རྒྱུད་ལ་འཇུག་པ་ཞེས་བྱ་བ་བཞུགས་སོ། །

    རྣམ་རྒྱལ་རྡོ་རྗེས་བརྩམས།


རྒྱུད་ལ་འཇུག་པ་ཞེས་བྱ་བ་བཞུགས་སོ། །  


                    རྣམ་རྒྱལ་རྡོ་རྗེས་བརྩམས།


ན་མོ་གུ་རུ། 

སྐུ༵་སྣང་སྟོང་ལྷ་ཡི་འཁོར་ལོ་དང་།  །
གསུ༵ང་གྲགས་སྟོང་འགག་མེད་ཆོས་ཀྱི་སྒྲ། །
ཐུ༵གས་བདེ་སྟོང་དབྱེར་མེད་ལྷན་གཅིག་སྐྱེས།  །
ཕ་བླ་མའི་ཞབས་རྡུལ་སྤྱི་བོས་ལེན།  །

རྒྱུ༵ད་སྟོང་གསལ་སེམས་ཀྱི་ས་གཞི་ལ།  །
ཐ༵བས་སྨིན་གྲོལ་ཆར་རྒྱུན་འབབ་པའི་མཐུས།  །
འབྲ༵ས་སྐུ་བཞིའི་ལོ་ཏོག་སྨིན་པ་ཡི།  །
དཔལ་ཀྱེ་ཡི་རྡོ་རྗེ་ལ་ཕྱག་འཚལ།  །

གཞི་མཚན་རྟོག་སྤྲོས་པས་མ་གོས་ཤིང་། །
སྟོང་མཚན་མེད་དབྱིངས་སུ་མ་ཐིམ་པར།  །
ཡུལ་ཤེས་བྱའི་དཀྱིལ་འཁོར་ལ་ཁྱབ་པའི།  །
ཆོས་འཁོར་འདས་དབྱེར་མེད་དེ་ལ་འདུད།  །

ལྷ་ཆོས་སྐྱོང་ནུས་མཐུ་ཐོགས་པ་མེད།  །
མ་མཁའ་འགྲོའི་ཕྲིན་ལས་གློག་ལྟར་མྱུར། 
བདག་རྩོམ་པའི་བྱ་བ་དོན་ལྡན་ན།  །
ཐུགས་མ་གཡེང་སྐྱབས་དང་སྐྱོལ་མ་གནང་། །

བློ་རྨོངས་མུན་གནས་སུ་མ་ལྷུང་བར།  །
ཆོས་ཟབ་མོའི་གནས་ལུགས་རྟོགས་པའི་ཕྱིར།  །
ཡང་དག་པའི་ལུང་རིགས་ལ་བརྟེན་ནས།  །
རྒྱུད་ཚིག་དོན་བཀྲོལ་ལ་སྤྲོ་བ་བརྟས།   །

དེ་ཡང་མགོན་པོ་མི་ཐུབ་ཟླ་བའི་རྣམ་སྤྲུལ་སློབ་དཔོན་བསོད་ནམས་རྩེ་མོས།  གང་ཕྱིར་མཁས་པ་རྣམས་ཀྱིས་རབ་གསལ་མཛད་ཟིན་ཀྱང་།  ། རང་གཞན་རྟོགས་པ་སྤེལ་དང་ལེགས་བཤད་གོམས་བྱའི་ཕྱིར།  ། ལུས་སྟོབས་རབ་རྫོགས་འདབ་ཆགས་མཁའ་ལ་འཕུར་བའི་ཚེ།  ། དེ་ཡི་ཕྲུ་གུ་མ་ཚར་བ་ཡང་སློབ་པ་བཞིན། ། ཞེས་གསུངས་པ་ལྟར་གྲུབ་པའི་ས་མཐོར་གཤེགས་པའི་སྐྱེས་བུ་དམ་པ་རྣམས་ཀྱིས་གསུངས་མ་ཟིན་པ་དང་།  ལེགས་བཤད་མཁས་པའི་ཚོགས་སུ་འགྲེམ་པར་འོས་པ་ཞིག་ཁོ་བོའི་ངག་ལས་འབྱུང་བ་དཀའ་ཡང་རང་བློ་ཤེས་བྱའི་གནས་ལ་སྣང་བ་རྒྱས་ཏེ་རང་ཉིད་མཁས་པའི་བྱ་བར་གོམས་འདྲིས་འགྲོ་ཆེད་རབ་འབྱམས་རྒྱུད་སྡེ་རྒྱ་མཚོའི་ཉིང་ཁུ་དཔལ་ཀྱེ་ཡི་རྡོ་རྗེའི་གཞུང་ལུགས་ལས་ཆུ་ཐིགས་ཙམ་ཞིག་བླངས་ནས་བརྗོད་པར་བྱ་བ་ལ་དོན་གཉིས་ཏེ། དཔལ་ཀྱེ་ཡི་རྡོ་རྗེའི་རྒྱུད་ཀྱི་བྱུང་བ་དང་།  སྐབས་སུ་བབ་པའི་རྒྱུད་ཀྱི་དོན་དངོས་སོ།།  དང་པོ་ནི། ཐམས་ཅད་མཁྱེན་པ་ངོར་ཆེན་དཀོན་མཆོག་ལྷུན་འགྲུབ་ཀྱིས། གསང་རྒྱུད་མཐའ་དག་གྲུབ་པའི་གདུལ་བྱ་ལ།  ། སྤྲུལ་སྐུ་མཆོག་གིས་སྔོན་དུ་གསུངས་ཟིན་ཀྱང་།  ། དེ་ཉིད་འདུས་དང་བདེ་མཆོག་མ་གཏོགས་པ།  ། ཕལ་ཆེར་ཤཀྱ་ཐུབ་པ་རང་ཉིད་དང་།  ། དེ་ཡི་རྣམ་འཕྲུལ་གཞན་གྱིས་བསྡུས་ཏེ་གསུངས། ། ཞེས་སྟོན་མཆོག་ཐུབ་པའི་དབང་པོས་འཛམ་བུ་གླིང་དུ་སངས་རྒྱ་བའི་ཚུལ་བསྟན་ནས་ཆགས་བྲལ་ལམ་གྱིས་འདུལ་བར་མི་ནུས་པའི་གདུལ་བྱ་རྣམས་ཀྱི་དོན་དུ་གནས་འབྲས་སྤུངས་ཀྱི་རི་ལ་སོགས་པར་གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་སྡེ་བསྡུས་པ་དང་།    གཞན་ཡང་དགེས་རྡོར་གྱི་རྒྱུད་སོགས་བསམ་གྱི་མི་ཁྱབ་པ་ཞིག་ཀྱེ་ཡི་རྡོ་རྗེའི་རྣམ་པར་བསྒྱུར་ནས་གསུངས་པ་ཡིན་ཡང་༡༽།  དེའི་དུས་ཀྱི་གདུལ་བྱ་རྣམས་ལས་ད་ལྟའི་བླ་མ་བརྒྱུད་པའི་བར་དུ་རིམ་གྱིས་བརྒྱུད་པའི་ཀྱེ་རྡོར་བཀའ་སྲོལ་རིང་རྒྱུད་རྩི་ཚུལ་དེ་ནི་མཐོང་ཐོས་ཀྱི་ལམ་དུ་མ་གྱུར་ལ་ཡོངས་གྲགས་ཀྱི་རྩི་ཚུལ་ནི་ཀུན་བཟང་རྡོ་རྗེ་འཆང་གིས་རྗེ་བཙུན་རྡོ་རྗེ་བདག་མེད་མ་ལ་གསུངས ༢༽།   རྡོ་རྗེ་བདག་མེད་མ་ལས་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པའི་རྣལ་འབྱོར་གྱི་དབང་ཕྱུག་བིར་ཝ་པས་རྫོགས་པར་གསན་ཏེ་མཆོག་གི་དངོས་གྲུབ་བརྙེས་པའི་སློབ་དཔོན་ཌོམྦྷི་ཧེ་རུ་ཀ་ལ་གནང་།  དེས་སློབ་མ་ཨ་ལ་ལ་བཛྲ་དང་དེ་ལས་རང་སློབ་ནག་ཁྲོད་པ་ལ་བརྒྱུད།   ནག་ཁྲོད་པས་སློབ་དཔོན་གརྦྷ་རི་པ་དང་དེས་སློབ་མ་བསོད་སྙོམས་པ་དང་དེས་མགོན་པོ་མི་ཐུབ་ཟླ་བ་ལ་བརྒྱུད།  མི་ཐུབ་ཟླ་བའི་མདུན་ནས་དགེ་སློང་དཔའ་བོ་རྡོ་རྗེས་ནོས་པར་མཛད་པ་སྟེ་དཔལ་ལྡན་བིར་ཝ་པ་ལས་རྒྱུད་པའི་རིམ་པ་གཉིས་སུ་གནས་པའི་དང་པོའོ། ། རིམ་པ་གཞན་ནི་སློབ་དཔོན་ནག་པོ་པས་རྣལ་འབྱོར་དབང་ཕྱུག་མདུན་ནས་རྫོགས་པར་གསན་ཏེ་རང་སློབ་ཌ་མ་རུ་པ་ལ་གདམས།  ཌ་མ་རུ་པ་ནས་གཉིས་མེད་ཀྱི་དོན་མངོན་སུམ་དུ་གཟིགས་པའི་རྣལ་འབྱོར་པ་ཨ་ཝ་དྷཱུ་ཏཱི་ལ་གནང་སྟེ་སློབ་དཔོན་དེ་ཉིད་ཀྱིས་པཎ་ཆེན་ག་ཡ་དྷ་ར་ལ་གནང་།  དེ་ལས་རྗེ་བཙུན་འབྲོག་མི་ཤཱཀྱ་ཡེ་ཤེས་ཀྱིས་གསན་པ་དང་གཞན་ཡང་ཌོམྦྷི་ཧེ་ཀ་ནས་རིམ་གྱིས་སློབ་དཔོན་དཔའ་བོ་རྡོ་རྗེ་ལས་རྒྱུད་པ་ཡང་འབྲོག་མིས་གསན་པས་ཀྱེ་རྡོར་གྱི་བཤད་རྒྱུད་གཉིས་ཀ་འབྲོག་མིའི་ཐུགས་རྒྱུད་ལ་བཞུགས་པ་ཡིན་ནོ ༣༽།  དེ་ནས་རིམ་གྱིས་འཁོན་དཀོན་མཆོག་རྒྱལ་པོ་དང་།  མངའ་རིས་པ་གསལ་བའི་སྙིང་པོ།   སེ་སྟོན་ཀུན་རིག  །ཞང་སྟོན་ཆོས་འབར་ལས་རྒྱུད་ནས་བརྩེ་ཆེན་ཀུན་དགའ་སྙིང་པོ་གཙོས་དཔལ་ལྡན་ས་སྐྱ་པའི་ཁུ་དབོན་དག་ལས་འབྲོག་མི་ཤཀྱ་ཡེ་ཤེས་ལས་རྒྱུད་པའི་ཀྱེ་རྡོར་གྱི་བཀའ་སྲོལ་ཡོངས་རྫོགས་རྒྱུན་མ་ཆད་བཞུགས་པ་དེ་དག་དེང་སང་ཡང་གངས་རིའི་ཁྲོད་དུ་རྒྱུན་མ་ཆད་པར་བཞུགས་པ་ཡིན་ནོ།  ། དེ་ལྟ་བུའི་རྒྱུད་པའི་བྱིན་རླབས་མ་ཉམས་མཁའ་འགྲོའི་ཞལ་རླངས་མ་ཡལ་བའི་དཔལ་ཀྱེ་ཡི་རྡོ་རྗེའི་རྒྱུད་ལ་ཀྱེ་རྡོར་རྒྱུད་འགྲེལ་ཀུན་གྱི་བཤད་གཞིར་གྱུར་པ་རྩ་རྒྱུད་བརྟག་པ་གཉིས་པ།   དེ་ལ་བཤད་རྒྱུད་ཐུན་མོང་མ་ཡིན་པ་མཁའ་འགྲོ་མ་རྡོ་རྗེ་གུར།  བཤད་རྒྱུད་ཐུན་མོང་བ་སཾ་བུ་ཊ་སྟེ་ཀྱེ་རྡོར་རྒྱུད་གསུམ་ཞེས་གྲགས་པའི་ནང་ཚན།   རྩ་རྒྱུད་བརྟག་པ་གཉིས་པ་ལེའུ་བདུན་བརྒྱ་ལྔ་བཅུའི་བདག་ཉིད་ཅན་འདིའི་འགྲེལ་བྱེད་ཀྱི་བསྟན་བཅོས་ལ།  ༤༽«རྡོ་རྗེ་སྙིང་པོས་མཛད་པའི་བརྟག་འགྲེལ།»  «ནཱ་རོ་པས་མཛད་པའི་འགྲེལ་ཆེན།»  «མཚོ་སྐྱེས་རྡོ་རྗེས་མཛད་པའི་པད་མོ་ཅན།»«མི་ཐུབ་ཟླ་བས་མཛད་པའི་ཀུ་མུ་ཏྲི»  «ཤཱནྟི་པས་མཛད་པའི་མུ་ཏིག་གི་ཕྲེང་བ།»«ཌཾ་ཀ་དཱ་ཤས་མཛད་པའི་ཁ་སྦྱོར་དྲི་མེད»  «པདྨ་མྱུ་གུས་མཛད་པའི་འགྲེལ་བ་དབུ་མ་ཚང་བ་ཞིག»«བྷ་བ་བྷ་དྲས་མཛད་པའི་རྣམ་འགྲེལ»«སློབ་དཔོན་ནག་པོ་པས་མཛད་པའི་དཀའ་འགྲེལ་དྲན་པའི་འབྱུང་གནས»«པདྨའི་མྱུ་གུས་མཛད་པའི་དཀའ་འགྲེལ།»«ཀྲིཥྞ་པཎྜི་ཏས་མཛད་པའི་དཀའ་འགྲེལ་རྣལ་འབྱོར་རིན་པོ་ཆེའི་ཕྲེང་བ།»«དྷརྨ་ཀིརྟིས་མཛད་པའི་དཀའ་འགྲེལ་སྤྱན་འབྱེད»དེ།   བསྟན་འགྱུར་གྱི་ནང་དུ་བཞུགས་པ་བཅུ་གཉིས་ཙམ་འདུག་ཅིང་དྷརྨ་ཀིརྟིས་མཛད་པའི་དཀའ་འགྲེལ་ནི་བོད་རང་གི་མཁས་པས་རྩོམ་པར་མཁས་པ་ཁ་ཤས་ཀྱིས་བཞེད་ཅེས་ངོར་ཆེན་ཀུན་དགའ་བཟང་པོའི་ཞལ་གསུངས་༥༽ལས་བྱུང་བས་རྩོད་མེད་ཀྱི་འགྲེལ་བ་བཅུ་གཅིག་ཙམ་བོད་འགྱུར་གྱི་ཐོག་ཏུ་བྱུང་ཞིང་བོད་རང་གིས་མཛད་པའི་བརྟག་གཉིས་ཀྱི་འགྲེལ་བ་ནི་ངོར་ཆེན་རྡོ་རྗེ་འཆང་གིས་དཔལ་ལྡན་ས་སྐྱ་པས་རང་ལུགས་སུ་ཁས་ལེན་པའི་འགྲེལ་བ་ལྔ་བཅུ་ང་གྲངས་ཙམ་ཡོད་པར་གསུངས།  གཞན་ཡང་རྭལ་པ་དང་རྔོག་པ་སོགས་ཀྱིས་མཛད་པ་དང་ངོར་ཆེན་གྱི་རྗེས་དང་ཆོས་བརྒྱུད་གཞན་གྱི་མཁས་པས་མཛད་པ་ཡོད་ཀྱང་གྲངས་ཀ་འདི་ཙམ་ཟེར་བ་གཏན་ཁེལ་དུ་བགྲང་བ་ནི་མ་མཐོང་ངོ་། །  བཤད་རྒྱུད་ཐུན་མོང་མིན་པ་རྡོ་རྗེ་གུར་ལེའུ་བཅྭོ་ལྔ་ཤླཽ་ཀ་སྟོང་ཕྲག་གཅིག་དང་ཉི་ཤུ་རྩ་ལྔ་ཅན་འདི་ལ་བོད་འགྱུར་དུ་བཞུགས་པའི་རྒྱ་འགྲེལ།༦༽«ཨིནྡྲ་བྷུ་ཏིས་མཛད་པའི་དཀའ་འགྲེལ་ཞལ་ནས་བརྒྱུད་པ།»«ལྷ་རིགས་བློ་གྲོས་ཀྱིས་མཛད་པའི་གུར་གྱི་དཀའ་འགྲེལ།»«ནག་པོ་པ་ཆེ་བས་མཛད་པའི་གུར་གྱི་བཤད་སྦྱར།»«གུར་བརྟག་པ་དང་པོའི་བཤད་སྦྱར།»ཏེ་རྣམ་པ་བཞི་དང་བོད་འགྲེལ་གྱི་ཐོག་ཏུ་བཞུགས་པ། «མངའ་རིས་པ་གསལ་བའི་སྙིང་པོས་མཛད་པའི་གུར་གྱི་དོན་བསྡུས།»« ས་ཆེན་གྱིས་མཛད་པའི་གུར་འཆིང་།»«གུར་གྱི་དཀའ་འགྲེལ»«གུར་གྱི་རྒྱུད་ཀྱི་ཟིན་བྲིས།»«དཀར་ཤཱཀྱ་གྲགས་ཀྱིས་མཛད་པའི་གུར་མཆན།» ༧༽«སློབ་དཔོན་བསོད་ནམས་རྩེ་མོས་མཛད་པའི་ལེའུ་བཞི་པ་ཡན་གྱི་འགྲེལ་པ།»«རྗེ་བཙུན་རིན་པོ་ཆེས་མཛད་པའི་གུར་གྱི་བསྡུས་དོན།»«ཡོངས་རྫོགས་ཀྱི་ཊཱིཀྐ་གུར་རྒྱན།»«ཆོས་རྗེ་ས་པན་གྱིས་མཛད་པའི་གུར་གྱི་ལེ་འགྲེལ།»དང་«གུར་གྱི་མཆན་འགྲེལ།»༨༽«གུར་གྱི་འགྲེལ་པ་ཤར་ཆེན་ལུང་འགྲེལ།»«ལྡོང་སྟོན་སྨོན་ལམ་པས་མཛད་པའི་གུར་འགྲེལ་རྣམ་པར་རོལ་པ།»«མཁན་ཡར་འཕེལ་བཟང་པོས་མཛད་པའི་གུར་རྒྱན་ཞེས་བྱ་བའི་མཆན་གྱི་ཊཱི་ཀ»སྟེ་མཐོང་ཐོས་སུ་བྱུང་བ་ནི་འདི་རྣམས་སོ།  །   བཤད་རྒྱུད་ཐུན་མོང་བ་སམྦུ་ཊི་ལ་བོད་འགྱུར་གྱི་ཐོག་ཏུ་བཞུགས་པའི་རྒྱ་འགྲེལ་ནི།  «ཨིནྡྲ་བྷུ་ཏིས་མཛད་པའི་ཡང་དག་ལྟ་བའི་དྲན་པའི་སྣང་བ།»«སློབ་དཔོན་ཀ་ཡ་ཐས་མཛད་པའི་རབ་ཏུ་གསལ་བ་ཁ་སྦྱོར་གྱི་འགྲེལ་པ»«སློབ་དཔོན་འཇིགས་མེད་སྦས་པས་མཛད་པའི་མན་ངག་གི་སྙེ་མ།»«སློབ་དཔོན་དཔའ་བོ་རྡོ་རྗེས་མཛད་པའི་རྒྱ་ཆེར་བཤད་པ་རིན་པོ་ཆེའི་ཕྲེང་བ།»སྟེ་བཞི་དང་བོད་ཀྱི་མཁས་པས་མཛད་པ་«ས་ཆེན་གྱི་དཀའ་འགྲེལ་ཉུང་ངུ་།»«རྒྱུད་ཕྱི་མའི་འགྲེལ་པ»«ས་ཆེན་གྱི་སློབ་མ་མེ་ཉག་པྲ་ཛྙཱའི་ཛྭ་ལས་མཛད་པའི་སཾ་འགྲེལ།»«སློབ་དཔོན་བསོད་ནམས་རྩེ་མོས་མཛད་པའི་བརྟག་པ་བཅུ་ཡན་ཆད་ཀྱི་འགྲེལ་པ་གནད་ཀྱི་གསལ་བྱེད།»«རྗེ་བཙུན་གྱི་སློབ་མ་དབང་ཕྱུག་དཔལ་བཟང་གིས་མཛད་པའི་སཾ་འགྲེལ།»«ཆོས་རྗེ་ས་པཎ་གྱི་མཆན་ཡིག»«དེ་ཉིད་ཀྱི་བསྡུས་དོན་རྫོགས་པའི་སམ་ཊཱིཀ»«ཀུན་མཁྱེན་བུ་སྟོན་གྱིས་མཛད་པའི་སཾ་ཊཱིག»«རྫོང་པ་ཀུན་དགའ་རྒྱལ་མཚན་གྱི་མཛད་པའི་སམ་ཊཱིག»«སམ་ཊི་འགྲེལ་པ་ཤར་ཆེན་ལུང་འགྲེལ།»«ཀུན་མཁྱེན་གོ་རམས་པས་མཛད་པའི་སཾ་པུ་ཊིའི་བསྡུས་དོན་ཚིགས་བཅད་མ།» «མཁན་ཡར་འཕེལ་བཟང་པོས་མཛད་པའི་གནད་གྱི་གསལ་བྱེད་ཀྱི་མཆན་འགྲེལ།»རྣམས་སོ།  །

གཉིས་པ་སྐབས་སུ་བབ་པའི་རྒྱུད་ཀྱི་དོན་དངོས་བཤད་པ་ལ་མདོར་བསྟན་ཚུལ་གྱིས་རྒྱུད་ཀྱི་ངོ་བོ་བཤད།    ནང་ཚན་རབ་དབྱེ་རྒྱས་པར་བསྟན་པའོ། །    དང་པོ་སྤྱིར་རྒྱུད་ཅེས་བྱ་བའི་སྒྲ་ནི་རྒྱུ་ཐབས་འབྲས་གསུམ་སྟེ་བརྗོད་བྱ་དོན་གྱི་རྒྱུད་དང་།   དེ་ཉིད་བརྗོད་བྱར་སྟོན་པའི་གསང་སྔགས་རྒྱུད་སྡེའི་ཆོས་སྐོར་ཀུན་ལ་འཇུག་ཀྱང་རྒྱུད་མཚན་ཉིད་པ་ནི་སྔ་མ་རང་ཡིན་པས་སྐབས་བབ་དེ་ཉིད་བཤད་པར་བྱེད་ན། དེ་ཡང་་༩༽རྩ་བརྒྱུད་བརྟག་གཉིས་ལས།   ཐབས་དང་ཤེས་རབ་བདག་ཉིད་རྒྱུད།  །ཅེས་འབྲས་བུ་ཐབས་ཤེས་གཉིས་སུ་མེད་པ་ལ་རྒྱུད་ཅེས་འབྲས་རྒྱུད་ཀྱི་ལྡོག་པ་ནས་བསྟན་པ་ཙམ་ལས་རྒྱུད་སྤྱི་ཡི་ངོ་བོའི་ལྡོག་པ་ནས་བཤད་པ་མི་སྣང་ལ།   བཤད་རྒྱུད་ཐུན་མོང་མ་ཡིན་པ་རྡོ་རྗེའི་གུར་ལས་ཀྱང་རྩ་རྒྱུད་དང་འདྲ་བར་ཁ་གསལ་བསྟན་པ་མེད་ཅིང་།  བཤད་རྒྱུད་ཐུན་མོང་བ་ཡང་དག་པའི་སྦྱོར་བ་ལས།༡༠༽  རྒྱུད་དང་ཐམས་ཅད་དེ་ནི་རྒྱུད་ཐམས་ཅད་དོ།  །ཞེས་ཚིག་ཟུར་ཙམ་ཞིག་བྱུང་ཡང་ངེས་ཤེས་འདྲེན་ནུས་ཀྱི་རྒྱུད་དོན་བསྟན་པ་ནི་མ་བྱུང་ངོ་།།  དེ་ན་བླ་མེད་ཀྱི་རྒྱུད་སྡེ་བདེ་ཀྱེ་གསང་གསུམ་ལས་རྒྱུད་དོན་ཁ་གསལ་དུ་བསྟན་པ་ནི་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས།༡༡༽ རྒྱུད་ནི་རྒྱུན་ཆགས་ཞེས་བྱ་སྟེ།།  ཞེས་པ་འདི་ཡིན་ཞིང་།  དམ་པ་གོང་མ་ཕར་ཆེར་བས་རྒྱུད་དོན་སྤྱི་ཡི་སྒོ་ནས་གཏན་ལ་འབེབ་ཚེ་གཞུང་འདི་ལ་ཕུགས་བཅོལ་ཏེ་རྒྱུད་ཀྱི་མཚན་ཉིད་ལ་རྒྱུན་ཆགས་པ་༡༢༽ ཞེས་བཞག་ནས་རྒྱུན་ཆགས་པའི་དོན་ཡང་རྒྱུ་ཐབས་འབྲས་གསུམ་ལ་སོ་སོར་སྦྱར་ཏེ་གསུངས་པར་མཛད།༡༣༽ སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོས་རྒྱུད་སྤྱི་ཡི་མཚན་དོན་གཏན་འབེབས་ཀྱི་སྐབས་སུ།  སྤྱིར་རྒྱུད་ཅེས་བྱ་བ་ནི་རང་གི་སེམས་ཉིད་གཉིས་སུ་མེད་པ་འདི་ཉིད་ལ་རྒྱུད་ཅེས་བྱ་སྟེ་ཐོག་མ་མེད་པ་ནས་སངས་རྒྱས་ཀྱི་ས་ཡི་བར་དུ་ཟག་བཅས་ཀྱི་སེམས་རྒྱུན་མི་ཆད་པས་ན་རྒྱུད་དོ།  ། ཞེས་དང་«གནད་ཀྱི་གསལ་བྱེད་»ལས་རང་གི་སེམས་ཉིད་གཉིས་སུ་མེད་པའི་ཡེ་ཤེས་རྟེན་དང་བརྟེན་པར་བཅས་པ་ཆོས་ཅན་དང་ཆོས་ཉིད་དུ་བཅས་པ་རྒྱུ་དང་འབྲས་བུར་བཅས་པ་འདི་ཉིད་ཡིན་ནོ། །དེའང་ཐོག་མར་རྒྱུད་ཅེས་བྱ་བ་སྟེ། རང་གི་སེམས་ཉིད་རྒྱུན་མ་ཆད་པའི་དོན་གྱིས་ན་རྒྱུད་དོ།   །ཞེས་རྒྱུད་དོན་སྤྱི་ལྡོག་ནས་ངོས་འཛིན་ཁ་གསལ་གནང་བའི་གཞུང་ཚིགས་ནི་འདི་དག་ཡིན་ཞིང་།  དེའི་དོན་ཡང་རང་གི་སེམས་ཉིད་གཉིས་སུ་མེད་པ་འདི་ཉིད་ཅེས་པས་རྒྱུད་ཀྱི་མཚན་གཞི་དང་།  ཐོག་མ་མེད་པ་ནས་སངས་རྒྱས་ཀྱི་ས་ཡི་བར་དུ་ཟག་བཅས་ཀྱི་སེམས་རྒྱུན་མི་ཆད་པས་ན་རྒྱུད་དོ་ཞེས་པས་མཚན་ཉིད་བསྟན་ལ་གཉིས་སུ་མེད་པའི་དོན་ནི།༡༤༽ རྒྱུ་ཡི་སྐབས་སུ་རིག་སྟོང་གཉིས་སུ་མེད་པ་དང་།   ལམ་གྱི་སྐབས་སུ་ཐབས་ཤེས་གཉིས་སུ་མེད་པ།   འབྲས་བུའི་སྐབས་སུ་སྤྲོས་མེད་རྟོགས་པའི་ཤེས་རབ་དང་དམིགས་མེད་སྙིང་རྗེ་ཆེན་པོ་གཉིས་སུ་མེད་པ་སྟེ།  སམ་ཊར།  དམིགས་མེད་གནས་སུ་ཤེས་རབ་དང་།  དམིགས་མེད་སྙིང་རྗེ་ཆེན་པོ་ཉིད།  ། བློ་དང་ལྷན་ཅིག་གཅིག་གྱུར་པས།  ། ནམ་མཁའ་ནམ་མཁའ་ཇི་ལྟ་བུ།  ། ཞེས་གསུངས་པ་ལྟར་རོ།   །  མཚན་ཉིད་ཀྱི་ཟུར་དུ་ཟག་བཅས་ཅེས་སྨོས་པ་ནི།  རྒྱུད་རྡོ་རྗེའི་རྩེ་མོ་ལས།   རྒྱུད་ནི་རྒྱུན་ཆགས་ཞེས་བྱ་སྟེ། །འཁོར་བ་རྒྱུད་དུ་འདོད་པ་ཡིན།  ། ཞེས་པའི་ཚིག་ཟུར་གྱི་འཁོར་བའི་དོན་བསྟན་པར་འདྲ་ལ། དེའང་ཤེས་པ་རང་ཉིད་ཟག་བཅས་ཡིན་པའི་དོན་ལས་སངས་རྒྱས་ཀྱི་ས་ཡི་བར་དུ་ཟག་བཅས་རྒྱུན་མ་ཆད་པ་ཡོད་ཅེས་པའི་དོན་ནི་མ་ཡིན་ནོ། 

གཉིས་པ་ནང་ཚན་རབ་དབྱེ་རྒྱས་པར་བསྟན་པ་ནི། ཤེས་བྱ་ཀུན་ལ་རྒྱུད་གསུམ་ཁྱབ་པར་བསྟན།   ཁྱབ་བྱེད་རྒྱུད་གསུམ་སོ་སོའི་ངོ་བོ་བཤད་པའོ།། དང་པོ་ལ། རྒྱུ་རྒྱུད་ཁོངས་སུ་གཞི་ཡི་ཆོས་ཀུན་བསྡུས།   ཉམས་ལེན་ཀུན་ལ་ཐབས་རྒྱུད་ཁྱབ་པར་བསྟན།  གོམ་འབྲས་མ་ལུས་འབྲས་བུའི་རྒྱུད་དུ་བསྟན་པའོ།   །  དང་པོ་ནི་སྤྱིར་གཞི་ཡི་གནས་ཚུལ་ནི་ཆོས་རང་རང་གི་གནས་ཚུལ་ཞིག་ལ་གོ་བས་དེ་ཡང་ཀུན་རྫོབ་ཆོས་ཅན་སྣང་བའི་གནས་ཚུལ་དང་། དོན་དམ་ཆོས་ཉིད་སྟོང་པའི་གནས་ཚུལ་གཉིས་ཀྱི་ཁོངས་སུ་མ་འདུས་པའི་གཞི་ཡི་གནས་ཚུལ་ཞེས་བྱ་བ་ལོགས་སུ་མ་གྲུབ་ཅིང་།   ཆོས་ཅན་སྣང་བའི་གནས་ཚུལ་ལ་བརྟགས་ན་རང་སེམས་ཀུན་གཞིའི་ཀློང་ནས་འཆར་བ་ཙམ་ལས་ཕྱི་རོལ་བེམ་པོའི་ཆོས་སུ་གྲུབ་པ་རྡུལ་ཙམ་ཡང་མེད་པ་ནི།  ཀྱེ་རྡོ་རྗེར།  རང་རིག་རྒྱལ་པོ་རང་གཙོ་བོ། །རང་གིས་འཕྲོག་ཅིང་རང་གིས་བྱེད། །ཅེས་དང་། རྡོ་རྗེའི་གུར་ལས། རིན་ཆེན་སེམས་ལས་ཕྱིར་གྱུར་པའི།། སངས་རྒྱས་མེད་ཅིང་གང་ཟག་མེད།། རྣམ་པར་ཤེས་པའི་གནས་དོན་ནམ།། ཕྱི་རོལ་གྱུར་པ་ཅུང་ཟད་མེད།། ཅེས་པའི་ལུང་འདི་ཉིད་ཀྱིས་གྲུབ་ལ་རིགས་པས་དཔྱད་ན་ཡང་གཅིག་དང་དུ་མ་གང་གི་ངོ་བོར་གནས་མེད་པ་ནི་ཤིན་ཏུ་རྟོགས་སླ་བ་ཞིག་སྟེ།   ཕྱི་རོལ་རྡུལ་གཟུགས་ཁས་ལེན་པ་དག་གིས་ད་ལྟ་མཐོང་སྣང་གི་ཡུལ་དུ་གྱུར་པའི་རགས་པའི་གཟུགས་སོགས་དཔྱད་ན་མི་བདེན་རྫུན་པའི་ངོ་བོར་གནས་པ་མངོན་གསལ་ཡིན་ཡང་དེའི་རྩོམ་གཞི་ཕྲ་རྡུལ་ཆ་མེད་གཅིག་ཡོད་པ་ནི་རགས་པའི་གཟུགས་སོགས་སྣང་བ་འདི་ཉིད་ཀྱིས་གྲུབ་སྟེ་གཞན་དུ་ན་འདི་དག་རྩོམ་གཞི་ཤེས་བྱའི་ཡུལ་ལས་འདས་པས་རྩོམ་ཆོས་དག་ཀྱང་སྣང་བར་མི་འགྱུར་ཏེ།   དཔེར་ན་རྩོམ་གཞི་མེད་པས་རྩོམ་ཆོས་སྣང་དུ་མེད་པ་རི་རྭ་དང་ནམ་མཁའི་མེ་ཏོག་བཞིན་ནོ་ཞེས་གསུངས་པར་མཛད།   དེ་ན་རགས་པ་མེད་ཀྱང་རགས་པའི་རྩོམ་གཞི་ཡོད་པས་དེས་རྩོམ་ཚུལ་གཉིས་སུ་གནས་པ་སྟེ།  སྐད་ཅིག་སྔ་ཕྱི་དུས་མཉམ་པའི་སྒོ་ནས་རགས་རྡུལ་རྩོམ་ཚུལ་དང་།    སྐད་ཅིག་སྔ་ཕྱི་བར་མ་ཆད་པའི་སྒོ་ནས་བརྩམས་པ་སྟེ།   སྔ་མ་ནི་བུམ་པ་དང་ཀ་བ་ལྟ་བུ་དང་ཕྱི་མ་སྒྲ་མི་རྟག་ཅེས་བརྗོད་པའི་སྒྲ་ལྟ་བུ་ཡིན་ཞེས་སྨྲ་བར་མཛད་ཀྱང་སྔ་མ་ནི་སློབ་དཔོན་དབྱིག་གཉེན་གྱིས་བསྟན་པའི་དྲུག་གི་ཅིག་ཆར་སྦྱར་བའི་རིགས་པས་འགོག་ཚུལ་གཞུང་ལུགས་རྣམས་ལས་ཤིན་ཏུ་གསལ་བས་འདིར་ཞིབ་འབྲིའི་ངལ་བ་མ་བྱས་ལ།  ཕྱི་མ་འདི་གཅིག་དུ་བྲལ་གྱི་རིགས་པས་འགོག་ཚུལ་ཅུང་ཙམ་རྟོགས་དཀའ་བར་སྙམ་སྟེ་གསལ་བར་བཀོད་ན།  རྡུལ་ཕྲན་སྐད་ཅིག་སྔ་ཕྱི་བར་མ་ཆད་པའི་སྒོ་ནས་རགས་པ་རྩོམ་ཚེ་སྔ་ཕྱིའི་རྡུལ་དང་དབུས་རྡུལ་གཉིས་ཕྲད་དམ་མ་ཕྲད།    ཕྲད་ན་བདག་ཉིད་ཀུན་གྱིས་ཕྲད་དམ།  ཆ་འགའ་ཞིག་གིས་ཕྲད།  བདག་ཉིད་ཀུན་གྱིས་ཕྲད་ན་སྔ་ཕྱིའི་རྡུལ་རྣམས་དབུས་རྡུལ་གཅིག་གི་གོ་སར་ཐིམ་པར་འགྱུར་བས་སྔ་ཕྱིའི་རྡུལ་རྣམས་ཇི་ཙམ་སྦྱར་ཡང་རགས་པ་རྩོམ་པར་མི་ནུས་ཤིང་།   ཆ་འགའ་ཞིག་གིས་ཕྲད་ན་དབུས་རྡུལ་གཅིག་ལ་སྔ་ཕྱིའི་རྡུལ་གཉིས་ཕྲད་པའི་ཆ་གཉིས་སུ་འགྱུར་བས་ཆ་མེད་གཅིག་ཡིན་པ་ཉམས་ལ།   མ་ཕྲད་ན་བར་དུ་ཆོད་པའི་རྡུལ་བཞིན་རྡུལ་རྣམས་སྐད་ཅིག་སྔ་ཕྱི་ཕྲད་པ་མེད་པའི་ཕྱིར་རགས་པ་རྩོམ་པར་མི་ནུས་སོ།   །གལ་ཏེ་ཕྱི་དོན་མེད་ན་རགས་པའི་སྣང་བ་ཇི་ལྟར་འབྱུང་སྙམ་ན་ཕྱི་རོལ་གྱི་སྣང་བ་ནི་ཕྱི་རོལ་གྱིས་ཚུར་གྲུབ་པ་མིན་པར་རང་སེམས་ཀུན་གཞིའི་ཐོག་ཏུ་སྣ་ཚོགས་པའི་བག་ཆགས་འདྲ་མིན་བཞག་པའི་དབང་གིས་ཕར་འཆར་སོང་བ་ཞིག་སྟེ། ལང་གཤེགས་ལས།  བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས།། དོན་དུ་སྣང་བ་རབ་ཏུ་འབྱུང་།། དོན་ཡོད་མ་ཡིན་སེམས་ཉིད་དེ།། ཕྱི་རོལ་དོན་མཐོང་ལོག་པ་ཡིན།  ། ཞེས་གསུངས་པས་སོ།  དེ་ན་གཞི་ཆོས་ཅན་གྱི་སྣང་བ་ཡོད་ཚད་ཚོགས་དྲུག་གི་སྣང་བ་ལས་ལོགས་སུ་མེད་ཅིང་ཚོགས་དྲུག་གི་སྣང་བ་ཡང་མཐར་གཏུགས་ན་ཀུན་གཞི་རྣམ་ཤེས་གསལ་ཙམ་གྱི་ཐོག་ཏུ་བཞག་པའི་བག་ཆགས་འདྲ་མིན་གྱི་དབང་གིས་འཆར་བ་ཡིན་པས་སྣང་བ་ཡོད་ཚད་ཀུན་གཞི་གསལ་ཙམ་གྱི་ངོ་བོར་འདུས་ལ།  དེ་འདུས་པས་ཀུན་རྫོབ་ཆོས་ཅན་གྱི་སྣང་བ་ཡོད་ཚད་ཀུན་གཞི་རྒྱུ་རྒྱུད་ཀྱི་ཁོངས་སུ་འདུས་པ་ཡིན་ཏེ།  ཀུན་གཞི་རྒྱུ་རྒྱུད་ནི་ཐོག་མ་མེད་པ་ནས་སངས་རྒྱས་ཀྱི་ས་ཡི་བར་དུ་རྒྱུན་མ་ཆད་པའི་སེམས་གསལ་ཙམ་ལ་འཇོག་པས་དེ་དང་ཀུན་གཞི་རྣམ་ཤེས་གཉིས་དོན་གཅིག་ལ་འདུ་བའི་ཕྱིར་རོ།   ། དོན་དམ་ཆོས་ཉིད་སྟོང་པའི་གནས་ཚུལ་ཡང་སྟོང་གཞི་ཆོས་ཅན་གང་ཞིག་གི་སྟེང་དུ་གནས་ལུགས་དཔྱོད་བྱེད་ཀྱི་རིགས་པས་བཙལ་བའི་ཚེ་ཡུལ་གང་གི་ངོ་བོར་གྲུབ་པ་མེད་པ་འདི་ཡིན་ལ།  དེ་ཡང་སྟོང་གཞིའི་ཆོས་ཀུན་གཞི་རྒྱུ་རྒྱུད་གསལ་ཙམ་གྱི་ཀློང་དུ་འདུས་པས་དེ་ཉིད་རིགས་པས་མ་རྙེད་པའི་སྟོང་ཉིད་ཀྱང་ཀུན་གཞི་རྒྱུ་རྒྱུད་གསལ་ཙམ་འདི་ཉིད་ཀྱི་ཐོག་ཏུ་སྤྲོས་པའི་མཐའ་ཐམས་ཅད་བྲལ་བའི་ངོ་བོ་ཞིག་ལ་འཇོག་དགོས་པས
དེ་ནི་རྒྱུ་རྒྱུད་གསལ་གྱི་ངོ་བོ་ལས་མ་འདས་ཏེ།  རྩ་རྒྱུད་བརྟགས་གཉིས་ལས།   འདི་ཉིད་འཁོར་བ་ཞེས་བྱ་སྟེ།  ། འདི་ཉིད་མྱ་ངན་འདས་པ་ཉིད།  ། འཁོར་བ་སྤངས་ནས་གཞན་དུ་ནི།  ། མྱ་ངན་འདས་པ་རྟོགས་མི་འགྱུར།  ། ཞེས་དང་།  རྗེ་བཙུན་རིན་པོ་ཆེའི་མངོན་རྟོགས་ལྗོན་ཤིང་ལས།    ཡུལ་གཅིག་ལ་བློ་ཡི་འཇུག་པ་ཐ་དད་དོ། །  ཞེས་གསུངས་པས་སོ།  །  

གཉིས་པ་ཉམས་ལེན་ཀུན་ལ་ཐབས་རྒྱུད་ཀྱིས་ཁྱབ་པར་བསྟན་པ་ནི།  
སྟོན་པ་བདེ་བར་གཤེགས་པས་འགྲོ་བ་ཀུན་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་སྒྲོལ་བའི་ཐབས་སུ་ཆོས་ཀྱི་ཕུང་པོ་བསམ་གྱི་མི་ཁྱབ་པ་ཞིག་གསུངས་པར་མཛད་པ་ལ་བརྟེན་ནས།   དེ་དག་ཉམས་སུ་ལེན་པའི་ཉམས་ལེན་གྱི་གྲངས་ཀྱང་ས་ཆེན་པོའི་རྡུལ་གྱིས་བསྒྲེ་བར་མི་ནུས་པ་ཞིག་བྱུང་ཡང་།   དེ་དག་རིགས་ཀྱི་སྒོ་ནས་བསྡུས་ན་ཐེག་པ་ཆེ་ཆུང་གི་ཉམས་ལེན་གཉིས་ཀྱིས་མ་བསྡུས་པ་མེད་ཅིང་ཐེག་པ་ཆེན་པོའི་ཉམས་ལེན་ལའང་མདོ་ཕར་ཕྱིན་ཐེག་པ་དང་སྔགས་རྡོ་རྗེ་ཐེག་པའི་ཉམས་ལེན་གཉིས་ཀྱི་ཁོངས་སུ་མ་འདུས་པའི་ཟུར་ན་གནས་པ་ཅུང་ཟད་ཙམ་ཡང་མེད།   དེ་དག་ཀུན་ཀྱང་གཞི་ལ་ཇི་ལྟར་གནས་པ་མངོན་དུ་བྱེད་པའི་ཐབས་སུ་གྱུར་པའི་སྨིན་གྲོལ་གང་རུང་གིས་མ་ཁྱབ་པ་ཞིག་མེད་པས་ཉམས་ལེན་ཀུན་ལ་ཐབས་རྒྱུད་ཀྱིས་ཁྱབ་པ་ཡིན་ནོ། ། ཁྱབ་པའི་ཚུལ་ཡང་ཆོས་ཅན་གྱི་དངོས་པོ་ཀུན་ལ་རང་གི་ངོ་བོས་སྟོང་པའི་སྟོང་ཉིད་ཀྱིས་ཁྱབ་པ་ལྟར་ལམ་གྱི་ཉམས་ལེན་ཡོད་ཚད་ཐབས་རྒྱུད་སྨིན་གྲོལ་གཉིས་པོ་གང་རུང་ཡིན་ཞེས་པའི་དོན་མ་ཡིན་པར་ལམ་གྱི་ཉམས་ལེན་གྱི་ཡོན་ཏན་ཀུན་སྨིན་གྲོལ་གཉིས་ལ་ཚང་བའི་ཚུལ་གྱིས་ཁྱབ་པ་ཡིན་ནོ།  །   དེ་དག་ཚང་བའི་ཚུལ་ནི།    ཐེག་དམན་གྱི་ལམ་གྱི་ཉམས་ལེན་སྤྱོད་པའི་འཆར་གཏོགས་པ་དག་ནི་སོ་སོར་ཐར་པའི་སྡོམ་པའི་ཁོངས་སུ་འདུས་ཤིང་དེ་དག་ནི་གྲོལ་ལམ་སྔགས་ཀྱི་སྡོམ་པའི་རྩ་བའི་དམ་ཚིག་གཉིས་པའི་ཁོངས་སུ་འདུས་ལ།   ལྟ་བའི་འཆར་གཏོགས་པ་དག་ནི་རྩ་བའི་དམ་ཚིག་བརྒྱད་པ་དང་བཅུ་གཅིག་པའི་ཁོངས་སུ་འདུས་པ་ཡིན།     ཐེག་ཆེན་མདོ་ཕར་ཕྱིན་ཐེག་པའི་ལམ་གྱི་ཉམས་ལེན་ཀུན་ཀྱང་རྒྱ་ཆེན་སྤྱོད་པའི་ཉམས་ལེན་དང་ཟབ་མོ་ལྟ་བའི་ཉམས་ལེན་གཉིས་ཀྱིས་བསྡུས་ཤིང་།  དང་པོ་ནི་གྲོལ་ལམ་སྔགས་སྡོམ་གྱི་རྩ་བའི་དམ་ཚིག་ལྔ་པ་དང་གཉིས་པ་གཉིས་ཀྱི་ཁོངས་སུ་འདུས་ལ།  ཟབ་མོ་ལྟ་བའི་ཉམས་ལེན་ཀུན་པོ་སྔ་མ་བཞིན་དམ་ཚིག་བརྒྱད་པ་དང་བཅུ་གཅིག་པའི་ཁོངས་སུ་འདུས་པའོ།  །   གསང་བ་སྔགས་ཀྱི་ཉམས་ལེན་ལའང་བྱ་སྤྱོད་རྣལ་འབྱོར་བླ་མེད་བཞི་ལ་སྤྲོས་བྲལ་ལྟ་བའི་ཉམས་ལེན་གྱི་ཁྱད་པར་ཡེ་ནས་མེད་ལ་སྒོམ་པ་ཐབས་ཀྱི་ཉམས་ལེན་ལ་ཁྱད་པར་ཡོད་ཀྱང་དེ་དག་ཉམས་ལེན་གྱི་ཡོན་ཏན་གྱི་ལྡོག་པ་ནས་བླ་མེད་ཀྱི་ཉམས་ལེན་ཐབས་རྒྱུད་ཀྱི་ཁོངས་སུ་མ་འདུས་པ་མེད་དེ།   འཕགས་པ་ལེགས་གྲུབ་དང་དཔང་བཟང་ནས་བསྟན་པའི་བྱ་རྒྱུད་ཀྱི་ཉམས་ལེན་དང་།  རྣམ་སྣང་མངོན་བྱང་སོགས་ནས་བསྟན་པའི་སྤྱོད་རྒྱུད་ཉམས་ལེན་ཏེ་དེ་གཉིས་ཀྱི་བྱ་སྤྱོད་ཀྱི་ཉམས་ལེན་ཐམས་ཅད་བསྡུ་བར་གསུངས་ཤིང་དེ་དག་ཀྱང་མདོར་བསྡུ་ན་ཐམས་ཅད་ཆུ་དང་ཅོད་པན་རྡོ་དྲིལ་སོགས་ཀྱི་དབང་ལ་བརྟེན་ནས་སློབ་མ་སྣོད་རུང་བྱེད་པ་སྟེ་འཇུག་པའི་སྤྱོད་པ་དང་།   བདག་དང་ལྷ་དང་སྔགས་ཀྱི་དེ་ཁོ་ན་ཉིད་དེ་སྦྱོར་བའི་སྤྱོད་པ།  མེར་གནས།  སྒྲ་གནས།  སྒྲ་མཐའི་དེ་ཁོ་ན་ཉིད་དེ་བསྒྲུབ་པའི་སྤྱོད་པ་གསུམ་གྱི་ཁོངས་སུ་མ་འདུས་པ་མེད་ལ།  རྣལ་འབྱོར་རྒྱུད་ཀྱི་ཉམས་ལེན་ལའང་གཞི་རྩའི་ཆ་ནས་སྨིན་བྱེད་དང་གྲོལ་བྱེད་ཀྱི་ཉམས་ལེན་གཉིས་ཀྱིས་བསྡུས་པ་སྟེ།   དེ་ལྟ་བུའི་རྒྱུད་སྡེ་འོག་མ་གསུམ་གྱི་ལམ་གྱི་ཉམས་ལེན་ཡོན་ཏན་གྱི་ལྡོག་པ་ནས་བླ་མེད་ཀྱི་ཉམས་ལེན་སྨིན་གྲོལ་གཉིས་ཀྱི་ཁོངས་སུ་མ་འདུས་པ་མེད་ལ་ཇི་ལྟར་འདུས་པའི་ཚུལ་རེ་རེ་ལ་སྦྱར་ན་ཤིན་ཏུ་མང་དྲག་པར་སྙམ་སྟེ་མ་བྲིས་ལ་གང་ཞིག་དོགས་པའི་ས་བོན་འདུག་ན་འདྲི་བར་བྱོས་དང་ངག་ཐོག་ནས་དབྱུང་བར་བྱའོ།  །   གལ་ཏེ་མདོ་ཕར་ཕྱིན་ཐེག་པའི་ལུགས་ལ་འདོད་ཆགས་ཀྱི་གཉེན་པོར་མི་སྡུག་པ་སྒོམ་པའི་ཉམས་ལེན་ཡོད་ཀྱང་བླ་མེད་ནས་འབྱུང་བའི་སྨིན་གྲོལ་གྱི་ཉམས་ལེན་ལ་དེ་མེད་པས་ཉམས་ལེན་མཐའ་དག་དེའི་ཁོངས་སུ་འདུས་པ་མི་འཐད་པའི་ཕྱིར་རོ་ཞེ་ན།    བཤད་རྒྱུད་ཐུན་མོང་བ་སཾ་པུ་ཊི་དང་དེའི་འགྲེལ་བ་སཾ་ཊ་གནད་ཀྱི་གསལ་བྱེད་ལས་གསལ་བ་ལྟར་ན་སྔགས་བླ་མེད་ཀྱི་ཉམས་ལེན་ལའང་མི་གཙང་བ་དང་མི་སྡུག་པ་སྒོམ་པ་སོགས་གཏན་ནས་མེད་པ་ཡིན་པ་སྟེ།   སཾ་པུ་ཊི་ལས།  དེ་ནས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བརྗོད་པར་བྱའོ། ། ནང་གི་ལུས་དང་། ཕྱིའི་ལུས་དང་ཞེས་སོགས་ནས་འདི་རྣམས་ནི་དྲན་པ་ཉེ་བར་གཞག་པ་བཞིའོ་ཞེས་པའི་བར་དང་།   སཾ་ཊ་གནད་ཀྱི་གསལ་བྱེད་ལས།    བརྗོད་བྱའི་དོན་རབ་ཏུ་བྱེད་པའི་སྟོད་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་དོན་དུ་སྦྱར་བ་ནི་ཕ་རོལ་ཏུ་ཕྱིན་པའི་དོན་དང་སྤྱིའི་དོན་ཡིན་ལ་ཞེས་སོགས་ནས།  དེ་ལ་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་དམིགས་པ་ནི་ལུས་དང་ཚོར་བ་དང་སེམས་དང་ཆོས་སོ། །ངོ་བོ་ནི་དྲན་པ་དང་ཤེས་རབ་བོ། །གྲོགས་ནི་དེ་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའོ། །བསྒོམ་པ་ནི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བ་ལ་སོགས་པ་སྟེ། ཀུན་རྫོབ་ཀྱི་དབང་དུ་བྱས་ནས་མི་གཙང་བ་ལ་སོགས་པ་བཞིར་ཤེས་པར་བྱ་བའམ། དོན་དམ་པར་རང་བཞིན་མེད་པར་བསྒོམ་པའོ། ། ཞེས་དྲན་པ་ཉེར་བར་གཞག་པ་བཞིས་ཀུན་རྫོབ་ཀྱི་དབང་དུ་བྱས་ནས་མི་གཙང་བ་སོགས་སྒོམ་པ་ཡོད་པ་བསྟན་པའི་ཕྱིར་རོ། ། དེའི་ཕྱིར་མདོ་ཕར་ཕྱིན་ཐེག་པའི་ལུགས་ལ་གཞི་སྤོང་བའི་ཉམས་ལེན་ལས་མེད་ལ་གསང་སྔགས་རྡོ་རྗེ་ཐེག་པ་ལ་ཉམས་ལེན་དེ་ལས་ཁྱད་དུ་འཕགས་པ་གཞི་མི་སྤོང་བའི་ཉམས་ལེན་ཡོད་པའི་གནད་ཀྱིས་མདོ་ལས་ཁྱད་པར་འཕགས་པ་ཡིན་པ་གྲུབ་ཀྱང་།  དེ་ཙམ་གྱིས་འོག་མའི་ཉམས་ལེན་དག་མེད་པ་མི་འགྲུབ་པའི་ཕྱིར་རོ།  །  ཕྱོགས་གཞན་ཞིག་ནས་ཞུས་ན་གྲུབ་མཐའ་གོང་མ་དང་ལམ་གོང་མ་རྣམས་ལ་གྲུབ་མཐའ་འོག་མ་དང་ལམ་འོག་མའི་ཡོན་ཏན་རྣམས་ཡར་ལྡན་གྱི་ཚུལ་དུ་གནས་ཤིང་དེའི་ཐོག་ཏུ་དེ་དག་ལ་མེད་པའི་ཡོན་ཏན་ཁྱད་འཕགས་ལྡན་པའི་སྟོབས་ཀྱིས་འོག་མ་རྣམས་ལས་ཁྱད་དུ་འཕགས་པར་གྲུབ་པ་ཡིན་པའི་ཕྱིར་རོ།  །  

གོམས་འབྲས་མ་ལུས་འབྲས་བུའི་རྒྱུད་དུ་བསྟན་པ་ནི།  
རྗེ་བཙུན་གོང་མ་རྣམས་ཀྱིས་གོམས་པའི་འབྲས་བུའམ་ཐོབ་པར་བྱ་བའི་འབྲས་བུ་མཐར་ཐུག་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཞེས་བྱ་བ་ཡིན་པར་གསུངས་ཤིང་དེའང་༡༥༽ཀྱེ་ཡི་རྡོ་རྗེའི་རྒྱུད་ལ་ཁུང་བཅོལ་ནས་༡༦༽དངོས་པོའི་གནས་ལུགས་ཕྱིན་ཅི་མ་ལོག་པར་རྟོགས་པ།   ཟག་པ་མེད་པའི་བདེ་བ་ཕུན་སུམ་ཚོགས་པར་ལྡན་པ།   སྒྲིབ་པའི་དྲི་མ་མ་ལུས་པ་སྤངས་པ། སྟེ་སྤངས་རྟོགས་ཡེ་ཤེས་ཕུན་ཚོགས་གསུམ་དང་ལྡན་པས་རྫོགས་པའི་སངས་རྒྱས་ཀྱི་ངོ་བོ་གཏན་ལ་འབེབས་པར་མཛད་ཅིང་།   ཡོན་ཏན་གསུམ་དང་ལྡན་པར་དགོས་པ་གསུངས་པ་དེ་ཉིད་ཀྱིས་མཐར་ཐུག་གི་འབྲས་བུ་ཞེས་བྱ་བ་རྫོགས་པའི་སངས་རྒྱས་ལས་མེད་པ་ཡང་བསྟན་པར་མཛད་པ་སྟེ།   ཡོན་ཏན་གྱི་ཁྱད་པར་གསུམ་དང་ལྡན་པ་ལ་དངོས་པོའི་གནས་ལུགས་ཕྱིན་ཅིའི་མ་ལོག་པ་རྟོགས་དགོས་ཤིང་། དེ་ཉིད་རྟོགས་བྱེད་ཀྱི་ཐབས་སྣ་ཚོགས་མཆིས་ཀྱང་རྟོགས་བྱ་དངོས་པོའི་གནས་ལུགས་ལ་གཅིག་ལས་རིགས་མི་འདྲ་བ་མེད་པ་ནི་༡༧༽རྒྱལ་བའི་ལུང་དང་།  དངོས་སྟོབས་ཀྱི་རིགས་པས་གྲུབ་པ་རྒྱུ་མཚན་འདི་ཉིད་ཀྱིས་ཕྱིར་རོ།  །     དེ་ལྟ་བུའི་རྫོགས་པའི་སངས་རྒྱས་ལ་སྣང་ཚུལ་གྱི་སྒོ་ནས་སྐུ་ཡི་རྣམས་གྲངས་ཅི་རིགས་སུ་གསུངས་ཀྱང་།  དེ་དག་ཀྱང་རྩ་རྒྱུད་བརྟག་པ་དང་པོའི་ལེའུ་དང་པོར་བསྟན་པའི་རྡོ་རྗེ་སེམས་དཔའ་དང་།  སེམས་དཔའ་ཆེན་པོ།  དམ་ཚིག་སེམས་དཔའ་ཆེན་པོ།   སྙིང་པོ་ཀྱེ་ཡི་རྡོ་རྗེ་སྟེ་དེ་བཞི་རིམ་གྱིས་སྦྱར་བའི་ཆོས་སྐུ། ལོངས་སྐུ།   སྤྲུལ་སྐུ།   ངོ་བོ་ཉིད་སྐུ་རྣམས་ཀྱི་ཁོངས་སུ་མ་འདུས་པ་མེད་ལ།    སྐུ་བཞི་པོ་དེའང་ཕྱི་རོལ་བེམ་པོ་སོགས་ཀྱིས་ཆོས་སུ་གྲུབ་པ་མིན་པར་གཞི་ལ་ཇི་ལྟར་གནས་པ་དེ་ཉིད་ལམ་ཐབས་རྒྱུད་ཀྱིས་ཡུན་རིང་དུ་གོམས་པའི་སྟོབས་ཀྱིས་བྱུང་བའི་འབྲས་བུ་ཡེ་ཤེས་ལྔ་ཡིས་བསྡུས་པ་ནི་༡༨༽ སངས་རྒྱས་ཉིད་ཅི་ལགས།  རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། ། ཞེས་སངས་རྒྱས་ཐམས་ཅད་ཡེ་ཤེས་ལྔ་ཡིས་བསྡུས་པར་གསུངས་པའི་རྒྱལ་བའི་བཀའ་ལུང་འདི་ཉིད་ཀྱིས་གྲུབ་ལ་གོམས་འབྲས་ཀུན་ལ་ཡེ་ཤེས་ལྔས་ཁྱབ་པ་འདི་ནི་གོམས་འབྲས་ཀུན་ལ་འབྲས་བུའི་རྒྱུད་ཀྱིས་ཁྱབ་ཚུལ་ཞིག་ཀྱང་ཡིན་ནོ།   ། 

ཁྱབ་བྱེད་རྒྱུད་གསུམ་སོ་སོའི་ངོ་བོ་བཤད་པ་ལ།  
ཀུན་གཞི་རྒྱུ་རྒྱུད་བཤད་དེ་ལྟ་བ་འཁོར་འདས་དབྱེར་མེད་བསྟན།  འཐོབ་བྱེད་ཐབས་རྒྱུད་བཤད་ནས་སྔགས་ལམ་མདོ་ལས་འཕགས་ཚུལ་བསྟན།  འཐོབ་བྱ་འབྲས་རྒྱུད་བཤད་ནས་ལྷུན་འགྲུབ་གནས་འགྱུར་འགལ་མེད་བསྟན་པའོ།  །དང་པོ་ལ་ཀུན་གཞི་རྒྱུ་རྒྱུད་བཤད་པ་དང་།   འཁོར་འདས་དབྱེར་མེད་ཀྱི་ལྟ་བ་བཤད་པ་གཉིས་ཀྱི་དང་པོ་ནི།   སྤྱིར་རྒྱུ་རྒྱུད་ཅེས་པ་ནི་གསང་བ་འདུས་པའི་རྒྱུད་ཕྱི་མར༡༩༽ རང་བཞིན་རྣམ་པ་རྒྱུ་ཡིན་ཏེ།  ། ཞེས་པའི་གཞུང་གིས་བསྟན་ཞིང་ངོ་བོ་ནི་སྔོན་བྱོན་མཁས་པའི་གཞུང་གི་ཚིག་ཟིན་ལ་གསལ་སྟོང་ཟུང་འཇུག་ལ་ངོས་འཛིན་པ་དང་།  ཟུང་འཇུག་གི་ཡ་གྱལ་གསལ་བ་ལ་ངོས་འཛིན་ཞིང་དེའང་རྣམ་ཤེས་དང་ཡེ་ཤེས་ཅི་རིགས་ལ་ངོས་འཛིན་གནང་བ་སྟེ།  ངོར་ཆེན་༢༠༽ དཀོན་མཆོག་ལྷུན་འགྲུབ་ཀྱིས། སེམས་ཅན་ཐམས་ཅད་ལ་རང་བཞིན་གྱིས་གནས་པའི་གཞི་དུས་ཀྱི་སེམས་ཉིད་གཉིས་སུ་མེད་པའི་ཡེ་ཤེས་གསལ་སྟོང་ཟུང་དུ་འཇུག་པ་འདི་ཉིད་དེ་ཞེས་གསལ་སྟོང་ཟུང་འཇུག་ལ་ངོས་འཛིན་པ་དང་།  དེ་ཉིད་ལ་གདོད་མ་ནས་གནས་པའི་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཆེན་པོ་དང་།  སྐབས་འདིར་བསྟན་གྱི་རང་བཞིན་དང་།   རང་བཞིན་གྱིས་གནས་པའི་རིགས་ཞེས་ཀྱང་བྱ་སྟེ་ཞེས་རྒྱུ་རྒྱུད་དང་རང་བཞིན་གནས་རིགས་དོན་གཅིག་ཏུ་གསུངས་པ་དང་།   རྗེ་བཙུན་གྲགས་པའི་གཞུང་གི་དངོས་བསྟན་ལ།   རང་སེམས་གདོད་ནས་སྤྲོས་བྲལ་རྒྱུ་རྒྱུད་དང་། ཞེས་གསུངས་ཤིང་དེའི་དོན་༢༡༽ ཀུན་མཁྱེན་བླ་མས་འགྲེལ་བཤད་གནང་སྐབས་་རང་སེམས་ནི་ཐབས་རིག་པ་གསལ་ལ་མ་འགགས་པ་ཡིན་ལ།  གདོད་ནས་སྤྲོས་བྲལ་ནི་ངོ་བོ་སྟོང་པ་ཉིད་དེ།  དེ་གཉིས་ཟུང་དུ་འཇུག་པ་ནི་རྒྱུའི་རྒྱུད་དོ།  ། ཞེས་ཟུང་འཇུག་ལ་ངོས་འཛིན་གནང་བ་དང་།   «མངོན་རྟོགས་ལྗོན་ཤིང»ལས་རྒྱུ་རིགས་སྤང་བྱ་རྐྱེན་ལ་ལྟོས་པ་བཞི་ཡི་སྒོ་ནས་གཏན་ལ་འབེབས་པར་མཛད་ནས་རྒྱུ་རྒྱུད་དང་།  རིགས་ཡོད་ཕྱིར་ན་ལུས་ཅན་ཀུན།  ། རྟག་ཏུ་སངས་རྒྱས་སྙིང་པོ་ཅན།  ། ཞེས་པའི་རིགས་གཉིས་དོན་ཅིག་ཏུ་བཀྲལ་བ་ལྟ་བུ་དང་།   ༢༢༽ཐམས་ཅད་མཁྱེན་པ་མང་ཐོས་ཀླུ་སྒྲུབ་རྒྱ་མཚོས།  ཁྲིད་ཡིག་ལས། ཀུན་གཞི་རྒྱུ་རྒྱུད་ཀྱི་ངོ་བོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་ངོས་འཛིན་གནང་བ་དང་།  ཐམས་ཅད་མཁྱེན་པ་མཁྱེན་རྩེ་དབང་ཕྱུག་གིས་རྣམ་ཤེས་གསལ་བའི་ཆ་ལ་ངོས་འཛིན་གནང་བ་སོགས་ཅི་རིགས་བྱུང་ངོ་།  དེ་ལ་ཟུང་འཇུག་ལ་ངོས་འཛིན་གནང་བ་ནི་ཡ་གྱལ་གསལ་བ་དེ་ཉིད་སེམས་ཅན་ནས་སངས་རྒྱས་ཀྱི་ས་ཡི་བར་དུ་རྒྱུན་མ་ཆད་འབྱུང་བ་དང་གནས་སྐབས་ཀྱི་བྱ་བྱེད་ནུས་པ་ཐམས་ཅད་རང་བཞིན་གྱིས་སྟོང་པ་དང་ཟུང་དུ་འཇུག་པའི་དབང་གིས་ཡིན་པས་དེ་ལྟར་སྨོས་པ་ལས་སྒྲ་ཇི་བཞིན་པར་བཟུང་དུ་མི་རུང་སྟེ།   རྒྱུ་རྒྱུད་ནི་སྦྱོང་གཞི་སྦྱོང་བྱེད་ཀྱི་ཟླས་ཕྱེ་བའི་སྦྱོང་གཞི་ཡིན་ལ་ཆོས་ཉིད་གསལ་སྟོང་ཟུང་འཇུག་ནི་སྦྱོང་གཞི་ཁས་བླངས་ན་རིགས་པའི་གནོད་བྱེད་ཟློག་ཏུ་མེད་པ་ནི་མཁས་པའི་དབང་པོ་ཀུན་མཁྱེན་བླ་མ་ཆེན་པོའི་གཞུང་ལས་གསལ་བ་ལྟར་རོ། །  མང་ཐོས་ཀླུ་སྒྲུབ་ཀྱི་དགོངས་པའང་ཐབས་རྒྱུད་ཀྱི་སྐབས་སུ་རྒྱུད་གསུམ་བསྲེས་ནས་ཉམས་སུ་ལེན་པའི་དུས་ཀྱི་རྒྱུ་རྒྱུད་ཀྱི་ངོས་འཛིན་ཡིན་གྱི།  རྒྱུད་གསུམ་གྱི་ཟླས་ཕྱེ་བའི་རྒྱུ་རྒྱུད་ཀྱི་མཚན་གཞི་ངོས་འཛིན་པ་ནི་མ་ཡིན་ནོ་ཞེས་སྡེ་སྤྲུལ་རིན་པོ་ཆེའི་གསུངས་པ་ལྟར་ཤེས་པར་བྱ་དགོས་པ་འདྲ་ལ།  གནད་ཀྱི་དོན་ནི།  ༢༣༽ཀུན་མཁྱེན་གོ་རམས་པས།འོ་ན་ཀུན་གཞི་རྒྱུ་རྒྱུད་ཀྱི་དོན་གང་ཡིན་ཞེ་ན་ཞེས་སོགས་ནས་རྣལ་འབྱོར་དབང་ཕྱུག་གི་བཞེད་པས་སེམས་མྱོང་རིག་བྱེ་བྲག་ཏུ་མ་ཕྱེ་བ།  རིས་སམ་ཕྱོགས་སུ་མ་ལྷུང་བ།  ཐབས་རིག་པ་གསལ་ལ་མ་འགགས་པ།  ངོ་བོ་སྟོང་པ་ཉིད་ལ་ཀུན་གཞིའི་སྒྲས་བསྟན་པར་གསུངས་སོ། །དེའི་དོན་ཐོག་མ་མེད་པ་ནས་སངས་རྒྱས་ཀྱི་སའི་བར་ལ་རྒྱུན་མ་ཆད་པའི་སེམས་གསལ་བ་ཙམ་འདི་ཉིད་གནས་སྐབས་སུ་རྐྱེན་དབང་གི་དགེ་མི་དགེ་དང་།  རྣམ་ཤེས་ཚོགས་བདུན་དང་།  སེམས་སེམས་བྱུང་གི་ཆོས་དུ་མར་འགྱུར་ཡང་དེ་དག་གི་སྒོ་ནས་མི་འཇོག་པར་གསལ་ཙམ་རྒྱུན་མ་ཆད་པའི་སྒོ་ནས་འཇོག་པས་ན་རིས་སམ་ཕྱོགས་སུ་མ་ལྷུང་བ།  སེམས་ཅན་ནས་སངས་རྒྱས་ཀྱི་སའི་བར་དུ་གསལ་ཙམ་རྒྱུན་མ་ཆད་པར་ཡོད་པས་ན་ཐབས་རིག་པ་གསལ་ལ་མ་འགགས་པ།  དེའི་ངོ་བོ་ལ་དཔྱད་ན།  མཐའ་བཞིའི་སྤྲོས་པས་སྟོང་པས་ན་ངོ་བོ་སྟོང་པ་ཉིད་ཞེས་སེམས་ཅན་ནས་སངས་རྒྱས་ཀྱི་ས་ཡི་བར་དུ་རྒྱུན་མ་ཆད་པའི་གསལ་ཙམ་འདི་ཉིད་ལ་ངོས་འཛིན་གནང་བ་འཕགས་བོད་མཁས་གྲུབ་དམ་པ་རྣམས་ཀྱི་བཞེད་པ་རྨ་མེད་པ་སྟེ།   ༢༤༽སློབ་དཔོན་བསོད་ནམས་རྩེ་མོས།  ད་ལྟ་རང་གི་སེམས་འདི་སངས་རྒྱས་དངོས་སུ་མ་གྲུབ་ཀྱང་ཐབས་དང་འཕྲད་ན་སངས་རྒྱས་འབྱུང་བས་སངས་རྒྱས་ཀྱི་རྒྱུ་དང་།  གནས་སྐབས་ཀྱིས་འགྲོ་བ་རིགས་དྲུག་ལ་སོགས་པ་དང་། ལམ་སྨིན་གྲོལ་དུ་མ་དང་།  འབྲས་བུ་སྣ་ཚོགས་སུ་འགྱུར་ཡང་སེམས་ཀྱི་ངོ་བོ་ལ་འགྱུར་བ་མེད་པར་རྒྱུན་མ་ཆད་པས་རྒྱུད་དོ་ཞེས་དང་།  སློབ་དཔོན་ཀླུ་སྒྲུབ་གྱིས།  དཔེར་ན་ཁབ་ལེན་མཐོང་བ་ན། ། ཞེས་སོགས་ནས་འོག་གི་དེ་བཞིན་ཀུན་གཞི་རྣམ་ཤེས་ཀྱང་། ། ལུས་ལ་བརྟེན་ནས་གཡོ་བར་བྱེད། །ཅེས་དང་། ཟླ་བའི་འཇུག་འགྲེལ་ལས་ཀྱང་།  སྟོང་པ་ཉིད་ལ་ཀུན་གཞིའི་སྒྲས་བསྟན་པར་རིག་པར་བྱའོ། ། ཞེས་སོགས་གསུངས་པའི་ཕྱིར་རོ།   །  དེ་ན་རྒྱུ་རྒྱུད་ཅེས་པ་ནི་ངོ་བོ་གསལ་ཙམ་ལ་བྱེད་ལས་འཁོར་འདས་ཀུན་ཀྱི་གཞི་བྱེད་པ་དེའང་སེམས་ཅན་ནས་སངས་རྒྱས་ཀྱི་ས་ཡི་བར་དུ་རྒྱུན་མ་ཆད་པ་ཞིག་སྟེ་དེའི་མཚན་ཉིད་ནི། ཡུལ་དང་རིས་སུ་མ་ཆད་པའི་གསལ་རིག་རྒྱུན་ཆགས་པ་གང་ཞིག   ། རྐྱེན་དང་འཕྲད་ན་འབྲས་བུ་སངས་རྒྱས་འབྱུང་རུང་སྟེ།   །   འདིའི་དོན་ཡང་དག་པ་ཞིག་རྟོགས་ན་སེམས་ཀྱི་མཚན་ཉིད་སུམ་ཆ་ཞིག་རྟོགས་པ་ཡིན་པས་ཤིན་ཏུ་གལ་ཆེའོ།  །
 
གཉིས་པ་འཁོར་འདས་དབྱེར་མེད་ཀྱི་ལྟ་བ་བཤད་པ་ནི།   
སྤྱིར་འཁོར་འདས་དབྱེར་མེད་ཅེས་པའི་མིང་ཚིག་འདི་ནི་གསང་སྔགས་རྒྱུད་སྡེ་ཙམ་དུ་མ་ཟད་མདོ་ཕྱོགས་ཀྱི་བསྟན་བཅོས་དག་ལས་འབྱུང་བ་ནི་མདོ་འགྲེལ་«མངོན་མངོན་རྟོགས་རྒྱན»་དང་།  «བསམ་གྱིས་མི་ཁྱབ་པའི་བསྟོད་པ»།  རྣམས་ལས་གསལ་ལ་འགྲེལ་བཤད་གནང་སྟངས་ཀྱང་འཁོར་བ་ཀུན་རྫོབ་ཀྱི་ཆོས་དང་མྱ་ངན་ལས་འདས་པ་ནི་དེའི་ཆོས་ཉིད་ཡིན་ལ་དེ་གཉིས་དབྱེར་མེད་པ་ལ་འཁོར་འདས་དབྱེར་མེད་ཅེས་འཇོག་པ་ཙམ་ནི་འདྲ་བ་ཡིན་ནོ།།  གསང་སྔགས་རྡོ་རྗེ་ཐེག་པའི་ལུགས་ཀྱི་ལྟ་བ་འཁོར་འདས་དབྱེར་མེད་ནི་སེམས་ཀྱི་གནས་ལུགས་ཞིག་ཡིན་པས་དེ་ངོས་ཟིན་པར་གསལ་བ་སེམས་ཀྱི་མཚན་ཉིད།  སྟོང་པ་སེམས་ཀྱི་རང་བཞིན།  ཟུང་འཇུག་སེམས་ཀྱི་ངོ་བོ་སྟེ་རྒྱུ་ལྷན་སྐྱེས་ཀྱི་ཆོས་གསུམ་མ་རྟོགས་ཐབས་མེད་ཡིན་ལ།  དེ་ཡང་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་སེམས་གསལ་རིག་འདི་ཡི་འཆར་སྒོ་ཙམ་ལས་ཕྱི་རོལ་དུ་གྲུབ་པ་ཅུང་ཟད་ཙམ་ཡང་མེད་པར་གང་དང་ཅི་ཞིག་འཆར་བ་དེ་ཉིད་འཆར་གཞི་གསལ་རིག་འདི་དང་ཇ་དང་འོ་མ་འདྲེས་འདྲ།  ཆུ་ལ་ལེན་ཚྭ་ཐིམས་པ་བཞིན་སོ་སོར་དབྱེར་མེད་དུ་རྟོགས་ཤིང་དེ་འདྲའི་སེམས་ལ་སེམས་ཀྱིས་བལྟས་ཏེ་ཡུལ་གང་དུ་གནས།  དབྱིབས་དང་ཁ་དོག་ཇི་ལྟར་ཡོད་མེད་བཙལ་བས་སེམས་གསལ་ཙམ།  རིག་ཙམ།  འགྱུ་ཙམ།  མྱོང་རིག་ས་ལེ་བ་ངོས་ཟིན་པ་ལ་གསལ་བ་སེམས་ཀྱི་མཚན་ཉིད་ཅེས་པ་སེམས་ཀྱི་ཡོན་ཏན་སུམ་ཆ་གཅིག་རྟོགས་པ་ཡིན།   དེ་ཉིད་ལ་གསལ་བ་རང་སོ་གཟུང་བ་ཞེས་ཀྱང་བྱ།  གསལ་ཙམ་དེའང་རང་གི་ངོ་བོའི་སྒོ་ནས་སྐྱེ་འགགས་གནས་གསུམ་གྱི་སྤྲོས་པའི་མཐའ་ཐམས་ཅད་བྲལ་ཞིང་རང་ཉིད་རང་གི་ངོ་བོར་མ་གྲུབ་པར་ཤེས་པ་ལ་སྟོང་པ་སེམས་ཀྱི་རང་བཞིན་ཞེས་པ་ངོས་ཟིན་ནས་སེམས་ཀྱི་སུམ་ཆ་གཅིག་རྟོགས་ཤིང་དེ་ཉིད་ལ་སྟོང་པ་རང་སོར་གཟུང་བ་ཞེས་ཀྱང་བྱའོ།  ། དེ་ལྟར་སྟོང་པ་ཉམས་སུ་མྱོང་བའི་ཚེ།   ཅི་མེད་ཅང་མེད་ཆད་སྟོང་ནམ་མཁའ་ལྟ་བུ་ཉམས་སུ་མྱོང་བ་མིན་པར་ཅི་ཡང་འཆར་དུ་རུང་བའི་གསལ་བའི་ངོ་བོར་གནས་པ་དང་།   གསལ་བའི་རང་ངོ་ལ་ཅེར་གྱིས་བལྟས་པས་རང་བཞིན་གང་དུའང་གནས་པ་མེད་པས་སྟོང་པར་ཐག་ཆོད།   དེ་ལྟ་བུའི་གསལ་སྟོང་གཉིས་ཀྱང་ཡ་བྲལ་དུ་མ་ཡིན་པར་སེམས་ཀྱི་རང་བཞིན་སྟོང་པ།  སྟོང་པ་ཚོལ་མཁན་ཡང་གསལ་བ་ཡིན་པས།  གསལ་བའི་དུས་ན་སྟོང་པ།  སྟོང་པའི་ངང་ནས་གསལ་བ་རང་ཤར་དུ་བྱུང་བའི་གསལ་སྟོང་ཟུང་འཇུག་ཏུ་ཐག་ཆོད་པ་ལ་ཟུང་འཇུག་ལ་ཟློ་བ་ཞེས་ཟེར། དེ་ལ་གོ་ཡུལ་ཙམ་མིན་པའི་མྱོང་བ་གཤའ་མ་ཞིག་ནང་ནས་ཤར་དུས་ཅིར་སྣང་འཁོར་འདས་དབྱེར་མེད་ཀྱི་རོལ་བར་འཆར། དེ་ལྟར་མྱོང་བ་ཐོན་ཙ་ན་བཅོས་མིན་ཟུང་འཇུག་སེམས་ཀྱི་ངོ་བོ་ཞེས་བྱ་བ་སེམས་གསལ་སྟོང་ཟུང་འཇུག་གི་ཡོན་ཏན་ཆ་ཚང་བར་རྟོགས་པ་ཡིན།  རིག་པ་འདི་ལ་འཇམ་དབྱངས་བློ་གཏེར་དབང་པོས་ཐུན་མོང་བའི་ངོ་སྤྲོད་ཅེས་ཟེར།  ཐུན་མོང་མ་ཡིན་པའི་ངོ་སྤྲོད་ནི་གཉུག་མ་ལྷན་སྐྱེས་ཀྱི་ཡེ་ཤེས་ངོ་སྤྲོད་པ་སྟེ།  དེའང་སྔར་གྱི་གསལ་རིག་དེ་ཉིད་ཡུལ་ལ་རྣམ་པར་སྒྱུ་བའི་རྟོག་པ་ཕྲ་མོ་ཞིག་ཡིན་ལ་དེ་ཉིད་སྐད་ཅིག་སྔ་མ་འགགས་ཕྱི་མ་མ་སྐྱེས་པའི་བར་གྱི་༢༩༽རྟོག་མེད་དེ་ནི་གཟུང་འཛིན་རྙོག་མས་གདོད་མ་ནས་དག་པའི་རང་བཞིན་འོད་གསལ་གྱི་སེམས་གསལ་ལེ་བ།   དེའང་རྟག་བརྟན་ཐེར་ཟུག་བདེན་པར་གྲུབ་པའི་ངོ་བོ་མ་ཡིན་པས་རང་བཞིན་བདེན་སྟོང་དང་།   སྟོང་པ་དེའང་དགག་བྱ་བཅད་ཙམ་དང་། ཉི་ཚེ་བའི་སྟོང་པ།  སྟོང་པ་ཐལ་བྱུང་དང་ཆད་སྟོང་ལྟ་བུ་མ་ཡིན་པར་རང་བཞིན་བདེན་པས་སྟོང་པའི་ངང་ནས་གཟུང་འཛིན་རྙོག་བྲལ་གྱི་འོད་གསལ་ནམ་མཁའ་དྭངས་པ་ལ་ཟླ་བ་ཤར་བ་ལྟ་བུ་གཞི་དུས་ཀྱི་ལྷན་སྐྱེས་ཡེ་ཤེས་འཆར་བས་གདོད་མ་ནས་མེད་མ་མྱོང་།  ཡེ་ཤེས་དེ་ཉིད་འཆར་བཞིན་དུ་རང་བཞིན་ཅི་ཡང་གྲུབ་མ་མྱོང་བས་གདོད་མ་ནས་ཡོད་མ་མྱོང་།   གདོད་ནས་རང་གི་ངོ་བོས་སྟོང་པ་དང་། སྟོང་བཞིན་རང་གི་ངོ་བོ་གསལ་བར་འཆར་བའི་གཉུག་མའི་ཡེ་ཤེས་གཉིས་གདོད་མ་ནས་འབྲལ་མ་མྱོང་བ་དེའང་སོ་སོ་རང་གི་རིག་པའི་ཡེ་ཤེས་ཀྱིས་ཉམས་སུ་མྱོང་བར་བྱ་བ་ཙམ་ལས་དོན་དམ་གཤིས་ལུགས་ལ་ངོ་བོ་ངོས་བཟུང་མེད་ཅིང་སྨྲ་བརྗོད་ཚིག་གི་ཡུལ་ལས་འདས་ཀྱང་ཐ་སྙད་ཀུན་རྫོབ་ཏུ་འཇིག་རྟེན་རྨོངས་པ་བསལ་ཕྱིར།  གཉིས་མེད།  ཟུང་འཇུག   བརྗོད་བྲལ།  ཞེས་ཀྱང་བྱ་ལ་དེ་ལྟ་བུའི་གནས་ལུགས་དེས་འཁོར་འདས་ཀུན་ལ་ཁྱབ་ནས་ཡོད་ཀྱང་རང་ངོ་རང་གིས་མ་ཤེས་པ་ལ་འཁོར་བ་དང་།   ཤེས་པ་རྣམས་ལ་མྱ་ངན་ལས་འདས་པ་ཞེས་བྱ་བ་སྟེ།   རྩ་རྒྱུད་བརྟག་པ་དང་པོའི་ལེའུ་དགུ་པ་ལས།  །ཕྱི་ནས་དེ་ཉིད་ཡང་དག་བཤད།  ། རྣམ་དག་ཡེ་ཤེས་གཟུགས་ཅན་དང་།  ། འཁོར་བ་རྣམ་པར་རྟོག་པ་གཉིས།  ། ཁྱད་པར་ཅུང་ཟད་ཡོད་མ་ཡིན།  ། ཞེས་དང་།  རྩ་རྒྱུད་བརྟག་པ་ཕྱི་མའི་ལེའུ་བཞི་པ་ལས།  འདི་ཉིད་འཁོར་བ་ཞེས་བྱ་སྟེ།   །འདི་ཉིད་མྱ་ངན་འདས་པ་ཉིད།  ། འཁོར་བ་སྤངས་ནས་གཞན་དུ་ནི།   ། མྱ་ངན་འདས་པ་རྟོགས་མི་འགྱུར།  །  ཞེས་གསུངས་པའི་ཕྱིར་རོ།  ། དེ་ན་འདི་ཉིད་ལེགས་པར་རྟོགས་པ་ལ་འཁོར་འདས་དབྱེར་མེད་ཀྱི་ལྟ་བ་རྟོགས་པ་ཞེས་འཇོག་པ་ཡིན་ནོ།  ། འདི་དག་ཀྱང་དྲིན་ཆེན་རྩ་བའི་བླ་མ་མཁན་ཆེན་གཞན་ཕན་སྙིང་པོའི་ཞལ་གསུངས་ལ་གཞི་བཅོལ།  འཇམ་དབྱངས་བློ་གཏེར་དབང་པོ་དང་སྒ་ངག་དབང་ལེགས་པའི་ལྟ་ཁྲིད་དག་གིས་ཟུར་རྒྱན་ཏེ་བྲིས་པ་ཡིན་ཞིང་།  འདི་ཙམ་འབྲི་ཤེས་པ་ཡང་དམ་པ་ཁོང་དག་གི་བཀའ་དྲིན་ཉག་གཅིག་ལས་གྲུབ་པ་ཡིན་ནོ།  ། འོ་ན་ཡེ་ཤེས་དེ་གཉུག་མའི་ལྷན་སྐྱེས་ཀྱི་ཡེ་ཤེས་མཚན་ཉིད་པ་ཡིན་ནམ་ཞེ་ན་ཡེ་ཤེས་འདི་ཉིད་ངོ་སྤྲད་ཚུལ་གྱི་ཐོག་ནས་མདོ་སྔགས་ལྟ་བའི་ཁྱད་པར་བྱུང་ཞིང་དེའང་ཇི་ལྟར་ཡིན་ཚུལ་ནི་ཤིན་ཏུ་ཟབ་ཅིང་གསང་བ་ཡིན་པས་གནས་སྐབས་སྦ་བར་བྱའོ།   ། 

འཐོབ་བྱེད་ཐབས་རྒྱུད་བཤད་ནས་སྔགས་ལམ་མདོ་ལས་འཕགས་ཚུལ་བསྟན་པ་ནི།  
སྤྱིར་ཐབས་རྒྱུད་ཅེས་པ་ནི། གསང་བ་འདུས་པ་ལས།  གཞི་ནི་ཐབས་ཞེས་བྱ་བས་བརྗོད།  ། ཅེས་པས་བསྟན་ཞིང་དེའི་ངོ་བོ་ནི།  སློབ་དཔོན་བསོད་ནམས་རྩེ་མོས། ཐབས་ཞེས་བྱ་བ་ནི་རྒྱུ་ལ་གནས་པ་དེ་འབྲས་བུར་འབྱིན་པའི་ཐབས་སུ་གྱུར་པས་ཐབས་ཏེ་ཆུ་ལུད་ལྟ་བུའོ།  །  དེས་ན་སྨིན་གྲོལ་གྱི་ལམ་འཁོར་དང་བཅས་པ་ལ་ཐབས་ཞེས་བྱ་སྟེ།  དཔལ་སཾ་བུ་ཊི་ལས།  སེམས་ཅན་ཡེ་ཤེས་སྤེལ་བའི་ཕྱིར།  ཐབས་ནི་སངས་རྒྱས་རྣམས་ཀྱིས་བསྟན་ཞེས་གསུངས་པ་འདིས་མཚན་ཉིད་དང་མཚན་གཞི་གཉིས་ཀ་བསྟན་ནས་དེ་ཡང་སཾ་བུ་ཊའི་རྒྱུད་ལ་ཁུང་བཅོལ་ནས་བསྟན་པར་མཛད་པ་དང་ཐབས་ཞེས་བྱ་བ་ནི་གཞི་ལ་ཇི་ལྟར་གནས་པ་དེ་མངོན་བྱེད་པའི་ཐབས་སུ་གྱུར་པ་ལ་གོ་ཞིང་དེ་ཡང་གདམས་ངག་གི་རྒྱུད་པ་བར་མ་ཆད་ཅིང་།  ཉམས་མྱོང་གི་ཏིང་འཛིན་བར་མ་ཆད་པས་རྒྱུད་ཅེས་བྱ་སྟེ།  སཾ་བུ་ཊ་ལས།   བསྟན་བཅོས་ཚད་མ་སློབ་དཔོན་དང་།  ། ལུང་གི་རྗེས་འབྲང་དེ་ཉིད་རིག  ། གསང་དོན་དེ་ཉིད་དངོས་པོ་ཡང་།  ། གཅིག་ནས་གཅིག་རྒྱུད་ཤེས་པར་བྱ།  ། ཞེས་གསུངས་སོ།  །  དེ་ལྟ་བུའི་ཐབས་ཀྱི་རྒྱུད་ཀྱི་མཚན་ཉིད་ནི།   གསང་བ་འདུས་པ་དང་སཾ་ཊཱར་འབྱུང་བ་ལྟར་སྨིན་གྲོལ་ལ་སོགས་པའི་ཐབས་ཀྱི་ལམ་དེ་དང་དེར་སྣང་བའི་རྣམ་པར་རིག་པ་སྟེ་དེ་ལ་རྩ་བའི་དབྱེ་བ་སྨིན་གྲོལ་གཉིས།  སྨིན་བྱེད་ཀྱི་དབང་ལ་རིག་པའི་དབང་ལྔ་སྟེ་རྡོ་རྗེ་སློབ་མའི་དབང་དང་།   བུམ་དབང་། གསང་དབང་།  ཤེས་རབ་ཡེ་ཤེས་ཀྱི་དབང་།  དབང་བཞི་པ་སྟེ་རྡོ་རྗེའི་སློབ་དཔོན་གྱི་དབང་བཞི་ཡོད་ལ།   གྲོལ་བྱེད་ཀྱི་ལམ་ལ་རྟོགས་པའི་ལྟ་བ།   བསྐྱེད་རིམས།  རྫོགས་རིམས།   སྤྱོད་པ་ཉེར་རྒྱུ་སྟེ་མཆོག་བསྒྲུབ་པའི་མངོན་རྟོགས་ལྔ་དང་།   བཟླས་པ། གཏོར་མ།   སྦྱིན་སྲེག   །རབ་གནས།  ལས་ཚོགས་རབ་འབྱམས་ཏེ་ཐུན་མོང་བསྒྲུབ་པའི་མངོན་རྟོགས་ལྔ།  གཉིས་ཀ་ལ་ཉེ་བར་མཁོ་བའི་ཐུན་མོང་དམ་ཚིགས་དང་སྡོམ་པ་སྟེ།  གཅིག་ཏུ་དྲིལ་ན་ཐབས་རྒྱུད་མངོན་པར་རྟོགས་པ་བཅུ་གཅིག་ཏུ་གནས་ལ་དེ་དག་བསྡུ་ན་རིམ་པ་གཉིས་ཀྱི་ཁོངས་སུ་འདུས་པ་ཡིན་ནོ།  །  ལམ་འདི་དག་ནི་མདོ་ཕ་རོལ་ཕྱིན་པའི་གཞུང་ལས་མིང་ཙམ་ཡང་གོ་མ་མྱོང་བའི་འབྲས་བུ་འགྲུབ་པའི་ཐབས་ཁྱད་པར་ཅན་གསང་སྔགས་རྡོ་རྗེ་ཐེག་པའི་གཞུང་ལས་འབྱུང་བ་དག་ཡིན་ལ།  དེ་ཡང་འཐོབ་བྱེད་ལམ་ནི་གཞི་ལ་ཇི་ལྟར་གནས་པ་དེ་ལྟར་སྒོམ་པར་བྱེད་པའི་བློ་ཡིན་པས་ལམ་ལ་ཁྱད་དུ་འཕགས་པ་བྱུང་བ་ཉིད་ཀྱིས་སྒོམ་བྱ་གཞི་ཡི་གནས་ལུགས་ལ་ངོས་འཛིན་ཚུལ་ཁྱད་དུ་འཕགས་པ་ཡོད་པ་དཔོགས་ནུས་ལ།  སྒོམ་བྱ་གཞི་ཡི་གནས་ལུགས་ལ་ངོས་འཛིན་ཁྱད་འཕགས་འབྱུང་བ་དེ་ཉིད་ཀྱིས་གོམས་པའི་འབྲས་བུ་ལའང་ཁྱད་དུ་འཕགས་པ་ཡོད་པར་དཔོགས་ནུས་པ་ཡིན་པས།  གསང་སྔགས་བླ་ན་མེད་པའི་ལུགས་འདི་མདོ་ཕ་རོལ་ཕྱིན་པ་ལས་གཞི་ལམ་འབྲས་གསུམ་གྱི་སྒོ་ནས་ཁྱད་དུ་འཕགས་ཚུལ་རགས་ཙམ་བརྗོད་ན།  དང་པོ་གཞི་ཡི་སྐབས་སུ་ཁྱད་དུ་འཕགས་པའི་ཁྱད་ཆོས་གསུམ། ༢༥༽ཆོས་ཅན་སྣང་བའི་ངོ་བོར་གནས་པ་ཐམས་ཅད་རྫུན་པ་བསླུ་བའི་ཆོས་སུ་གྲུབ་པ་རྡུལ་ཙམ་ཡང་མེད་པར་ཐམས་ཅད་དག་པ་ལྷ་ཡི་ངོ་བོར་གནས་པ་འདི་མདོ་ཕ་རོལ་ཕྱིན་པ་ལ་གཏན་ནས་ཡོད་མ་མྱོང་བའི་ཁྱད་ཆོས་དང་པོ་དང་།  །  ༢༦༽ གདོད་ནས་སྐྱེ་འགག་གནས་སོགས་ཀྱི་སྤྲོས་པའི་མཐའ་ཐམས་ཅད་བྲལ་བའི་ཆོས་ཀྱི་དབྱིངས་འདི་རང་བཞིན་ལྷན་སྐྱེས་ཀྱི་ཡེ་ཤེས་སུ་གནས་པ་འདི་མདོ་ཕ་རོལ་ཕྱིན་པ་ལ་མིང་ཙམ་ཡང་གྲགས་མ་མྱོང་བའི་ཁྱད་ཆོས་གཉིས་པ་ཡིན།  །༢༧༽ གཞི་ལམ་འབྲས་གསུམ་ལ་ཆོས་ཉིད་སྟོང་པའི་ངོས་ནས་ཁྱད་པར་མེད་པ་མ་ཟད་ཆོས་ཅན་སྣང་བའི་ངོས་ནས་ཀྱང་དབྱེ་བ་མེད་པ་འདི་མདོ་ཕ་རོལ་ཕྱིན་པའི་ལུགས་ལ་ཡོད་མ་མྱོང་བ་ཙམ་དུ་མ་ཟད་གོ་ན་རྒྱལ་ཞིང་ས་ལ་འགྱེལ་བར་འགྱུར་བའི་ཁྱད་ཆོས་གསུམ་པ་ཡིན་ནོ། ། གཉིས་པ་ལམ་གྱི་སྐབས་སུ་ཁྱད་དུ་འཕགས་པའི་ཁྱད་ཆོས་གསུམ། རིགས་འདྲ་གཉེན་པོ་ཆེ་བ་སོགས་ཆེ་བ་བཞི་ཡི་སྒོ་ནས་ཆགས་སོགས་ཉོན་མོངས་ལྔ་པོ་སྤོང་མི་དགོས་པར་ལམ་དུ་འཁྱེར་བའི་ཉམས་ལེན་ནི་མདོ་ཕ་རོལ་ཕྱིན་པ་ལ་ཡོད་མ་མྱོང་བའི་ཁྱད་ཆོས་དང་པོ་དང་།  སོ་སོ་སྐྱེ་བོའི་སྐབས་སུ་རྟགས་དང་རྒྱུ་མཚན་སོགས་གང་ཡང་མི་དགོས་པར་ཐོག་མ་ཉིད་ནས་མངོན་སུམ་མཛུབ་སྟོན་གྱི་ཚུལ་དུ་དབང་གསུམ་པའི་ཡེ་ཤེས་ངོ་སྤྲད་ནས་སྤྲོས་བྲལ་མངོན་སུམ་དུ་རྟོགས་པར་བྱེད་པའི་ཐབས་ནི་མདོ་ཕར་ཕྱིན་ཐེག་པས་གཏན་ནས་གོ་མ་མྱོང་བའི་ཁྱད་ཆོས་གཉིས་པ་ཡིན།   རྫོགས་རིམ་རྩ་ཐིག་རླུང་གསུམ་ལ་གནད་དུ་བསྣུན་པ་དང་བྲམ་ཟེ་སྐྱེ་བ་བདུན་པའི་ཤ་བཟའ་བ་སོགས་ཀྱིས་བླ་མེད་རྡོ་རྗེ་འཆང་གི་གོ་འཕང་ཉེ་ལམ་བཙལ་བའི་ཉམས་ལེན་འདི་ནི་མདོ་ཕར་ཕྱིན་ཐེག་པས་གཏན་ནས་གོ་མི་ཕོད་པའི་ཁྱད་ཆོས་གསུམ་པ་ཡིན་ནོ།  །

འབྲས་བུའི་སྐབས་སུ་ཁྱད་དུ་འཕགས་པའི་ཁྱད་ཆོས་གསུམ།   
གཟུགས་སྐུའི་བཀོད་པ་གཅིག་གིས་ཆོས་སྐུའི་ཡོན་ཏན་ཡོངས་རྫོགས་མཚོན་ནུས་པ་འདི་ནི་མདོ་ཕར་ཕྱིན་ཐེག་པའི་འབྲས་བུའི་སྐབས་སུ་གཏན་ནས་ཡོད་མ་མྱོང་བའི་ཁྱད་ཆོས་དང་པོ་་དང་།  ཤེས་བྱ་ཐམས་ཅད་རང་སྣང་དུ་མཁྱེན་པ་འདི་གསང་སྔགས་པ་ལས་མདོ་ཕར་ཕྱིན་ཐེག་པ་ལ་མེད་པའི་ཁྱད་ཆོས་གཉིས་པ་ཡིན།  སྟོན་པ་རྡོ་རྗེ་འཆང་གིས་གང་ཞིག་གསུངས་པའི་ཆོས་ཀྱི་ཕུང་པོ་ཐམས་ཅད་སྟོན་པ་རང་གིས་བཀའ་བསྡུ་མཛད་པ་འདི་ནི་མདོ་ཕར་ཕྱིན་པ་ལ་གཏན་ནས་ཡོད་མ་མྱོང་བའི་འབྲས་བུའི་སྐབས་ཀྱི་ཁྱད་ཆོས་གསུམ་པ་ཡིན་ནོ།  །  འཐོབ་བྱ་འབྲས་རྒྱུད་བཤད་ནས་ལྷུན་འགྲུབ་གནས་འགྱུར་འགལ་མེད་བསྟན་པ་ནི། 
འབྲས་བུའི་རྒྱུད་ནི་«གསང་བ་འདུས་པ།»ལས།  དེ་བཞིན་མི་འཕྲོག་འབྲས་བུ་སྟེ་ཞེས་པས་བསྟན་ལ།  དེའི་དོན་སློབ་དཔོན་བསོད་ནམས་རྩེ་མོས་བཀྲལ་བའི་ཚེ། ༢༨༽ འབྲས་བུ་ཞེས་བྱ་བ་ནི་རྒྱུ་ལ་གནས་པ་མངོན་དུ་གྱུར་པ་སྟེ། མེ་ཏོག་སྨིན་པ་ལྟ་བུའོ། །དེ་བས་སེམས་ཉིད་སངས་རྒྱས་སུ་གྲུབ་པ་དེ་ལ་འབྲས་བུ་ཞེས་བྱ་སྟེ་ཞེས་གསུངས་པ་དང་།  འབྲས་བུ་དེ་རྒྱུད་ཇི་ལྟར་ཡིན་ཞེ་ན། རྟག་ཏུ་རྒྱུན་མི་ཆད་པའི་ཕྱིར་ཏེ།   ཆོས་ཀྱི་སྐུ་ནི་རང་བཞིན་གྱིས་རྟག་སྟེ་འགྱུར་བ་མེད་པས་རྒྱུད་དོ།  །ལོངས་སྤྱོད་རྫོགས་པའི་སྐུ་ནི་ཆོས་ཀྱི་ལོངས་སྤྱོད་རྒྱུན་མི་ཆད་པའི་ཕྱིར་རྒྱུད་དོ།  སྤྲུལ་པའི་སྐུ་ནི་མཛད་པ་ཕྲིན་ལས་ཀྱི་འཁོར་ལོ་རྒྱུན་མི་ཆད་པའི་རྒྱུད་དོ། །ཞེས་གསུངས་པར་མཛད་པ་སྟེ་རྟེན་དཀྱིལ་འཁོར་བཞི་བརྟེན་པ་སེམས་དང་བཅས་པ་ལ་ཐབས་རྒྱུད་སྨིན་གྲོལ་གཉིས་ཀྱིས་རིམ་བཞིན་གོམས་པ་ལས་འབྲས་བུ་སྐུ་བཞི་ཡེ་ཤེས་ལྔ་མངོན་དུ་གྱུར་པ་དེ་ལ་འབྲས་རྒྱུད་ཅེས་འབོད་ཅིང་། དེ་ཡང་རང་བཞིན་གྱི་ཆ་ནས་གཞི་འབྲས་གཉིས་ཀ་རྣམ་པར་དག་པའི་ངོ་བོར་གནས་པ་མཚུངས་ཤིང་དེ་ལ་འགྱུར་བ་ཅི་ཡང་མེད་པས།  རང་བཞིན་རྒྱུ་ལ་བསམ་ན་ལྷུན་འགྲུབ་སྟེ། །ཞེས་པའི་དོན་ཚང་ལ། འབྲས་བུ་སྟོབས་སོགས་ཀྱི་ཡོན་ཏན་དེ་དག་ལམ་གོམས་པས་རིམ་གྱིས་ཤེས་པ་རྣམས་གནས་འགྱུར་བ་ལ་བརྟེན་ནས་ཐོབ་དགོས་པས"མཐའ་ཡས་ཡོན་ཏན་ཚོགས་རྣམས་གནས་འགྱུར་ཉིད་ཅེས་པའི་དོན་ཡང་ཚང་བ་ཡིན་ལ། མདོར་ན་རང་བཞིན་གྱི་ངོས་ནས་ལྷུན་འགྲུབ་དང་སྣང་ཚུལ་གྱི་ཐོག་ནས་གནས་འགྱུར་འཇོག་པ་ཤེས་ན་ལྷུན་འགྲུབ་དང་གནས་འགྱུར་འགལ་མེད་ཀྱི་དོན་ལེགས་པར་རྟོགས་པ་ཡིན་ནོ། 
རབ་འབྱམས་རྒྱུད་སྡེ་རྒྱ་མཚོའི་ཀློང་ཡངས་ནས། །
རབ་མཁས་གཞ༵ན་ཕ༵ན་སྙིང་རྗེའི་གྲུ་ཆེན་གྱིས།  །
རབ་མཛེས་རྒྱུད་གསུམ་སྙི༵ང་པོ༵་ནོར་བུའི་གཏེར།  །
རབ་གསལ་དཔལ་ལྡན་བླ་མ་སླར་ཡང་དྲན།  །

མཐོང་ན་མིག་ལ་བདེ་དགའི་དཔལ་སྦྱིན་ཞིང་། །
ཐོས་ན་སྙན་དབང་གསོ་བའི་བདུད་རྩིའི་བཅུད།  །
དྲན་ན་ཡིད་ལ་དགོས་འདོད་ཀུན་འབྱུང་བའི།  །
དམ་ཆོས་ཡིད་བཞིན་ནོར་བུར་འབྲལ་མེད་སྨོན།  །

རིན་ཆེན་རྣམ་གསུམ་སྤྱི་བོའི་རྒྱན་དུ་བཀོད། །
འཆད་རྩོད་རྩོད་གསུམ་འཚོ་བའི་ཟས་བཞིན་བརྩི།  །
ཐོས་བསམ་སྒོམ་གསུམ་སྙིང་གི་ནོར་འཛིན་པའི།  །
ཆོས་མཐུན་གྲོགས་ཀྱི་བཀའ་དྲིན་བརྗོད་མཐའ་མེད།  །

མང་པོའི་ལུང་ཚིག་ཁུར་གྱིས་ལྕི་བ་མེད། །
སྣ་ཚོགས་འདོད་ཚུལ་བགྲང་སྟེ་མཇུག་རྫོགས་མིན། །
ཟབ་གསང་སྔགས་ཀྱི་སྙིང་པོ་རྒྱུད་གསུམ་གཏེར།  །
ཐུན་མོང་སྤྱོད་ཡུལ་གྱུར་པ་ངས་འདིར་བཤད།  །

རང་བློ་ཤེས་བྱའི་གནས་ལ་གོམས་ན་ཡང་།  །
རྨོངས་པའི་སྤྲིན་ཕུང་སེམས་སུ་འཐིབས་དྲག་པས།  །
མ་རྟོག་འགལ་བའི་འཁྲུལ་བ་ཅི་མཆིས་པ།  །
འདུས་སྡེ་རྒྱ་མཚོའི་དྲུང་དེར་འཐོལ་བཤགས་ཞུ།  །

འདིར་འབད་དགེ་བའི་པད་དཀར་འདབ་སྟོང་ཅན།  །
དོན་ལྡན་གེ་སར་ཟེའུ་འབྲུས་མདངས་བཀྲ་བ།  །
ལེགས་སྨོན་བྱང་སེམས་དར་གྱིས་རབ་བརྒྱན་ནས།  །
འགྲོ་ཀུན་ཕན་བདེ་དགེ་བའི་རྒྱུ་རུ་སྔོ།   །  
ཞེས་པ་འདི་ནི་རབ་རྒྱན་ས་ཕག་ལོའི་རྫོང་སར་ཁམས་བྱེའི་བཤད་གྲྭ་རྒྱུད་སྡེ་འཛིན་གྲྭ་གོང་མའི་སློབ་མ་སེ་ར་རྣམ་རྒྱལ་རྡོ་རྗེ་ནས་ལོ་མཐའི་རྒྱུགས་རྩོམ་གྱི་དོད་དུ་ནུབ་ཆོས་ར་གླིང་དུ་སྦྱར་བ་དགེ་ལེགས་སུ་གྱུར་ཅིག  །  ༢༠༢༠/༡/༢༡
—————
༡༽ཨ་མེས་གསུང་འབུམ་ལས་འཁོར་ལོ་སྡོམ་པའི་ཆོས་བྱུང་ཚུལ་བཤད་པར་གསུངས་སོ། ། ༢༽ཀྱེའི་རྡོ་རྗེ་བསྡུས་པའི་དོན་གྱི་རྒྱ་ཆེར་འགྲེལ་པ་ལས།   རྡོ་རྗེ་སྙིང་པོས་གསོལ་བཏབ་པ།  །བདག་མེད་མས་ཀྱང་ཞུས་ནས་ནི། ། ཀྱེ་རྡོ་རྗེ་འབུམ་ཕྲག་ལྔ་པ་ལས་ཉུང་ངུའི་རྒྱུད་གཞུང་ཕྱེད་དང་བཅས་པའི་བདུན་བརྒྱ་པ་འདི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་བསྟན་ཏོ་ཞེས་གསུངས་སོ། ། ༣༽ ཀྱེ་རྡོར་གྱི་བཤད་རྒྱུད་འདི་པན་ཆེན་ཤཀྱ་མཆོག་གི་མཛད་པའི་<བརྟག་གཉིས་ཀྱི་བསྡུས་དོན།  བཤད་རྒྱུད་ཀྱི་རིམ་པ>ཞེས་བྱ་བ་དང་ངོར་ཆེན་དཀོན་ལྷུན་གྱི་མཛད་པའི་<རྒྱུད་གསུམ་གསོལ་འདེབས>ལས་གསུངས་སོ། ། ༤༽ བུ་སྟོན་ཆོས་འབྱུང་ལས་གསུངས་སོ། ། ༥༽ངོར་ཆེན་ཀུན་དགའ་བཟང་པོས་མཛད་པའི་རྒྱུད་འགྲེལ་དཀར་ཆགས་ལས་གསུངས་སོ། ། ༦༽བུ་སྟོན་ཆོས་འབྱུང་ལས་གསུངས་སོ།  ། ༧༽ ཨ་མེས་གསུང་འབུམ་པོད་སོ་གསུམ་པ་ཀྱེ་རྡོར་རྒྱུད་གསུམ་སྔོན་འགྲོ་ཚུལ་བཞིའི་དོན་འགྲེལ་ལས་གསུངས་སོ། ། ༨༽ གདོང་ཚང་མཁན་ཡར་འཕེལ་བཟང་པོས་མཛད་པའི་གུར་སམ་གཉིས་ཀྱི་འགྲེལ་ཊཱིག་གི་མཚམས་སྦྱོར་ནང་གསུངས་སོ། ། ༩༽རྩ་རྒྱུད་བརྟགས་པ་དང་པོའི་ལེའུ་དང་པོར་གསུངས་སོ། ། རྫོང་སར་རྩ་བ་ཕྱོགས་བསྒྲིགས་པོད་བཞི་པ། ༡༠༽སམ་ཊཱ་བརྟག་པ་དང་པོའི་ལེའུ་དང་པོར་གསུངས་སོ།  ། རྫོང་སར་རྩ་བ་ཕྱོགས་བསྒྲིགས་པོད་ལྔ་པ། ༡༡༽རྫོང་སར་རྩ་བ་ཕྱོགས་བསྒྲིགས་པོད་ལྔ་པའི་ནང་ཡོད། ༡༢༽བླ་མ་དམ་པ་བསོད་ནམས་རྒྱ་མཚན་སོགས་ཡིན་ནོ། ། ༡༣༽རྒྱུད་སྡེ་སྤྱི་རྣམ་ལས་གསུངས་སོ། ། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་ནས་བསྐྲུན་པའི་ལམ་འབྲས་ཕྱོགས་བསྒྲིཊ་པོད་བཅུ་པ། ༡༤༽ བླ་མ་དམ་པ་བསོད་ནམས་རྒྱ་མཚན་གྱིས་གསུངས་སོ། ། ༡༥༽ རྩ་རྒྱུད་བརྟག་གཉིས་ལས།  དངོས་པོ་རྟོགས་ཕྱིར་སངས་རྒྱས་ང་། །ཞེས་དང་། ཚངས་པ་སྒྲིབ་བྲལ་སངས་རྒྱས་ཉིད། ། ཅེས་དང་།  བདེ་བ་རྟོགས་ཕྱིར་རྣམས་སངས་རྒྱས། ། ཞེས་པའི་གཞུང་ལ་བརྟེན་ནས་ཁྱད་པར་གསུམ་ལྡན་དུ་སྨྲ་བར་མཛད་པའོ། ། ༡༦༽ རྒྱུད་སྡེ་སྤྱི་རྣམ་ལས་གསུངས་སོ། ། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་ནས་བསྐྲུན་པའི་ལམ་འབྲས་ཕྱོགས་བསྒྲིཊ་པོད་བཅུ་པ། ༡༧༽ སཾ་བུ་ཊཱི་ལས།  གང་ཕྱིར་ཆོས་ནི་དུ་མས་ནི། །ཆུ་བོའི་རྒྱུན་ནི་རྒྱ་མཚོ་ལྟར། །ཐར་པ་ཉིད་ནི་གཅིག་པུ་ཡིན། །མང་པོ་དམིགས་པར་མི་འགྱུར་རོ། །ཞེས་གསུངས་སོ།  རྫོང་སར་རྩ་བ་ཕྱོགས་བསྒྲིགས་པོད་ལྔ་པའི་ནང་ཡོད། ༡༨༽ རྡོ་རྗེའི་གུར་ལེའུ་བཅུ་བཞི་པའི་ནང་དུ་ཡོད། ༡༩༽ གསང་བ་འདུས་པའི་རྒྱུད་ཕྱི་མ་ནི།  རྫོང་སར་རྩ་བ་ཕྱོགས་བསྒྲིགས་པོད་ལྔ་པའི་ནང་ཡོད། ༢༠༽ གོང་མའི་དགོངས་རྒྱན་ལས་གསུངས་སོ། །ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་ནས་བསྐྲུན་པའི་ལམ་འབྲས་ཕྱོགས་བསྒྲིཊ་པོད་བཅུ་གཅིག་པ། ༢༡༽ཟབ་དོན་བདུད་རྩིའི་ཉིང་ཁུ་འཆི་བ་མེད་པའི་གོ་འཕང་སྦྱིན་པ་ཞེས་བྱ་བར་གསུངས་སོ། ། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་ནས་བསྐྲུན་པའི་ཀུན་མཁྱེན་བཀའ་འབུམ་པོད་བཅུ་པ། ༢༢༽ སྡེ་གཞུང་སྤྲུལ་སྐུའི་མཛད་པའི་ཀུན་གཞིའི་ངོས་འཛིན་རྣམ་ཤེས་དང་ཡེ་ཤེས་འབྱེད་ཚུལ་བསྟན་པ་ཞེས་པའི་གཞུང་དུ་དྲང་འདུག ། ༢༣༽ ལམ་འབྲས་བུ་དང་བཅས་པའི་མན་ངག་བྱུང་ཚུལ་གསང་སྔགས་བསྟན་པ་རྒྱས་པའི་ཉི་འོད་ལས་གསུངས་སོ། ། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་ནས་བསྐྲུན་པའི་ཀུན་མཁྱེན་བཀའ་འབུམ་པོད་བཅུ་གཉིས་པ། ༢༤༽ རྒྱུད་སྡེ་སྤྱི་རྣམ་ལས་གསུངས་སོ། ། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་ནས་བསྐྲུན་པའི་ལམ་འབྲས་ཕྱོགས་བསྒྲིཊ་པོད་བཅུ་པ། ༢༥༽ཀྱེ་རྡོར་རྒྱུད་གསུམ་ལས་སྐྱེ་རིམ་སྟོན་པའི་ཆ་ཡོངས་རྫོགས་སྒྲུབ་བྱེད་དུ་འགྲོ་བ་ཡིན། ༢༦༽ པན་ཆེན་ཤཀྱ་མཆོག་གིས། ཤེས་རབ་ལྟ་བ་ཡིན་ནོ་ཞེས། །བཤད་ན་མངོན་པའི་ཆོས་དང་མཐུན། ། མདོ་དང་སྔགས་ཀྱི་གཞུང་དག་ལས།   དངོས་པོའི་གནས་ལུགས་གཅིག་ཉིད་ལས། ། གཞན་དུ་བཤད་པ་ཡོད་མ་ཡིན།  ། གཅིག་པུ་ལྷན་སྐྱེས་ཡེ་ཤེས་སོ། །  ཞེས་དང་།  མདོར་ན་རྗེ་བཙུན་ས་སྐྱ་པས། ། དབང་བཞི་པོ་ཡི་ལྟ་བའི་ཡུལ། ། བྲལ་ཆ་ཙམ་ལ་མི་འཆད་ཀྱི། ། ཡེ་ཤེས་ཁོ་ནར་བཞེད་པ་ཡིན།  །ཞེས་པ་འདི་དག་དང་རྒྱུད་བརྟག་གཉིས་སོགས་ལ་ཁུངས་བཅོལ་ཡོད། ། ༢༧༽རྒྱུད་བརྟག་གཉིས་དང་།  རྡོ་རྗེའི་གུར།  སྡེ་གཞུང་སྤྲུལ་སྐུའི་སོགས་ཀྱི་དགོངས་པ་ཡིན་ནོ། ། ༢༨༽རྒྱུད་སྡེ་སྤྱི་རྣམ་ལས་གསུངས་སོ། ། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་ནས་བསྐྲུན་པའི་ལམ་འབྲས་ཕྱོགས་བསྒྲིཊ་པོད་བཅུ་པ། ༢༩༽ཆོས་རྗེ་ས་པཎ་གྱིས།  རྟོག་པ་གཉིས་ཀྱི་བར་དག་ཏུ། ། འོད་གསལ་རྒྱུན་མ་ཆད་པ་འབྱུང་། ། ཞེས་གསུངས་སོ། །
                                    
རྩོམ་སྒྲིག་པ། མྱི་གསར་བ།


          མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


 

Signature is customized by Netease