རྡུལ་ཕྲན་གྱི་རྣམ་བཞག་ལ་རག་ཙམ་དཔྱད་པ།

    ལྷ་ལུང་དགྲ་འདུལ་གྱིས་བརྩམས།


རྡུལ་ཕྲན་གྱི་རྣམ་བཞག་ལ་རག་ཙམ་དཔྱད་པ་བློ་གསར་གཞོན་ནུའི་མཛེས་རྒྱན་ཞེས་བྱ་བ། 


                   ལྷ་ལུང་དགྲ་འདུལ། 



ཤེས་རབ་གྱི་ལྷག་མཆོག་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།། 


ཕུལ་བྱུང་མཚན་དཔེ་གཟི་འོད་སྟོང་གི་མི་འཇིཊ་བཞི་ཡི་དཔུང་ཚོཊ་བཤམས།། 

དམིགས་མེད་ཐུཊ་རྗེ་གསེར་གྱི་འཁོར་ལོ་རྒྱ་ཆེན་ཤེས་བྱའི་མཁའ་ལ་བགྲོད།། 

ཡོན་ཏན་ལྷུན་རྫོགས་ལོངས་སྐུའི་རྩལ་ལས་གཟུགས་སྐུའི་གར་གྱི་རྣམ་པ་བཀྲ།། 

ཟབ་གསལ་རྒྱ་མཚོ་སྲིད་པའི་མེ་ལོང་ཤྭཀྱ་སེང་གེས་བདག་སྐྱོངས་ཤིག། 


སྡེ་སྣོད་རིག་པའི་གཙུག་ལག་མ་ལུས་ཐུགས་དཔྱིལ་ཀློང་ནས་འོད་དུ་འཚེར།། 

རྣམ་དཔྱོད་རིག་པའི་འཕུར་ལྡིང་གཅིག་གིས་རྒོལ་ངན་རི་དྭགས་ཕ་མཐར་སྤྲད།། 

ཆོས་མངོན་རྒྱ་མཚོ་ཧུབ་གྱིས་འདྲེན་མཛད་འབུམ་ཁྲག་དྲུག་བཅུའི་གཞུང་ལུཊ་མཁན།། 

སངས་རྒྱས་གཉིས་པ་ཞེས་སུ་གྲགས་པའི་དབྱིག་གི་གཉེན་པོ་དེ་ལ་གུས།། 


མཁྱེན་རབ་ཐུགས་ཀྱི་གཤོག་རྩལ་རྒྱས་ཤིང་བློ་གྲོས་འདབ་བརྒྱ་གྲོལ་བའི་གཉེན།། 

བྱམས་བརྩེའི་ཟུར་མིག་དགྱེས་ཞལ་སྟོང་གིས་ཉེ་རིང་ཀུན་ལ་འབྲལ་མེད་གཟིཊ།། 

བསླབ་གསུམ་ཅོད་པན་རྒྱན་དུ་འཆང་ཞིང་གཞན་ཕན་སེམས་ཀྱི་རྩ་བ་བརྟན།། 

བརྩེ་བའི་ཁུར་ཆེན་ཕྲག་ཏུ་བཞེས་མཛད་བཤེས་གཉེན་དམ་པ་སྤྱི་བོར་ལེན།། 


དེ་ཡང་གྲུབ་མཐའ་སྨྲ་བ་ཀུན་གྱིས་རང་རང་གི་ལྟ་གྲུབ་གྱི་གཞི་རྐང་གཙུགས་ཏེ་རང་གི་གྲུབ་མཐའ་རྟག་ཆད་ལས་གྲོལ་བའི་དབུ་མར་འདོད་པ་སྨྲ་བ་གཅིག་མཚུངས་ཡིན་མོད། དེ་མཚུངས་སུ་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་མེད་ཅེས་གསུང་པ་ལྟར། ནང་པའི་གྲུབ་མཐའ་སྨྲ་བར་གཏོགས་པ་དག་གིས་ཀྱང་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཚད་འཇལ་གྱི་ལྟ་གྲུབ་སྟོན་པ་ནི། སྟོན་པ་ཤྭཀྱའི་རྒྱལ་པོའི་གསུང་དྲི་མ་མེད་པ་གཞི་བཟུང་སྟེ། ལྟ་གྲུབ་གྱི་གཞི་རྐང་ཚུགས་པ་ཡང་གཅིག་མཚུངས་ཡིན། དེ་ཡང་ལྟ་གྲུབ་གྱི་རྨང་གཞིར་གྱུར་པ་ལ་ཡུལ་ཅན་བློའི་གནས་སྟངས་དང་། གཞལ་བྱའི་ཡུལ་གྱི་གྲུབ་སྟངས་གཉིས་ལས་མང་ན་མི་དགོས་པ་དང་། ཉུང་ན་མི་འདུ་བ་གཞུང་ལུགས་ཀུན་གྱི་ཐུན་མཐོང་གི་འདོད་ཚུལ་ཞིག་ཡིན་པས། འདི་ཡུལ་སུན་ཕྱུང་མེད་པ་ནི།། དེ་སྤོང་བ་ཡང་ནུས་མ་ཡིན།། ཞེས་གསུངས་པ་ལྟར། ཡུལ་ཅན་བློའི་རྣམ་བཞག་ལེགས་པ་འབྱེད་པ་ལ་དང་པོ་གཞལ་བྱའི་ཡུལ་གྱི་གནས་སྟངས་ལེགས་པར་གཏན་ལ་འབེབས་དགོས་པ་ལྟ་གྲུབ་གྱི་གོ་རིམ་ཞིག་ཡིན་པ་ལྟར། དེ་ལྟར་གཞལ་བྱའི་ཡུལ་གྱི་རྣམ་བཞག་བསྟན་པ་ལ། ཕྱི་ནང་གི་གྲུབ་མཐའ་སྨྲ་བ་ཀུན་གྱིས་འགྲན་པ་གཟེངས་སུ་གཏེགས་ནས་དགག་སྒྲུབ་གྱི་འཕྲུལ་འཁོར་བསྐོར་ས། ནུབ་ཕྱོགས་མཚན་ཉིད་སྨྲ་བ་དང་ཚན་རིག་པ་ཀུན་ཀྱིས་ལྟ་གྲུབ་གྱི་གཞི་རྐང་ཚུགས་ས།

རྡུལ་ཕྲན་གྱི་རྣམ་བཞག་འདི་འཆད་པ་ལ། 

རྡུལ་ཕྲན་ཡན་གར་བ་ཡོད་མེད་དཔྱད་བཤད་པ་དང་། བསགས་པའི་རྡུལ་ཕྲ་རབ་རྩོམ་ཚུལ་དང་བཤད་པ་གཉིས་ལས།
དང་པོ་ལ།
རྡུལ་ཕྲན་ཡན་གར་བ་ཡོད་མེད་གཞུང་དང་སྦྱར་ཏེ་བཤད་པ་དང་། དེ་ཕུང་ཁམས་སྐྱེ་མཆེད་ཀྱི་བསྡུ་ཚུལ་བཤད་པ་དང་གཉིས། དང་པོ།
མཛོད་ཀྱི་གནས་དང་པོ་ཁམས་བསྟན་པ་ལས། ཕུང་ཁམས་སྐྱེ་མཆེད་རྣམ་བཞག་གི་རབ་དབྱེ་ལས། ཅིའི་ཕྱིར་རྣམ་པ་རིག་བྱེད་མ་ཡིན་པའི་བར་འདི་གཟུགས་ཀྱི་ཕུང་པོ་ཞེས་བྱ་ཞེ་ན། གཟུགས་སུ་རུང་བའི་ཕྱིར་ཏེ། བཅོམ་ལྡན་འདས་ཀྱིས་དགེ་སློང་དག་གཟུགས་སུ་ཡོད་ཡོད་ཅིང་། གཟུགས་སུ་རུང་བས། དེའི་ཕྱིར་གཟུགས་ཉེ་བར་ལེན་པའི་ཕུང་པོ་ཞེས་བྱའོ།། ཅིས་གཟུགས་སུ་རུང་ཞེ་ན། ལག་པའི་འདུས་ཏེ་རེག་པས་རེག་ན་ཡང་གཟུགས་སུ་རུང་ངོ་ཞེས་རྒྱས་པར་གསུངས་པ་ལྟ་བའོ།། གཟུགས་སུ་རུང་ཞེས་བྱ་བ་ནི་གནོད་པར་བྱར་རུང་ཞེས་བྱ་བའི་ཐ་ཚིག་སྟེ། ཞེས་དང་། གཞུགས་ཀྱི་གནོད་པ་གང་ཞེ་ན་ཡོངས་སུ་འགྱུར་བ་སྐྱེད་པའོ།། ཞེས་གསུངས་པ་ལྟར། གཟུགས་ཕུང་གི་དོན་ནི་གཟུགས་སུ་རུང་བ་ཞེས་འཇོག་པ་བྱེད་ཀྱང་། གཟུགས་སུ་རུང་ཚུལ་དེའང་གནོད་པ་རུང་ཚུལ་དེ་ཡིན་པས་ན། དེ་ལ། གཞན་དག་གིས། འོ་ན་རྡུལ་ཕྲ་རབ་གཟུགས་མ་ཡིན་པར་འགྱུར་ཏེ། གཟུགས་སུ་མེད་པའི་ཕྱིར་རོ།། རྡུལ་ཕྲ་རབ་གྱི་གཟུགས་གཅིག་པུ་ལོགས་ཤིག་ཏུ་གྱུར་པ་ནི་མེད་པ་ཉིད་དོ།། འདུས་པ་ལ་གནས་པ་དེ་ལ་ནི་གཟུགས་སུ་རུང་བ་ཉིད་དོ།། ཞེས་སོགས་ཀྱི་གཞུང་གཞིར་བྱས་ཏེ། རྒྱ་བོད་ཀྱི་མཁས་པ་གནམ་གྱི་ས་བཀབ་པ་ལྟ་བུའི་སོ་སོའི་ཟླ་མེད་ཀྱི་རྡུལ་ཕྲ་རབ་ཡོད་མེད་ལ་བཞེད་ཚུལ་མི་མཐུན་པ་མང་དུ་བྱུང་ཡོད་ལ། བདག་གིས་ཀྱང་བློ་གྲོས་ཀྱི་འཇུག་པར་ཡངས་པོར་བྱས་ཏེ། དཔྱད་པ་ཕྲན་ཙམ་ཞིག་ཞུ་ན། གང་སྤེལ་ལས། རྡུལ་ཕྲ་རབ་ནི་རྣམ་པ་གཉིས་ཏེ། རྫས་ཀྱི་རྡུལ་ཕྲ་རབ་དང་། བསགས་པའི་རྡུལ་ཕྲ་རབ་བོ།། ཞེས་གསུངས་ལྟར། བློས་ཇི་ལྟར་དཔྱད་རུང་ཆ་འབྱེད་དུ་མེད་པའི་རྡུལ་ཕྲ་རབ་ཞིག་ལ་རྫས་ཀྱི་རྡུལ་ཕྲ་རབ་ཅེས་འཇོག་ལ། བསགས་པའི་རྡུལ་ཕྲ་རབ་ནི། འདོད་ན་དབང་པོ་མེད་པ་དང་།། སྒྲ་མེད་ཕྲ་རབ་རྡུལ་རྫས་བརྒྱད།། ཅེས་གསུངས་ལྟར། ངེས་པར་ལྷན་ཅིག་སྐྱེས་པའི་རྡུལ་ཕྲ་རབ་དེ་ཡིན་ཏེ། སྡུད་པ་དང། འཛིན་པ་དང་། སྨིན་པ་དང་། གཡོ་བའི་ཁྱད་པར་ལྟོས་པའི་འདུས་རྡུལ་ཡིན་པའི་ཕྱིར། རྫས་རྡུལ་ཕྲ་རབ་དེ་ལས་ལྡོག་ཏེ་དེ་ལས་ཆུང་བའི་རྡུལ་ཕྲ་རབ་ནི་མི་མངོན་ནོ།། ཞེས་གསུངས་བཞིན། ཚུར་མཐོང་མངོན་སུམ་གྱི་ཡུལ་དུ་གྱུར་བ་ནི་སྣང་བ་མིན་ནོ།། དེ་བཞིན་དུ། ཆ་མེད་ཀྱང་རེག་པ་ཡང་མེད་པ་ཞིག་ཡིན་ལ། རིགས་པས་བརྟག་ནའང་། རྡུལ་ཕྲན་ཡིན་ན་འདུས་རྡུལ་ཡིན་པས་ཁྱབ་པ་ཧ་ཅང་བློར་ཤོང་དཀའ་བ་ཞིག་ཏུ་འདུག་མོད། དཔེར་ན། ཀ་བ་ལྟ་བུ་ཞིག་ལ་མཚོན་ན། ཀ་བའི་རྩོམ་གཞིར་རྡུལ་ཕྲན་རྣམས་འདབ་འབྲེལ་དུ་གནས་པ་ལས། གཞན་ཀ་བ་རྩོམ་ཚུལ་ཞིག་མེད་མོད། དེས་ན་འདབ་འབྲེལ་དུ་གནས་པ་ལ་གོང་བུ་རྩོམ་པའམ། ཀ་བ་རྩོམ་པ་ཞེས་ཐ་སྙད་མཛད་ཚེ། དེའི་རྩོམ་གཞི་རྡུལ་དེ་དེའི་སྔ་རོལ་ཡོད་དམ་མེད། མེད་ན་དེས་ཀ་བ་རྩོམ་ཚུལ་ངེས་པར་མི་ནུས་ལ། ཡོད་དེ་འདུས་རྡུལ་ཞིག་ཡིན་ཞེ་ན། དེ་བསགས་པའི་གཟུགས་རྡུལ་ཅིས་ཀྱང་ཡིན་དགོས་ལ། དེ་ལས་གཞན་དུ་མིན་པའི་ཕྱིར། ཡིན་ན་ཚུར་མཐོང་མངོན་སུམ་གྱི་བཟུང་མི་ནུས་པའི་ངེས་པ་མེད་དོ།། མཛོད་འགྲེལ་ལས། དབང་པོའི་རྡུལ་ཕྲ་རབ་བམ་ཡུལ་གྱི་རྡུལ་ཕྲ་རབ་གཅིག་གིས་རྣམ་པར་ཤེས་པ་བསྐྱེད་པ་ནི་མེད་དེ། རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་གི་རྟེན་དང་དམིགས་པ་ནི་བསགས་པ་ཡིན་པའི་ཕྱིར་རོ།། དེ་ཉིད་ཀྱི་ཕྱིར་རྡུལ་ཕྲ་རབ་ནི་མི་མཐོང་བའི་ཕྱིར་བསྟན་དུ་མེད་པ་ཡིན་ནོ།། ཞེས་གསུངས་ལྟར། འདི་རྡུལ་ཕྲ་རབ་ཚུར་མཐོང་མངོན་སུམ་གྱི་བཟུང་བར་མི་ནུས་པའི་རྫས་ཀྱི་རྡུལ་ཕྲ་རབ་ལ་དགོངས་པ་སྨོས་མེད་དུ་གྲུབ་པ་གོར་མ་ཆག་གོ། མཆིམས་འཇམ་པའི་དབྱངས་ཀྱིས། བསགས་པའི་རྡུལ་སྨོས་པ་ནི་རྡུལ་ཕྲ་རབ་ཆ་མེད་པ་ནི་གཅིག་པུར་གནས་པའི་ཕྱིར་རྫས་གཞན་འདུས་པ་མེད་དོ་སྙམ་དུ་བསམ་པའོ།། ཆ་མེད་ཀྱི་རྡུལ་ཕྲ་རབ་གཅིག་པུར་གནས་པའི་ཕྱིར་ཞེས་གསུངས་པ་འདིར་ཟླ་མེད་ཀྱི་རྡུལ་ཕྲན་ཞེས་མ་བཤད་ན་གཞན་གང་ཡང་ངོས་གཟུང་དུ་མེད་ལ། འདིར་བསྟན་པའི་ཆ་མེད་ཀྱི་རྡུལ་ཕྲ་རབ་དང་རྫས་རྡུལ་ཕྲ་རབ་གཉིས་དོན་གཅིག་ཏུ་གསུངས་འདུག་སྙམ་མོ།། གཞུང་འདིས་ཀྱང་། རྡུལ་ཕྲན་ཡན་གར་བ་ཡོད་པ། དངོས་ཤུགས་ཅི་རིགས་པའི་ཚུལ་གྱི་གསལ་བོ་བསྟན་ཡོད་ལ། བྱེ་བྲག་བཤད་མཚོ་ལས། དཔེར་ན་རྡུལ་ཕྲན་ཆུང་མཐའ་དང་རྫས་རྡུལ་ཕྲ་རབ་དོན་མི་གཅིག་པ་བཞིན་ནོ།། ཞེས་གསུངས་པ་དེ་ཡང་།  འདིའི་རྡུལ་ཕྲན་ཆུང་མཐའ་ནི། དཔེར་ན་ཉི་ཟེར་གྱི་རྡུལ་ལྟ་བུ་འཇོག་མོད། རྫས་ཀྱི་རྡུལ་ཕྲ་རབ་ནི། གོང་དུ་བཤད་པ་བཞིན་ཆ་མེད་ཀྱི་རྡུལ་ཕྲ་རབ་བམ་ཡན་གར་བའི་རྡུལ་ཕྲ་རབ་དེའོ།།  འགྲེལ་བ་རྒྱལ་སྲས་མས་ཀྱང་། འོ་ན་ནི་རྡུལ་ཕྲ་རབ་ཅེས་བྱ་བ་ནི་རྫས་ཀྱི་རྡུལ་ཕྲ་རབ་ཀྱི་གཟུགས་ནི་གཟུགས་ཡིན་པར་མི་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། གཟུགས་སུ་མེད་པའི་ཕྱིར་ཏེ་ཆ་ཤས་མེད་པ་ཉིད་ལས་གཟུགས་སུ་མེད་པའི་ཕྱིར་རོ་སྙམ་དུ་བསམ་པའོ།། ཞེས་དང་།  པཎ་ཆེན་ཤྭཀྱ་མཆོག་ལྡན་གྱིས། རྫས་ཀྱི་རྡུལ་ཕྲ་རབ་ནི། རྡུལ་རྫས་བརྒྱད་དང་ལྷན་ཅིག་ཏུ་མི་གནས་པ་དབང་ཤེས་ཀྱི་ཡུལ་ལས་འདས་པ་སྒྲིབ་ཐོགས་ལ་སོགས་པའི་བྱ་བ་དང་བྲལ་བ་ཞིག་གོ། ཞེས་དང་། མང་ཐོས་ཀླུ་སྒྲུབ་རྒྱ་མཚོས། འོ་ན་ནི་རྡུལ་ཕྲ་རབ་གཟུགས་མིན་པར་འགྱུར་ཏེ། གཟུགས་སུ་མེད་པའི་ཕྱིར་རོ་ཞེས་བསྟན་ལ། དེའི་ལན་ནི། རྫས་རྡུལ་ཕྲ་རབ་ནི་ཆ་ཤས་མེད་ཡན་གར་བ་བསྟན་མེད་ཐོགས་མེད་ཡིན་པས་དེ་གཟུགས་རུང་མིན་པར་ཐལ་བ་ནི་འདོད་ལ། གང་སྤེལ་ལས། འདི་ནི་རྫས་ཀྱི་རྡུལ་ཕྲ་རབ་ལ་འདོད་ཀྱི། འདུས་པའི་རྡུལ་ཕྲ་རབ་ནི་མ་ཡིན་ཏེ། དེ་ནི་རྫས་བརྒྱད་པ་ཡིན་པས་གཟུགས་སུ་རུང་བ་མི་འགལ་ལོ།། དེ་ཉིད་ཀྱི་ཕྱིར། རྡུལ་ཕྲ་རབ་ཀྱི་རྫས་གཅིག་པུ་ལོགས་ཤིག་ཏུ་གྱུར་པ་ནི་མེད་པ་ཉིད་དོ།། ཞེས་སོགས་གཞུང་གི་སྒྲུབ་བྱེད་མང་དུ་ཡོད་ལ། འདིར་ཡིག་ཚོགས་ལ་འཇིགས་པས་དེ་ཙམ་གྱི་ཆོག་པར་བྱེད་དོ།། དེ་ཉིད་ཀྱི་ཕྱིར་ན། ཟླ་མེད་ཅེས་ཚིག་ཟིན་དུ་མི་གསལ་ནའང་དོན་དེ་ཉིད་ལས་མ་འདས་པས། རྫས་ཀྱི་རྡུལ་ཕྲ་རབ་ཟླ་མེད་ཀྱི་རྡུལ་ལ་གོ་བ་སྨོས་མ་དགོས་སོ།། 


གཉིས་པ། དེ་ཕུང་ཁམས་སྐྱེ་མཆེད་ཀྱི་བསྡུས་ཚུལ་བཤད་པ་ལ། 
རྡུལ་ཕྲན་ཆ་མེད་དེ་གཟུགས་སུ་མི་རུང་ཚུལ། རྫས་ཀྱི་རྡུལ་ཕྲ་རབ་ཀྱི་གཟུགས་ནི་གཟུགས་ཡིན་པར་མི་འགྱུར་ཏེ། ཞེས་སོགས་གོང་དུ་དྲངས་ཟིན་གྱི་གཞུང་དེ་དག་གིས་རྡུལ་ཕྲ་རབ་ལ་གཉིས་སུ་ཕྱེ་ནས་རྫས་རྡུལ་ཕྲ་རབ་གཟུགས་ཉིད་དུ་མི་འདོད་པ་ཀུན་ཏུ་མཚུངས་མོད། མཆིམས་ཆེན་གྱིས་ཀྱང་། འོ་ན་རྡུལ་ཕྲ་རབ་གཟུགས་མ་ཡིན་པར་འགྱུར་ཏེ། ཆ་མེད་ཀྱང་གནོད་པར་བྱར་མི་རུང་བའི་ཕྱིར་རོ།། ཞེ་ན། དེ་དག་གཅིག་པུ་བ་ལ་དེ་མེད་ཀྱང་མང་དུ་ཚོགས་ན་ཡོད་པའི་ཕྱིར་རོ།། ཆ་མེད་དུ་གནས་པ་ན་གཟུགས་སུ་མི་རུང་ཞེས་ཚིག་གསལ་ཁ་བཅས་པ་ཡིན་ནོ།། དེ་བཞིན་དུ། རྡུལ་ཕྲ་རབ་ཆ་མེད་ནི་གཅིག་པར་གནས་པའི་ཕྱིར། རྫས་གཞན་འདུས་པ་མེད་དོ་སྙམ་དུ་བསམ་པའོ།། ཞེས་གསུངས་པ་དེས་ཀྱང་། གཟུགས་མ་ཡིན་པར་བསྟན་ལ། བྱེ་བྲག་བཤད་མཚོ་ལས། རྫས་རྡུལ་ཕྲ་རབ་དབང་ཤེས་ཀྱི་ཡུལ་དུ་མི་རུང་བར་མ་ཟད། ཆོས་ཀྱི་སྐྱེ་མཆེད་དུ་ཡང་མ་བཞག་སྟེ། ཞེས་དང་། གཞན་ཡང་རྫས་རྡུལ་ཕྲ་རབ་ནི་གཟུགས་ཀྱི་ཕུང་པོའི་ནང་དུ་མ་འདུས་པས་ན་ཞེས་སོགས་མཁས་པ་མང་པོས་རྫས་ཀྱི་རྡུལ་ཕྲ་རབ་གཟུགས་ཕུང་ཡང་མ་ཡིན་ཆོས་ཀྱི་སྐྱེ་མཆེད་ཀྱང་ཡིན་ཞེས་མང་དུ་གསུང་ལ། དེ་ལྟར་ན་མཛོད་ཉིད་ལས་ཀྱང་། ཕུང་པོ་དང་ནི་སྐྱེ་མཆེད་དང་།། ཁམས་གཅིག་གིས་ནི་ཐམས་ཅད་བསྡུས།། ཞེས་དེ་གསུམ་གྱིས་མ་བསྡུས་པའི་ཆོས་མེད་པ་གསུང་པ་མ་ཡིན་ནམ། ཞེས་པའི་དོགས་པ་འདི་ཤུགས་ཀྱི་འབྱུང་མོད། དེ་ལ་དང་པོ་མགོ་མཚུངས་ཀྱི་རིགས་པ་ཕར་འདྲེན་བྱེད་ན། གཞན་དག་གིས། འདས་པ་དག་མ་འོངས་པ་གཟུགས་མ་ཡིན་པར་འགྱུར། རྣམ་པ་རིག་བྱེད་མ་ཡིན་པ་གཟུགས་མ་ཡིན་པར་འགྱུར་རོ།། ཞེས་པ་དེར་རྣམ་པ་རིག་བྱེད་ལ་གཟུགས་སུ་ཡོད་པའི་ཕྱིར་གཟུགས་སུ་ཡོད་པར་འགྱུར་ཏེ་ཞེས་བྱེ་བྲག་སྨྲ་བའི་གསུང་པར་དགོས་པ་མེད་པ་ཐལ། རང་གི་ངོ་བོ་ནས་གཟུགས་ཡིན་པའི་ཕྱིར་ཟེར་ན་དེ་ལ་ཅིས་ཀྱང་བརྟག་དགོས། དེ་བཞིན་དུ། ཕུང་ཁམས་སྐྱེ་མཆེད་བསྡུ་ཚུལ་བཤད་སྐབས། གང་སྤེལ་གྱིས་མཛད་པའི་མཚན་ཉིད་ཀྱི་རྗེས་སུ་འབྲང་བ་ལས། རེ་རེས་ཡིན་པ་དེ་ལྟར་ཤེས་པར་ནི་མི་བྱའོ་ཞེས་བསྡུ་བའི་དོན་ཏོ།། ཞེས་གསུངས་སོ།། ཡང་པཎ་ཆེན་ཤྭཀྱ་མཆོག་ལྡན་གྱིས་ཀྱང་། དེ་འདྲ་དེ་གཟུགས་ཕུང་དང་གཟུགས་ཀྱི་སྐྱེ་མཆེད་དུ་མི་འདོད་མོད། ཞེས་དང་། རྡུལ་དུ་གྲུབ་པས་ཆོས་ཀྱི་སྐྱེ་མཆེད་དུ་གཏོགས་པ་མེད་དོ་ཞེས་སོགས་གསུངས་སོ།། དེས་ན། གཟུགས་རུང་ཡིན་ན་འདུས་པ་ཡིན་དགོས་པ་མཛོད་འགྲེལ་ལས་ཀྱང་གསལ་ཁ་ཡིན་པས། དེ་ཉིད་ཀྱི་ཕྱིར་ན། གཞུང་དེ་དག་གིས་ཀྱང་དངོས་སུ་གཟུགས་ཕུང་མ་ཡིན་ཞེས་གསུང་ལ། གསུང་ཚུལ་དེ་ཡང་། མི་ཁེར་རྐྱང་དེ་མི་ཡི་ཚོགས་པར་མི་འདོད་པ་དང་ཀུན་ཏུ་མཚུངས་སོ།། ཡང་ཕྱོགས་གཞན་ཞིག་ལ་རྡུལ་ཕྲ་རབ་གཅིག་པུར་གནས་པའི་སྐབས་དབང་ཤེས་ཀྱི་ཡུལ་དུ་མི་དམིགས་ལ། ཚོགས་པར་གནས་དུས་དབང་ཤེས་ཀྱི་ཡུལ་དུ་རུང་བས་གཟུགས་སུ་རུང་ཞེས་ཐ་སྙད་མཛད་ཚུལ་ཡང་ཡོད་མོད། དཔེར་ན། མི་གཅིག་གཅིག་པུར་གནས་དུས། གྲོགས་མེད་ཁེར་རྐྱང་ཡིན་ལ། དེ་མི་ཚོགས་པ་དང་གནས་དུས། མི་དེ་ཁེར་རྐྱང་ལས་ལྡོག་ཏེ་འདུས་པར་གནས་པའི་བདག་ཉིད་ཡིན་པ་ལྟར། དེའི་དབང་དུ་བྱས་ན་རྫས་ཀྱི་རྡུལ་ཕྲ་རབ་དེ་གཟུགས་སུ་རུང་ཞེས་ཐ་སྙད་མཛད་མོད། འོན་ཀྱང་། གཞུང་འདི་དག་ནི། ཚོགས་པར་མ་འདུས་པའི་རྫས་རྡུལ་ཕྲ་རབ་དེ་ཁོ་ནར་བཤད་པ་ཞིག་ཡིན་པ་ཞིབ་ཏུ་གཟིགས་གནང་དང་འཁྲུལ་མེད་ཡིན་པ་སྙོན་དུ་མེད། མདོར་ན། དེ་ཕུང་ཁམས་སྐྱེ་མཆེད་ཀྱི་བསྡུས་ཚུལ་ནི། མ་འོངས་མི་སྐྱེ་བའི་ཆོས་ཅན་དེ་སྐྱེ་བར་འགྱུར་བའི་ཆོས་ཅན་དེ་དང་རིགས་མཐུན་པའི་རྒྱུ་མཚན་གྱི་འདུས་བྱས་ཡིན་གསུངས་པ་ལྟར། འདི་ཡང་དེའི་རིགས་སུ་གནས་པས་ན་གཟུགས་ཀྱི་ཕུང་པོའི་བསྡུས་སོ་ཞེས་བཤད་ན་འགྲིག་པར་སྣང་མོད། པཎ་མཁྱེན་ཤྭཀྱ་མཆོག་ལྡན་གྱིས། དེ་ལྟ་ན་ཡང་གྲངས་ངེས་ཉམས་པར་མི་འགྱུར་ཏེ། འབྱུང་བ་བཞི་ཚན་གཞན་དང་གཞན་དག་ཀྱང་རང་རང་གི་རིགས་སུ་གཅིག་པའི་ཕྱིར། གྲངས་བགྲངས་པའི་ཚེ་རྫས་རེ་རེ་ཁོ་ནར་བཞག་པའི་ཡིན་ནོ།། ཞེས་གསུངས་པ་ལྟར་རོ།། གཟུགས་ཀྱི་ཕུང་པོའི་མཚན་ཉིད་ལ་མཐའ་དཔྱོད་དེ་འཇོག་ན། ཟུར་ན་རིགས་གནས་ཞེས་སྦྱར་ན་གནད་ཐམས་ཅད་རང་གྲོལ་དུ་འགྱུར་བ་གདོན་མི་ཟ་སྙམ་པའོ།། 


གཉིས་པ། བསགས་པའི་རྡུལ་ཕྲ་རབ་རྩོམ་ཚུལ་བཤད་པ་ལ།
བསགས་རྡུལ་རྩོམ་ཚུལ་གཞུང་དང་སྦྱར་ཏེ་བཤད་པ་དང་། སྐབས་དོན་མཇུག་བསྡུ་བ་དང་གཉིས་ལས། དང་པོ། སྤྱིར་རགས་པ་རྩོམ་པར་མཁས་པ་སོ་སོ་དང་གྲུབ་མཐའ་སོ་སོའི་འདོད་ཚུལ་ཤིན་ཏུ་མང་ལ། འདིར་སྐབས་དོན་བྱེ་སྨྲའི་ལུགས་ཀྱི་རྩོམ་ཚུལ་བཤད་པར་བབས་པས། རྡུལ་ཕྲན་ཕྱོགས་ཀྱི་ཆ་མེད་ལ་ཕྱོགས་བཅུའི་རྡུལ་གྱིས་སྐོར་བའི་ཚེ། ཕན་ཚུན་རེག་པ་ནི་མེད་ལ། ཕྱོགས་གཅིག་གིས་རེག་ན་ནི་ཆ་བཅས་སུ་ཐལ་བ་དང་། ཐམས་ཅད་ཀྱིས་རེག་ན་གཅིག་གི་ནང་དུ་གཅིག་ཐིམ་པར་འགྱུར་བའི་ཕྱིར་རོ།། ཞེས་གསུངས་ལ། ཕན་ཚུན་རེག་པར་གྱུར་ན་ལག་པས་ལག་པ་བསྣུན་ན་འབྱིང་བར་འགྱུར་ཞེས་གསུངས་པ་ལྟར། གལ་ཏེ་རེག་པ་གྱུར་ན་རེག་བྱའི་ནང་དུ་ཐིམ་པར་འགྱུར་བའི་སྐྱོན་གནས་ལ། འོ་ན་རྔ་ལ་དབྱུག་གུ་བསྣུན་ན་སྒྲ་མི་འབྱུང་བར་ཐལ། རྔ་ལ་དབྱུག་གུ་རེག་པ་མེད་པའི་ཕྱིར་ཟེར་ན། སྐྱོན་མི་འཇུག་སྟེ། རྔ་དང་དབྱུག་གུའི་རྡུལ་ནི་བསགས་རྡུལ་ཡིན་པས་ཕན་ཚུན་རེག་པར་ཐལ་བའི་ཉེས་པ་མེད་དོ།། མཛོད་འགྲེལ་ལས། འདུས་པ་རྣམས་ནི་ཆ་ཤས་དང་བཅས་པ་ཡིན་པར་རེག་རེག་པར་འགྱུར་བས་ཉེས་པ་མེད་དོ།། ཞེས་གསུངས་པའི་ཕྱིར། འོ་ན་དེ་དག་བར་སྟོང་དང་བཅས་པ་ཡིན་ཚེ། རྡུལ་ཕྲན་དེ་དག་ཞིག་པར་མི་འགྱུར་རམ་རམ་ཞེ་ན། མི་འགྱུར་ཏེ་བསྡུ་བྱེད་ཀྱི་རླུང་གིས་བཟུང་བའི་ཕྱིར་ན། འཐོར་བ་ཡང་མི་འགྱུར་ལ། ཞིག་པ་ཡང་མི་འགྱུར་རོ་ཞེས་གསུངས་སོ།། དེས་ན། འདོད་པའི་བསགས་རྡུལ་ཕྲ་རབ་ལ་རྡུལ་རྫས་བརྒྱད་འདུས་དང་། གཟུགས་ཀྱི་རྡུལ་ཕྲ་རབ་ལ་རྡུལ་རྫས་དྲུག་འདུས་ཀྱིས་ཁྱབ་པ་ཡིན་ཏེ། དེ་མ་ཡིན་པ་ནི་རང་རང་གི་དབང་པོའི་ཤེས་པའི་ཡུལ་དུ་མི་རུང་བའི་ཕྱིར། མཛོད་འགྲེལ་ལས། དེ་དག་གི་དབུས་ན་ཅུང་ཟད་ཀྱང་མེད་པ་གང་ཡིན་པ་དེ་ཁོ་ན་འདབ་ཆགས་པ་ཉིད་ཡིན་ནོ།། ཞེས་གསུངས་པ་ལྟར། ཕན་ཚུན་རེག་པ་མེད་ཀྱང་བར་སྟོང་དང་བཅས་པ་ཞིག་ཡིན་པ་གསུངས་མོད། དེ་ལ་འོ་ན་འདབ་འབྲེལ་དུ་གནས་པའི་རྡུལ་དེ་དག་རགས་པར་རྩོམ་བྱེད་ཡིན་རུང་། རགས་པ་ནི་མི་འགྱུར་ཏེ། བཏགས་ཡོད་མ་ཡིན་པའི་ཕྱིར། མཆིམས་ཆེན་གྱིས། རྡུལ་ཕྲ་རབ་འདུས་པ་ཞེས་བྱ་བའང་རྡུལ་དུ་མ་བར་མེད་པར་གནས་པ་ལ་བརྗོད་པའི་ཕྱིར་རགས་པ་ནི་རྫས་སུ་མེད་དོ།། ཞེས་གསུངས་པ་ལ། བྱེ་སྨྲའི་ལུགས་ལ། འོ་ན་མཆིམས་ཉིད་ཀྱིས། འདི་ལྟར་གཟུགས་ཀྱི་ཕུང་པོ་ནི་རགས་པ་དང་རྡུལ་ཕྲ་རབ་གྱི་བདག་ཉིད་དུ་འདོད་ལ། ཞེས་གསུངས་པ་དང་མི་འགལ་ལམ་སྙམ་པའི་དོགས་པ་ཞིག་འབྱུང་སྲིད་མོད། ཡིན་རུང་། དོགས་པ་དེའི་རིགས་ལམ་ལ་སྣེ་འདྲེན་ཏེ། མཐའ་དཔྱོད་གཞན་ཞིག་ལ་ཐུགས་བསམ་གནང་དགོས་སར་སླེབས་ཡོད། གཞུང་དང་པོ་ནི་རགས་པ་རྩོམ་བྱེད་ཀྱི་རྡུལ་ལ་བསམ་སྟེ་བཤད་པ་ཞིག་དང་། ཕྱི་མ་དེ་བརྩམས་ཟིན་གྱི་གོང་བུ་ལ་བསམ་སྟེ་བཤད་པ་ཡིན་པ་ཉིད་ཀྱི་གཞུང་ལས་གསལ་ཁ་ཡོད་ལ། མཆིམས་མཛོད་ལས། དེ་ལ་གཟུགས་ནི་གཟུགས་ཀྱི་ཕུང་པོ་སྟེ་རྡུལ་ཕྲ་རབ་དང་རགས་པ་དང་། གཉིས་ཀ་མ་ཡིན་པའོ།། ཞེས་གཟུགས་ཀྱི་ཕུང་པོ་རྡུལ་ཕྲ་རབ་ཀྱང་མ་ཡིན་ཞེས་གསུངས་པར་ལྟས་ན། མཆིམས་ཉིད་ཀྱིས་བྱེ་བྲག་བཤད་མཚོ་ཆེན་མོར་ཕུང་པོ་བཏགས་པའི་ཡོད་པ་ཉིད་དུ་བཤད་ཅེས་སོགས་ཀྱི་གཞུང་དྲངས་ཏེ་བཤད་དང་གནད་གཅིག་ལ་འབབ་པས་དེ་ཉིད་ཀྱི་ཕྱིར་ན་བྱེ་སྨྲའི་ལུགས་ལ་ཕུང་པོ་བཏགས་ཡོད་དུ་ངོས་གཟུང་བ་སྨོས་མ་དགོས་པ་ཉིད་དུ་གྲུབ་འདུག་པ་ཡིན། འོན་ཏེ་རྫས་སུ་མ་གྲུབ་པ་ནི་མི་འདོད་དེ། གཟུགས་དང་། སེམས་དང་། སེམས་ལས་བྱུང་བ་དང་། མི་ལྡན་པའི་འདུ་བྱེད་དང་འདུས་མ་བྱས་བཅས་ཐམས་ཅད་བྱེ་བྲག་ཏུ་སྨྲ་བ་ནི་ཐམས་ཅད་རྫས་སུ་ཡོད་པར་འདོད་དེ། ཐམས་ཅད་ཡོད་པར་སྨྲ་བ་ཡིན་པའི་ཕྱིར་རོ།། ཞེས་གསུང་གིས་ཀྱང་གྲུབ་བོ།། དེ་བཞིན་དུ་ཀུན་མཁྱེན་གོ་རམས་པས། བྱེ་སྨྲའི་ལུགས་ལ་དོན་དམ་བདེན་པའི་མཚན་གཞི། གཟུགས་ཀྱི་སྐྱེ་མཆེད་ལྟ་བུའོ་ཞེས་གསུངས་པས། ཚིག་ངོ་དགོང་ནས་དེ་གཉིས་འགལ་བ་ལྟ་བུར་སྣང་ནའང་། དོན་ལ་དེའི་འགྲེལ་བཤད་རྒྱས་པ་མཁྱེན་ཆེན་གྱི་གཞུང་གང་ཡང་མཐོང་བས་ཞེ་ཐག་པ་ནས་འགལ་མིན་གྱི་ངེས་ཤེས་ད་དུང་རྙེད་མ་སོང་ལ། རང་གི་ཚོད་ཀྱི་བརྟག་ན་ཀུན་མཁྱེན་གྱི་གཟུགས་ཀྱི་སྐྱེ་མཆེད་ལྟ་བུ་ཞེས་གསུངས་པ་དེ་རྩོམ་བྱེད་ཀྱི་རྡུལ་ཕྲ་རབ་ལ་དགོངས་པ་ཨེ་ཡིན་ན་སྙམ་པ་ཞིག་ལས་གཞན་གང་ཡང་ངེས་པར་མི་ནུས་སོ།། 


གཉིས་པ། སྐབས་དོན་མཇུག་བསྡུ་བ་ནི།
རྫས་ཀྱི་རྡུལ་ཕྲ་རབ་དེ་རྟག་མི་རྟག་གང་གིས་བསྡུས་ཚུལ་བཤད་ན། ཁ་ཅིག་གིས། པཎ་མཁྱེན་ཤྭཀ་མཆོག་གིས། རྫས་ཀྱི་རྡུལ་ཕྲ་རབ་ནི་སྐྱེ་མཆེད་གང་གིས་ཀྱང་མ་བསྡུས་པ་དང་། རྟག་མི་རྟག་གཉིས་ལས་རྟག་པར་འདོད་ཅེས་སོགས་ཁུངས་མེད་འུར་གཏམ་མང་དུ་སྨྲ་བར་བྱེད་ལ། ཡིན་ཡང་། ཉིད་ཀྱི་གཞུང་དངོས་ལས། བྱེ་བྲག་བཤད་མཚོ་ལས་རྡུལ་ཕྲ་རབ་སྣོད་ཀྱི་ཉེར་ལེན་དུ་གསུངས་ནས། འོ་ན། བྱེ་བྲག་པ་དང་ཁྱད་པར་མེད་པར་འགྱུར་རོ་ཞེས་པའི་དོགས་པ་བཀོད་པ་ལ། ལན་དུ། བྱེ་བྲག་པས་རྟག་པར་འདོད་ལ། རང་ལུགས་ནི་ཡན་གར་གནས་པ་ནི་མི་རྟག་པས་སྤྱིར་འཇིག་མོད། ཅེས་གསུངས་པར་ལྟས་ན། མི་རྟག་པ་ཡིན་པ་དངོས་སུ་གསལ་ལ། རྫས་ཀྱི་རྡུལ་ཕྲ་རབ་ཡན་གར་དུ་གནས་པས་ན་ཞེས་སོགས་གཞུང་ལུགས་མང་པོའི་ནང་དུ་མི་རྟག་པར་གསུང་པའང་མང་དུ་སྣང་ངོ་།། ཡང་གཞན་དག་གིས། གཞུང་ཆེན་ཁག་ཏུ་རྫས་རྡུལ་ཕྲ་རབ་ཞེས་ཐ་སྙད་མང་དུ་སྣང་ནའང་། འདིར་རྫས་རྡུལ་ཕྲ་རབ་ནི་གོང་བུའི་རྩོམ་ཟིན་གྱི་རྡུལ་དག་ལ་ངོས་གཟུང་ལས་གཞན་རྡུལ་ཕྲན་གཞན་དང་འདབ་འབྲེལ་དུ་མི་གནས་པ་ཤེས་བྱ་ལ་མི་སྲིད་ཅེས་སོགས་སྨྲ་བར་བྱེད་མོད། ཡིན་ཡང་། ཆོས་མངོན་པའི་ཕུགས་གཏུག་སའི་གཞུང་ཆེན་གང་སྤེལ་ལས་དངོས་སུ་རྫས་རྡུལ་ཕྲ་རབ་ཅེས་བྱ་བ་དེ་གཟུགས་སུ་རུང་བ་དང་ཡོངས་སུ་འགྱུར་བ་བསྐྱེད་པ་གཉིས་ཀ་མ་ཡིན་པར་གསུང་སྟེ། འདི་ལྟར། འོན་ན་ནི་རྡུལ་ཕྲ་རབ་ཅེས་བྱ་བ་ལ་གལ་ཏེ་གཟུགས་སུ་རུང་བ་ཡོངས་སུ་འགྱུར་བ་བསྐྱེད་པ་དང་ཐོགས་པ་ཡིན་ན་ནི། གཉིས་ཀ་ལྟར་ཡང་གཟུགས་སུ་མི་འགྱུར་ཏེ་ཆ་ཤས་མེད་པ་ཡིན་པའི་ཕྱིར། དེ་ནི་ཇི་ལྟར་ལྟ་བར་མི་ནུས་པ་དེ་ལྟར་དུ་ལག་པ་ལ་སོགས་པའི་འདུས་ཏེ་རེག་པ་དེ་དག་གིས་རེག་པར་ཡང་མི་ནུས་པས་ཡོངས་སུ་འགྱུར་བ་ཡང་མ་ཡིན་ལ་ཐོགས་པ་ཡང་མ་ཡིན་ནོ་སྙམ་དུ་སེམས་པའོ།། ཞེས་གསུངས་པ་དེས་རྡུལ་ཕྲན་ཡིན་ན་རྡུལ་ཕྲན་གཞན་དང་འདབ་འབྲེལ་དུ་གནས་པས་མ་ཁྱབ་པ་བསྟན་མོད། འོ་ན་མཛོད་ལས། གཟུགས་ཅན་བཅུ་ནི་བསགས་པའོ་ཞེས་གསུངས་པ་དང་འགལ་བར་མི་འགྱུར་རམ། ཞེ་ན། མི་འགྱུར་ཏེ། གཟུགས་ཅན་བཅུ་ནི་རིགས་མཐུན་གྱི་རྡུལ་ཕྲན་གཞན་དག་དང་འདབ་འབྲེལ་དུ་གནས་པས་ཁྱབ་པར་དགོངས་ཏེ། གསུངས་པ་ཡིན་པའི་ཕྱིར། གང་ལྟར་འདི་དག་གི་མཐའ་དཔྱོད་གོང་ཞུས་ལྟར་ཡིན་པས་ད་དེ་ཙམ་གྱི་ཆོག་པར་བྱས་ན། རྡུལ་ཕྲན་གྱི་རྣམ་བཞག་འདི་རང་དགར་ཁུངས་མེད་ལུང་མེད་དུ་བཤད་པ་ཞིག་ལར་ནས་མིན་པ་གཞུང་གཞིར་གཟུང་སྟེ་ཅི་ཐུབ་བཤད་ཁུལ་ཡིན་པས། དཔྱད་རྩོམ་འདིས་ཤེས་རབ་དང་བློ་དཀྱེལ་བཅས་སྟེར་ཐུབ་པའི་ནུས་པ་མེད་ནའང་། ངལ་བ་ཙམ་གྱི་རྒྱུ་ཉིད་དུ་མི་འགྱུར་བའི་ཡིད་ཆེས་ཡོད་དོ།། 

སླར་སྨྲས་པ།     

འདི་སྒྲུབ་པ་ལས་བྱུང་བ་ཡིས།།

དགེ་བ་གང་དང་གང་མཆིས་པ།། 

མ་གྱུར་སེམས་ཅན་ཐམས་ཅད་ཀུན།། 

རྫོགས་པའི་སངས་རྒྱས་ཐོབ་ཕྱིར་བསྔོ།། 

   ཅེས་པ་འདི་དཔལ་ལྷ་སྒང་བཤད་གྲྭ་ཐོས་བསམ་ནོར་བུའི་གླིང་དུ་ལྷ་ལུང་བ་དགྲ་འདུལ་ནས་བྲིས་པ་དགེའོ།།
                             རྩོམ་སྒྲིག་པ། མྱི་གསར་བ།


          མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


 

Signature is customized by Netease