མི་སྣང་མ་དམིགས་པའི་གཏན་ཚིགས་མེད་པར་སྒྲུབ་བྱེད་བདུན།

    འཇོ་མདའ་དྲང་འགྲོས་བརྩམས།


མི་སྣང་མ་དམིགས་པའི་གཏན་ཚིགས་མེད་པར་སྒྲུབ་བྱེད་བདུན།


                  འཇོ་མདའ་དྲང་འགྲོས་བརྩམས།

རྣོ་མྱུར་རིག་ལམ་གློག་གི་གར་མ་ཡིས།།
ཟུར་མིག་ཐོག་གི་མདའ་མོས་ལོག་རྟོག་གཏོར།།
སྲིད་གསུམ་འདྲེན་པ་སྟོབས་ཀྱི་འཁོར་ལོ་སྟེ།།
མི་ཡི་སེང་གེ་བསྟན་པའི་བ་དན་རྒྱལ།།
 
ཁམས་གསུམ་དབང་སྡུད་ཤེས་རབ་མྱོས་པའི་གར།།
སྲིད་གསུམ་ཟིལ་གནོན་རིག་པའི་གད་རྒྱངས་བསྒྲོགས།།
འཇམ་དབྱངས་ཟློས་གར་མི་ཕམ་གཡུལ་རྒྱལ་བ།།
སྨྲ་བའི་ཉི་མ་མཁས་རྒུའི་ཅོད་པན་རྒྱལ།།

 
༡ གཞན་སེམས་ཤེས་པའི་མངོན་ཤེས་ཡོད་པར་ཐལ་བས་སྒྲུབ།

མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་ངོར་མདུན་གྱི་གཞི་འདིར་ཆོས་ཅན།
ཤ་ཟ་ཡོད་ངེས་ཀྱི་བཅད་ཤེས་དོན་མཐུན་མི་འཇུག་སྟེ།  ཤ་ཟ་དམིགས་བྱེད་ཀྱི་ཚད་མ་མེད་པའི་ཕྱིར། 

ཞེས་པ་འདི་མི་སྣང་བ་མ་དམིགས་པའི་རྟགས་ཀྱི་མཚན་གཞི་ལ་བོད་ཀྱི་མཁས་པ་ཕལ་ཆེར་གྱིས་མ་གྲོས་ཞལ་མཐུན་པ་བཞག་མོད། འོན་ཀྱང་གཏན་ཚིགས་འདི་དགོད་སའི་རྒོལ་བ་དང་འགོད་མཁན་ལ་དཔྱད་ན། ཁ་བའི་འདབ་མ་ལ་ཉི་འོད་ཕོག་པ་བཞིན་གཞི་མེད་རྩ་བྲལ་དུ་གྱུར་འགྲོ།  གཏན་ཚིགས་འདི་རྟགས་གསལ་བ་བཀྲ་ཤིས་ཀྱིས་དམ་བཅའ་བ་དོན་གྲུབ་ལྟ་བུ་ལ། ཁྱོད་ཀྱི་རྒྱུད་ལ་ཤ་ཟ་ཡོད་པར་ངེས་པའི་བཅད་ཤེས་མེད་དེ། ཞེས་རྟགས་དང་རྒྱུ་མཚན་འགོད་མི་དགོས་ཏེ། རང་བློ་རང་ལ་ལྐོག་གྱུར་མ་ཡིན་པས། རང་རྒྱུད་ལ་ངེས་ཤེས་དེ་དང་དེ་ཡོད་མེད་ལ་ཤེས་འདོད་མེད་པའི་ཕྱིར།   གཞན་ཡང་རྟགས་གསལ་བ་བཀྲ་ཤིས་ཀྱིས་དམ་བཅའ་བ་ཚེ་རིང་ལྟ་བུ་ཞིག་ལ་དོན་གྲུབ་ཀྱི་རྒྱུད་ལ་ཤ་ཟ་ཡོད་པར་ངེས་པའི་བཅད་ཤེས་མེད་དེ་ཞེས་བསྒྲུབ་དགོས་སྙམ་ན། བསྒྲུབ་མི་ནུས་ཏེ།  བཀྲ་ཤིས་ལ་དོན་གྲུབ་ཀྱི་རྒྱུད་ལ་ངེས་ཤེས་དེ་ཡོད་མེད་ཤེས་བྱེད་ཀྱི་ཚད་མ་མེད་པའི་ཕྱིར། མ་གྲུབ་ཅེ་ན། བཀྲ་ཤིས་ལ་གཞན་སེམས་ཤེས་པའི་མངོན་ཤེས་ཡོད་པར་ཐལ། དོན་གྲུབ་ཀྱི་རྒྱུད་ལ་ངེས་ཤེས་དེ་ཡོད་མེད་ཤེས་པའི་ཕྱིར།   འོ་ན་མི་སྣང་མ་དམིགས་པའི་གཏན་ཚིགས་འགོད་མཁན་གྱི་རྒོལ་བ་ཡིན་ན་གཞན་སེམས་ཤེས་པའི་མངོན་ཤེས་ཡོད་པས་ཁྱབ་པར་ཐལ།  ཕ་རོལ་པོའི་སེམས་རྒྱུད་ལ་ངེས་ཤེས་དེ་ཡོད་མེད་ཤེས་པས་ཁྱབ་པའི་ཕྱིར། ཁྱབ་ཏེ། ཤེས་བྱེད་དོན་རིག་གཉིས་ནི་མེད། རྗེས་དཔག་ཀྱང་མེད་པའི་ཕྱིར། དོན་གྲུབ་ཆོས་ཅན། ཁྱོད་རྒྱུད་ལ་ཤ་ཟ་ཡོད་ངེས་ཀྱི་བཅད་ཤེས་མེད་དེ། ཤ་ཟ་དམིགས་བྱེད་ཀྱི་ཚད་མ་མེད་པའི་ཕྱིར་ཞེ་ན། སྔར་བཞིན་ཕྱོགས་ཆོས་ལ་ཐེ་ཚོམ་ཟ་བར་འགྱུར་བས། བཀྲ་ཤིས་ཀྱིས་དོན་གྲུབ་ལ་ཤ་ཟ་དམིགས་བྱེད་ཀྱི་ཚད་མ་ཡོད་མེད་ཤེས་མི་ནུས་པའི་ཕྱིར་ཏེ། དོན་གྲུབ་ཀྱིས་རང་རྒྱུད་ལ་ཚད་མ་དེ་འདྲ་ཞིག་མེད་ཅེས་ལབ་པ་ཙམ་ལ་ནི་ཁྱབ་པ་མེད། དེ་ལས་གཞན་པའི་སྒྲུབ་བྱེད་ཅིག་མི་རྙེད་པའི་ཕྱིར་རོ།། དེས་ན་དེ་རྟགས་སུ་དགོད་སའི་རྒོལ་བ་མེད་ཅིང་། ཡོད་ཀྱང་གཞན་སེམས་ཤེས་པའི་མངོན་ཤེས་ཡོད་པར་ཐལ་བས་མི་འཐད་དོ།། 
 

༢ རྒྱུ་མ་དམིགས་པའི་གཏན་ཚིགས་ཡིན་པས་སྒྲུབ།
མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་ངོར་མདུན་གྱི་གཞི་འདིར་ཆོས་ཅན།  ཤ་ཟ་ཡོད་ངེས་ཀྱི་བཅད་ཤེས་དོན་མཐུན་མི་འཇུག་སྟེ།  ཤ་ཟ་དམིགས་བྱེད་ཀྱི་ཚད་མ་མེད་པའི་ཕྱིར།  ཞེས་པའི་རྟགས་འདི་ཆོས་ཅན། རྟགས་ཡང་དག་ཡིན་དུ་སྲིད་ཀྱང་མི་སྣང་བ་མ་དམིགས་པའི་གཏན་ཚིགས་སུ་མི་འཐད་དེ།  སྣང་རུང་མ་དམིགས་པའི་ནང་གསེས་རྒྱུ་མ་དམིགས་པ་ཡིན་པའི་ཕྱིར། དེར་ཐལ། རྒྱུ་མེད་པ་རྟགས་སུ་བཀོད་ནས་འབྲས་བུ་མེད་པར་སྒྲུབ་པའི་གཏན་ཚིགས་ཡང་དག་ཡིན་པའི་ཕྱིར། ཤ་ཟ་དམིགས་བྱེད་ཀྱི་ཚད་མ་དེ། ཤ་ཟ་ཡོད་པར་ངེས་པའི་བཅད་ཤེས་དེའི་རྒྱུ་ཡིན་པར་མ་གྲུབ་སྙམ་ན།  དེ་ལྟར་ཡིན་པར་ཐལ། རྣམ་འགྲེལ་ལས། ཚད་མ་རྣམས་ནི་མི་འཇུག་པ།། མེད་ལ་མི་འཇུག་འབྲས་བུ་ཅན།། ཞེས་དང་།། འཇུག་པ་བློ་སྔོན་ཅན་ཉིད་ཕྱིར།། དེ་ཡི་ངོ་བོ་མི་དམིགས་ན།། འཇུག་པར་མི་བྱེད་ཅེས་བྱ་བ་ཞེས་དང་། འདིའི་ཐད་ཀྱི་འགྲེལ་བ་ལ་གོ་རམས་པས་ཀུན་ཏུ་བཟང་པོའི་འོད་ཟེར་ལས།  འདི་ལྟར་ཆོས་དེའི་ངོ་བོ་ཚད་མས་མི་དམིགས་ན། ཆོས་དེ་ཡོད་ངེས་ཀྱི་ཐ་སྙད་འཇུག་པར་མི་བྱེད་དེ། ཆོས་དེ་ཡོད་ངེས་ཀྱི་ཐ་སྙད་འཇུག་པ་ནི་ཆོས་དེ་དམིགས་བྱེད་ཀྱི་བློ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་ཞེས་དང་། བོད་ཕལ་མོ་ཆེས་ཀྱང་རྣམ་འགྲེལ་གྱི་རྩ་བ་འདི་ལ་འགྲེལ་བཤད་འདི་བཞིན་མཛད་པ་དང་། ད་རུང་གོ་རམས་པས་ཁྱབ་འབྲེལ་ནི་ཤ་ཟ་དམིགས་བྱེད་ཀྱི་ཚད་མ་དང་། ཤ་ཟ་ཡོད་པར་ངེས་པའི་བཅད་ཤེས་གཉིས་རྒྱུ་འབྲས་སུ་ངེས་པས་གྲུབ་ཅེས་གསུངས་པས་ཀྱང་འགྲུབ་བོ།

འདི་སྣང་རུང་མ་དམིགས་པའི་གཏན་ཚིགས་ཡིན་པར་མ་གྲུབ་ཅེ་ན།  གཏན་ཚིགས་འདི་ཆོས་ཅན།  སྣང་རུང་མ་དམིགས་པའི་རྟགས་ཡིན་པར་ཐལ། དགག་རྟགས་གང་ཞིག་སྦྱོར་བ་དེའི་དགག་ཆོས་ཤ་ཟ་ཡོད་པར་ངེས་པའི་བཅད་ཤེས་དེ་རྩོད་གཞིའི་སྟེང་དུ་མེད་པར་སྒྲུབ་ནུས་པའི་ཕྱིར། གལ་ཏེ་དགག་ཆོས་དེ་ཡིན་པར་རྟགས་མ་གྲུབ་ཅེ་ན། ཡིན་པར་ཐལ།བསྒྲུབ་བྱའི་ཆོས་ཀྱི་བཟློག་ཟླ་དངོས་ཡིན་པ་གང་ཞིག་གཏན་ཚིགས་དེས་ཀྱང་ཤ་ཟ་ཡོད་ངེས་ཀྱི་བཅད་ཤེས་མེད་པར་སྒྲུབ་པའི་ཕྱིར། ཁྱབ་ཏེ། ཆོས་དེ་མེད་པར་སྒྲུབ་པའི་ཚེ། ཆོས་དེ་ཡོད་པ་དགག་བྱ་ཡིན་དགོས་པའི་ཕྱིར། དེའི་སྐོར་ནས་ཞིབ་རྩོད་མང་ཡང་ཉོག་འགྲོ་བར་དོགས་ནས་མ་བྲིས་པས་རིགས་འགྲེ་སྟེ་བརྩད་པར་བྱའོ།
 

༣ ཡོད་ངེས་དང་མེད་ངེས་གཉིས་དངོས་འགལ་ཡིན་པས་སྒྲུབ།
ཁ་ཅིག་ན་རེ། མི་སྣང་མ་དམིགས་པའི་གཏན་ཚིགས་ཀྱི་མཚན་གཞི་གོང་མ་ལྟར་འགོད་རྒྱུ་མིན་པ།  འགོད་ཚུལ་སྐྱོན་མེད་ནི་མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་ཟག་གི་ངོར་མདུན་གྱི་གཞི་འདིར་ཆོས་ཅན།  ཤ་ཟ་ཡོད་ངེས་མིན་ཏེ། ཤ་ཟ་ཚད་མས་མ་དམིགས་པའི་ཕྱིར།  ཞེས་གོ་རམས་པས་གསུངས་པ་འདིས་འཁྲུལ་གཞི་བྱས་ནས། འདིའི་ཡོད་ངེས་ནི་ཡོད་པར་ངེས་པའི་བཅད་ཤེས་ལ་གོ་རྒྱུ་མ་ཡིན་པར། ཡོད་པ་དང་དོན་གཅིག་པའི་ཡོད་ངེས་ཡིན་ཟེར་ཡང་། ཀུན་མཁྱེན་བླ་མས་ཚིག་ཟིན་ལ་འགོད་པ་ནི་བཀོད་ཚད་དང་གྲུབ་ཚོད་ཀྱི་ཁྱད་པར་མ་ཕྱེས་པ་དང་།  ཁྱབ་འབྲེལ་ནི་ཤ་ཟ་དམིགས་བྱེད་ཀྱི་ཚད་མ་ཞེས་སོགས་གསུངས་པས་ཀྱང་བཅད་ཤེས་ལ་གོ་དགོས་པ་ཤེས་ཀྱང་།  སྐྱོན་གཞན་ཡང་། ཤ་ཟ་ཚད་མས་མ་དམིགས་པའི་ཕྱིར་ཞེས་པའི་རྟགས་འདི་ཆོས་ཅན།  ཁྱོད་ཀྱི་རྟགས་ཀྱིས་རྩོད་གཞིའི་སྟེང་དུ་སྦྱོར་བ་དེའི་དགག་ཆོས་མེད་པར་བསྒྲུབ་ནུས་པར་ཐལ། རྩོད་གཞིའི་སྟེང་དུ་ཡོད་ངེས་འགོག་ནུས་པའི་ཕྱིར། ཁྱབ་སྟེ། སྒྲ་རྟག་མི་རྟག་དང་། བུམ་པ་ཡོད་པ་དང་མེད་པ་རྣམས་དངོས་འགལ་ཡིན་པས་བྱས་པ་དང་བུམ་པ་ཚད་མས་དམིགས་པའི་རྟགས་ཀྱིས། སྒྲ་མི་རྟག་པ་དང་།  བུམ་པ་ཡོད་པ་གཉིས་ཀ་སྒྲུབ་ནུས་པར་མ་ཟད། སྒྲ་རྟག་པ་དང་བུམ་པ་མེད་པ་གཉིས་ཀྱང་འགོག་ནུས་པའི་ཕྱིར། དེས་ན་ཡོད་ངེས་དང་མེད་ངེས་ཀྱང་དངོས་འགལ་ཡིན་པས། གཏན་ཚིགས་དེས་ཡོད་ངེས་འགོག་ནུས་ན་མེད་ངེས་སྒྲུབ་ནུས་པས་ཁྱབ་པའི་ཕྱིར།
 

༤ ཡོད་ངེས་ཡོད་པ་གཉིས་དོན་གཅིག་ཡིན་པས་སྒྲུབ།
ཤ་ཟ་ཚད་མས་མ་དམིགས་པའི་ཕྱིར་ཞེས་པའི་རྟགས་ཆོས་ཅན། ཁྱོད་ཀྱིས་རྩོད་གཞིའི་སྟེང་དུ་ཤ་ཟ་ཡོད་པ་འགོག་ནུས་པར་ཐལ། ཡོད་ངེས་འགོག་ནུས་པའི་ཕྱིར། ཁྱབ་ཏེ་དེ་གཉིས་དོན་གཅིག་གང་ཞིག་ཤ་ཟ་ཚད་མས་དམིགས་པའི་རྟགས་ཀྱིས་ཤ་ཟ་ཡོད་ངེས་དང་ཡོད་པ་གཉིས་ཀ་སྒྲུབ་ནུས་པའི་ཕྱིར། གཞན་ཡང་ཁྱབ་སྟེ།  གཏན་ཚིགས་དེ་དང་དེས་བུམ་པ་དངོས་པོར་སྒྲུབ་ནུས་ན་མི་རྟག་པ་ཡང་སྒྲུབ་ནུས་པས་ཁྱབ་པའི་ཕྱིར། དེའི་གནད་ཀྱང་མི་རྟག་པ་དང་དངོས་པོ་དོན་གཅིག་ཡིན་པ་ཙམ་ལ་ཐུག་པའི་ཕྱིེར། འདི་ལ་ཚིག་གཙོ་བོར་བྱས་པའི་ཆོས་ཅན་གཉིས་ཚོགས་སོགས་ཀྱི་རྟགས་གསལ་གཏོང་ཉེན་ཡོད་པས་ཞིབ་ཏུ་རྩོད་པ་གལ་ཆེ།
 
༥ གཏན་ཚིགས་ཡང་དག་མིན་པས་སྒྲུབ།

མི་སྣང་མ་དམིགས་པའི་གཏན་ཚིགས་ཀྱི་མཚན་གཞི་སྔ་ཕྱི་གཉིས་ཀ་ཆོས་ཅན། 
མི་སྣང་མ་དམིགས་པའི་རྟགས་ཡང་དག་མིན་པར་ཐལ།
རྟགས་ཡང་དག་མིན་པའི་ཕྱིར་ཏེ། ཕྱོགས་ཆོས་མ་གྲུབ་པའི་ཕྱིར། མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་ངོར། ཤ་ཟ་དམིགས་བྱེད་ཀྱི་ཚད་མ་ཡོད་མེད་ཐེ་ཚོམ་ཡིན་ཏེ། རྣམ་མཁྱེན་ཡེ་ཤེས་ཀྱིས་དམིགས་མ་དམིགས་ལ་ཐེ་ཚོམ་དང་ལྐོག་གྱུར་ཡིན་པའི་ཕྱིར། 
 

༦ གཞུང་ལས་མ་བཤད་པས་སྒྲུབ།
མི་སྣང་མ་དམིགས་པའི་གཏན་ཚིགས་ཀྱི་མཚན་གཞི་དང་ཐ་སྙད་འདི་སྡེ་བདུན་གང་ལས་ཀྱང་མ་གསུངས་ལ་ཆོས་རྗེ་ས་པཎ་གྱིས་ཀྱང་མ་བཤད། རང་འགྲེལ་ཐལ་འགྱུར་གྱི་སྐབས་སུ་རྟགས་ཡང་དག་གི་གྲངས་ངེས་མཛད་སྐབས། སྔར་བཤད་པའི་ཡང་དག་གི་རྟགས་ཉི་ཤུ་ལས་རང་བཞིན་དང་འབྲས་བུ་དང་ཁྱབ་བྱེད་མ་དམིགས་པའི་བྱེ་བྲག་མཚན་ཉིད་མི་དམིགས་པ་དང་གསུམ་ཞེས་མི་སྣང་མ་དམིགས་པའི་གཏན་ཚིགས་མ་གསུངས་པའི་ཕྱིར་དང་། རྣམ་འགྲེལ་ལས། ཡོད་མེད་ངེས་པའི་འབྲས་ཅན་མིན།། ཕྱིར་ན་ཚད་མ་ཉིད་མི་འགྱུར།། ཞེས་པའི་རང་འགྲེལ་དུ་མི་དམིགས་པ་འདི་ནི་ཚད་མ་ཉིད་མ་ཡིན་ཏེ། ཚད་མ་དག་ནི་ངེས་པའི་འབྲས་བུ་ཅན་ཡིན་པའི་ཕྱིར་རོ་ཞེས་གསུངས་པའི་ཕྱིར། འདི་ནས་ཀུན་བཏུས་ཐ་སྙད་པའི་ཚད་མ་ཡིན་ན་རང་ངེས་ཡིན་པས་ཁྱབ་པ་ཡང་གོ་དགོས་སོ། 
 

༧ འདྲ་མཚུངས་སྦྱོར་བས་སྒྲུབ།
མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་ངོར་མདུན་གྱི་གཞི་འདིར་ཆོས་ཅན།  ཤ་ཟ་མེད་དེ། ཁྱོད་ཀྱི་ཚད་མས་ཤ་ཟ་མ་དམིགས་པའི་ཕྱིར་ཞེས་པའི་རྟགས་འདི་ཡང་དག་མིན་ན།  བུམ་དག་གི་ས་ཕྱོགས་ན་ཆོས་ཅན། བུམ་པ་མེད་དེ། ཁྱོད་ཀྱིས་བུམ་པ་ཚད་མས་མ་དམིགས་པའི་ཕྱིར་ཞེས་པའི་རྟགས་འདི་ཡང་རྟགས་ཡང་དག་མིན་པར་ཐལ། མཚུངས་པའི་ཕྱིར། གལ་ཏེ་གཞི་སྦྱར་མ་སོགས་ཀྱིས་ཞིབ་ཆ་མཛད་ན།  འདི་གཉིས་གཞི་ལ་སྦྱར་མ་སྦྱར་གྱི་ཁྱད་པ་ཞིབ་ཏུ་འདྲི།

གཞན་དང་མི་མཐུན་གཞུང་དང་མི་འགལ་ཞིང་།།
ལུང་དང་རིགས་པའི་རྒྱན་ཆ་མི་ཉུང་བ།།
ཤེད་ཀྱིས་བཙིར་ཞིང་ཤུགས་ཀྱིས་བྲིས་པ་ཡི།།
ཡི་གེའི་དམག་དཔུང་ལོག་རྟོག་ཕྱོགས་སུ་དྲངས།།
         2020-5-20-ཉིན
                 
རྩོམ་སྒྲིག་པ། མྱི་གསར་བ།
          མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease