ཆོས་འདུལ་བ་ལས་བྱུང་བའི་ཟས་རོལ་གུས་སྲོལ།

    རྩོམ་པ་པོ། སྲོང་ཐིག


ཆོས་འདུལ་བ་ལས་བྱུང་བའི་ཟས་རོལ་གུས་སྲོལ།

 

                              ཆོས་དབྱངས་ཚེ་རིང་གིས་བརྩམས།


 

མཐར་ཐུག་བཞེད་དོན་བསྒྲུབ་པར་ཚུལ་འདི་མཁོ། །

གནས་སྐབས་འཚོ་བ་ཙམ་ལ་འདི་ཡང་གཅེས། །

ལས་ཀྱི་བྱ་བ་ཀུན་ལ་དཔའ་བསྩལ་བ། །

གནས་པར་བྱེད་པ་ཟས་ཀྱི་རྟེན་འབྲེལ་ལོ།

 

དེ་ཡང་། འཕགས་པ་ཐར་བ་ཆེན་པོའི་མདོ་ལས། ཟས་མ་མཆིས་ན་སྲོག་མ་མཆིས། སྲོག་མ་མཆིས་ན་ལུས་མ་མཆིས། ལུས་མ་མཆིས་ན་ཆོས་ལམ་ཡང་མ་མཆིས་པ་ལགས་ན། ཞེས་དང་། འདུལ་བ་གཞུང་དམ་པ་ལས། སེམས་ཅན་ཐམས་ཅད་ནི་ཟས་ལ་གནས་ན་ཅི་ང་ལྟོགས་བཞིན་དུ་ཁྱོད་ཀྱི་གཙུག་ལག་ཁང་གི་ལས་སར་པ་བྱེད་དམ། ཞེས་དང་། འཇམ་དཔལ་རྩ་བའི་རྒྱུད་ལས། སེམས་ཅན་ཟས་ཀྱིས་གནས་པ་ཞེས། །ཐམས་ཅད་ལ་ནི་རབ་ཏུ་བསྒྲགས། །ཅེས་དང་། མཛོད་རྩ་འགྲེལ་ལས་བྱུང་བ། འགྲོ་བ་ཟས་ཀྱིས་གནས་པ་ཡིན།། བཅོམ་ལྡན་འདས་ཉིད་ཀྱིས་མངོན་པར་མཁྱེན་ཅིང་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་གཅིག་བཀའ་སྩལ་བ་ནི་འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ནི་ཟས་ཀྱིས་གནས་པའོ་ཞེས་བྱ་བ་ནི་མདོའི་ཚིག་ཡིན་ནོ། །ཞེས་གསུངས་པ་བཞིན་ཟས་ཀྱིས་ནི་སྲིད་པ་གསོ་བར་བྱེད་པ་ཡིན་པས། 

 

སྟོན་པས་དང་པོ་ཟས་བཅད་ཀྱི་བརྟུལ་ཞུགས་སྤྱད་ཀྱང་མཐར་དེ་ནི་ལམ་ནོར་བ་ཡིན་ཚུལ་རྟོགས་ནས། རང་གི་ཕུགས་བསམ་གྱི་ཆེད་དུ་འོ་མ་སོགས་ཟས་བསོད་པ་བཞེས་ཅིང་། སྤྱིར་སྐྱེ་བོ་སུ་ཡང་ཟས་ལ་མ་བརྟེན་པར་འཚོ་མི་ཐུབ་ཅིང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རླབས་ཆེན་གྱི་བྱ་བ་བསྒྲུབ་པའི་སྐྱེས་བུ་དམ་པ་རྣམས་ཀྱིས་ཟས་ཚུལ་བཞིན་མ་རྟེན་ན་དམིགས་ཡུལ་འཐུས་ཤོར་དུ་འགྲོ་བའི་ཚུལ་གཟིགས་ནས། ཟས་བཅད་ཀྱི་དཀའ་ཐུབ་པ་གཞན་ལ་ཡང་ཟས་བཟའ་དགོས་པའི་བསྐུལ་མ་མཛད་ཅིང་། ཟན་གཅད་པ་མི་བྱའོ་ཞེས་པའི་བཀའ་སྩལ་བ་རེད། དེ་ལྟར་ཚེ་འདི་དང་སྐྱེ་བ་ཕྱི་མ་གང་ལའང་ཕན་པ་མེད་པ་དང་། བྱང་ཆུབ་ཐོབ་པའང་རིང་དུ་བྱེད་པ་འགྱུར་བ་ཡིན་པས། ཁོང་སངས་རྒྱས་ནས་རིང་པོ་མ་ལོན་པར་འགྲོ་བ་ཟས་ཀྱིས་གནས་པའི་གནས་ལུགས་འདི་ཡང་བཤད་པ་དང་། གནས་པར་བྱེད་པ་ཟས་ཀྱི་རྟེན་འབྲེལ་གྱི་སྐོར་ཞིབ་རྒྱས་ཀྱི་སྒོ་ནས་ཆོས་ཚན་དུ་མ་ཞིག་བཀའ་སྩལ་བ་རེད། རྗེས་སུ་ཡང་མྱ་ངན་ལས་མ་འདས་ཀྱི་བར་དུ་ཁོང་གིས་ཟས་ཟ་བའི་སྐོར་ལ་ཐུགས་བརྩེ་ཆེན་པོ་གནང་ཞིང་། ནས་འབྲུ་རྡོག་པོ་རེ་རེའང་ཆུད་མི་གཟོན་པའི་དོ་སྣང་ཆེན་པོར་མཛད། ཟས་རོལ་གྱི་བསླབ་བྱ་མང་པོ་ཞིག་གཏན་ལ་ཕབ་བོ། །

 

ད་སྐབས་མི་རྣམས་ཀྱིས་ཁ་ནས། བརྒྱགས་ཀྱི་ཁོག་ན་དཔའ་ཞིག་ཡོད། ཟེར་བཞིན་ཡོད་པས། ཟས་ཟ་དགོས་པ་ཙམ་ང་ཚོ་ཐུན་མོང་གིས་ཤེས་ཀྱང་། ཟ་ལུགས་ཚུལ་བཞིན་མ་ཤེས་པས་སྤྱི་སྒེར་གཉིས་ཀ་ལ་སྐྱོན་མང་པོ་བྱུང་དང་འབྱུང་བཞིན་པར་རེད། དཔེར་ན་ཟ་མ་ཆུད་ཟོས་པ་དང་། གཞན་མི་དགའ་བར་བྱེད་པ་དང་། རང་ཉིད་ངན་པའི་གྲངས་སུ་བསྒྲག་པ་བྱེད་བཞིན་ཡོད་པས། ཟས་རོལ་གུས་སྲོལ་ཡང་དག་པར་ཤེས་རྒྱུ་གལ་ཆེན་པོ་རེད། དེ་ལ་རྒྱལ་སྤྱིའི་ཟས་རོལ་གུས་སྲོལ་ནས་རང་གི་ཁྱིམ་ཚང་གི་བར་དུ་ཟས་དང་ཟས་ཟ་བ་ལ་རུང་དང་མི་རུང་བའི་གུས་སྲོལ་མང་པོ་ཞིག་ཡོད་སྲིད་ཀྱང་། འདིར་སྟོན་པ་སངས་རྒྱས་ཀྱིས་བཤད་ཅིང་ཆོས་འདུལ་བ་ལས་བྱུང་བའི་ཟས་དང་ཟས་ལ་རོལ་སྐབས་ཀྱི་གུས་སྲོལ་འགའ་ཡི་གེར་དགོད་པའི་མོས་པ་ཆེ་སྟེ། ད་སྐབས་ཀྱི་ཟས་རོལ་གུས་སྲོལ་ཐམས་ཅད་ཀྱི་གཞི་ལྟ་བུ་འགྱུར་ཡོད་པ་དང་། མི་དང་མིའི་བར་དང་མི་དང་མི་ལས་རྒལ་བའི་སེམས་ཅན་ཡོངས་ཀྱི་བར་དང་། སྐྱེ་དངོས་ཀྱི་རིགས་ཡོད་དོ་ཅོག་ལ་གནོད་པ་མི་ཡོང་བ་དང་། གུས་ལུགས་མཚོན་པའི་བསམ་བློ་སྔོན་དུ་བཏང་ནས་བཤད་པ་ཉིད་དུ་མཐོང་བས་ཡིན་ནོ། །ད་ནི་དངོས་ལ་འཇུག་པར་བྱ་ན། 

 

ཟས་འཕྲོ་བརླག་ཏུ་མི་བྱེད་པ། དེ་ཡང་ཤས་ནོད་པ་དང་དེ་བྲུབ་པའི་ཕྱིར་རེག་པ་ནི་རྐྱེན་དེ་ལྟ་བུ་དག་ཡོད་ན་རུང་བ་མ་ཡིན་པ་ཉིད་དུ་མི་འགྱུར་རོ། །ཞེས་དང་། མ་རུང་བར་འགྱུར་བའི་རྒྱུ་བྱུང་ན་རང་གིས་བྲུབ་པར་བྱའོ། །ཞེས་པའི་མདོ་ཚིག་གཉིས་ཀྱིས་འབྲས་སོགས་བཟའ་བའི་སྐོར་དང་། བུམ་ཁུ་སོགས་བཏུང་བའི་སྐོར་གྱི་ཟས་གང་ཞིག་ཡིན་ན་ཡང་ཆུད་ཟ་བའམ་འཕྲོ་བརླག་ཏུ་བཟོ་བར་མི་བྱ་བར་བསྟན་ཏེ། སྤྱིར་དགེ་སློང་གིས་ཟས་ལ་ལག་ཉར་དང་། རྗེན་བཙོས། མཚམས་བཙོས། ཞག་ལོན་སོགས་བྱེད་མི་རུང་ཡང་། ཟས་འཕྲོ་བརླག་ཏུ་འགྲོ་བའི་ཉེན་ཁའམ་རྐྱེན་གཞན་ཡོད་ན་དེ་དག་བྱས་པ་ལ་གནང་བའི་ཉེས་མེད་དུ་བསྟན་པས། བཅས་རྐྱང་གི་བསླབ་པའི་གཞི་ལས་ཀྱང་ཟས་ཆུད་མི་ཟ་བ་གལ་ཆེན་བྱས་པ་ཡིན་ནོ། ། 

 

ཟས་ལ་ཧ་ཅང་སྲེད་པ་མི་ཆེ་བ། ཟས་དང་ཟས་ལ་རོལ་བའི་སྐབས་ཀྱི་ཐོག་མཐར་བར་གསུམ་དུ་སྲེད་པ་ཆེན་པོས་སྒོ་ནས་འཇུག་པ་མི་བྱ་བ་དང་། ལྷག་པར་ཁྱིམ་གཞན་ནས་ཟས་ཟ་བ་དང་རོགས་པ་དང་ལྷན་དུ་ཟས་ལ་རོལ་སྐབས། སྲེད་པ་ཆེན་པོས་འཇུག་མི་རུང་བ་སྟེ། དེའི་རྒྱུ་མཚན་ནི། ཟ་རོགས་སམ་མི་གཞན་རྣམས་མི་དགའ་བར་འགྱུར་བ་དང་། རང་ཉིད་ལ་ཁྲེལ་ཡོང་བའི་ཕྱིར། སྤངས་བ་ཟ་བའི་ལྟུང་བྱེད་དང་། ཡང་ཡང་ཟ་བའི་ལྟུང་བྱེད། གསོག་འཇོག་ཟ་བའི་ལྟུང་བྱེད་སོགས་འདུལ་བའི་བསླབ་པའི་གཞི་འགའ་ཞིག་ནི། དགེ་སློང་འགས་སྲེད་པ་ཆེན་པོ་སྒོ་ནས་ཟས་ཟོས་ཏེ། རོགས་པའམ་གཞན་རྣམས་མི་དགའ་བའི་རྐྱེན་དུ་གྱུར་བས། སྟོན་པས་ཀྱང་གཟབ་ནན་གྱིས་ཟས་ལ་སྲེད་པ་ཧ་ཅང་སྤང་བའི་ཐབས་སུ་ཁྲིམས་དུ་མ་ཞིག་བཞག་པ་ཡིན་ནོ། །

 

ཟས་དང་ཟས་སྣོད་ལ་གུས་ཞུ། བཟའ་བ་དང་བཅའ་བའི་རིགས་ཀྱི་ཁ་ཟས་ཀྱི་སྟེང་དུ་ཕོར་བ་སོགས་དངོས་པོ་གཞན་གཞག་པར་མི་བྱ་བ་དང་དེ་དག་ཐོག་ནས་ཕར་བགོམ་པ་མི་བྱ་བར་བསླབ་དགོས། ཟས་བཟང་ངན་ཅི་འདྲ་ཡིན་ཡང་། མི་ཞིམ་པ་དང་བཙོག་གོ་སོགས་ཀྱིས་སྨད་པའི་སྒོ་ནས་སྐྱོན་གྱི་རིགས་སྨྲ་བར་མི་བྱ་སྟེ། གཅིག་ན་ཁ་ཟས་འབགས་པ་དང་། ཡང་ན་ཟས་ལ་མ་གུས་པ་འགྱུར་བའི་ཕྱིར། དེ་བཞིན་ཟས་སྣོད་དང་ཕོར་བ་ལ་བརྙས་ཐབས་ཀྱིས་སྐྱོན་གྱི་རིགས་བརྗོད་པའི་སྒོ་ནས་མ་གུས་པར་མི་བྱའོ། །དེ་དག་ནི་ཆོས་འདུལ་བ་ལས་ཀྱང་། སྟེང་དུ་བཟུང་བར་མི་བྱའོ། །འཕྱས་མི་གདགས་སོ། །དགེ་སློང་གིས་ལྷུང་བཟེད་ལ་འཕྱས་གདགས་པའི་ཕྱིར་མི་བལྟའོ། །ཞེས་པ་སོགས་ཀྱིས་བསྟན་ཡོད་དོ། །

 

ཟས་ཟོས་པའི་སྔ་རྗེས་སུ་ཕོར་བ་བཀྲུ་བ། ཟས་ལ་མ་རོལ་པའི་སྔོན་དུ་དང་ཟས་ཟོས་ཚར་རྗེས་གང་དུ་ཡིན་ནའང་འདྲ། བཟའ་བཏུང་གི་སྣོད་དམ་ཟས་ཕོར་ངེས་པར་དུ་བཀྲུ་དགོས་པར་ཡིན་ནོ། །དེ་ཡང་ལྷུང་བཟེད་ནི་བསམ་པ་ཐག་པས་ལན་གཉིས་ལན་གསུམ་བཀྲུ་བཤལ་བྱས་ན་སྒྲ་མི་སྙན་ཡང་དག་པ་ཡིན་ནོ། །ལངས་པ་བསལ་བ་ཉིད་དོ། །འབགས་པའི་ཕྱོགས་དེ་ཉི་ཚེ་བཀྲུ་བར་བྱ་བ་ཉིད་དོ། །ཞེས་པའི་མདོ་ཚིག་རྣམས་ཀྱིས་རྡུལ་དང་ཟས་ཀྱིས་འབགས་པའི་ལྷུང་བཟེད་དམ་ཕོར་བ་ནི་ངེས་པར་བཀྲུ་དགོས་པ་བསྟན་ཞིང་། མ་བཀྲུས་པར་འབགས་པ་ལ་ལོངས་སྤྱོད་ན། ཟས་མི་གཙང་བ་ཟོས་པའི་ཉེས་པ་དང་། གཙང་སྒྲ་མེད་པ་སོགས་ཀྱི་ཁ་ཟེར་བ་འབྱུང་བས་དེ་བཀྲུ་བའི་ཐབས་སུ་ཡང་སངས་རྒྱས་ཀྱིས་རྣམ་གྲངས་དུ་མ་ཞིག་གསུངས་ཡོད་དོ། །

 

ཁ་ལག་ཁྲུས་བཟོ་བ། དེ་ཡང་ནི། ཁ་དྲི་མ་ཅན་གྱིས་བཟའ་བ་དང་བཏུང་བ་དག་ཀྱང་ངོ་། །དེའི་ཕྱི་རོལ་ནི་ལྕི་བའམ་སས་ཀུན་ནས་དྲུད་དེ་ཆུས་བཤལ་ན་དག་པ་ཡིན་ནོ། །ནང་ན་ཆུ་མཁུར་དོའམ་གསུམ་གྱིས་བཤལ་ནའོ། །ལག་པ་ཟས་དང་འབགས་པས་ཆུ་སྣོད་ལ་མི་གཟུང་ངོ་། །དེ་ལག་པ་དང་གོས་རུང་བ་མ་ཡིན་པ་དག་གིས་བྲིམ་པར་མི་བྱའོ། །ཞེས་པའི་མདོ་ཚིག་བཞི་པོས། ཟ་མ་ཟོས་པའི་སྔོན་དང་ཟ་བའི་རྗེས་སུ། ཁ་ཡི་ཕྱི་རོལ་ནི་འདག་བྱེད་ཀྱི་རིགས་ཀྱིས་བཀྲུ་དགོས་པ་དང་། ཁ་ཡི་ནང་ནི་ཆུ་ཁམ་དོའམ་ལན་གསུམ་གྱི་བར་དུ་ཆུས་བཤལ་ནས་རྡུལ་དང་འབགས་གཙོག་གི་དྲི་མ་དག་པ་བཟོ་དགོས་པ་བཤད་ཅིང་། ལག་པ་དྲི་མ་ཅན་གྱིས་ཀྱང་ཟས་གཞན་ལ་མི་སྟེར་བ་དང་། རང་གིས་བཟའ་མི་རུང་བའོ། །

 

སྒྲ་ཆེན་པོ་མི་སྨྲ་བ། ཟས་ལ་རོལ་བའི་སྐབས་དང་ལྷག་པར་མི་གཞན་དང་ཟས་ལ་རོལ་སྐབས་རབ་ན་ཅང་མི་སྨྲ་བ་དང་། ཡང་ན་སྒྲ་ཆེན་པོའི་སྒོ་ནས་སྐད་ཅ་མི་བཤད་པར་རོ། །གལ་ཏེ་དེ་འདྲ་བྱས་པ་ཡིན་ན། ཤ་སྐམ་སོགས་སྔུན་གྱི་བཟའ་བྱའི་ཟས་ལ་ཁ་མཆུ་འཐོར་ནས་མི་རུང་བ་བྱེད་པ་དང་། རོགས་པ་གཞན་གྱི་ལྷིང་འཇགས་དཀྲོག་ནས་སུན་པོ་བཟོ་བ་ལ་དགོངས་ནས། འདུལ་བའི་མདོ་ལས་ཀྱང་། ཁ་ཁམ་གྱིས་བཀང་དེ་སྨྲ་བ་མི་བྱའོ། །དེ་དག་གནས་པ་དག་གིས་ཅང་མི་སྨྲ་བས་སོ་སོར་བརྟག་པར་བྱའོ། །ཞེས་གསུངས་ཡོད། 

 

ཟས་ལྷག་པོ་མི་ལེན་པ། རང་གི་ཁྱིམ་ནས་ཟ་མ་བཟོ་བ་དང་། ཕྱི་རོལ་ནས་ཟ་མ་བཞེས་པ་ཡིན་ན་འདྲ། གྲོགས་པོ་དང་མཉམ་དུ་ཟ་མ་ལ་རོལ་སྐབས་དག་ཏུ། རང་དང་ཟ་རོགས་གཞན་པའི་ལྟོ་འགྲངས་བ་ལས་ཟས་ལྷག་པོ་མི་རྒྱག་པ་དང་། ལྷག་པོ་བཙོས་པ་སོགས་བྱེད་མི་རུང་། དཔེར་ན་། རང་འདེམས་ཚོད་མ་ལྟ་བུའི་ཟས་ལ་རོལ་དུས་ཚོད་མེད་བྱས་ཏེ་ལྷག་པོ་བླངས་བ་མི་བྱ་བའོ། །འདུལ་བའི་མདོ་ལས་ཀྱང་། ཅི་ཙམ་གྱིས་ཆོག་པར་བཟའ་བར་བྱའོ། །དགེ་སློང་དེ་དག་གིས་ལྷུང་བཟེད་གང་བ་གཉིས་སམ། གསུམ་བླང་བར་བྱའོ། །དེ་ལས་ལྷག་པར་ལེན་ན་ལྟུང་བྱེད་དོ། །ཞེས་གདམས་པ་བཞིན། གཞན་གྱི་མིག་ལ་མི་མཛའ་བ་དང་། སྦྱིན་བདག་གི་ལོངས་སྤྱོད་ལ་གནོད་པ་དང་། རང་གིས་ཚོད་མི་ཤེས་པ་དང་ཟས་ལ་འདོད་པ་འཕེལ་བ་སོགས་ཟས་རོལ་གུས་སྲོལ་དང་མི་མཐུན་པ་དུ་མ་ཡོང་ངོ་། །

 

ཟས་ལྷག་ཆུད་མི་ཟ་བ། ཐོག་མ་ཉིད་ནས་ལྟོ་འགྲངས་བ་ལས་ལྷག་པོ་ཡོང་བའི་ཟས་མི་ལེན་པ་ནི་རབ་ཏེ། གལ་ཏེ་ཚོད་མ་ཤེས་པར་ལྟོ་འགྲངས་བ་ལས་ཟས་ལྷག་པོ་བྱུང་ན། ལྷག་མའི་ཟས་དེ་དག་གད་སྙིགས་སྒམ་དུ་གཡུག་པ་སོགས་རང་གཞན་གྱི་ལྟོ་བ་ལ་མི་ཕན་པའི་ཆུད་ཟ་བ་མི་བྱེད་པ། ལྟོ་བ་བཀྲེས་པའི་མིའམ། སེམས་ཅན་ཁྱི་སོགས་ཡན་ཆད་ལ་སྦྱིན་པའམ། རང་གི་ཁྱིམ་དུ་ཁུར་ཡོང་ནས་ཟས་ཐུན་རྗེས་མའི་ཁ་སྣོན་དུ་བཞག་དགོས་པའོ། །སྟོན་པ་སངས་རྒྱས་ཀྱིས་ཀྱང་། བླངས་བ་བྱ་བ་གལ་ཏེ་མང་བ་ཉིད་ཡིན་ན་དགེ་སློང་དག་ལ་བགོ་བཤའ་བྱའོ། །ལྷུང་བཟེད་ཀྱི་ནང་དུ་ཟས་ཀྱི་ལྷ་མ་བླུགས་ཏེ་མི་དོར་བར་བྱའོ། །ཞེས་པའི་བཀའ་སློབ་དག་གིས་བརྗོད་བྱ་བྱས་པ་ཡིན་ནོ། །

 

མ་སྟོབས་པའི་ཟས་མི་ཟ་བ། ཕྱི་རོལ་གྱི་ཟ་ཁང་དང་རང་ཁྱིམ་གྱི་ཟས་རོལ་ཚོམས་སུ། རང་གཅིག་པུས་ཟ་བའམ་མང་པོ་དང་ལྷན་དུ་ཟས་རོལ་ལ་ཞུགས་སྐབས་རང་གཞན་ལ་ཟ་མ་སྟེར་མཁན་ཞབས་ཞུ་བ་གཞན་ཡོད་ན། རང་གིས་ལག་བརྒྱུད་དེ་ཟ་མ་མི་ལེན་པའོ། །ཕྱོགས་དང་ཕྱོགས་རྣསས་སུ་རྒྱུ་བའི་དུས་སུ་ལམ་དུ་མངོན་པའི་ཤིང་འབྲས་ཚ་ལུ་མ་སོགས་གཞན་གྱིས་མ་ཕུལ་པ་ཟ་མི་རུང་བའོ། །ཚུལ་འདི་ནི་ཟས་རོལ་ལུགས་སྲོལ་དང་མི་མཐུན་པར་མ་ཟད་མ་བྱིན་པ་ལེན་པའམ་རྐུ་བའི་རྒྱུ་འགྱུར་བའི་སྟོན་པ་སངས་རྒྱས་ཀྱིས་ཀྱང་བྱིན་ལེན་མ་བྱས་པ་ཟ་ན་ལྟུང་བྱེད་དོ་ཞེས་པའི་ཟས་རོལ་བསླབ་བྱའི་དགོངས་དོན་ཡང་ཡིན་ནོ། །

 

ཟ་མ་བཟང་ངན་མི་གདམ་པ། ནམ་རྒྱུན་ཁྱིམ་མི་དང་སློབ་གྲྭ། བཤད་གྲྭ། ལས་ཞུགས་ཀྱི་མི་སྣའི་སྡེ་ཁག་ནས། མི་གཉིས་ཡན་ཆད་སོགས་མི་མང་པོ་དང་མཉམ་དུ་ཟ་མ་རོལ་བཞིན་ཡོད། ཟ་མ་ཀྱང་ཞིམ་བཙོག་མང་པོ་ཟས་ཅོག་ཏུ་བཤམ་པའི་དུས་ལྟ་བུ་ལ། རང་དག་གིས་ཟ་མ་ཞིམ་པོའམ་བཟང་པོ་རྐྱང་རྐྱང་གདམ་པ་ནི་ཤིན་ཏུ་མི་མཛེས་པ་དང་བྱེད་མི་རུང་བ་སྟེ། སྙོམས་པར་ཟ་རྒྱུ་ནི་ཡ་རབ་ཀྱི་སྤྱོད་པའོ། །དེ་ཡང་། འདུལ་བའི་མདོ་ལས། སྙོམས་པར་འབྲིམ་པར་བྱེད་པ་མོས་པར་བྱའོ། །བྲིམ་པར་བྱ་བ་གཅེས་པ་དང་བར་མ་དང་ཐ་མ་དག་སོ་སོར་བྱའོ། ། ཨ་མྲ་ཞིམ་པོ་རྣམས་ལོག་ཤིག་ཏུ་བསལ་ཏེ་བྲིམ་པར་བྱའོ། །ཞེས་གསུངས་པ་བཞིན་ཟ་མ་བགོ་བ་དང་ཟ་མ་བཟའ་བའི་སྐབས་ཀྱི་བཟང་ངན་མི་གདམ་པ་ཟས་ལ་འཇུག་དགོས་སོ།།

 

ཟས་ལ་ལེགས་པར་བྱ་བ་དྲུག རྒྱུན་དུ་ཟས་ལ་རོལ་བའི་དུས་རྣམས་སུ། སྤྱོད་ལམ་འཆལ་པོ་མི་བྱེད་པར་ཡུལ་དུས་ཀྱི་ཟས་རོལ་གུས་སྲོལ་དང་མཐུན་པ་ལེགས་པར་བཟའ་བ་ལ་འབད་དགོས། དེ་ཡང་བྱིས་པ་ཆུང་ཆུང་གིས་ཟ་ཚུལ་ལྟུ་བུ་ཁམ་ཧ་ཅང་ཆུང་པ་དང་། མུ་ཏོ་བས་ཟ་ལུགས་ལྟ་བུ་ཧ་ཅང་ཆེར་མི་ཤོར་བ་རང་དང་མཐུན་པ་འཇིག་རྟེན་དང་མཐུན་པའི་ཁམ་རན་པ་བཟའ་དགོས། ཟ་མ་ཁ་ཡི་སྒོ་རུ་ཉེར་བར་མ་འོངས་པའི་སྔོན་དུ་ཁ་གདང་མི་རུང་བ་དང་། ཁ་ཟས་ཀྱིས་བཀང་སྟེ་སྐད་ཅ་མི་སྨྲ་བ་བཅས་བཟའ་ལུགས་ཡང་དག་པར་ལ་བརྩོན་དགོས་པའོ། །དེ་དག་ནི་ཆོས་འདུལ་འདུལ་བ་ལས་ཀྱང་། ལེགས་པར་ཟས་བཟའ་བར་བྱའོ། །ཁམ་ཧ་ཅང་ཆུང་བ་མ་ཡིན་པར་རོ། །ཁམ་ཧ་ཅང་ཆེན་པོ་མ་ཡིན་པར་རོ། །ཁམ་རན་པར་རོ། །ཁམ་མ་གཟས་པར་ཁ་མི་གདང་ངོ་། །ཁ་ཟས་ཀྱིས་བཀང་སྟེ་མི་སྨྲའོ། །ཞེས་གསུངས་ཡོད། 

 

སྤང་དགོས་པ་ལྔ། ཟས་ལ་རོལ་བའི་དུས་རྣམས་སུ། ཟས་ཀྱི་མངའ་སྐྱུར་དང་ཚ་གྲང་ཅི་ལྟར་ཡོད་ཀྱང་ཁུམ་སིལ་མེར་དྲན་ཤེས་བརྟན་པོས་དེ་དང་དེའི་དྲོ་བར་མྱོང་བ་ལས། ཚོད་མ་སོགས་མངའ་བ་ལ་སྐྱུར་བ་སྟོན་པའམ་སྐྱུར་བ་ལ་སྐྱུར་བ་ཉིད་དུ་སྟོན་པའི་ཙུག་ཙུག་ཟེར་བ་མི་བྱ། དེ་བཞིན་དུ་མངའ་བ་ལ་ཅག་ཅག་དང་། གྲང་བ་ལ་ཧུ་ཧུ། ཚ་བ་ལ་ཕུ་ཕུ་སོགས་ཟེར་ཞིང་བཟའ་བར་མི་བྱའོ། །ལྕེ་ཕྱིར་ཕྱུང་སྟེ་བཟའ་བར་མི་བྱ། དེ་ཡང་། ཙུག་ཙུག་མི་བྱའོ། །ཅག་ཅག་མི་བྱའོ། །ཧུ་ཧུ་མི་བྱའོ། །ཕུ་ཕུ་མི་བྱའོ། །ལྕེ་ཕྱུང་སྟེ་ཟས་མི་བཟའ་འོ། །ཞེས་པའི་མདོ་ཚིག་ལྔས་ཟས་རོལ་སྐབས་སུ་སྤང་དགོས་པ་ལྔ་བསྟན་ནོ། །

 

མི་བྱ་བ་དགུ། ཡང་ཟས་ལ་རོལ་བའི་སྐབས་སུ་མི་མཛེས་པ་དང་གཞན་གྱིས་འཕྱ་བའི་རྒྱུར་འགྲོ་བའི་བྱ་མི་རུང་བ་དགུ་ཡོད་དེ། འབྲས་ཆན་ལ་སོགས་པའི་འབྲུ་རེ་རེ་ནས་བཏུ་ཞིང་བཟའ་བར་མི་བྱ། ཟས་ཟ་བ་ན་མཁུར་བ་ནས་མཁུར་བ་ཁམ་སྤོ་ཞིང་ཟ་བར་མི་བྱ། ལྕེས་རྐན་སྒྲ་བཏོན་ནས་བཟའ་བར་མི་བྱ། དུད་འགྲོ་ལྟར་སོ་ཡིས་ཁམ་གྱི་འཕྲོར་བཅད་ཅིང་བཟའ་བར་མི་བྱ། ཟས་ཀྱིས་འབགས་པའི་ལག་པ་བལྡག་པར་མི་བྱ། ཕོར་བ་ལ་ཟས་འབྱར་བ་བལྡག་པར་མི་བྱ། ལག་པ་ལ་ཟས་ཆགས་པ་ལྕེ་སྟེང་དང་ཟས་སོགས་ཀྱི་སྟེང་དུ་སྤྲུག་པར་མི་བྱ། ཕོར་བ་རུ་ཟས་བླུགས་ནས་གཡུག་པར་མི་བྱ། ཟས་ཀྱིས་ཀྱིས་སེམས་ཅན་སོགས་ཀྱི་དབྱིབས་བཟོ་ནས་བཟའ་བར་མི་བྱའོ། །དེ་ཡང་ཆོས་འདུལ་བ་ལས། འབྲུ་ནས་ཐ་དད་དུ་མི་བྱའོ། །མཁུར་བ་མི་སྤོའོ། །རྐན་མི་གཏོག་གོ། །ཁམ་འཕྲོར་མི་གཅད་དོ། །ལག་པ་མི་ལྡག་གོ། །ལྷུང་བཟེད་མི་འབྱོག་གོ། །ལག་པ་མི་སྤྲུག་གོ། །ལྷུང་བཟེད་མི་བསྐྱམ་མོ། །མཆོད་རྟེན་འདྲ་བར་བྱས་ཏེ་མི་གཞོམ་མོ། །ཞེས་གསུངས་སོ།།

 

ཟས་ཚུལ་བཞིན་བླང་བ་དྲུག ཡུལ་དུས་ཀྱི་ཟས་རོལ་གུས་སྲོལ་དང་མཐུན་པར་ཟས་ལེགས་པར་བླང་དགོས། ཕོར་བ་ཅུང་ཞིག་མ་གང་བར་བྱས་ཏེ་བླང་བ་ལས་ཁ་དང་མཉམ་པའམ་དེ་ལས་ལྷག་པ་བླང་པར་མི་བྱ། ཚོད་མ་དང་བཟའ་བ་མང་ཉུང་མཉམ་པ་མ་ཡིན་པ་ཚོད་མ་ཉུང་བར་བླང་དགོས། སྔར་ལེན་མི་བྱེད་པར་གོ་རིམ་བཞིན་བླང་དགོས། ཡིད་གཞན་དུ་མི་གཡེང་བར་ཟས་ལེན་པ་ལ་སེམས་གཏོད་དགོས། ཟས་ཀྱི་སྔུན་ལ་མ་ཐོན་པར་ཕོར་བ་བཟེད་པར་མི་བྱ། ཡང་སྐྱར་ཐོབ་པའི་ཕྱིར་ཟས་ཀྱིས་ཚོད་མ་དགབ་པ་དང་ཚོད་མས་ཟས་དགབ་པའི་གཡོ་ཟོལ་མི་བྱ་བཅས་ཀྱི་ཟས་ཚུལ་བཞིན་བླང་པར་འབད་པར་བྱ་ནི་སྟོན་པ་སངས་རྒྱས་ཀྱི་དགོངས་དོན་ཏེ། དེ་ཡང་། ཐམས་ཅད་དུ་ལེགས་པར་ཟས་བླངས་པར་བྱའོ། །མུ་དང་ཁ་ཆད་དུ་མ་ཡིན་པར་རོ། །མཉམ་པ་མ་ཡིན་པར་རོ། །མཐར་ཆགས་སུའོ། །ལྷུང་བཟེད་ལ་ལྟ་ཞིང་ངོ་། །བཟའ་བ་དང་བཅའ་བ་མ་འོངས་པར་ལྷུང་བཟེད་མི་བཟེད་པར་རོ། །ཡང་འདོད་པའི་ཕྱིར་འབྲས་ཆན་གྱིས་ཚོད་མ་མི་དགབ་ཚོད་མས་འབྲས་ཆན་མི་དགབ་པར་རོ། །ཞེས་ཆོས་འདུལ་བས་བྱུང་ངོ་། །

 

བཟའ་མི་རུང་བ་གཉིས། དེ་ཡང་ཐབས་མཁས་པ་ཆེན་པོ་སྟོན་པ་སངས་རྒྱས་ཀྱིས་གཏན་ནས་བཟའ་མི་རུང་བ་གཉིས་ཀྱང་གསུངས་ཏེ། དེ་ནི་སྲོག་ཆགས་དང་བཅས་པའི་ཟས་དང་། མ་བྱིན་པའི་ཟས་གཉིས་སོ། །དེས་ནི་སེམས་ཅན་གཞན་གྱི་ཚེ་སྲོག་འཕོངས་བར་འགྱུར་བ་དང་། ལོངས་སྤྱོད་ཆུད་ཟ་བ་འགྱུར་བ་མ་ཟད། རང་རྒྱུད་ལ་ཆེས་རིན་ཐང་བྲལ་བའི་བྱམས་བརྩེ་ལྟ་བ་སོགས་མེད་པར་འགྱུར་ཞིང་། སེམས་ཅན་གཞན་གྱི་ཁེ་དབང་ལ་རྡོག་རྫིས་བྱེད་པའི་མི་ནག་པོ་དང་། འཇིག་རྟེན་ན་ཆམ་རྐུན་པའི་གྲལ་དུ་ཚུད་ནས་སུ་ཡང་ཡིད་རྟོན་མེད་པར་འགྱུར་བ་སོགས་ཀྱི་ཉེས་པ་བསམ་གྱིས་མི་ཁྱབ་པས། སྟོན་པ་སངས་རྒྱས་ཀྱིས་ཟས་དང་འབྲེལ་བའི་སྲོག་ཆགས་དང་བཅས་པ་ལ་ལོངས་སྤྱོད་མི་རུང་བའི་བསླབ་བྱ་དང་མ་བྱིན་པ་ལེན་མི་རུང་བའི་བརྩེ་བའི་བསླབ་བྱའི་དགོངས་དོན་ཡང་དེ་ཡིན་ནོ། །

 

ཟས་རོལ་གྱི་གུས་སྲོལ་གཞན་གསུམ། བཏུང་བ་དག་ནི་ཕོར་བ་གཅིག་བརྒྱུད་དེ་མི་མང་པོ་དང་ལྷན་དུ་འཐུང་ཆོག་ཀྱང་། ཕོར་བ་གཅིག་ཏུ་བཟའ་བཅའ་ཡི་རིགས་མི་མང་པོ་དང་ལག་བརྒྱུད་དེ་མི་བཟའ་བར་བྱའོ། །དེ་བཞིན་གྲོགས་པོའམ་རོགས་པ་གཞན་གྱིས་ཅི་བདེར་ཟོས་ཟེས་ནས་ཟས་ཚོད་མེད་ཕུལ་ཀྱང་། ཚོད་རིག་པར་བྱས་ཏེ་བཟའ་བར་བྱ་དགོས་པ་ལས། ཚོད་མེད་པར་མི་བྱའོ། །གྲོགས་གཞན་གྱིས་མགྲོན་དུ་མ་བོས་པར་མགྲོན་དུ་ཞུགས་ནས་ཟས་མི་བཟའ་བར་བྱའོ། ། དེ་དག་གིས་ནི། བཙང་གྲ་མེད་པ་བྱེད་པ་དང་། མི་མཛེས་པ་བྱེད་པ་དང་། གྲོགས་ཀྱི་འཚོ་བ་ལ་གནོད་པ་སོགས་བྱེད་ཀྱིན་ཡོད་པས་ཆོས་འདུལ་བ་ལས་ཀྱང་། ཧ་ཅང་བླང་བར་མི་བྱའོ། །སྣོད་བརྒྱུད་པས་ཟས་ཀྱི་བྱ་བ་མི་བྱའོ། །གལ་ཏེ་དེའི་ཚིག་གིས་སམ་ཉེ་དུས་མགྲོན་དུ་མ་བོས་པ་མ་ཡིན་ནའོ། །ཞེས་གསུངས་ཡོད་དོ། ཞེས་པ་འདི་ནི་ཞེ་ཆེན་བཎྡེ་ཆོས་དབྱངས་ཚེ་རིང་གིས་འདུལ་བའི་མདོ་བཀླགས་པའི་ཞོར་དུ་རང་གནས་བསྟན་གཉིས་དར་རྒྱས་གླིང་ནས་ཡེ་ལོ་གཉིས་ཐིག་བཅོ་བརྒྱད་པའི་ཟླ་དགུ་བའི་སྟོད་དུ་བྲིས་པ་དགེ་ལེགས་འཕེལ།། །།
                            རྩོམ་སྒྲིག་པ། མྱི་གསར་བ།