ལུང་རིག་གཡུལ་འགྱེད།

    འཇོ་མདའ་དྲང་འགྲོས་བརྩམས།

 
རང་དོན་རྗེས་དཔག་གི་དཀའ་བའི་གནད་འགའ་ཞིག་ལ་དཔྱོད་པ་ལུང་རིག་གཡུལ་འགྱེད།  
 
   

                                 འཇོ་མདའ་དྲང་འགྲོ།



མུ་མཐའ་མེད་པའི་ཐུག་ནི་ཐོགས་རེག་བྲལ༎
ལུང་རིག་ཉི་ཟླའི་དཀྱིལ་འཁོར་གདུགས་ལྟར་གཡོ༎
ཉམས་དང་རྟོགས་པའི་སྤྲིན་གྱི་རྒྱ་མཚོ་འཕྱུར༎
དེ་ལས་མེ་ཏོག་ཆར་བབས་མི་ཡུལ་མཛེས༎

བོད་ཀྱི་ཚད་མ་སྨྲ་བ་ཀུན་གྱི་དབུས་ན་གདུགས་ལྟར་མཛེས་ཤིང་།  ཏོག་ལྟར་མཐོ་བའི་འཇམ་དབྱངས་མི་ཡི་ཟློས་གར། ལུང་རིག་འཕྲུལ་འཁོར་གྱི་བདག་པོ། མཁྱེན་བརྩེ་ནུས་གསུམ་གྱི་མངའ་བདག གངས་ལྗོངས་མཁས་པའི་གཙུག་རྒྱན།  བཅུ་ཕྲག་རིག་པའི་སྲོལ་འབྱེད་པ།  ས་ལོ་འཇམ་དཔལ་རྡོ་རྗེས་མཛད་པའི་བསྟན་བཅོས། ཚིག་སྙན་ཞིང་དོན་ཟབ་པ། ཁ་གསལ་ཞིང་གོ་སླ་བ།   རིག་པའི་དབང་ཕྱུག་རྣམ་གཉིས་ཀྱི་གཞུང་དང་མཐུན་པ། དོན་བརྒྱ་ཚིག་གཅིག་གིས་དཀྲོལ་བ། སྡེ་བདུན་གྱི་གནད་མ་ལུས་པ་གཅིག་ཏུ་འདུས་པའི་བང་མཛོད།   ལེགས་པ་བརྒྱ་འཛོམས་དང་བཟང་པོ་སྟོང་འཛོམས་གྱུར་བའི་བསྟན་བཅོས་ཆེན་པོ་ཚད་མ་རིགས་པའི་གཏེར་ལ། གསེར་ནག་གི་རི་བོ་དང་མུན་སེལ་གྱི་ཉི་ཟླ་ལྟ་བུའི་ཕྱོགས་དང་རིས་སུ་མ་ཆོད་པའི་མཁས་དབང་རྣམས་ཀྱིས་མཛད་པའི་འགྲེལ་བཤད་མང་ན་ཡང་། སྟོང་གི་ནང་ནས་གདམས། བརྒྱ་ཡི་བར་ནས་སེས་ཏེ། ཆོས་རྗེ་ས་པཎ་གྱི་ལེགས་བཤད་གསེར་གྱི་ཉི་མའི་འོད་ཟེར་གྱིས། བློ་ཡི་པདྨོ་ཡོངས་སུ་གྲོལ་བའི་རྒྱལ་བས་ལུང་གིས་ཟིན་པའི་སྐྱེས་བུ་ཆེན་པོ། མཁས་བཙུན་བཟང་གསུམ་དང་འཆད་རྩོད་རྩོམ་གསུམ་གྱི་ཁྲི་ལ་དབང་སྒྱུར་བའི་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་གོ་བོ་རབས་འབྱམས་པ་བསོད་ནམ་སེང་གེས་མཛད་པའི་རིགས་གཏེར་གྱི་དཀའ་འགྲེལ་ཆེ་ཆུང་གཉིས་ལས་ཆུང་བའི་ལུགས་ཀྱི་རང་དོན་རྗེས་དཔག་ལ་ཅུང་ཙམ་དཔྱོད་ན།

 

དེང་རབས་རྟོག་གེ་པ་འགའ་རེས།  གདུང་འདེགས་དོན་བྱེད་ནུས་པ་ཆོས་ཅན། ཀ་བའི་མཚན་ཉིད་ཡིན་ཏེ། ཀ་བའི་དངོས་འགལ་གཅོད་ཅིང་དོན་ལྡོག་གྲུབ་པ་ཡིན་པའི་ཕྱིར། ཞེས་པ་འདི་མཚོན་སྦྱོར་ཡང་དག་ཙམ་ལས་རྟགས་ཡང་དག་མ་ཡིན་ཏེ། དེ་ལ་མཐུན་ཕྱོགས་མེད་པའི་ཕྱིར་སྙམ་མོད། ཡིན་ཡང་དེ་ལ་མཐུན་ཕྱོགས་ཡོད་དེ། ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་དོན་བྱེད་ནུས་པ་དེ་ཡིན་པའི་ཕྱིར། དེ་ཉིད་མཐུན་ཕྱོགས་སུ་འགྲོ་ཚུལ་ནི། དེ་སྐོར་གྱི་བསྒྲུབ་བྱའི་ཆོས་ལ་ཀ་བའི་མཚན་ཉིད་བཞག  དེ་ལ་མིང་གི་ཁྱད་པར་དུ་བྱེད་པའི་དེ་ཡི་སྤྱི་ལ་མཚན་ཉིད་འཇོག་གདུང་འདེགས་དོན་བྱེད་ནུས་པ་དང་། ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་གཉིས་དོན་བྱེད་ནུས་པ་གཉིས། དེ་ཡིན་པ་ལ་དོན་མཐུན་པས་ན་མཐུན་ཕྱོགས་སུ་བཞག་གོ  དེ་ནི་རང་གི་རྣམ་རྟོག་ངན་པས་རང་བཟོས་བྱས་པ་མ་ཡིན་པར། ཚད་མ་རང་ལ་མཁས་པ་སློབ་དཔོན་ཕྱོགས་གླང་སོགས་ཀྱི་དགོངས་པ་ཡིན་ཏེ།  རིགས་ཐིགས་ལས། མཐུན་པའི་ཕྱོགས་ནི་བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱི་དང་དོན་མཐུན་པའོ་ཞེས་དང་།  རིག་སྒོ་ལས་ཀྱང་བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱི་དང་དོན་མཐུན་པ་ལ་མཐུན་ཕྱོགས་ཡིན་པར་བརྗོད་དོ་ཞེས་དང་།  ཆོས་མཆོག་གིས་འཐད་ལྡན་ཆུང་བ་ལས།  སྤྱི་ཞེས་སྨོས་པ་ནི་བྱེ་བྲག་བཀར་བའི་དོན་ཏེ། བསྒྲུབ་པར་བྱ་བའི་སྤྱི་ཡིན་པས་ན་སྤྱི། དེ་དང་མཐུན་པ་ནི་མཐུན་ཕྱོགས་སོ་ཞེས་གསུང་བའི་ཕྱིར། ཀུན་མཁྱེན་གོ་རམས་པས། མཐུན་ཕྱོགས་ཀྱི་མཚན་ཉིད་ཟུར་དུ་བསྒྲུབ་བྱའི་ཆོས་ཀྱི་སྤྱིས་དོན་མཐུན་པར་བཟུང་དུ་རུང་བ་གསུངས་པ་རྣམས་གནད་ཅིག་གོ  ད་ནས་དྲང་པོའི་སྤྱན་གྱིས་གཟིགས་ལ། གཟུ་བོའི་བློ་ཡིས་དཔྱོད་རོགས་ཞུ། ཁ་གསལ་གཏིང་གསལ་གྱི་གཞུང་འདི་དག་ལ། ཡར་བཅད་མར་མཐུད་ཀྱི་འགྲེལ་བཤད་ཉབ་ཉོབ་མ་གནང་བར། ལུང་རིག་གི་རྩེད་འཇོ་ངོམས་ཤིག  དེ་ལ་ཡང་ཁ་ཅིག་གིས་བསྒྲུབ་བྱའི་ཆོས་ལྡན་ཡིན་ན་བསྒྲུབ་བྱའི་ཆོས་དེ་ཡིན་དགོས་པ་གཞི་ལ་བཞག་ནས། ཀ་བའི་དངོས་འགལ་གཅོད་ཅིང་དོན་ལྡོག་གྲུབ་པའི་རྟགས་ཀྱིས་གདུང་འདེགས་དོན་བྱེད་ནུས་པ་ཀ་བའི་མཚན་ཉིད་དུ་བསྒྲུབ་པའི་ཚེ།   ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་དོན་བྱེད་ནུས་པ་བསྒྲུབ་བྱའི་ཆོས་ལྡན་མིན་པས་མཐུན་ཕྱོགས་མིན་ནོ་ཟེར། ཡིན་ཡང་བསྒྲུབ་བྱའི་ཆོས་ལྡན་ཡིན་ན་བསྒྲུབ་བྱའི་ཆོས་དེ་ཡིན་མི་དགོས་པས་སྐྱོན་མེད།  འོ་ན་བསྒྲུབ་བྱའི་ཆོས་ལྡན་ཡིན་ཚུལ་ཇི་ལྟར་སྙམ་ན། བསྒྲུབ་བྱའི་ཆོས་དེ་ཡིན་པའམ། དེ་ཡི་ཚིག་མཐར་མིང་གི་ཁྱད་པར་དུ་བྱས་པའི་སྤྱི་དེ་གཉིས་པོ་གང་རུང་ཡིན་མིན་ལ་བལྟ།

བྱིས་པའི་ཡིད་སེམས་འགུགས་པའི་ཁ་བའི་མེ་ཏོག།
ཞོགས་པའི་ཉི་འོད་འཚེར་དུས་ཆུ་རུ་གྱུར་འགྲོ།
སོ་སྐྱེས་རྟོག་པས་བཞེངས་པའི་ཚིག་གི་མེ་ཏོག།
རིག་པའི་བ་མོ་བབས་ན་འདབ་ལོ་འཐོར་ཡོང་༎
ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་བཅད་དོ། 

གཞི་གྲུབ་ན་སྦྱོར་བ་སྐོར་གཅིག་གི་རྟགས་ཡང་དག་ཡིན་པས་ཁྱབ་པ་རྒྱུ་མཚན་དུ་བྱས་ནས།  ཞིབ་ཏུ་མི་དཔྱོད་པ་ཁ་ཅིག་གིས་གཞི་གྲུབ་ན་རྟགས་ཡང་དག་ཡིན་པས་ཁྱབ། རྟགས་ལྟར་སྣང་མེད་ཟེར་བ་ནི་མཁས་པ་མགུ་བའི་ལེགས་བཤད་མ་ཡིན་ཏེ། དེ་ལ་གནོད་བྱེད་མང་ཞིང་སྒྲུབ་བྱེད་མེད་པས་སོ། གནོད་བྱེད་དང་པོ་ནི། སྒྲ་རྟག་བསྒྲུབ་ལ་བྱས་པ་ཆོས་ཅན། ཚུལ་གསུམ་ཚང་བའི་གཏན་ཚིགས་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར། ཁྱབ་བ་ཁས།  གནོད་བྱེད་གཉིས་པ་ནིརྟོག་པ་ལོག་ཤེས་མེད་བར་ཐལ། འགལ་རྟགས་མེད་པའི་ཕྱིར། མ་ཁྱབ་ན་རྟོག་པ་ལོག་ཤེས་ཀྱི་མཚན་ཉིད་ཉམས་ལ། འདོད་ན་ཧ་ཅང་ཐལ་བའི་ཕྱིར།  གནོད་བྱེད་གསུམ་པ་ནི། དགག་སྒྲུབ་གཉིས་མི་འགལ་བར་ཐལ།  དགག་རྟགས་ཡང་དག་དང་སྒྲུབ་རྟགས་ཡང་དག་གཉིས་མི་འགལ་བའི་ཕྱིར། 

 

བྱས་པ་ཆོས་ཅན། སྦྱོར་བ་དེ་སྐོར་གྱི་བསྒྲུབ་བྱའི་ཆོས་དེ་དགག་སྒྲུབ་གཉིས་ཀ་ཡིན་པར་ཐལ།  ཁྱོད་དེ་སྐོར་གྱི་དགག་རྟགས་དང་སྒྲུབ་རྟགས་གཉིས་ཀ་ཡིན་པའི་ཕྱིར། མ་གྲུབ་ན།  བྱས་པ་ཆོས་ཅན། རྟགས་ཡང་དག་མ་ཡིན་བར་ཐལ།  དགག་རྟགས་ཡང་དག་དང་སྒྲུབ་རྟགས་ཡང་དག་གང་རུང་མ་ཡིན་ཕྱིར།  སྒྲུབ་རྟགས་མ་ཡིན་པར་རྟགས་མ་གྲུབ་སྟེ། སྒྲ་མི་རྟག་སྒྲུབ་པ་ལ་སྒྲུབ་རྟགས་ཡང དག་ཡིན་པའི་ཕྱིར་ཞེ་ན།  དགག་རྟགས་ལ་ཡང་མཚུངས་སོ། འོ་ན་བྱས་པ་རྟགས་ཡང་དག་མ་ཡིན་ན་རྟགས་ཡང་དག་མེད་པར་འགྱུར་རོ་སྙམ་ན། དེ་ཡང་མ་ཡིན་ཏེ། སྒྲ་མི་རྟག་བསྒྲུབ་ལ་བྱས་པ་དེ་རྟགས་ཡང་དག་ཡིན་པའི་ཕྱིར། རྟགས་ལྟར་སྣང་ཡང་ཡོད་དེ། སྒྲ་རྟག་བསྒྲུབ་ལ་བྱས་པ་དེ་ཡིན་ནོ།

ཆགས་སྡང་རྨོངས་ལས་གྲུབ་པའི་རྣམ་རྟོག་དེ།།

ཡེ་ཤེས་ཀློང་ནས་འཁྲུངས་པའི་གཞུང་ལ་སྦྱར།།

ཕྲ་རགས་རིག་པས་ཞིབ་ཅིང་འདྲི་བའི་ཚེ།།

བདེན་དོན་ཉི་འོད་བཞིན་དུ་ཕར་ཕར་འགྲོ།

ལོག་རྟོག་གྲིབ་ནག་བཞིན་དུ་ཚུར་ཚུར་ཡོང་།།

ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་བཅད་དོ།
 

བསྒྲུབ་རྟགས་ཡང་དག་ཡིན་ན་བསྒྲུབ་བྱའི་ཆོས་དེ་རང་མཚན་ཡིན་པས་ཁྱབ་ལ།  དགག་རྟགས་ཡང་དག་ཡིན་ན་བསྒྲུབ་བྱའི་ཆོས་དེ་རྟག་པ་ཡིན་པས་ཁྱབ། དེ་ལ་ཁ་ཅིག་གིས་གོ་བ་ཁྱོན་ནས་མེད་པའི་ཚིག་སྐམ་གྱི་རྟགས་གསལ་མང་དུ་གཏོང་བས་ལན་ཕོག་པ་དཀའ་བར་སྣང་མོད། ཡིན་ཡང་ཚིག་གི་རོལ་རྩེད་ལས་དོན་གལ་ཆེ་བས་རེ་ཞིག་དེ་དག་ལ་སྦྱོར་ལུགས་སྐྱོན་ཅན་གྱི་ལན་ཕུལ་བར་བྱའོ།  ཀུན་མཁྱེན་གྱིས་གྲགས་རྟགས་ཡང་དག་རང་བཞིན་གྱི་གཏན་ཚིགས་སུ་བཤད་པ་དང་འགལ་ལོ་སྙམ་ན། སྐྱོན་མེད་དེ།  གྲགས་རྟགས་ཡང་དག་གི་བཀོད་ཚོད་ཀྱི་བསྒྲུབ་བྱའི་ཆོས་ལ་མི་རྟག་པས་མཁྱབ་ཀྱང་། ཞེ་འདོད་ཀྱི་བསྒྲུབ་ཆོས་མི་རྟག་པ་ལས་མ་འདས་སོ།
 

སྒྲུབ་རྟགས་ཡང་དག་ཡིན་ན་བསྒྲུབ་ཆོས་ལ་དངོས་པོས་ཁྱབ་པ་དང་དགག་རྟགས་ཡང་དག་ཡིན་ན་བསྒྲུབ་ཆོས་ལ་རྟག་པས་ཁྱབ་པའིཤེས་བྱེད་ནི།

སྟོང་ཕྲག་ཕྱེད་དང་བཞི་བ་ལས།  དེ་ལ་གཉིས་ནི་དངོས་པོ་བསྒྲུབ་པའི་གཏན་ཚིགས་ཡིན་ལ། གཅིག་ནི་དངོས་པོ་དགག་པའི་གཏན་ཚིགས་སོ་ཞེས་དང་།  དུལ་བ་ལྷས་རིགས་ཐིགས་རྒྱ་ཆེན་འགྲེལ་ལས་ཀྱང་མང་དུ་གསུང་ནས་འདུག གཞུང་ཚད་ལྡན་གང་ལས་ཀྱང་སྒྲུབ་རྟགས་ཡིན་ཞིང་བསྒྲུབ་ཆོས་རྟག་པར་ཡིན་པའི་མཚན་གཞི་དང་། དགག་རྟགས་ཡིན་ཞིང་བསྒྲུབ་ཆོས་དངོས་པོར་ཡིན་པའི་མཚན་གཞི་མ་གསུང་བས་དེ་ལ་གནད་ཅིག་ཡོད་དོ།  
 

བལྟས་ན་མིག་ལ་མཛེས་པའི་སྤྲིན་གྱི་ཕོ་བྲང་༎

ཤེས་རབ་རླུང་གིས་སྒུལ་ན་ཕྱོགས་བཞིར་འཐོར་འགྲོ།

བྱེ་མའི་ཐང་དུ་དོད་པའི་ཕལ་བའི་རྐང་རྗེས༎

ལོ་ཟླའི་ཆར་ཆུས་བཀྲུས་ན་ཤུལ་ཙམ་མི་མངོན༎

ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་བཅད་དོ།།   
 

གང་ལ་འགལ་རྟགས་སུ་སོང་སའི་རྒོལ་བ་ཡིན་ན་དེའི་རྒྱུད་ལ། རྟགས་དེ་ལ་བརྟེན་ནས་བསྒྲུབ་བྱ་འཛིན་པའི་རྟོག་པ་ལོག་ཤེས་མི་སྐྱེས་བས་ཁྱབ། རྟགས་དེ་ལ་བརྟེན་ནས་རྟོག་པ་ལོག་ཤེས་སྐྱེ་སའི་རྒོལ་བ་དེས་སྦྱོར་བ་དེའི་ཁྱབ་བ་ཕྱིན་གྱི་ལོག་ཏུ་མ་ངེས་ཤིང་རྣལ་མ་མཐའ་གཅིག་ཏུ་འཛིན་པས། དེ་འི་ངོར་རྟགས་དེ་ཡང་དག་ཡིན་ནོ།  དེའི་ངོར་ཡང་དག་ཡིན་ན་ཡང་དག་ཡིན་མི་དགོས་པས་ཐལ་ཆེ་བའི་སྐྱོན་ཡང་མེད།  གལ་ཏེ་རྒོལ་བ་དེས་དེ་སྐོར་གྱི་ཁྱབ་བའི་ཚུལ་ཕྱིན་ཅི་ལོག་ཏུ་ངེས་ན་སྦྱོར་བ་དེ་ལ་འགལ་ཁྱབ་ཅེས་པའི་ལན་འདེབས་པས་ཁྱབ་ལ།  དེས་ན་འགལ་རྟགས་སོང་སའི་རྒོལ་བ་དེའི་རྒྱུད་ལ་རྟགས་དེ་ལ་བརྟེན་ནས་ལོག་རྟོག་ལྟ་ཅི་སྨོས། བསྒྲུབ་བྱ་འཛིན་པའི་བློ་ཙམ་ཡང་སྐྱེ་མི་ནུས། བྱས་པ་ཡིན་ན་རྟག་པ་མ་ཡིན་པས་ཁྱབ་པ་ངེས་བཞིན་དུ། བྱས་པ་རྒྱུ་མཚན་དུ་བྱས་ནས་སྒྲ་རྟག་པར་འཛིན་ན་ཧ་ཅང་ཐལ་བས་མི་འཐད། འོ་ན་འགལ་རྟགས་ལ་བརྟེན་ནས་རྟོག་པ་ལོག་ཤེས་སྐྱེ་ཚུལ་ཇི་ལྟར་ཡིན་ཞེ་ན།   སྤྱིར་གཏན་ཚིགས་དེ་འགལ་རྟགས་ཡིན་ཡང་སྐབས་སུ་བབས་པའི་རྒོལ་བས་འགལ་རྟགས་ཡིན་པར་མ་རྟོགས་ནས། དེའི་རྒྱུད་ལ་རྟགས་དེ་ལ་བརྟེན་ནས་བསྒྲུབ་བྱ་མཐའ་གཅིག་ཏུ་འཛིན་པའི་བློ་ཞིག་སྐྱེ། དེ་འགལ་རྟགས་ལ་བརྟེན་པས་རྟོག་པ་ལོག་ཤེས་ཡིན་ནོ། 

 

མདོར་ན་རྒོལ་བ་དེས་འགལ་རྟགས་དེ་ལ་འགལ་ཁྱབ་ཅེས་པའི་ལན་འདེབས་ཤེས་ན། དེའི་རྒྱུད་ལ་རྟོག་པ་ལོག་ཤེས་མི་སྐྱེ་བས་ཁྱབ།  རྟགས་དེ་ལ་བརྟེན་ནས་རྟོག་པ་ལོག་ཤེས་སྐྱེ་ན།  རྒོལ་བ་དེ་འགལ་རྟགས་སོང་སའི་རྒོལ་བ་མ་ཡིན་པས་ཁྱབ་ཏེ། དེས་ཁྱབ་པའི་ཚུལ་ཕྱིན་ཅི་ལོག་ཏུ་མ་ངེས་པས་ཁྱབ་པའི་ཕྱིར།  ཁ་ཅིག་གིས་མ་ཁྱབ་སྟེ། རྒོལ་བ་ཤིན་ཏུ་བླུན་པོ་དེ་ཆོས་ཅན་ཟེར། དེ་དག་གིས་སྤྱིར་བཏང་བ་ལ་དམིགས་ཀྱི་བསལ།  བསྟན་བཅོས་ཀུན་ལ་གཅེས་པར་བཟུངཞེས་དང་། སྤྱིར་ཁྱབ་ནམ་མཁའི་དཀྱིལ་འཁོར་དང་༎  སྒེར་ཁྱབ་རྩིག་པའི་བུ་ག་གཉིས༎ མཚུངས་པའི་གོ་སྐབས་ཡོད་མ་ཡིན་ཞེས་པའི་ལུང་དོན་མ་ཤེས་པའི་སྐྱོན་དུ་ཟད་དོ།  སྤྱིར་དུ་བ་ཡོད་ན་མེ་ཡོད་པས་ཁྱབ་ཀྱང་། དུ་འཐེན་རྒན་པོའི་ཁ་ནང་ལ་དམིགས་བསལ་ཡིན་པ་བཞིན། རྒོལ་བ་ཤིན་ཏུ་བླུན་པོ་དེ་དམིགས་བསལ་ཡིན་ནོ།  ཁ་ཅིག་གིས་དུ་འཐེན་རྒན་པོ་ཁ་ནང་ལ་ཆོས་ཅན་ཟེར་ན། གཞི་སྦྱར་མ་ཡིན་པ་ལས་དམིགས་བསལ་བ་མིན་ཡང་ཟེར། འོ་ན་དུ་ལྡན་གྱི་ལ་ན་ཆོས་ཅན་ཟེར་ན་ཡང་གཞི་སྦྱར་མ་ཡིན་པར་ཐལ། དེ་གཉིས་ལ་གཞི་ལ་སྦྱར་མ་སྦྱར་གྱི་ཁྱད་པར་ཏིལ་འབྲུ་ཙམ་ཡང་མེད་པའི་ཕྱིར།   ཡང་ཁ་ཅིག་གིས་དེ་ཡང་མི་འཐད་དེ།  འགལ་རྟགས་སོང་སའི་རྒོལ་བ་དེ་ཤིན་ཏུ་བླུན་པོ་ཞིག་གཞི་བཞག་དགོས་པས་སོ་ཞེ་ན།  རྟགས་མྱི་ལོ་དགུ་ལ་མ་གྲུབ་སྟེ།  རྟོག་པ་ལོག་ཤེས་སྐྱེ་སའི་རྒོལ་བ་ཡིན་ན་ཤིན་ཏུ་བླུན་པོ་ཡིན་པས་མ་ཁྱབ་པའི་ཕྱིར། དེ་གཉིས་མི་མཚུངས་སྙམ་ན། རྟོག་པ་ལོག་ཤེས་འགལ་རྟགས་ལས་སྐྱེ་དགོས་པ་དྲན་པར་གྱིས།

གང་ལ་མ་ངེས་པའི་རྟགས་སུ་སོང་བའི་རྒོལ་བས་ཀྱང་ཁྱབ་བའི་ཚུལ་རྣལ་མ་དང་ཕྱིན་གྱི་ལོག་གང་རུང་དུ་མ་ངེས་པས་དེས་གཏན་ཚིགས་དེ་ལ་མ་ཁྱབ་ཅེས་པའི་ལན་རྒྱག་ངེས་ཡིན། རྒྱུ་མཚན་དེས་ན་དེའི་རྒྱུད་ལ་རྟགས་དེ་ལ་བརྟེན་ནས་བསྒྲུབ་བྱ་འཛིན་པའི་བློ་ཙམ་ཡང་མི་སྐྱེ།   

འོ་ན་མ་ངེས་པའི་རྟགས་ལ་བརྟེན་ནས་ཐེ་ཚོམ་སྐྱེ་ཚུལ་ཇི་ལྟར་ཞེ་ན། ལོག་རྟོག་ལྟར་རྟགས་དེ་སྤྱིར་མ་ངེས་པ་ཡིན་ཡང་སྐབས་སུ་བབས་པའི་རྒོལ་བས་མ་ངེས་པ་ཡིན་པར་མ་ཤེས་ནས། རྟགས་དེ་རྒྱུ་མཚན་དུ་བཟུང་ནས་རྒོལ་བ་དེའི་རྒྱུད་ལ་བསྒྲུབ་བྱ་མཐའ་གཅིག་ཏུ་འཛིན་པའི་བློ་ཞིག་སྐྱེ་བས་དེ་ཐེ་ཚོམ་བག་ཉལ་ཡིན་ནོ། མ་གྲུབ་པའི་རྟགས་ལ་ཡང་ལ་སྔ་ལྟར་རྒོལ་བ་ལན་རྒྱག་ཤེས་མཁན་དང་མི་ཤེས་མཁན་གཉིས་ཕྱེ་ནས། ཤེས་མཁན་དེས་དེ་ལ་བརྟེན་ནས་བསྒྲུབ་བྱ་མི་འཛིན་པས་ཁྱབ་པ་དང་། མ་གྲུབ་པའི་གཏན་ཚིགས་དེ་ལ་མ་གྲུབ་ཅེས་པའི་ལན་རྒྱག་མི་ཤེས་པའི་རྒོལ་བ་དེའི་རྒྱུད་ལ་ཐེ་ཚོམ་སྐྱེ་བའོ༎ 

སླར་སྨྲས་པ།

ཚིག་གི་སྐྲ་ལོ་གནག་ཅིང་སྣུམ་ལ་འཇམ༎

དོན་གྱི་ལང་ཚོ་སྨིན་ཞིང་གཞོན་ཤ་རྒྱས༎

ལུང་རིག་འབྲས་བཟང་དུད་པའི་གཞོན་ནུ་མ༎

རིག་པའི་ན་སོ་སྨིན་པའི་བུ་ལ་སྦྱིན༎

                     2018-9-18-ཉིན།

                          རྩོམ་སྒྲིག་པ། མྱི་གསར་བ།