའི་གནད་འདི་ལ་མ་དཔྱད་པའི་སྐྱོན་ཁོ་ནར་ཟད་པའི་ཕྱིར་རོ།།ཁ་ཅིག་གིས།རྣམ་འགྲེལ་དུ་བཀོད་པའི་རིགས་པ་དག་ཆེད་དུ་བསྐྱུར་ཏེ།དྲན་པ་སྔོན་སོང་གི་རིགས་པ་ཁོ་ནས་སྐྱེ་བ་སྔ་ཕྱི་ཡོད་པར་སྒྲུབ་པ་ནི།རྒྱ་མཚོ་ཟུར་དུ་བཞག་ནས།ཀོ་གྱོང་མཆིལ་མས་སྦང་བ་ཡིན་ཏེ།སྤྱིར་དྲན་པ་སྔོན་སོང་གི་རིགས་པ་ནི།མིག་མཐོང་ལག་ཟིན་གྱི་དཔང་པོར་དགའ་བའི་སྐྱེ་བོ་དག་ལ་མཚོན་ན་རང་གི་བློ་དང་ཆེས་འཚམ་པའི་ཡིད་རྟོན་འཕེལ་བའི་དཔང་བོ་ཞིག་ཡིན་པར་བསྙོན་དུ་མེད་ལ།ངོ་མཚར་བའི་འཇིག་རྟེན་གྱི་གསང་བ་འདི་དག་གིས།ཡང་སྲིད་མེད་པར་བློ་ཐག་རྦད་དེ་ཆོད་ཟིན་པའི་དངོས་གཙོ་སྨྲ་བ་ལྟ་བུ་དག་ལ་ཡང་ཧ་ལས་ཤིང་ཧང་སང་བའི་དྲི་བ་སྣ་ཚོགས་ཀྱིས་གཙེས་ནས་འདུག་ཐབས་མེད་པ་ཞིག་ཏུ་གྱུར་ཡོད་པ་ནི་དངོས་ཡོད་ཡིན་མོད།འོན་ཀྱང་རྣམ་འགྲེལ་དུ་བཤད་པ་ལྟར་ཕྱོགས་གཅིག་མཐོང་བ་རྒྱུ་མཚན་དུ་བྱས་ནས་གཞན་ལ་ཡང་ཁ་སྤོ་བ་ནི་ལྷག་ལྡན་གྱི་གཏན་ཚིགས་ཏེ་མ་ངེས་པའི་གཏན་ཚིགས་ཡིན་པར་གསུངས་པ་ལྟར་དྲན་པ་སྔོན་སོང་གིས་ཡང་སྲིད་སྒྲུབ་པའི་རིགས་པ་ནི་ཧ་ཅང་རྩིང་རག་ཅན་ཡིན་པས་སོ།།དེ་བས་རྣམ་འགྲེལ་དུ་བཀོད་པའི་ཐུན་མིན་གྱི་རིགས་པ་འདི་ལ་བྱང་ཆ་ཕུད་ཐུབ་ན།ད་གཟོད་ཡང་སྲིད་ཡོད་མེད་ཀྱི་གནད་དོན་ནི་ལག་མཐིལ་གྱི་རི་མོ་ལྟར་རྟོགས་སླའོ།།རྩོད་པ་གཉིས་པ་སྲིད་ཀྱང་རང་ལས་འདས་མིན་པ་ནི།དཔྱོད་པ་བ་སོགས་ཀྱིས།སྐྱེ་བ་སྔ་ཕྱི་ཡོད་དུ་ཆུག་མོད།མཆོངས་པ་གོམས་ཀྱང་མཐའ་མེད་དུ་མི་མཆོངས་བ་ལྟར།བརྩེ་སོགས་ཇི་ཙམ་གོམས་ན་ཡང་མཐའ་མེད་དུ་མི་འཕེལ།ཆུ་ཇི་ལྟར་བསྲོས་ན་ཡང་མེར་མི་འབར་བ་ལྟར།བརྩེ་སོགས་གོམས་པས་ཅུང་ཟད་རྟོགས་པ་སྲིད་མོད།དེའི་རང་བཞིན་དུ་འགྱུར་མི་སྲིད་ལ།གསེར་བཞུས་ན་ཡང་མེ་དང་ཁ་བྲལ་བ་ན་སྲ་བར་འགྱུར་བ་ལྟར།སྐབས་འགར་བརྩེ་སོགས་རྒྱུད་ལ་སྐྱེ་མོད།འབད་པ་དང་བྲལ་བ་ན་སླར་ལྡོག་གོ་ཞེས་བཤད་དོ།།འདིར་དཔེ་དོན་མི་མཚུངས་ཏེ།མཆོངས་པ་ནི་ལུས་ལ་ལྟོས་པས་ཚད་ཅན་ཡིན་ལ།བརྩེ་སོགས་སེམས་ཀྱི་རང་བཞིན་ནི་ལུས་ལ་ལྟོས་མི་དགོས་པའི་ཕྱིར་ཚད་ཅན་མིན་ནོ།།ཆུ་བསྲོས་པས་མེར་མི་འགྱུར་བ་ཡང་དཔེར་མི་རུང་ཏེ།ཆུ་དྲག་ཏུ་བསྲོས་པས་མཐར་སྐམ་པར་འགྱུར་བས་རྟེན་མི་བརྟན་ཞིང་།བརྩེ་སོགས་སེམས་ཀྱི་རང་བཞིན་ནི་རྒྱུན་ཆད་པ་མེད་པས་རྟེན་བརྟན་པ་ཡིན་ཞིང་།གསེར་སྲ་བར་ལྡོག་པ་ཡང་དཔེར་མི་རུང་ཏེ།གཉེན་པོ་ལ་སླར་ལྡོག་པ་དང་མི་ལྡོག་པའི་གཉེན་པོ་གཉིས་སུ་ངེས་པས།གསེར་དང་མེ་ནི་དང་པོ་ཡིན་ཞིང་།ཀུན་འབྱུང་གི་གཉེན་པོར་ལམ་བདེན་བཤད་པ་ནི་ཕྱི་མ་ཡིན་པས་མི་མཚུངས་པའི་ཕྱིར་རོ།།དེ་བས་བརྩེ་སོགས་ཀྱི་མཐུན་རྐྱེན་གོམས་པ་དང་མ་བྲལ་ན་མཐའ་མེད་དུ་འཕེལ་བའི་དཔེ་ཡོད་དེ།ཆགས་བྲལ་དང་།ཆགས་པ།མི་སྡུག་པ་བསྒོམས་པས་ཡིད་ལོག་པ་བཞིན་ནོ།།
༢༽སྦྱོར་བ་ཕུན་ཚོགས་སྟོན་པ་ཡིན་པས་བསྒྲུབ།
དེ་ལྟར་བསམ་པ་ཕུན་སུམ་ཚོགས་པ་ཐུགས་རྗེ་ཆེན་པོ་དེ་གྲུབ་པས།བརྩེ་ལྡན་སྡུག་བསྔལ་གཞོམ་པའི་ཕྱིར།།ཐབས་རྣམས་ལ་ནི་མངོན་སྦྱོར་མཛད།།ཅེས་པ་ལྟར།སྐྱེ་བོ་སུ་དང་གང་གིས།ལས་འབྲས་ལ་ངེས་པ་གཏིང་ནས་རྙེད་ཅིང་།སེམས་ཅན་ཐམས་ཅད་རང་གི་ཕ་དང་མར་ཤ་སྟག་ཏུ་གྱུར་བ་ཡང་ཚིག་རྗེས་འབྲངས་བ་ཙམ་མིན་པར་ཡང་དག་པར་ངེས་ཤིང་།དེས་རྐྱེན་པས་མ་གྱུར་འགྲོ་བ་མཐའ་དག་གིས་འདོད་པ་བདེ་བ་འདོད་ཀྱང་མ་རིག་པའི་དབང་གིས་ཡང་དང་ཡང་དུ་སྡུག་བསྔལ་ལ་སྦྱོར་བ་མཐོང་ནས་སྙིང་རྗེ་ཤུགས་དྲག་པོ་སྐྱེ་ཞིང་།དེ་ལྟར་ཡང་ཡང་བརྟག་པས།རང་ཉིད་ཀྱིས་ད་ལྟར་སེམས་ཅན་མཐའ་དག་སྡུག་བསྔལ་ལས་བསྒྲལ་ནུས་པ་ལྟ་ཅི།སྐྱེ་བོ་གཅིག་རེ་བ་ཆུང་ངུ་ཡང་སྐོང་མི་ཐུབ་ཅིང་།གཞན་ལ་རེ་བཅོལ་བས་ནི་དེ་ལས་ཀྱང་མི་ནུས་པས།ཐབས་དམ་པ་གཅིག་པོ་ནི་རང་ཉིད་འཚང་རྒྱ་ན་ད་གཟོད་རེ་བ་དེ་དག་སྐོང་ནུས་པར་དགོངས་ནས་རང་གིས་ལམ་ལ་བརྩོན་པས་འཇུག་སྟེ།གཞན་བདེ་བ་ལ་སྦྱོར་བའི་ཐབས་དམ་པ་སྟོན་པར་བཞེད་པའི་ཕྱིར།ཁྱབ་ཏེ།བདེན་བཞི་རང་གིས་ཚུལ་བཞིན་དུ་མ་རྟོགས་ན།གཞན་ལ་ཕྱིན་ཅི་མ་ལོག་པར་སྟོན་མི་ནུས་པའི་ཕྱིར།བརྩེ་ལྡན་དེས།སློབ་པ་ལམ་གྱི་གནས་སྐབས་སུ་སྡུག་བསྔལ་གྱི་ངོ་བོ་ལ་དཔྱད་ནས་དེའི་དོན་རྟོགས་པ་ན།དེའི་རྒྱུ་ཡོད་མེད་དང་།རྒྱུ་དེ་རྟག་མི་རྟག་སོགས་གང་ཡིན་དཔྱད་དེ།སྡུག་བསྔལ་གྱི་རྒྱུ་གང་ལ་གནས་ན་འབྲས་བུ་སྡུག་བསྔལ་ཟད་པ་མེད་པར་རྟོགས་ཤིང་།དེ་འདྲའི་སྡུག་བསྔལ་གྱི་རྒྱུ་དང་གཉེན་པོ་གང་ཡིན་ལ་དཔྱད་ཚེ།སྡུག་བསྔལ་གྱི་རྒྱུ་ནི་བདག་དང་བདག་གིར་འཛིན་པ་ཡིན་ཞིང་།གཉེན་པོ་ནི་དེ་དང་དམིགས་པ་གཅིག་ལ་དམིགས་ཤིང་འཛིན་སྟངས་དངོས་སུ་འགལ་བའི་བདག་མེད་རྟོགས་པའི་ཤེས་རབ་ཡིན་ལ།དེ་ལྟ་བུའི་གཉེན་པོ་བདག་མེད་པའི་དོན་ལ་ཡང་ཡང་བརྩོན་པ་ན།མཐར་ཡུལ་གྱི་སྐྱོན་ཡོན་གསལ་བ་རབ་ཀྱིས་མཐར་ཕྱིན་པའི་རྫོགས་པའི་སངས་རྒྱས་མངོན་དུ་བྱེད་པར་འགྱུར་ལ།དེ་གྲུབ་པས་ཉོན་མོངས་པའི་གནས་ངན་ལེན་ཡོངས་སུ་རྫོགས་པ་སྤངས་པར་འགྲུབ་པས།ཉན་རང་དགྲ་བཅོམ་པ་དག་ལས་ཆེས་ཁྱད་དུ་འཕགས་པར་གྲུབ་པར་གསུངས་སོ།།
༣༽རང་དོན་ཕུན་ཚོགས་བདེ་བར་གཤེགས་པས་བསྒྲུབ།
དུས་རིང་པོར་བདག་མེད་པའི་དོན་ཡང་ཡང་བསྒོམས་པས་སྡུག་བསྔལ་རྒྱུ་དང་བཅས་པ་སྤངས་བ་དེ་ཡོན་ཏན་གསུམ་ལྡན་གྱི་སྤང་པ་ཁྱད་པར་ཅན་ཡིན་པས་བདེར་གཤེགས་ཉིད་ཡིན་ལ།ཡོན་ཏན་གསུམ་ནི།ལེགས་པར་སྤངས་པ།སླར་མི་ལྡོག་པར་སྤངས་པ།མ་ལུས་པ་སྤངས་པ་གསུམ་ཡིན་ཞིང་།དེ་ཡང་ལེགས་པར་སྤངས་ཚུལ་ནི།ཟག་བཅས་སྡུག་བསྔལ་གྱི་རྟེན་མིན་པའི་སྤངས་བ་མཐར་ཕྱིན་ཡིན་པའི་ཕྱིར།འདིས་ཕྱི་རོལ་པ་ལས་ཁྱད་པར་འཕགས་པར་གྲུབ་སྟེ།ཕྱི་རོལ་པའི་སྤངས་པ་མཐའ་དག་བདག་མེད་པའི་ཤེས་རབ་ཀྱིས་མ་ཟིན་པས།ཟག་བཅས་སྡུག་བསྔལ་གྱི་རྟེན་ཡིན་པའི་ཕྱིར།སླར་མི་ལྡོག་པ་སྤངས་ཚུལ་ནི།བདག་འཛིན་གྱི་ས་བོན་དང་བཅས་པ་སྤངས་བས་འཇོག་ལ།འདིས་ཐེག་དམན་སློབ་པ་ལས་ཁྱད་པར་དུ་འཕགས་པ་གྲུབ་སྟེ།དེ་དག་གིས་བདག་ལྟའི་ས་བོན་མ་སྤངས་པས་སླར་ཡང་འཁོར་བར་ལྡོག་པའི་ཕྱིར།མ་ལུས་པ་སྤངས་ཚུལ་ནི།རྣམ་པ་དུ་མར་ཐབས་མང་པོས་དུས་རིང་པོ་སྐལ་ཆེན་གྲངས་མེད་གསུམ་དུ་གོམས་པས་ཉོན་མོངས་བག་ཆགས་དང་བཅས་པ་སྤངས་བའི་ཕྱིར།འདིས་ནི་ཉན་རང་དགྲ་བཅོམ་ལས་ཁྱད་དུ་འཕགས་པར་བསྟན་ཏེ།དེ་དག་ལ་ལུས་ངག་ཡིད་གསུམ་གྱི་གནས་ངན་ལེན་དང་ལྡན་པའི་ཕྱིར་རོ།།འདི་ལ་གཞན་གྱིས་འདི་ལྟར་རྒོལ་ཏེ།སྤང་བྱའི་སྐྱོན་ནི་རྟག་པ་ཡིན་པས་སྤོང་མི་ནུས་ལ།དེ་སྤོང་བའི་ཐབས་མེད་པའི་ཕྱིར་རམ།ཐབས་ཡོད་ཀྱང་མི་ཤེས་པའི་ཕྱིར་།ཞེས་རྒོལ་མོད་སྐྱོན་གཏན་ནས་མི་འཇུག་སྟེ།ཁྱོད་ཀྱི་རྒྱུ་ཡོད་པས་མི་རྟག་པར་འགྲུབ་ལ།གཉེན་པོ་གོམས་པས་ཁྱོད་ཀྱི་རྒྱུ་ཟད་པར་འགྱུར་ཞིང་།རྒྱུའི་རང་བཞིན་ཤེས་པས་རྒྱུའི་གཉེན་པོ་ཡང་ཤེས་པའི་ཕྱིར་རོ།།
༤༽གཞན་དོན་ཕུན་ཚོགས་སྐྱོབ་པའི་རྟགས་ཀྱིས་བསྒྲུབ།
ཐར་ལམ་ཕྱིན་ཅི་མ་ལོག་པར་རང་གིས་ངེས་ཟིན་པ་དེ་ལན་དང་གྲགས་པ་སོགས་ལ་མི་ལྟ་བར་ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་གདུལ་བྱ་སྡུག་བསྔལ་ལས་སྐྱོབ་པའི་ཐབས་སུ་ཕྱིན་ཅི་མ་ལོག་པར་གསུངས་ལ།ཕྱིན་ཅི་མ་ལོག་པར་གསུངས་བའི་ཚུལ་ཡང་།གདུལ་བྱ་ལ་རྫུན་མི་གསུངས་ཏེ།གལ་ཏེ་ཐར་ལམ་ཕྱིན་ཅི་མ་ལོག་པ་རང་གིས་མ་ངེས་ན་རྫུན་སྨྲ་སྲིད་མོད།ཐར་ལམ་ཡང་དག་པ་རང་གིས་ངེས་ཟིན་པའི་ཕྱིར་དང་།ཐུགས་བརྩེ་བ་ཆེན་པོ་མངའ་བའི་ཕྱིར་དང་།རྫུན་སྨྲས་པས་རང་གཞན་གང་ལ་ཡང་དགོས་པ་ཏིལ་ཙམ་མེད་པའི་ཕྱིར་རོ།།དེ་ལྟར་ལུགས་འབྱུང་སྐབས་སུ་བསྟན་པའི་ཚད་མའི་སྐྱེ་བུ་སྒྲུབ་བྱེད་ཀྱི་རིགས་པ་དག་བསྡོམ་ན།བཅོམ་ལྡན་འདས་ཆོས་ཅན།།གྲོལ་བ་དོན་གཉེར་ལ་ལྟོས་ནས་ཚད་མའི་སྐྱེ་བུ་ཡིན་ཏེ།རྒྱུ་བསམ་སྦྱོར་ཕུན་སུམ་ཚོགས་པ་ལས་འབྲས་བུ་དོན་གཉིས་ཕུན་སུམ་ཚོགས་སུ་འཁྲུངས་བའི་སྒོ་ནས་གཞན་སྡུག་བསྔལ་ལས་སྒྲོལ་བའི་ནུས་པ་དང་མཛད་པ་གཉིས་དང་ལྡན་པའི་ཕྱིར།དེ་དག་གིས་ལུགས་འབྱུང་སྐབས་ཀྱི་སྟོན་པ་ཚད་མའི་སྐྱེ་བུ་སྒྲུབ་བྱེད་ཀྱི་རིགས་པ་དང་ཐམས་ཅད་མཁྱེན་པ་ལམ་གང་ནས་བྱོན་པའི་ཚུལ་ཧ་ཅང་བསྡུས་པའི་ངང་ནས་བཤད་ཟིན་ཏོ།།ད་ནི་ནན་ཏན་བྱེད་པ་ཡོད་མ་ཡིན།།ཞེས་པའི་ལན་དུ་སྟོན་པ་ལམ་དེ་ལས་བྱོན་པའི་ཤེས་བྱེད་འཆད་པའི་དབང་དུ་བྱས་ནས་ལུགས་ལྡོག་ཏུ་གསུངས་པའི་རིགས་པ་དག་བསྡུས་ཏེ་འཆད་ན།
༡༽བདེན་བཞི་བསྟན་པས་སྐྱོབ་པ་བསྟན།
དེ་ཡང་སྟོན་པ་ཉིད་ལུགས་འབྱུང་དུ་བཤད་པ་ལྟར་གྱི་དོན་གཉིས་ཕུན་སུམ་ཚོགས་པ་མངའ་བའི་སྒོ་ནས་གཞན་སྡུག་བསྔལ་ལས་སྐྱོབ་པའི་ནུས་པ་མངའ་བའི་ཤེས་བྱེད་ནི།གྲོལ་བ་དོན་གཉེར་གྱི་གདུལ་བྱ་ལ་བདེན་པ་བཞིའི་གནས་ཚུལ་ཡང་དག་དང་ཕྱིན་ཅི་མ་ལོག་པར་རང་སྟོབས་ཀྱིས་སྟོན་པའི་མཛད་པ་མཐར་ཕྱིན་པ་ཡིན་པའི་རྒྱུ་མཚན་གྱིས་ཡིན་ལ།འོ་ན་བདེན་བཞིའི་གནས་ཚུལ་བསྟན་པ་ལྟར་ཕྱིན་ཅི་མ་ལོག་པ་ཡིན་པའི་རྒྱུ་མཚན་གང་ཞེ་ན།དེ་ནི་བདེན་པ་བཞིའི་བླངས་དོར་གྱི་གནད་མ་ལུས་པ་ཤེས་ན་ད་གཟོད་ཡིད་ཆེས་བརྟན་པོ་རྙེད་ངེས་པས་བདེན་བཞིའི་གནས་ཚུལ་གཏན་ལ་དབབ་པ་ཡིན།སྤྱིར་སྟོན་པ་བཀའ་དྲིན་ཅན་གྱིས་གདུལ་བྱའི་ཁམས་དང་མོས་པ་ལ་བསྟུན་ནས་ཆོས་འཁོར་རིམ་པ་གསུམ་དུ་བསྐོར་བའི་ནང་ནས་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་ནི་ཐེག་པ་ཐུན་མོང་གིས་རྩོད་པ་མེད་པར་སྟོན་པའི་ཞལ་གསུངས་དྲོན་མོ་རུ་ཁས་ལེན་ཞིང་།ལྷག་ཏུ་ཐེག་དམན་བྱེ་མདོ་གཉིས་ཀྱིས་བཀའ་དང་པོ་ངེས་དོན་མཐར་ཐུག་པར་ཁས་བླངས་ནས་དེ་ཁོ་ནའི་རྗེས་སུ་འབྲང་བར་བྱེད་ཅིང་།དེའི་དགོངས་པ་འགྲེལ་བར་བྱེད་པའི་བསྟན་བཅོས་ཁྱད་དུ་འཕགས་པ་རི་བོའི་གཏོས་དང་མཉམ་པ་བརྩམས་པར་མཛད།དེ་དག་གིས་ཀྱང་བདེན་པ་བཞི་བོ་བརྗོད་བྱ་གཙོ་བོར་བཟུང་སྟེ་རང་རང་གི་གྲུབ་མཐའ་གཏན་ལ་དབབ་པར་མཛད་དོ།།གཞན་གྲུབ་མཐའ་སྨྲ་བ་བཞི་ཆར་གྱིས་ཀྱང་རང་རང་གི་ཐུན་མིན་གྱི་ལྟ་གྲུབ་ཡོངས་རྫོགས་བདེན་བཞིའི་རྣམ་བཞག་ཏུ་བསྡུས་ཏེ་ཐུན་མོང་དུ་འཆད་པས།བདེན་བཞི་ནི་ནང་བསྟན་མཚན་ཉིད་རིགས་པའི་བླ་སྲོག་ལྟ་བུ་ཡིན་པས་ཧ་ཅང་རྒྱ་ཆེ་ལ་གཏིང་ཟབ་པས་སྐྱེ་བོ་ཕལ་བ་ཞིག་གིས་ཧ་ཅང་རྟོགས་དཀའ་ལ་མ་རྟོགས་ན་ཡ་ང་བའི་དུག་སྦྲུལ་གདུག་པའི་ཚང་ལྟ་བུའི་འཁོར་བ་ལས་གྲོལ་མི་ནུས་པས།དཔལ་ཆོས་གྲགས་ཀྱིས་རྣམ་འགྲེལ་ལེའུ་གཉིས་པར་སྐྱེ་བོ་དག་ལ་སྙིང་བརྩེ་བས་བདེན་བཞིའི་གནས་ཚུལ་གནད་འདུས་ལ།དོན་ཟབ་པའི་ལེགས་བཤད་འདི་ཆེད་དུ་གནང་བ་ཡིན་ནོ།།
༡༽སྡུག་བསྔལ་བདེན་པ།
སྡུག་བསྔལ་འཁོར་བ་ཅན་ཕུང་པོ།།ཞེས་གསུངས་པ་ལྟར་ཉོན་མོངས་པ་དང་།ལས་དང་རྣམ་སྨིན་གསུམ་པོ་བར་མེད་དུ་འཁོར་བའི་ཉེར་ལེན་གྱི་ཕུང་པོ་ལྔ་བོ་ནི།སྡུག་བསྔལ་བདེན་པ་ཡིན་ཏེ།སྡུག་བསྔལ་གསུམ་པོ་ཅི་རིགས་ཀྱི་སྡུག་བསྔལ་བའི་ཟག་བཅས་ཀྱི་ཕུང་པོ་ཡིན་པའི་ཕྱིར།ཆད་ལྟ་བ་དག་གིས་འདི་ལ་འཁོར་བ་ཅན་ཞེས་པ་མི་འཐད་དེ།སྐྱེ་བ་སྔ་ཕྱི་མེད་པའི་ཕྱིར་རོ།།ཞེས་རྒོལ་ནས་རང་ལུགས་ལ་ཆགས་སོགས་རིགས་འདྲ་སྔ་མ་ལས་མི་སྐྱེ་མོད།རླུང་འཁྲིས་བད་ཀན་གསུམ་ལས་སྐྱེའོ་ཞེས་དང་།གཞན་འབྱུང་བ་ལས་སྐྱེའོ་སྨྲ་མོད།འདི་དག་ནི་གནད་གཅིག་ལ་འཁྲུལ་ནས་ལོག་པར་བཤད་པ་ཁོ་ན་ཡིན་པས།གོང་དུ་བཀག་པ་དག་གིས་མཐུས་ལ།རྒྱས་པར་གཞུང་དུ་གསལ།དེ་ལྟ་བུའི་སྡུག་བདེན་ཉེར་ལེན་གྱི་ཕུང་པོ་དེ་ནི་ཉེས་པ་དུ་མའི་རྟེན་ཡིན་ཏེ།སྤྱིར་བརྟན་གཡོའི་ལུས་ཅན་ཀུན་དུས་སྐད་ཅིག་ཀྱང་མི་སྡོད་པར་འགྱུར་བའི་ཆོས་ཅན་ཡིན་ཞིང་།ལྷག་ཏུ་སྐྱེ་བོ་མཐའ་དག་ནམ་འཆི་ཆ་མེད་དང་འཆི་རྐྱེན་ངེས་པ་མེད་པ་ཤ་སྟག་ཡིན་པས་ཆེས་མི་རྟག་པ་ཡིན།གཞན་ཡང་འཁོར་བ་ཁབ་ཀྱི་རྩེ་ཙམ་ལ།།བདེ་བ་ནམ་ཡང་ཡོད་མ་ཡིན།།ཞེས་པ་ལྟར་ངན་སོང་གསུམ་ནི།ཚ་གྲང་དང་བཀྲེས་སྐོམ།གླེན་རྨོང་བཀོལ་སྤྱོད་ཀྱི་སྡུག་བསྔལ་བ་དང་།མཐོས་རིས་གསུམ་པོ་ཡང་།སྐྱེ་རྒ་ན་འཆི་དང་།འཐབ་རྩོད།འཆི་འཕོ་བའི་སྡུག་བསྔལ་ཞིང་།ཐུན་མོང་དུ་སྔོན་གྱི་རྒྱུ་ལས་ཉོན་མོངས་ཀྱི་གཞན་དབང་ཅན་ཡིན་པའི་སྡུག་བསྔལ་བ་སྟེ།བཟོད་མེད་ཀྱི་སྡུག་བསྔལ་གྱིས་དྲག་ཏུ་གཙེས་པའི་ཕྱིར་རོ།།སྡུག་བསྔལ་བདེན་པའི་ངོ་བོ་ཤེས་པ་ནི་ཆེས་གནད་ཆེ་བའི་ལམ་གྱི་ཡན་ལག་ཡིན་ཏེ།སྐྱེ་བོ་སུ་ཞིག་གིས་རང་ཉིད་གང་དུ་གནས་པའི་འཁོར་བ་ནི་སྡུག་བསྔལ་སྣ་ཚོགས་ཀྱི་རྟེན་ཡིན་པར་ངེས་པའི་ཡིད་འབྱུང་བ་ཚད་ལྡན་ཞིག་གི་མྱོང་བ་རྒྱུད་ལ་མ་སྐྱེ་ན།རང་རྒྱུད་ཀྱི་འཁོར་བའི་སྡུག་བསྔལ་ཉེར་བར་ཞི་ནས་ཐར་བ་ཐོབ་འདོད་ཀྱི་མོས་པ་ཕྲ་མོ་ཙམ་ཡང་མེད་པ་འགྱུར་ལ།རང་ཁོ་ནའི་ཆེད་དུ་ཐར་འདོད་ཀྱི་འདུན་པ་ཟུར་ཙམ་ཡང་མེད་ན།རང་གཞན་མཐའ་དག་སྡུག་བསྔལ་ལས་གྲོལ་འདོད་ཀྱི་མོས་པ་ཆུང་ངུ་ཙམ་ཡང་མི་འབྱུང་བ་ལྟ་ཅི་སྨོས།དེ་བས་རང་ཉིད་འཁོར་བའི་སྡུག་བསྔལ་ལ་ཡིད་འབྱུང་བ་ཤུགས་དྲག་པ་དེ་ཙམ་དུ།འགྲོ་བ་གཞན་དག་འཁོར་བའི་སྡུག་བསྔལ་གྱིས་རབ་ཏུ་གཙེས་པ་ལ་ཡང་མི་བཟོད་པར་ངེས་པའི་ངེས་ཤེས་དྲག་པོ་སྐྱེ་ཞིང་།བློ་དེ་ཇི་ཙམ་ཤུགས་དྲག་ན་དེ་ཙམ་དུ་སྙིང་རྗེ་ཆེན་པོ་ཡང་སྟོབས་ཆེ་བར་འགྱུར།སྙིང་རྗེ་ཇི་ཙམ་ཆེ་ན།ཐེག་པ་ཆེན་པོའི་སེམས་བསྐྱེད་ཤུགས་དྲག་པོ་སྐྱེ་བར་འགྱུར་ཞིང་།སེམས་བསྐྱེད་ཆེན་མོ་དེའི་མཐུས།ལམ་སྒོམ་པ་ལ་ཡང་མྱུར་དུ་བརྩོན་པས་འཇུག་པ་ཡིན་ལ།དེ་ལྟར་བྱས་པས་གཟོད་ཐེག་པ་ཆེན་པོའི་ལམ་འབྲས་བུ་དང་བཅས་མྱུར་བར་ལག་ཏུ་འོང་བ་ཡིན།དེ་བས་རང་ཉིད་འཁོར་བའི་སྡུག་བསྔལ་ལ་ཡིད་འབྱུང་བ་ཇི་ཙམ་ཤས་ཆུང་ན།སྙིང་རྗེ་དང་སེམས་བསྐྱེད་ལམ་སྒོམ་པ་མཐའ་དག་ཤིན་ཏུ་མཐུ་ཆུང་བ་ཡང་ཤེས་པར་བྱ།དེ་བས་མདོ་ལས་སྡུག་བསྔལ་ཤེས་པར་བྱ་ཞེས་གསུངས་པའི་གནད་ཀྱང་འདི་ཡིན་ནོ།།འདི་དག་རྒྱས་པར་སྔོན་འགྲོའི་ཁྲིད་སོགས་སུ་གསལ།
༢༽ཀུན་འབྱུང་བདེན་པ།
རྣམ་འགྲེལ་དུ།རེ་འགའ་བ་ཉིད་ཡིན་པས་ན།།སྡུག་བསྔལ་ཉིད་རྒྱུ་བཅས་ཉིད་འགྲུབ།།རྒྱུ་མེད་གཞན་ལ་མི་ལྟོས་ཕྱིར།།རྟག་ཏུ་ཡོད་པའམ་མེད་པར་འགྱུར།།ཞེས་གསུངས་པར་ལྟར།སྔར་གྱི་སྡུག་བསྔལ་སྤོང་བའི་ཐབས་སུ་དེའི་རྒྱུ་འཚོལ་བ་ན།སྡུག་བདེན་དེ་མི་རྟག་པར་མཐོང་བས་སྡུག་བསྔལ་རྒྱུ་དང་བཅས་པར་འགྲུབ་ལ།རྒྱུ་དེ་གང་ཡིན་དཔྱོད་ཚེ་རིགས་མི་མཐུན་པའི་དབང་ཕྱུག་རྟག་པ་སོགས་ནི་དེ་དང་རྒྱུ་འབྲས་ཀྱི་འགྲོ་ལྡོག་མ་གྲུབ་པས་རྒྱུ་འབྲས་སུ་མི་རུང་།དེ་བས་སྲིད་པ་མངོན་པར་འདོད་པའི་སྲིད་སྲེད་ནི་ཉེར་ཕུང་གི་རྒྱུ་རུ་ངོས་བཟུང་ངོ་།འོ་ན་མདོ་ལས།འཇིག་ལྟ་འཁོར་བའི་རྒྱུར་གསུངས་པས་མི་འཐད་དོ་ཞེ་ན།སྤྱིར་མ་རིག་པ་དང་འཇིག་ལྟར་འཁོར་བའི་རྒྱུར་འཐད་ཀྱང་།འདིར་སྲེད་པ་འཁོར་བའི་རྒྱུར་བཤད་པ་ནི་ཡང་སྲིད་ཉེར་ཕུང་བསྐྱེད་ངེས་ལ་དགོངས་པས་སྐྱོན་མེད་དོ།།འོ་ན་སྲེད་པ་དེ་ཇི་ལྟར་སྡུག་བདེན་གྱི་རྒྱུར་འགྱུར་ཞེ་ན།གང་ཞིག་བདག་མཐོང་དེ་ལ་ནི།།ང་ཞེས་རྟག་ཏུ་ཞེན་པར་འགྱུར།།ཞེན་པས་བདེ་ལ་སྲེད་འགྱུར་ཏེ།།སྲེད་པའི་སྐྱོན་རྣམས་སྒྲིབ་པར་བྱེད།།ཅེས་འབྱུང་བ་ལྟར་སུ་དང་གང་ལ་བདག་ལ་ཆགས་པ་ཡོད་ན་བདག་གི་བ་འཛིན་པའང་དེ་ལས་འབྱུང་ཞིང་།དེས་རྐྱེན་པས་ཡུལ་ཡིད་དུ་འོང་བ་འཐོབ་པའི་སླད་དུ་ལེགས་ཉེས་ཤན་མི་འབྱེད་པར་རང་དགར་འཇུག་པར་བྱེད་ཅིང་།ཡུལ་མི་སྡུག་པ་དག་དང་རྒྱང་དུ་བཀྱེད་པའི་ཆེད་དུ་ཅི་ཡང་བྱེད་ཕོད་པའི་ངང་ནས་མི་དགེ་བ་སྣ་ཚོགས་སྒྲུབ་པར་བྱེད་ཅིང་།དེའི་མཐུས་སྐྱེ་བ་ནས་སྐྱེ་བར་ངན་སོང་གསུམ་དུ་སྐྱེས་ནས་དགེ་བའི་བག་ཆགས་ཅུང་ཙམ་ཡང་བགོ་མི་ནུས་པས།འཁོར་བར་འཁོར་བའི་ཕྱིར།དེ་ལྟའི་ཀུན་ཉོན་གྱི་རྒྱུ་འབྲས་སྡུག་ཀུན་གཉིས་ལས་རྒྱུ་ཀུན་འབྱུང་སྔོན་དུ་མ་བཤད་པར་འབྲས་བུ་སྡུག་བདེན་སྔོན་དུ་བཤད་པའི་དགོས་པ་ནི།སྡུག་བདེན་གྱི་ངོས་གསལ་བོ་ཟིན་ཚེ།ཀུན་འབྱུང་སྤོང་བ་ལ་སྤྲོ་བ་སྐྱེ་བའི་ཕྱིར་དུ་ཡིན་ནོ།།
༣༽འགོག་པའི་བདེན་པ།
གཞུང་དུ།དེ་ནི་གཏན་དུ་བ་མིན་ཏེ།།རྒྱུ་ལ་གེགས་སོགས་སྲིད་ཕྱིར་རོ།།ཞེས་གསུངས་ཏེ།སྡུག་བསྔལ་ནི་ཀུན་འབྱུང་ལས་སྐྱེ་ན་སྡུག་བསྔལ་འགོག་པའི་ཆེད་དུ་ཀུན་འབྱུང་འགོག་ནུས་སམ་ཞེ་ན།སྡུག་བདེན་ནི་སྤོང་མི་གཏུབ་པའི་རྟག་པ་མིན་ཏེ།རང་རྒྱུ་མ་རིག་པ་ལ་འགལ་རྐྱེན་སྟོབས་ལྡན་དང་།མཐུན་རྐྱེན་མ་ཚང་བ་སོགས་སྲིད་པས་ན།ནམ་ཞིག་ལ་འགོག་པའམ་ཐར་བ་མངོན་དུ་བྱེད་དོ།།འདི་ལྟར་འཆད་ཚེ་རྩོད་པ་སྣ་ཚོགས་ཀྱི་ཚ་རླབས་འཕྱུར་ཏེ།དེ་ཡང་གྲངས་ཅན་པ་སོགས་ཀྱིས།ཁྱེད་ཅག་ལྟར་ན།འཁོར་བ་པོའི་བདག་མེད་ལ་ཉེར་ལེན་གྱི་ཕུང་པོའི་རྒྱུན་ཙམ་ལ་འཁོར་བར་འཇོག་ན།དེ་ཉིད་འགག་པ་ཐར་བར་འཇོག་པ་འགལ་ཏེ།ཐར་བ་ཐོབ་པའི་ཚེ་བདག་ནི་མེད་ཅིང་།ཉེར་ཕུང་གི་རྒྱུན་ནི་འགགས་ཟིན་པས་ཐར་བ་ཐོབ་པ་ན་ཅི་ཡང་མེད་པར་འགྱུར་རོ་ཞེས་བདག་རྫས་ཡོད་ལ་བསམ་ཏེ་རྩོད་དོ།།དེའི་ལན་དུ་མ་ཡིན་འདོད་དང་མ་གྲུབ་ཕྱིར་ཅེས་གསུངས་སོ།།འོ་ན་འཁོར་བ་དང་ཐར་བའི་རྣམ་བཞག་ཇི་ལྟར་བྱ་ཞེ་ན།ཉེར་ཕུང་འདི་དག་རྒྱུ་དང་བཅས་པ་འཁོར་བ་ལ་འཁོར་བ་དང་།རྒྱུ་མ་རིག་པ་སོགས་སྤང་པས་སླར་མི་ལྡོག་པ་ཙམ་ལ་ཐར་བ་འཇོག་གོ།གནད་འདི་ལས་འཕྲོས་ཏེ་འགོག་བདེན་ངོས་བཟུང་ཚུལ་གྱི་ཐད་ལ་མཁས་པ་དག་གི་འཆད་ཚུལ་ཧ་ཅང་མང་སྟེ།འགོག་བདེན་མེད་དགག་ཏུ་འདོད་པ་དང་།རྟག་པ་རུ་འདོད་པ་དང་།འདུས་བྱས་སུ་འདོད་པ་སོགས་འཆད་ཚུལ་མང་མོད།དཔྱོད་ལྡན་དག་གིས་དཔྱད་དགོས་པའི་གནད་ཆེ་ཡིན།རང་གི་དྲན་ཚུལ་ནི།འགོག་བདེན་ནི་འདུས་བྱས་དང་རང་མཚན་ཡིན་ཏེ།གློ་བུར་གྱི་དྲི་མ་མཐའ་དག་དང་བྲལ་བའི་སེམས་གསལ་རིག་གི་ཆ་རང་ལ་འཇོག་དགོས་པར་སྣང་ངོ་།།ཡང་བདག་རྫས་ཡོད་དུ་འདོད་པའི་རྒོལ་བ་དག་གིས།སྔར་འཁོར་བར་བཅིང་བ་དང་ཕྱིས་གྲོལ་བའི་བདག་མེད་ན།ཐར་བའི་བདེ་བ་ལ་ལོངས་སུ་སྤྱོད་པ་པོ་མེད་པར་འགྱུར་ལ།དེ་ལྟར་ན་སུས་ཀྱང་དེའི་ཆེད་དུ་ལམ་ལ་འབད་པ་མི་འགྱུར་རོ་ཞེ་ན།གྲོལ་བ་པོའི་བདག་རྫས་གྲུབ་པ་མེད་ན་ཡང་།ཐར་ལམ་ལ་འབད་པ་དོན་ཡོད་དེ།བདག་ཏུ་ཕྱིན་ཅི་ལོག་ཏུ་སྒྲོ་བཏགས་པ་གཞོམ་པའི་ཕྱིར་དུ་འབད་དགོས་ཤིང་།རྒྱུ་མཚན་ཡང་ཇི་སྲིད་བདག་ལ་ཆགས་པ་མ་བཅོམ་པ་དེ་སྲིད་དུ།སྡུག་བསྔལ་བའི་བདག་རྫས་གྲུབ་ཏུ་སྒྲོ་བཏགས་ནས།དེ་སྲིད་དུ་མྱ་ངན་གྱིས་ནོན་པའི་ཕྱིར།དེ་ཡང་གཞུང་དུ།ཇི་སྲིད་བདག་ཆགས་མ་བཅོམ་ཞིང་།།དེ་ནི་ཡོངས་སུ་གདུང་འགྱུར་བ།།དེ་སྲིད་སྡུག་བསྔལ་སྒྲོ་བཏགས་ནས།།རང་བཞིན་དུ་ནི་གནས་པ་མེད།།གྲོལ་བ་པོ་ནི་མེད་ན་ཡང་།།ལོག་པར་སྒྲོ་འདོགས་གཞོམ་ཕྱིར་བརྩོན།།ཞེས་གསུངས་པའི་གནད་དོ།།ཡང་དེ་དག་ན་རེ།བདག་མེད་ན་བྱང་སེམས་དང་དགྲ་བཅོམ་པ་དག་འཁོར་བ་གཏན་མི་གནས་པར་འགྱུར་ཏེ།བདག་དང་བདག་གི་བ་ལ་ཆགས་པ་མེད་པས་དགོས་པ་མེད་དོ་ཞེ་ན།བྱང་ཆུབ་སེམས་དཔའ་སོགས་ལ་ནི་བདག་ཏུ་འཛིན་པ་མེད་ན་ཡང་།བརྩེ་བས་གཞན་དོན་དུ་འཁོར་བར་འཇུག་ལ།ཉན་རང་དགྲ་བཅོམ་དག་ནི་བརྩེ་བས་འཁོར་བར་འཇུག་སྲིད་མོད།སྔོན་གྱི་ལས་ཀྱི་ལྷག་མ་ཙམ་གྱིས་འཁོར་བར་སྐྱེ་བ་ཡིན་ནོ།།ཡང་དེ་དག་ན་རེ།དགྲ་བཅོམ་པ་དེ་སྐྱེ་བ་གཞན་དུ་དབང་མེད་དུ་སྲིད་པར་ཉིང་མཚམས་སྦྱོར་བར་འགྱུར་ཏེ།ལས་ཡོད་པའི་ཕྱིར་ཞེ་ན་སྐྱོན་མེད་དེ།ལས་ཡོད་ན་ཡང་སྲིད་པར་གཞན་དུ་མཚམས་སྦྱོར་བྱེད་ཀྱི་ལས་དེའི་ལྷན་གཅིག་བྱེད་རྐྱེན་ལོག་སྲེད་གཉིས་པོ་མེད་པས་སླར་འཁོར་བར་མི་ལྡོག་གོ།།ཡང་དེ་དག་ན་རེ།ཆགས་བྲལ་བྱང་སེམས་དང་དགྲ་བཅོམ་པ་ལ་བདག་ཏུ་འཛིན་པ་ཡོད་པར་འགྱུར་ཏེ།སྙིང་རྗེ་ཆེན་པོ་ཡོད་པའི་ཕྱིར་ཞེ་ན།ཆགས་བྲལ་དེ་དག་ཕུང་པོ་ལྔ་ཙམ་ལ་སེམས་ཅན་དུ་བཏགས་པ་ལ་དམིགས་ནས་དེ་ཉིད་སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་རྗེ་དེ་ནི།སྒྲུབ་པ་དང་རང་དབང་དུ་ལྟ་བ་དང་རྗེས་སུ་མི་འབྲེལ་བས་སྐྱོན་མེད་དོ།།འདི་དག་གིས་མཚོན་པའི་རྩོད་པ་སྣ་ཚོགས་བསླངས་ཤིང་།རྩོད་པ་འདི་དག་ནི་གཞུང་ལུགས་སྤྱི་ལ་མཁོ་བའི་དོགས་སློང་ཤ་སྟག་ཡིན་པས་ཞིབ་ཆ་ཕུད་དེ་གཟིགས་རྒྱུ་ཧ་ཅང་གལ་ཆེའོ།།
༤༽ལམ་གྱི་བདེན་པ།
འོ་ན་དེ་ལྟ་བུའི་འགོག་བདེན་དེ་ཇི་ལྟར་མངོན་དུ་བྱ་དགོས་སམ་ཞེ་ན།དེ་ཤེས་པའི་ཕྱིར་དུ་དེའི་རྒྱུ་ལམ་བདེན་གྱི་རྣམ་བཞག་མ་འདྲེས་པར་རྟོགས་དགོས།གཞུང་དུ།བཤད་ཟིན་ལམ་དེ་གོམས་པ་ལས།།གནས་གྱུར།།ཞེས་གསུངས་ཏེ།བདག་མེད་མངོན་སུམ་དུ་རྟོགས་པའི་ལམ་ཁྱད་པར་བ་དེ།གྲོལ་བྱེད་ཀྱི་ལམ་མཐར་ཐུག་པ་རུ་འདོད་དགོས་ཏེ།ཁྱོད་གོམས་པ་ལས་ཉེས་པ་མ་ལུས་པ་དྲུང་ནས་བཅོམ་སྟེ་གནས་འགྱུར་མཐར་ཕྱིན་པ་ཐོབ་པའི་ཕྱིར་རོ།།འདི་ལ་ཁ་ཅིག།ལམ་མངོན་དུ་གྱུར་པའི་མཐུས།ཉེས་པ་གཏན་མེད་དུ་རེ་ཞིག་གནས་ཀྱང་།སྔར་ལམ་མངོན་དུ་མ་གྱུར་པའི་སྐྱེ་བུ་ལ་ཕྱིས་གློ་བུར་དུ་ལམ་མངོན་འགྱུར་འབྱུང་བ་ལྟར།ཉེས་པ་གཏན་མེད་པའི་སྐྱེ་བུ་དམ་པ་དག་ལ་ཡང་།གློ་བུར་དུ་ཉེས་པ་འབྱུང་བས།ཉེས་པ་ལ་གཏན་དུ་གྲོལ་བའི་དུས་མེད་དོ།།ཞེས་རྩོད་མོད།འདིའི་ལན་དུ་ཉེས་པ་རྣམས་སླར་འབྱུང་བ་མིན་ཏེ།ཉེས་པ་སླར་འབྱུང་བའི་ནུས་པ་མེད་པའི་ཕྱིར་ཏེ།བདག་འཛིན་ནི་ཡུལ་གྱི་གནས་ཚུལ་ལ་མ་ཞུགས་པས་འཁྲུལ་བ་ཡིན་ལ།གཉེན་པོ་བདག་མེད་རྟོགས་པའི་ཤེས་རབ་ནི་ཡུལ་གྱི་གནས་ཚུལ་ལ་ཞུགས་པས་དེས་བདག་ཏུ་འཛིན་པ་འགོག་ནུས་ཀྱི།བདག་ཏུ་འཛིན་པས་དེ་འགོག་མི་ནུས་པའི་ཕྱིར།དཔེར་ན་ཐག་ཁྲ་ལ་སྦྲུལ་དུ་འཁྲུལ་ཚེ།ཐག་ཁྲ་ལ་ཐག་ཁྲར་འཛིན་པའི་ཚད་མ་དེས་ཐག་ཁྲ་སྦྲུལ་དུ་འཁྲུལ་བ་འགོག་ནུས་ཀྱི།འཁྲུལ་ཤེས་དེས་དེ་འཛིན་གྱི་ཚད་མ་འགོག་མི་ནུས་པ་བཞིན་ནོ།།སྔར་བདག་མེད་མ་མཐོང་བའི་དུས་སུ་ཡང་དྲི་མས་སེམས་ལ་གནོད་མི་ནུས་ཏེ།སེམས་ཀྱི་རང་བཞིན་དྲི་མས་གཏན་མ་གོས་པའི་འོད་གསལ་བ་ཁོ་ན་ཡིན་པའི་ཕྱིར།དོན་འདི་གཞུང་དུ།སེམས་ཀྱི་རང་བཞིན་འོད་གསལ་བ།།དྲི་མ་རྣམས་ནི་གློ་བུར་བ།།ཞེས་བྱུང་ངོ་།།དོན་འདི་ལས་འཕྲོས་ཏེ་སེམས་ཀྱི་རང་བཞིན་སྙིང་རྗེ་ཡིན་མིན་སོགས་ཀྱི་དོགས་གཞི་སྣ་ཚོགས་ཡོད་མོད།ཁོ་བོས་ནི་སེམས་ཀྱི་རང་བཞིན་སྙིང་རྗེ་ཡིན་པར་སྒྲུབ་བྱེད་རྣམ་དག་ཡོད་པར་མཐོང་སྟེ།ཐབས་དང་ཤེས་རབ་གཉིས་པོ་ཡུན་དུ་གོམས་པའི་སྟོབས་ཀྱིས།མཐར་གསལ་རིག་གི་ངོ་བོ་ལས་མི་འདའ་བར་སེམས་ཉིད་སྙིང་རྗེའི་རང་བཞིན་དུ་གྱུར་ནས་དེ་ལས་བཟློག་ཏུ་མེད་པའི་ཕྱིར་རོ།།འོ་ན་བདག་འཛིན་གྱི་གཉེན་པོར་བདག་མེད་རྟོགས་པའི་ཤེས་རབ་འཇོག་ན།གཉེན་པོར་འགྲོ་ཚུལ་ཇི་ལྟར་ཞེ་ན།འཛིན་སྟངས་འགལ་བ་ཙམ་གྱིས་གཉེན་པོ་མིན་ཏེ།གཞན་དུ་ན་ཆགས་སྡང་གཉིས་པོ་ཡང་ཕན་ཚུན་གཉེན་པོར་འགྱུར་བའི་ཕྱིར།ཕྱོགས་རེ་མགོ་གནོན་གྱི་གཉེན་པོ་བྱམས་པ་སོགས་ཀྱང་གཉེན་པོ་ཡང་དག་པ་མིན་ཏེ།བྱམས་པ་སོགས་ནི་བདག་འཛིན་གྱི་འཛིན་སྟངས་དང་འགལ་བ་མེད་པས་ཉེས་པ་དྲུང་ནས་འབྱིན་མི་ནུས་སོ།།འོ་ན་ཉེས་པ་དྲུང་འབྱིན་གྱི་གཉེན་པོ་ནི་གང་ཞེ་ན།ཕུང་པོ་ལ་བདག་གིས་སྟོང་པ་ཉིད་དུ་ལྟ་བ་དེ་ཡིན་ཏེ།ཁྱོད་དང་བདག་ལྟ་དེ་འཛིན་སྟངས་དངོས་སུ་འགལ་ཞིང་།ཁྱོད་ཡུལ་གྱི་གནས་ཚུལ་ལ་ཞུགས་པའི་བློ་ཡིན་པའི་ཕྱིར།བདག་མེད་རྟོགས་པའི་བློ་དེ་ནི་འཁོར་བའི་གཉེན་པོ་མཆོག་ཡིན་ཏེ།འཁོར་བའི་རྩ་བ་ནི་བདག་ལྟ་ཡིན་ལ།དེ་དང་འཛིན་སྟངས་དངོས་སུ་འགལ་བའི་ཕྱིར།བདག་ཏུ་ལྟ་བའི་བློ་ནི་འཁོར་བའི་རྩ་བ་ཡིན་ཏེ།གང་ལ་ཕུང་པོ་ལ་བདག་ཏུ་ཞེན་པ་ཡོད་ན།ང་དང་ང་ཡི་བའོ་སྙམ་པའི་བློ་ཤུགས་དྲག་པོ་སྐྱེ་ཞིང་།དེའི་རྐྱེན་གྱིས་སྡུག་བསྔལ་དང་བྲལ་ནས་བདེ་བར་གྱུར་ཅིག་སྙམ་པའི་སྲེད་པ་སྐྱེ་བར་འགྱུར་ཞིང་།སྲེད་པ་དེས་བདག་གི་བའི་དངོས་པོ་མཐའ་དག་གི་སྐྱོན་དག་བསྒྲིབས་ནས་ཡོན་ཏན་དུ་མཐོང་བས་བདག་གི་བ་ལ་ཡོངས་སུ་སྲེད་པའི་སྒོ་ནས་ཉེས་པ་སྣ་ཚོགས་པ་བྱེད་ཅིང་།དེ་ལས་དབང་མེད་འཁོར་བར་འཁོར་ཚུལ་ནི་སྔར་བཤད་པ་ལྟར་རོ།།དེ་ལྟའི་བདག་ཏུ་འཛིན་པས་ལོག་སྲེད་གཉིས་བསྐྱེད་ཅིང་དེ་སྤངས་ནས་ཐར་པ་ཐོབ་པའི་ཚུལ་ལ།ཐབས་ལ་གྲུབ་མཐའ་སྨྲ་བ་གཞན་གྱི་འདོད་པ་སྣ་ཚོགས་བྱུང་སྟེ།བསྡུས་ན་བདག་ཆགས་སྐྱོན་བཅས་སུ་ཤེས་པ་དང་།དབང་སོགས་སྡུག་བསྔལ་དུ་བསྒོམ་པ།དབང་བདག་ཐ་དད་དུ་ཤེས་པས་གྲོལ་བར་འདོད་པ་སྟེ་གསུམ་ཙམ་བྱུང་ཞིང་།དེ་དག་ལ་ཞིབ་མོར་དཔྱད་ཚེ་ཉེས་པའི་རྩ་བ་བདག་འཛིན་སུན་དབྱུང་བར་མ་ནུས་པའི་གྲོལ་མི་ནུས་ལ།དེ་བས་བདག་མེད་པའི་དོན་ནི་དེ་ལས་གྲོལ་བའི་ཐབས་ཕྱིན་ཅི་མ་ལོག་པ་ཡིན་པས་དེ་ལས་འགོག་པ་མངོན་དུ་བྱ་ནུས་པར་གསུངས་ཤིང་།དེ་དག་གི་དོན་ཕྱིན་ཅི་མ་ལོག་པ་ནི་གཞུང་དུ་ཁ་གསལ་བས་དོན་གཉེར་ཅན་གྱིས་ཞིབ་ཏུ་གཟིགས་དགོས་པའི་གནས་ཡིན་ནོ།།དེ་ལྟའི་རྣམ་བྱང་གི་རྒྱུ་འབྲས་འགོག་ལམ་གཉིས་ལས་འབྲས་བུ་འགོག་བདེན་ཐོག་མར་འཆད་པའི་རྒྱུ་མཚན་ནི།འགོག་པའམ་ཐར་པའི་ཡོན་ཏན་ལ་སྤྲོ་བ་སྐྱེས་ནས་དེའི་སླད་དུ་ལམ་གྱི་བདེན་པ་ལ་བརྩོན་པས་འཇུག་པའི་ཆེད་དུ་ཡིན་ནོ།།
༢༽སྐྱོབ་པ་ལས་བདེར་གཤེགས་གྲུབ་ཚུལ།
བདེན་བཞི་ཕྱིན་ཅི་མ་ལོག་པ་བསྟན་པས།བདེན་བཞིའི་གནས་ཚུལ་ཕྱིན་ཅི་མ་ལོག་པ་རང་གིས་མཁྱེན་པས།ཆོས་ཉིད་ཇི་ལྟ་བ་མཁྱེན་པའི་མཁྱེན་པ་འགྲུབ་ལ།སྟོན་པས་བསྟན་པའི་དོན་དེ་དག་ལ་ཚད་མས་གནོད་པ་གང་ཡང་མེད་པས་མཁྱེན་པ་བརྟན་པར་གྲུབ།མངོན་མཐོ་དང་ངེས་ལེགས་ཀྱི་ཐབས་འབྲས་བུ་དང་བཅས་པ་མཐའ་དག་མཁྱེན་པས་ཇི་སྙེད་པ་མཁྱེན་པའི་མཁྱེན་པ་གྲུབ།དེ་ལྟའི་མཁྱེན་པ་གསུམ་པོ་ཡང་རིམ་བཞིན།ཕྱི་རོལ་པ་དང་།འཕགས་པ་སློབ་པ།མི་སློབ་པའི་ཉན་རང་དགྲ་བཅོམ་པ་དག་ལས་ཁྱད་དུ་འཕགས་པ་ཡང་གྲུབ་བོ།།
༣༽དེ་ལས་སྟོན་པ་གྲུབ་ཚུལ་ནི།
བདེ་བར་གཤེགས་པ་དེ་ཡང་།གཞན་གྱི་དོན་དུ་མ་ལུས་པ་མཁྱེན་པ་ལ་སྦྱོར་ཞིང་གོམས་པའི་སྟོན་པ་དེ་སྔོན་དུ་སོང་སྟེ།ཁྱད་པར་གསུམ་ལྡན་གྱི་མཁྱེན་པ་མངའ་བའི་ཕྱིར་རོ།།
༤༽དེ་ལས་བརྩེ་བ་གྲུབ་པའི་ཚུལ།
གཞན་དོན་དུ་མ་ལུས་པ་མཁྱེན་པ་ལ་སྦྱོར་བའི་རྒྱུ་ཡང་འགྲོ་བ་མཐའ་དག་སྡུག་བསྔལ་ལས་སྒྲོལ་བར་འདོད་པའི་སྙིིང་རྗེ་ཆེན་པོ་དེ་ཡིན་ནོ།འོ་ན་བདེན་བཞི་ཕྱིན་ཅི་མ་ལོག་པར་མཁྱེན་པས་ཚད་མའི་སྐྱེ་བུར་འགྲུབ་པ་མིན་ནམ།སྙིང་རྗེ་འདིར་སྒྲུབ་བྱེད་དུ་སྦྱར་བ་ཅིའི་ཕྱིར་ཞེ་ན།བདེན་བཞིའི་གནད་ཚུལ་ཇི་བཞིན་དུ་མཁྱེན་ན་ཡང་སྙིང་རྗེ་ཆེན་པོ་མེད་ན་བདེན་བཞི་དེ་གཞན་ལ་མི་སྟོན་པར་སྲིད་མོད།སྟོན་པ་ནི་སྙིང་རྗེ་གོམས་པ་མཐར་ཕྱིན་པས་གཞན་གྱི་ཆེད་དུ་ཆོས་སྟོན་པའི་འཕྲིན་ལས་རྒྱུན་མི་ཆད་པས་འདིར་གལ་ཆེ་བའི་ཡན་ལག་ཏུ་བཤད་པ་ཡིན།དེའི་ཕྱིར་ཐེག་པ་ཆེན་པོ་ལ་བརྩེ་བ་ཆེན་པོ་ནི་ཐོག་མཐའ་བར་གསུམ་དུ་གལ་ཆེ་སྟེ།ཐོག་མར་སྙིང་རྗེ་རྒྱུད་ལ་མ་སྐྱེ་ན་ཐེག་པ་ཆེན་པོའི་སེམས་བསྐྱེད་པར་མི་འགྱུར་ལ།བར་དུ་སྙིང་རྗེ་དང་བྲལ་ན་ལམ་ལ་བརྩོན་པས་མི་འཇུག།ཐ་མར་སངས་རྒྱས་པའི་དུས་སུ་སྙིང་རྗེ་མེད་ན།གཞན་དོན་དུ་འཁོར་བ་མ་སྟོང་བར་དུ་ཆོས་སྟོན་པའི་མཛད་པ་དང་བྲལས་བས་ཐོག་མཐའ་བར་གསུམ་དུ་སྙིང་རྗེ་གལ་ཆེ་ཞིང་།དེ་བས་དཔལ་ཆོས་གྲགས་ཀྱིས་སྙིང་རྗེའི་སྒོ་ནས་སྟོན་པ་ཚད་མར་སྒྲུབ་པ་ནི་ཆེས་རྨད་དུ་བྱུང་བ་ཡིན་པར་དཔོགས་ནུས་སོ།།དེ་བས་ནན་ཏན་བྱས་པ་ཡང་གྲུབ་སྟེ།བརྩེ་བ་ཆེན་པོ་མཐར་ཕྱིན་པས་གཞན་ལ་ལེགས་པ་འབའ་ཞིག་གསུང་བ་དང་།མཁྱེན་པ་ཁྱད་པར་སུམ་ལྡན་ལས་བདེན་པ་ཕྱིན་ཅི་མ་ལོག་པ་ཁོ་ན་གསུངས་བར་མཛད་པའི་ཕྱིར།འདི་དག་གི་དོན་ཚུལ་ཇི་ལྟ་བ་བཞིན་ངེས་པར་བྱེད་པའི་ཡན་ལག་ཏུ་སྟོན་པའི་སྐུ་ཚེའི་རྣམ་ཐར་མཇལ་རྒྱུ་ནི་ཧ་ཅང་གལ་ཆེའོ།།དེ་དག་གིས་ནི་གཞུང་གི་དོན་མདོར་ཙམ་བསྟན་ཟིན་ཏོ།།
མཇུག་གི་གཏམ།
དེ་ཡང་གནའ་བོའི་དུས་སུ་བོད་ཆོས་ལྡན་གྱི་ཞིང་འདིར་བསྟན་པ་སྔ་དར་དང་ཕྱི་དར་གྱི་སྐབས་སུ།འཇིག་རྟེན་གྱི་མིག་གཅིག་ཏུ་གྱུར་པའི་ལོ་ཙཱ་བ་བཀའ་དྲིན་ཅན་དག་གིས།རེ་དོགས་ཀྱི་རྒྱ་ཡོད་ཚད་བཅད་ནས་བསྟན་པ་དང་འགྲོ་བའི་དོན་དུ།རྣག་པར་དཀའ་བའི་ངལ་དུབ་ཡོད་ཚད་ཁྱད་དུ་བསད་དེ།དྲི་མ་མེད་པའི་རྒྱལ་བའི་བསྟན་པ་རིན་པོ་ཆེ་བོད་དུ་དྲངས་བར་མཛད།མཁས་པ་གོང་མ་དག་གིས་ཀྱང་།བདེན་ཅིང་འཐད་ན་བྱིས་པའི་ངག་ཀྱང་ཉན་པའི་བདེན་ཚིག་སེམས་ལ་ཐོགས་ཏེ།གཟུ་བོའི་མིག་གིས་ནང་བསྟན་རིག་གཞུང་ལ་སྐུ་ཚེ་གང་བོར་ཞིབ་འཇུག་དཔྱིས་ཕྱིན་པ་མཛད་དེ།སོ་སོའི་རྣམ་དཔྱོད་ཀྱི་རྩལ་ལས་ནང་བསྟན་མཚན་ཉིད་རིགས་པའི་དགོངས་འགྲེལ་གྱི་བསྟན་བཅོས་རི་བོའི་གཏོས་དང་མཉམ་པར་བརྩམས།མི་བདེན་དོན་དང་འགལ་ན་རྒྱལ་བའི་བཀའ་ཡང་འཇོག་པའི་དགག་སྒྲུབ་སྙིང་སྟོབས་སེམས་ལ་ཐོགས་ཏེ།བསྟན་པ་དང་འགྲོ་བའི་དོན་དུ་དགག་སྒྲུབ་ཀྱི་ཚ་རླབས་ཡང་ཡང་འཕྱུར་མྱོང་བ་ནི།ཤེས་རབ་བློ་མིག་ཅན་གྱི་སྐྱེ་བུ་དག་གི་གཟི་བརྗིད་འོད་སྟོང་འབར་བའི་མཛད་རྗེ་བླ་ན་མེད་པ་ཞིག་དང་།འུ་ཅག་ཕྱི་རབས་པ་དག་ལ་མཚོན་ན་ཡང་།དེ་ནི་གཞན་ལ་ངོམ་ཡང་ངོ་གནོང་མི་དགོས་པའི་རིག་གནས་སྙིང་སྟོབས་རེད།འོན་ཀྱང་།སྙིགས་མ་ལྔའི་ཤྭ་འོད་ཆེ་ཆེར་རྡོལ་བའི་དེང་གི་དུས་སུ།།མཁས་པར་རློམ་པའི་མངོན་པའི་ང་རྒྱལ་ཅན་དག་གིས་རང་གི་ཁེ་ཕན་ཁོ་ནའི་ཆེད་དུ།སྔོན་བྱོན་གྱི་རང་གི་མེས་པོ་གོང་མ་དག་གི་འཕྲིན་ལས་ཀྱི་རྒྱུན་ཅི་མི་སྙམ་པར་བཅད་དེ།ཕྱོགས་ཞེན་དང་འཐེན་འཁྱེར་ཁོ་ནས་འཆད་རྩོད་རྩོམ་པའི་ལས་ལ་འཇུག་པ་ནི་ཆེས་ཡ་ང་བའི་གནས་དང་ངོ་གནོང་དགོས་པའི་ཚད་ཡིན།དེ་དང་འདྲ་བར་དེང་གི་ནང་བསྟན་སློབ་གཉེར་བ་ཕལ་མོ་ཆེ་ལ་ཡང་།སྤྱི་ཚོགས་ཀྱི་ཤུགས་རྐྱེན་སྣ་ཚོགས་ཐེབས་ཏེ་རྩོད་པ་དང་རྩོམ་པའི་ལས་ལ་ཡུན་ཙམ་འཇུག་ན་ཡང་།ཕ་ཆོས་གསེར་ནག་གི་རི་འདྲ་བ་འདི་ལ་ཟུར་ཟ་དང་སྨ་འབེབས་ཁོ་ན་བྱེད་པའམ།དོགས་སློང་སྙིང་སྟོབས་ཡོད་མདོག་གིས།ལོ་རེ་གཉིས་ཙམ་ལས་རིག་གཞུང་གང་ལ་ཡང་སྦྱང་བ་མ་བྱས་ན་ཡང་།རང་རང་གི་མི་གཞིའི་སྒལ་ཚིགས་དུམ་བུར་གཏོར་ཏེ།རང་གི་དགེ་བའི་བཤེས་གཉེན་ཡན་ཆད་ལ་ཟུར་ཟ་ཁོ་ན་བྱེད་པ་ནི་ཆེས་དོགས་ཟོན་བྱ་དགོས་པའི་གནས་ཡིན།དེ་ཡང་བདག་གི་དགེ་བའི་བཤེས་གཉེན་དམ་པའི་ཞལ་ནས།སྔོན་གྱི་མཁས་པ་གོང་མ་དག་གིས་སྐུ་ཚེ་གང་བོར་ཞིབ་འཇུག་བྱས་ཏེ་གྲུབ་པའི་གཞུང་ཆེན་འདི་དག་ལ་ལོ་རེ་གཉིས་ཙམ་ལས་སྦྱང་བ་མ་བྱས་པའི་ཐོས་ཆུང་འུ་ཅག་ལྟ་བུས་ནམ་ཡང་རྒོལ་མི་ནུས་པས་གཞུང་ཆེན་དེ་དག་གི་གནད་དམ་པ་དག་ཤེས་པར་བྱས་ཏེ་ཡིག་ཐོག་ཏུ་ཕབ་པ་ནི་གལ་ཆེ།ཞེས་གསུངས་པ་ལྟར།ཐོས་པའི་ནོར་གྱིས་དབུལ་ཞིང་།གཞུང་ལུགས་ཆེན་པོ་དག་ལ་གོམས་པ་ཤས་ཆུང་མི་ཞིག་ལ་མཚོན་ན།སྔོན་ཆད་སུས་ཀྱང་མ་རྟོགས་པའི་གཞུང་ལུགས་ཆེན་པོའི་དགོངས་པ་འཁྲུལ་མེད་དུ་འཆད་ནུས་མཁན་སུ་ཡང་མེད་ལ།ཐ་ན་མཁས་པ་སྔ་མ་དག་གི་རྗེས་སུ་འབྲངས་ནས་གཞུང་ཆེན་དག་ལ་འཆད་རྩོད་རྩོམ་གསུམ་གྱི་ངལ་བ་ཡུན་ཐུང་ཙམ་བྱས་ན་ཡང་།མ་རྟོགས་པ་དང་།ལོག་པར་བཤད་པ་ནི་ཆར་རྗེས་ཀྱི་ཤ་མོང་ལྟར་མོད།དེ་བས་གསར་གཏོད་ཀྱི་སྙིང་སྟོབས་ཟེར་བ་དེ་ཡང་ཐོས་རྒྱ་ཆུང་བའི་ཆེས་སྤྱིར་བཏང་གི་མི་ཞིག་ལ་མཚོན་ན་རང་ཉིད་འདམ་རྫོབ་ཏུ་གཡུག་བྱེད་ཅིག་ལས་གཞན་གོ་ལར་ནས་མི་ཆོད་དོ།།དེའི་རྐྱེན་པས་ཁོ་བོས་ནི་གཞུང་ལུགས་རྒྱ་མཚོའི་ཟབ་དོན་ཟུར་ཙམ་ཡང་དཔོགས་མི་ནུས་པས་རྩོམ་འདི་འབྲི་བ་ལ་གཞོལ་ཚེ་མི་ཤེས་ཤེས་མདོག་གི་དགག་སྒྲུབ་ཀྱི་ངལ་བ་དང་དུ་མ་བླངས་ཤིང་།སུས་ཀྱང་མ་ཤོད་པའི་"རྣམ་བཞག་མཚར་སྣང་ཅན"་ཞིག་འབྲི་བའི་སྟ་གོན་ལར་ནས་མ་བྱས་པར་བསྡུས་དོན་འཁྱར་འཁྱོར་འདི་འབྲི་ཁུལ་བྱས་པ་ཡིན་ལ།རྩོམ་འདིའི་ནང་དུ་ལེགས་ཆ་ཅུང་ཙམ་ཡོད་སྲིད་ན་ནི་རང་གི་དགེས་བའི་བཤེས་གཉེན་དམ་པ་རྣམས་ཀྱི་བཀའ་དྲིན་ཉག་གཅིག་ཡིན་ངེས་པས་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་མཇུག་བསྡུ་བར་བྱའོ།།
སྐྱེ་མེད་དབྱིངས་ལས་གུར་ཀུམ་གསར་བའི་སྙེ་མ་མངོན་དགའི་རིན་ཆེན་ནི།།
རང་བཞིན་ཡེ་ཤེས་ཉི་མ་འབར་བའི་འོད་ཟེར་དག་པ་མཁའ་མཉམ་གྱི།།
མཐོངས་སུ་འཛུམ་པའི་སྣང་བ་ངོ་མཚར་ལས་ལྡན་མིག་ལ་བདུད་རྩིའི་དཔལ།།
ཅི་ཡང་འཆར་བ་ལྷ་ཡི་བླ་མ་མངོན་སུམ་མཇལ་བའི་མཐུ་ཐོབ་ཤོག།
ཅེས་པ་འདི་ནི་ཕྱི་ལོ་༢༠༡༦ལོའི་ཚད་མ་གོང་མའི་ལོ་མཇུག་གི་རྒྱུགས་རྩོམ་དུ་ལི་ཐང་བ་ངག་དབང་བློ་གྲོས་རྒྱ་མཚོ་རུ་འབོད་པས་རང་ལོ་བཅུ་དགུའི་ཐེམ་པ་བརྒལ་ལ་ཉེ་བའི་དུས་སུ་སྦྱར་བའོ།།
རྩོམ་སྒྲིག་པ། མྱི་གསར་བ།
མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།
Signature is customized by Netease